སེམས་འདུལ་ཚུལ།

ཀུན་སློང།

དེ་རིང་འདིར་ལུང་པ་འདྲ་མིན་ནས་མི་མང་པོ་ཞིག་ཕེབས་ཡོད་པ་མ་ཟད། བོད་ནས་ཀྱང་མང་པོ་ཕེབས་ཡོད། ཁྱེད་ཚོ་ཚང་མ་འདིར་ཆོས་ཉན་པའི་དོན་དུ་ཕེབས་ཡོད་པ་རེད། དེ་འདྲ་ཡིན་པ་སོང་ཙང་། ངོས་ནས་གནས་མཆོག་རྡོ་རྗེ་གདན་འདིར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་སོགས་དང་འབྲེལ་ཏེ། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་འཁྲིད་ཀྱི་ཡིན། ང་ཚོ་གནས་རྩ་ཆེན་པོ་ཞེ་དྲག་ལ་འཛོམས་ཡོད་པ་སོང་ཙང་། འདིར་དགེ་ཚོགས་བསགས་པ་ཡིན་ན། དེ་ནི་ས་ཕྱོགས་གཞན་ལས་ལྷག་པ་དང་ནུས་པ་ཆེ་བ་ཡོད། ཡིན་ནའང་དགེ་བའི་ཚོགས་འདི་སྟོབས་དང་ནུས་པ་ཆེ་ཤོས་ཡོང་བར། ང་ཚོར་ཀུན་སློང་དང་བསམ་པ་རྒྱ་ཆེན་པོ་ཞིག་དགོས། འདི་ནི་ཆོས་ལ་ཉན་མཁན་ཙམ་མིན་པར། ཆོས་གསུང་མཁན་གྱི་བླ་མ་རྣམ་པར་ཡང་དགོས་ངེས་ཅན་ཞིག་ཡིན།

སྙིང་རྗེའི་བདག་ཉིད་རྫོགས་པའི་སངས་རྒྱས་ཀྱི་སྐུའི་ཡོན་ཏན་ལ་མཚན་བཟང་པོ་སུམ་ཅུ་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ། དེ་བཞིན་གསུང་གི་ཡོན་ཏན་ལ་གསུང་དབྱངས་ཡན་ལག་དྲུག་ཅུ་མངའ་ཞིང། ད་དུང་ཁོང་གི་ཐུགས་ནི་ཉོན་མོངས་དང་སྒྲིབ་པ་ཐམས་ཅད་ལས་བྲལ་སྟེ། སྟོང་ཉིད་ལ་མངོན་སུམ་དུ་རྟོགས་པའི་ཤེས་པ་དེ་རྟག་ཏུ་ཁོང་ལ་མངའ་ཞིང་། ཆོས་རྣམས་ཀྱི་གནས་ལུགས་གང་ཡིན་པ་དེ་ཇི་བཞིན་དུས་གཅིག་ཏུ་གཟིགས་པ་ཡིན། དེ་ལྟ་བུའི་སྙིང་རྗེའི་བདག་ཉིད་ཅན་གྱི་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་པའི་མཛད་པ་འདི་གནས་མཆོག་རྡོ་རྗེ་གདན་དུ་ལོ་ ༢༥༠༠ གོང་དུ་བསྟན་གནང་བ་དང། ད་ལྟ་ང་ཚོ་ཚང་མ་གནས་མཆོག་འདིར་འཛོམས་ནས་ཡོད།

ད་ལྟའི་དུས་འདིར་དམག་འཁྲུག་དང། མུ་གེ། བཀྲ་མི་ཤིས་པའི་རྐྱེན་ངན་གོད་ཆག་ལ་སོགས་པའི་དཀའ་ངལ་ཆེན་པོ་ཡོད། ཡིན་ནའང། ང་ཚོ་ཚེ་སྔ་མའི་དགེ་བའི་ཚོགས་བསགས་པར་བརྟེན་དུས་དང་གནས་འདིར་སྐྱེས་ཤིང། བཟོད་དཀའ་བའི་གནས་སྟངས་འདི་འདྲའི་འོག་ལའང་ཆོས་དང་བླ་མ་འཕྲད་པའི་གོ་སྐབས་རྩ་ཆེན་པོ་དེ་རག་པ་རེད། དེར་བརྟེན་ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་ཆོས་གང་ཉན་པ་རྣམས་ཉམས་ལེན་བྱེད་ཐུབ་པ་དགོས།

ང་ཚོས་ཆོས་དེ་སོ་སོའི་འདོད་པ་སྒྲུབ་པའམ་གཅིག་རག་ཡོང་བསམས་ནས་སྨོན་ལམ་འདེབས་པ་ཙམ་ལ་བརྩི་ཐབས་མེད་པར། ཆོས་ནི་ང་ཚོ་རང་རང་སོ་སོས་ལག་བསྟར་བྱེད་དགོས་པ་ཞིག་ཡིན། འདི་ནི་ང་ཚོས་ཁ་ནས་སྐྱབས་འགྲོ་འདོན་པ་ཙམ་མ་ཡིན་པར། ང་ཚོས་གང་འདོན་པ་རྣམས་ཉིན་རེའི་སྤྱོད་ལམ་གྱི་ནང་ལག་བསྟར་བྱེད་པ་དེ་ཡིན། དེ་འདྲ་ཡིན་དུས། ང་ཚོས་གསུང་ཆོས་ལ་དོ་སྣང་ཆེན་པོ་སྤྲོད་དགོས་པ་དང་། དེ་དག་སློབ་གཉེར་དང་ཉམས་ལེན་གཉིས་མཉམ་སྡེབ་ཐོག་འཇུག་དགོས། ཡིན་ནའང་ཐོག་མར་ཉམས་ལེན་བྱེད་ཚུལ་དེ་ཤེས་དགོས་རྒྱུ་གལ་ཆེན་པོ་ཡིན།

ཆོས་ཟེར་བ་དེ་ལ་ང་ཚོས་ཇི་ཙམ་མང་བ་འཇུག་ན་དེ་ཙམ་གྱིས་ང་ཚོ་སྐྱིད་དུ་འགྲོ་གི་ཡོད། འདི་ནི་ང་ཚོས་དགེ་བའི་ལས་སྣ་ཚོགས་བསྒྲུབས་པ་ལས་དགེ་བའི་ནུས་པ་ ༼བསོད་ནམས་ཀྱི་ཚོགས་༽ མུ་མཐུད་བསགས་པའི་འབྲས་བུ་ལས་བྱུང་བ་ཞིག་ཡིན། རྒྱུ་མཚན་འདི་ལ་བརྟེན་ནས་ང་ཚོས་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་སུ་འབྲང་དགོས་པ་དང་། དེ་ཡང་ཁ་ཙམ་མིན་པར་ལག་ལེན་དངོས་ཀྱི་སྒོ་ནས་རྗེས་སུ་འབྲང་དགོས་ཀྱི་ཡོད། འདིས་བདེ་བ་མང་བ་སྐྲུན་གྱི་རེད། དེ་འདྲ་ཡིན་པ་སོང་ཙང། ང་ཚོ་གནས་མཆོག་རྡོ་རྗེ་གདན་འདིར་གནས་པའི་སྐབས་ཆོས་དང་འཕྲད་པ་མ་ཟད། ཁྱད་པར་དུ་ཐེག་པ་ཆེན་པོའི་ཆོས་ཉན་རྒྱུའི་གོ་སྐབས་བྱུང་བའི་སྐབས་འདིར་དགེ་བའི་ཚོགས་གང་ཐུབ་བསྒྲུབ་ཐབས་བྱེད་རྒྱུ་གལ་ཆེན་པོ་རེད། དེ་ལ་ཀུན་སློང་རྣམ་པར་དག་པ་ཞིག་བཅོས་རྒྱུ་ནི་གལ་འགངས་ཆེ་ཤོས་ཡིན། གལ་ཏེ་ང་ཚོར་ཀུན་སློང་བཟང་པོ་དང་རྒྱ་ཆེན་པོ་ཞིག་ཡོད་ན། ཕན་ཡོན་ཧ་ཅང་ཆེན་པོ་འབྱུང་གི་རེད། ཡིན་ནའང་ང་ཚོར་ཀུན་སློང་རྣམ་པར་དག་པ་ཞིག་མེད་པར་ཉམས་ལེན་བྱེད་ན་ནུས་པ་དེ་ཙམ་ཆེན་པོ་རྩ་ནས་མི་ཡོང་བ་ཡིན།

བླ་མ་ཡིན་ནའང་གཅིག་པ་རེད། བླ་མས་ཀྱང་ང་རྒྱལ་གྱི་སྒོ་ནས་སམ། སྐད་གྲགས་དང་རྙེད་བཀུར་ཐོབ་པའི་ཆེད་དུ་གསུང་ཆོས་གནང་རྒྱུ་མེད་པ་མ་ཟད། ཕྲག་དོག་དང་གཞན་ལ་འགྲན་སེམས་ཀྱི་སྒོ་ནས་གསུང་ཆོས་གནང་རྒྱུ་མེད། དེ་ལས་ལྡོག་སྟེ། བླ་མའི་ཀུན་སློང་གཅིག་པུ་ནི་སེམས་ཅན་གྱི་དོན་གང་ཐུབ་ཅི་ཐུབ་བསྒྲུབས་པ་དང། སེམས་ཅན་གཅིག་ལའང་མཐོང་ཆུང་དང་དམན་པའི་ལྟ་ཚུལ་མེད་པར་ཐམས་ཅད་ལ་གུས་བཀུར་བྱེད་པ་ཞིག་དགོས། ཆོས་ཉན་མཁན་གྱི་ཆོས་ཞུ་བ་རྣམས་ཀྱང་ཁེངས་དྲེགས་ཅན་མ་ཡིན་པར་རྩ་ཆེ་བའི་སངས་རྒྱས་ཀྱི་ཆོས་དེ་ཐོབ་པའི་ཆེད་དུ་དོན་གཉེར་དང་གུས་བརྩིའི་སྒོ་ནས་ཉན་དགོས། གལ་ཏེ་བླ་སློབ་གཉིས་ཀའི་གཟབ་གཟབ་དང་ཡིན་ལུགས་ཚུལ་ལྡན་བྱས་ན། དེ་ནི་དཔེ་མི་སྲིད་པའི་ཕན་ཐོགས་ཆེ་ཞིང། ང་ཚོ་ཚང་མས་དགེ་བའི་ཚོགས་རླབས་པོ་ཆེ་གསོག་ཐུབ་པ་ཡིན།

ང་ཚོར་ཉོན་མོངས་གང་འདྲ་ཞིག་ཡོད་ཀྱང་སེམས་ཤུགས་མ་ཆག་པར་དེ་ཚོར་གཉེན་པོ་བསྟེན་དགོས་ཀྱི་ཡོད། དེ་ལྟར་བྱས་ཏེ་ང་ཚོས་ག་ལེར་དཀའ་ངལ་རྣམས་སེལ་ཐུབ་པ་དང་མཐར་དཀའ་ངལ་དེ་དག་གཏན་དུ་མེད་པ་བཟོ་ཐུབ། ང་ཚོས་ལོ་རེ་བཞིན་རིམ་པས་ཡར་རྒྱས་འགྲོ་གི་ཡོད་པ་ཤེས་ཀྱི་རེད། ང་ཚོའི་སེམས་འདི་རང་བཞིན་གྱིས་ཉོན་མོངས་པའི་དྲི་མས་བསླད་པ་ཞིག་མིན་པ་སོང་ཙང་། ཉོན་མོངས་འདི་ཚོ་མེད་པ་བཟོ་རྒྱུ་སེམས་ཐག་ཆོད་པ་ཡིན་ན། ང་ཚོས་དེ་དག་སེལ་ཐུབ། ང་ཚོས་མྱོང་བའི་སྡུག་བསྔལ་རྣམས་སེམས་མ་བཅུན་པའམ་མ་འདུལ་བའི་དབང་གིས་ཡོང་གི་ཡོད་སྟབས། འདི་ནི་ང་ཚོས་གཉེན་པོ་བསྟེན་ནས་བཅོས་དགོས་པ་ཞིག་ཡིན། ཡིན་ནའང་དེ་དག་གློ་བུར་དུ་ལམ་སང་ཡོང་གི་མ་རེད།

དཔེར་ན། གལ་སྲིད་ང་ཚོས་མི་སྤྱོད་པ་རྩུབ་པ་ཁྲིམས་མེད་ལུང་མེད་ཅིག་ཞི་འཇམ་པ་དང་ཡིན་ལུགས་ཚུལ་ལྡན་བཟོ་བར་འབད་བརྩོན་བྱེད་ཀྱི་ཡོད་ན། ང་ཚོས་རིམ་པས་ལོ་མང་པོ་རིང་འབད་བརྩོན་བྱས་ཏེ་གཞི་ནས་འབྲས་བུ་ཐོན་པ་ཞིག་ཡོང་གི་རེད། ང་ཚོའི་སེམས་ཀྱང་དེ་དང་གཅིག་པ་རེད། ང་ཚོར་སྐྱོན་དང་ནོར་འཁྲུལ་ཡོད་ཀྱང་། ག་ལེར་ག་ལེར་ཡར་རྒྱས་གཏོང་ཐུབ། ང་ཚོས་ཕྲུ་གུ་ཚོར་འདི་དང་འདྲ་བའི་ཁྱད་ཆོས་མཐོང་ཐུབ། དཔེར་ན། ཐོག་མར་ཁོང་ཚོས་གང་ཡང་མི་ཤེས་པ་དང་སློབ་སྦྱོང་མེད་པ་ཞིག་ཡིན། ཡིན་ནའང་ཁོང་ཚོས་སློབ་གྲྭར་འཛིན་གྲྭ་རིམ་པར་འགྲིམས་ཏེ། ཐོག་མར་འཛིན་གྲྭ་དང་པོ་དང། གཉིས་པ་ལ་སོགས་པ་རིམ་གྱིས་སློབ་སྦྱོང་བྱས་པ་བརྒྱུད་ནས་མཐར་ཤེས་ཡོན་སློབ་སྦྱོང་ཡོད་མཁན་ཞིག་ཆགས་པ་ལྟར་རེད། དེ་ག་ནང་བཞིན་ང་ཚོས་ཁང་པ་ཞིག་རྒྱག་དགོས་བྱུང་ནའང་། ཁང་པའི་ཐོག་རྩེག་རེ་རེ་བྱས་ནས་རྩིག་གི་ཡོད། ང་ཚོས་ཁང་པ་དེ་རྒྱག་ཚར་བ་ལ་དུས་ཡུན་རིང་པོ་འགོར་མིན་ལ་སེམས་འཁྲེལ་མེད་པའི་སྒོ་ནས་རིམ་པས་བཞིན་དུ་ཡར་རྒྱས་བཏང་ནས་ཁང་པ་རྒྱག་མ་ཚར་བར་དུ་རྒྱུད་རིམ་མང་པོ་ཞིག་བརྒལ་དགོས་ཀྱི་ཡོད་པ་ནང་བཞིན་ང་ཚོས་སེམས་ལ་སྟངས་འཛིན་བྱེད་དུས་དེ་ལྟར་གཅིག་པ་ལག་བསྟར་བྱེད་དགོས།

ང་ཚོས་ཀུན་སློང་བཅོས་སྒྲིག་བྱེད་ཚུལ་ལ། སོ་སོའི་ནུས་པ་ལ་དཔག་པའི་ཀུན་སློང་ཡག་ཤོས་སུ་བཅོས་ཐབས་བྱེད་དགོས་ཤིང་། དེ་ལྟར་ག་ལེར་ག་ལེར་ང་ཚོས་ལམ་རིམ་ནང་དུ་གསལ་པ་བཞིན་རིམ་པས་ཡར་རྒྱས་གཏོང་ཐུབ། ཁྱེད་རང་ཚོ་མང་ཆེ་བས་འདིའི་སྐོར་ཤེས་ཀྱི་ཡོད་ཀྱང་། འདིར་ཕེབས་པའི་ཆོས་ཞུ་བ་གསར་པ་རྣམས་ལ་ངས་འདིའི་གནད་དོན་གཙོ་བོ་འགའ་ཞིག་གི་སྐོར་ཤོད་ཀྱི་ཡིན།

སེམས་འདུལ་ཚུལ།

ཆོས་ཉམས་ལེན་བྱེད་པ་དེ་དུག་ལོག་དང་། གོ་གནས། ཡང་ན་སོ་སོའི་དཔལ་འབྱོར་གང་ཡོད་པ་དེ་དག་བརྗེ་ལེན་བྱེད་པ་ལྟ་བུ་མིན་པར། སོ་སོའི་བསམ་བློ་གཏོང་ཚུལ་འགྱུར་བ་གཏོང་བ་དང་སེམས་འདུལ་དགོས་པ་ཞིག་ལ་གོ་གི་ཡོད། ང་ཚོ་སུ་འདྲ་ཞིག་ཡིན་ཡང། ཏཱ་ལའི་བླ་མ་ང་རང་ཉིད་ཀྱང་སེམས་བཏུལ་མེད་ན་ཆོས་པ་ཞིག་ལ་བརྩི་ཐབས་མེད་པ་རེད། ང་ཚོས་མི་ཞིག་གི་མིང་འདི་འདྲ་ཞིག་དང་གྱོན་གོས་འདི་འདྲ་ཞིག་གྱོན་ཡོད་པ་ཙམ་གྱིས་ཁོ་ཆོས་པ་ཞིག་རེད། ཅེས་ནམ་ཡང་ཤོད་ཐུབ་ཀྱི་མེད། དེ་མི་དེའི་སེམས་ཚོར་དང་སེམས་ཁམས་ཀྱི་གནས་བབས་ངོ་མ་ལ་བརྟེན་ནས་ང་ཚོས་ཁོ་ཆོས་པ་ཞིག་ཡིན་མིན་ཤེས་ཐུབ་པ་ཡིན། དེ་འདྲ་ཡིན་པ་སོང་ཙང། གནད་དོན་གལ་ཆེ་ཤོས་ནི་སེམས་འདུལ་རྒྱུ་དེ་རེད།

ཁྱེད་རང་ཚོ་ཚང་མས་སོ་སོ་རང་ཉིད་ལ་དཔྱད་པ་བྱེད་དགོས། ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་འདོད་ཀྱི་མེད། ང་ཚོ་མགོ་ན་དུས་དེ་དྲགས་འདོད་མེད་མཁན་སུ་གཅིག་མེད། དེ་འདྲ་མ་རེད་དམ། འདི་ནི་ལུས་སེམས་གཉིས་ཀའི་སྡུག་བསྔལ་ལ་གཅིག་པ་རེད། མི་འདོད་པའི་སྡུག་བསྔལ་མེད་པ་བཟོ་ཡག་དང་འདོད་པའི་བདེ་བ་ཐོབ་པར་རིམ་པ་མང་པོ་ཞིག་ཚུད་ཡོད། འདི་ནི་གློ་བུར་ཐོག་རྒྱག་ལ་འབྱུང་གི་ཡོད་པ་ཞིག་མིན། ང་ཚོས་དུད་འགྲོ་ཞིག་འདུལ་བའམ་རོགས་པ་བྱས་ཏེ་བདེ་བ་སྦྱིན་པར། ང་ཚོས་དུད་འགྲོ་སེམས་ཅན་དེ་ལ་རན་པའི་རིམ་པ་ལྟར་བྱེད་དགོས། དཔེར་ན། ཐོག་མར་ང་ཚོས་དུད་འགྲོ་དེར་ཁ་ལག་སྤྲོད་ཐབས་བྱེད་པ་དང། དེ་ནས་དེ་ལ་ཞེད་སྣང་སྐུལ་བ་དང་བྱེད་སྟངས་ངན་པ་བྱེད་པ་སོགས་སྤོང་གི་ཡོད། དེ་དང་གཅིག་མཚུངས་ང་ཚོས་རང་ཉིད་སོ་སོར་ལམ་རིམ་པ་བཞིན་བསྟེན་ཏེ་རོགས་པ་བྱེད་དགོས།

ཐོག་མར་ང་ཚོས་སོ་སོ་རང་ཉིད་ལ་ལོ་འདིའམ་ལོ་རྗེས་མར་ཕན་ཐོགས་བྱེད་ཀྱི་ཡིན་ཞེས་བསམ་བློ་གཏོང་ཐབས་བྱེད་དགོས། དེ་ནས་ང་ཚོས་རིམ་པའི་དམིགས་ཡུལ་གྱི་ཁྱབ་ཚད་དེ་རྒྱ་ཆེ་རུང་བཏང་ནས་ལོ་ཉི་ཤུ་རྗེས་སུ་བསམ་དགོས་པ་དང་། དེ་ནས་གཅིག་བྱས་ན། སྐྱེ་བ་ཕྱི་མ་མི་ལུས་ཐོབ་པ་དང་། བདེ་བ་དང་ལྡན་ཞིང་སྡུག་བསྔལ་རྒྱུན་རིང་པོ་མི་ཡོང་བར་རེ་བ་བྱེད་དགོས། ང་ཚོས་རིམ་པ་དེ་ལྟར་བརྒྱུད་ནས་ཡར་རྒྱས་འགྲོ་གི་ཡོད། དེ་འདྲ་སོང་ཙང། ད་ལྟ་ང་ཚོ་འགྲོ་བ་མི་ཡིན་པ་སོང་ཙང་། ཕུགས་རྒྱང་རིང་པོའི་མཐར་ཐུག་གཏན་གྱི་བདེ་བ་ཐོབ་ཐབས་བྱེད་དགོས་པ་ལས་གནས་སྐབས་འཕྲལ་སེལ་ཙམ་གྱི་ཆེད་ལས་ཀ་བྱེད་རྒྱུ་མེད་པ་དེ་ཧ་ཅང་གལ་ཆེན་པོ་རེད།

སྤྱིར་བཏང་འཆར་ཅན་ང་ཚོས་བདེ་བའི་ཆེད་དང་གཟུགས་པོའི་ཆེད་ཟས་དང། གོས། གནས་མལ་ལ་སོགས་པ་འཚོལ་གྱི་ཡོད། ཡིན་ནའང་མི་ཞིག་ཡིན་པའི་རྒྱུ་མཚན་དེ་ཙམ་མ་རེད། ང་ཚོས་ཕྱུག་པོ་འབྱོར་ལྡན་ཞིག་ཡིན་ནའང་། ང་ཚོས་ཕྱུག་པོ་འབྱོར་ལྡན་ཅན་རྣམས་ལའང་སེམས་ཀྱི་སྡུག་བསྔལ་ཆེན་པོ་ཡོད་པ་ཤེས་ཀྱི་རེད། ང་ཚོས་འདི་ནི་ནུབ་ཕྱོགས་ནང་དུ་གསལ་པོའི་སྒོ་ནས་མཐོང་ཐུབ། མི་མང་པོ་ཞིག་ལ་དངུལ་དང་ཕྱིའི་བདེ་འཇགས་རྣམས་ཚང་ཡོད་ཀྱང་། སེམས་ཞུམ་པ་དང། སེམས་ཐང་པོ་མེད་པ། དེ་བཞིན་སེམས་སྡུག་གི་གནས་བབས་མི་འདྲ་བ་མང་པོ་འཕྲད་པ་སོགས་སེམས་ཀྱི་དཀའ་ངལ་མང་པོ་ཞིག་ཡོད། ད་དུང་མི་མང་པོ་ཞིག་གིས་སེམས་ཀྱི་དཀའ་ངལ་སེལ་བའི་ཆེད་སྨན་རྫས་ཀྱི་རིགས་འདྲ་མིན་ཟ་གི་ཡོད་པ་མཐོང་རྒྱུ་ཡོད། འདིས་ཁོང་ཚོར་ཕྱིའི་དངོས་པོ་དང་རྒྱུ་ནོར་ལས་བྱུང་བའི་བདེ་བ་དེ་ཡོད་ཀྱང་། དེ་ལས་ལྷག་པའི་ལུས་ཀྱི་བདེ་བའི་སྟེང་ལ་ནང་སེམས་ཀྱི་བདེ་བ་འདོད་ཀྱི་ཡོད། བྱས་ཙང་། ཕྱི་དངོས་པོའི་བདེ་འཇགས་དང་དཔལ་འབྱོར་ཁོ་ནས་ལུས་སེམས་ཀྱི་བདེ་བ་གཉིས་པོ་སྦྱིན་མི་ཐུབ་པ་སྟོན་གྱི་ཡོད། གལ་ཏེ་ང་ཚོ་ཧ་ཅང་བདེ་ཐང་དང་ནུས་སྟོབས་ལྡན་པ་ཡིན་ནའང་། སེམས་ལ་བདེ་བ་མེད་ན་འགྲིག་གི་མེད། དེ་འདྲ་ཡིན་པ་སོང་ཙང། ང་ཚོར་ལུས་སེམས་གཉིས་ཀའི་བདེ་བ་དགོས་ཀྱི་ཡོད། དེ་གཉིས་ལས་སེམས་ཀྱིས་ལུས་ལ་དབང་སྒྱུར་བའམ། ཡང་ན་སེམས་ཀྱིས་ང་ཚོ་ལ་དབང་སྒྱུར་བྱེད་ཀྱི་ཡོད་པས། སེམས་ཀྱི་བདེ་བ་དེ་གལ་ཆེ་བ་ཡིན། དེར་བརྟེན་སེམས་ཀྱི་བདེ་སྐྱིད་ཅིག་བསྐྲུན་པ་ལ་ནན་བཤད་བྱེད་དགོས་ཀྱི་ཡོད།

སེམས་ཀྱི་བདེ་སྐྱིད་སྐྲུན་ཐབས།

སེམས་ཀྱི་བདེ་སྐྱིད་འདི་ག་རེ་ཡོང་གི་ཡོད་དམ། འདི་ནི་ང་ཚོའི་བསམ་བློ་གཏོང་སྟངས་བརྒྱུད་ནས་ཡོང་གི་ཡོད། གལ་ཏེ་ང་ཚོས་སེམས་བེད་སྤྱོད་བྱས་ནས་བསམ་བློ་མ་བཏང་ན། ང་ཚོས་སོ་སོར་བདེ་སྐྱིད་བསྐྲུན་མི་ཐུབ། འདི་ཕྱོགས་གཉིས་ཀའི་ཐོག་ནས་འགྲིག་གི་ཡོད། དཔེར་ན། ང་ཚོས་ཁོང་ཁྲོ་དང། འདོད་ཆགས། ང་རྒྱལ། ཕྲག་དོག་ལ་སོགས་པའི་ཉོན་མོངས་གང་རུང་ཞིག་ཤུགས་ཆེ་ཤོས་ཡོད་ནའང། དེར་བསམ་བློ་ཇི་ཙམ་མང་བ་བཏང་བ་དང་། དེའི་དབང་གིས་ཇི་ཙམ་ལས་ལ་མང་བ་འཇུག་པ་དེ་ཚོད་ཀྱིས་ང་ཚོར་སྡུག་བསྔལ་ཆེ་བ་ཡོང་གི་ཡོད། དཔེར་ན། ང་ཚོའི་ཉོན་མོངས་ཤུགས་ཆེ་ཤོས་དེ་ཁོང་ཁྲོ་ཡིན་ན། ང་ཚོ་ཁོང་ཁྲོ་ཇི་ཙམ་ཆེ་བ་ལངས་པ་དེ་ཚོད་ཀྱིས་སྡུག་བསྔལ་ཆེ་བ་ཡོང་གི་ཡོད།

དཔེར་ན། གལ་ཏེ་ང་ཚོས་བོད་ལ་སྡང་པོ་དང་ཁོང་ཁྲོ་ཡོད་ན། ང་ཚོ་སྐྱིད་པོ་ཡོད་དམ་སྡུག་བསྔལ་ཡོད། ང་ཚོ་སྐྱིད་པོ་མེད་པ་ནི་གསལ་པོ་རེད། དེ་སོང་ཙང་། དེའི་གཉེན་པོར་བྱམས་པ་དང་སྙིང་རྗེ་ལ་བསམ་མནོ་གཏོང་བ་ཡིན་ན། དེས་ཁོང་ཁྲོ་ལ་ཁ་གཏད་བཅག་ནས་སེམས་ལ་ཞི་བདེ་ཡོང་གི་ཡོད། དེར་བརྟེན་སེམས་པ་བཟང་པོ་དང་ཕན་སེམས་ཀྱི་བསམ་བློས་ང་ཚོར་བདེ་སྐྱིད་སྟེར་གྱི་ཡོད། ང་ཚོ་ཚང་མས་བདེ་བ་དེ་འདོད་པ་དང་སྡུག་བསྔལ་སྤོང་འདོད་ཡོད་པ་ཡིན་དུས། ང་ཚོས་བདེ་སྐྱིད་ཀྱི་རྩ་བ་སེམས་ཡིན་པ་དེ་ཤེས་ཐབས་བྱེད་དགོས།

མདོར་བསྡུས་ན། ང་ཚོའི་འདོད་ཆགས་དང་ཞེ་སྡང་ག་ཚོད་ཀྱི་ཆེ་བ་ཡོད་པ་དེ་ཚོད་ཀྱིས་སྡུག་བསྔལ་ཆེ་བ་ཡོང་གི་ཡོད། དེ་དག་ཇི་ཙམ་ཤུགས་ཆུང་བ་ཡོད་པ་དེ་ཚོད་ཀྱིས་ང་ཚོར་བདེ་སྐྱིད་ཆེ་བ་ཡོད། དེར་བརྟེན་ང་ཚོའི་སེམས་ནས་གང་ཞིག་སྤོང་དགོས་པ་ལ་བསམ་གཞིགས་བྱེད་དགོས། གལ་ཏེ་ང་ཚོ་ཕྲག་དོག་ཆེན་པོ་ཡོད་ན། ག་རེ་ཡོང་གི་རེད་དམ། ང་ཚོ་ཚང་མ་མཐའ་མ་ཤི་དགོས་ཀྱི་ཡོད་པས། མིག་སེར་རམ་ཕྲག་དོག་གི་དམིགས་ཡུལ་དེ་ང་ཚོས་ནམ་ཡང་མུ་མཐུད་ཉར་མི་ཐུབ། ཕྲག་དོག་གིས་ང་ཚོའི་འདོད་པ་རྣམས་ནམ་ཡང་བསྐོང་མི་ཐུབ་ལ། ང་ཚོའི་རྒྱུད་ལ་ཇི་སྲིད་ཕྲག་དོག་ཡོད་པ་དེ་སྲིད་བདེ་སྐྱིད་ནམ་ཡང་མི་བྱུང་། ང་རྒྱལ་ལའང་དེ་དང་གཅིག་པ་རེད། མི་སུ་འདྲ་ཞིག་དུས་ནམ་ཡང་གནས་སྟངས་གཅིག་གི་ནང་མུ་མཐུད་གནས་མི་ཐུབ། ང་ཚོ་རྟག་པར་ལོ་ན་གཞོན་གཞོན་དང་ལང་ཚོ་དར་བའི་ངང་གནས་མི་ཐུབ། ང་ཚོས་ད་ལྟ་གང་ཞིག་ལ་སྤོབས་པ་ཡོད་པ་དེ་རིམ་བཞིན་བརླག་འགྲོ་གི་རེད། དེ་འདྲ་ཡིན་དུས། ང་རྒྱལ་ཁོ་རང་ཡང་སེམས་མི་བདེ་བའི་གནས་བབས་ཤིག་ཡིན། དཔེ་ཆ་བཞག་ན། གལ་སྲིད་ང་ཚོས་ཟ་ཁང་ནང་དུ་གཞན་གྱིས་ཁ་ལག་ཞིམ་པོ་ཟ་བཞིན་པ་དེར་ཕྲག་དོག་བྱས་ན། ང་ཚོ་ལ་ག་རེ་ཡོང་གི་རེད་དམ་ཞེ་ན། དེས་ང་ཚོ་སེམས་སྐྱིད་པོ་མེད་པ་རང་བཟོ་གི་ཡོད་པ་མ་གཏོགས། དེས་ང་ཚོའི་གྲོད་ཁོག་རྒྱག་པ་མི་བྱེད་པ་ངེས་པ་རེད། 

གལ་ཏེ་ང་རང་ཚོ་བོད་པ་ཡིན་བསམས་ནས་རྒྱ་མིར་ཁོང་ཁྲོ་དང་ཕྲག་དོག་བྱས་ན་སྐྱིད་པོ་ཡོད་དམ། དེ་སེམས་སྐྱིད་པའི་གནས་བབས་ཤིག་ཡིན་ནམ། དངོས་གནས་མ་རེད། གང་ཟག་ཅིག་གི་མི་ཚེའི་ནང་ལས་ཀ་གཙོ་བོ་དེ་འདོད་ཆགས་དང་ཞེ་སྡང་དབང་གིས་བྱ་སྤྱོད་སྤེལ་གྱི་ཡོད་པ་ལ་བསམ་བློ་ཐོངས་དང། གང་ཟག་དེ་དག་དབང་ཐང་ཆེན་པོ་དང་སྙན་གྲགས་ཆེ་བ་མ་ཟད། ལོ་རྒྱུས་ནང་དུའང་འཁོད་སྲིད་པ་རེད། ཡིན་ནའང་གང་ཟག་དེ་ལྟ་བུས་རང་གི་མི་ཚེའི་ནང་ག་རེ་ཐོབ་ཡོད་དམ། གང་ཟག་དེ་ལོ་རྒྱུས་ནང་མིང་འཁོད་པ་ཙམ་བྱུང་ཡོད། ཁོང་གི་སེམས་ཞི་བདེ་བག་ཕེབས་སུ་གྱུར་མེད། ཁོང་ཤི་ཚར་བ་རེད། བྱས་ཙང་། གལ་ཏེ་ང་ཚོས་མི་ཚེ་ཚང་མ་ཉོན་མོངས་དབང་དུ་ཤོར་ནས་བྱ་སྤྱོད་སྤེལ་བ་ཡིན་ན། ང་ཚོ་ག་ཚོད་ཀྱི་སྟོབས་ཆེན་པོ་དང་ཕྱུག་པོ་ཆགས་ནའང་། དེས་ཚོ་ལ་བདེ་སྐྱིད་ནམ་ཡང་སྟེར་གྱི་མ་རེད།

དེ་རིང་ཁ་སང་ང་ཚོ་གནས་མཆོག་རྡོ་རྗེ་གདན་གྱི་གནས་སྟངས་ལ་བསམ་བློ་བཏང་ན། ང་ཚོ་འདིའི་ཐོག་གསལ་པོར་ཤེས་ཐུབ་ཀྱི་རེད། གོང་ས་མཆོག་འདིར་ཡོད་པ་དང་གནས་མཆོག་འདིར་སླེབས་ཡོད་ནའང་། སློང་མོ་བ་ཞིག་ལ་རླུང་ལངས་པའམ་ལུས་ཀྱི་དཀའ་ཚེགས་རྣམས་ལ་རླུང་ལངས་ན། དེ་འདྲ་གནས་སྐབས་ལ་ཁྱེད་རང་སྐྱིད་པོ་ཡོད་དམ། ཕྱོགས་གཞན་ནས་ཁྱེད་རང་ཚོའི་ཉོན་མོངས་ཤུགས་ཆུང་བ་ཡོད་པ་དང་འདིར་སྤེབས་ནས་དགེ་བའི་ལས་ཤིག་བྱེད་ཀྱི་ཡོད་པའི་སྐབས་སྐྱིད་པོ་འདུག་གམ་མི་འདུག དེའི་སྐོར་ལ་བསམ་བློ་གཏོང་དགོས།

ཁྱེད་རང་གི་སེམས་ཀྱི་གནས་བབས་གང་འདྲ་ཞིག་ཡོད་པ་དེས་རང་གི་ཁྱེམ་མཚེས་དང། གྲོགས་པོ། ཕྲུ་གུ་བཅས་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། ཁྱིམ་ཚང་ཞིག་གི་གནས་སྟངས་ལ་ཆ་བཞག་ན། གལ་ཏེ་ཁྱེད་རང་ཕྲུ་གུ་ལ་ཁོང་ཁྲོ་ཧ་ཅང་ལངས་ནས་ཉེས་རྡུང་བཏང་བ་ཡིན་ན། ཕྲུ་གུ་དེ་ངུ་སྐད་རྒྱག་པ་དང་དེས་ཚང་མ་སྐྱིད་པོ་མེད་པ་བཟོ་གི་ཡོད། མ་རེད་པས། འོན་ཀྱང་གལ་སྲིད་ཁྱེད་རང་ཁོང་ཁྲོ་མ་ལངས་པ་དང་ཞི་ལྷོད་ངང་གནས་ཏེ། ཕྲུ་གུ་རྣམས་རྩེད་མོ་རྩེ་འཇུག་པ་ཡིན་ན། མི་ཚང་མ་སྐྱིད་པོ་དང་ཞི་བདེ་བག་ཕེབས་ཡོང་གི་ཡོད། རྒྱལ་ཁབ་ཅིག་ལ་མཚོན་ནའང་། ཆགས་སེམས་མེད་པ་དང་བཟོད་པ་རྒྱ་ཆེན་པོ་ཉམས་ལེན་བྱེད་ཀྱི་ཡོད་ན། དེ་ནས་མི་ཚང་མས་ས་ཁུལ་དེའི་དགའ་སྐྱིད་ལ་མཉམ་སྤྱོད་བྱེད་ཀྱི་རེད། བྱས་ཙང་། འདི་ནི་མི་སྒེར་ཞིག་དང། ནང་མི་ཁྱིམ་ཚང། རྒྱལ་ཁབ་བཅས་ལ་གཅིག་པ་ཡིན། ཉོན་མོངས་ག་ཚོད་མང་བ་ཡོད་པ་དེ་ཚོད་ཀྱིས་སེམས་མི་བདེ་བ་ཆེ་ཞིང། ཉོན་མོངས་ག་ཚོད་ཆུང་བ་ཡོད་པ་དེ་ཚོད་ཀྱིས་སེམས་པ་སྐྱིད་པ་ཡོད།

ང་རང་ལ་ཆ་བཞག་ནའང། ངས་ཉོན་མོངས་ཀྱི་སྐྱོན་ནམ་ཉེས་དམིགས་དང། དེས་ང་ལ་སྟེར་བའི་རྐྱེན་ངན་ཐམས་ཅད་དང་། ཉོན་མོངས་དེ་དག་རང་ལ་མེད་པའི་དགེ་མཚན་ཐོག་བསམ་བློ་གང་ལ་གང་འཚམས་ཤིག་གཏོང་གི་ཡོད། འདིས་ངའི་མི་ཚེ་ནང་དུ་ཉོན་མོངས་ཉུང་ཉུང་ཡོད་པར་ནན་བཤད་བྱེད་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་འདུག དེའི་སྒང་ལ་ང་ཚོའི་མི་ཚེ་དེ་སྐྱིད་པོ་མང་དུ་གཏོང་ཐུབ་པ་དང་ཁ་ལག་གི་དྲོ་བ་ཆེ་རུ་འགྲོ་བ་བཅས་ཚང་མ་ཡག་པོ་ཡོང་གི་ཡོད། ཡིན་ནའང་ང་ཚོའི་སེམས་འདི་ཉོན་མོངས་ཀྱིས་ཁེངས་བསྡད་ཡོད་ན། དེ་ནས་ང་ཚོས་སྒོམ་རྒྱག་པ་དང་ཞལ་འདོན་བྱེད་པ་སོགས་གང་བྱེད་ཀྱང་དེ་ལས་བདེ་སྐྱིད་རྩ་ནས་མི་འབྱུང་བ་ཡིན། དེར་བརྟེན་ང་ཚོས་རྟག་ཏུ་ཉོན་མོངས་དེ་ཇི་ལྟར་ཉེས་དམིགས་ཅན་ཞིག་ཡིན་པར་བསམ་བློ་གཏོང་ཐབས་བྱེད་དགོས།

མདོར་ན། གལ་ཏེ་ང་ཚོའི་སེམས་བཏུལ་ནས་ཉོན་མོངས་པའི་སེམས་ཚོར་མེད་ན། དེ་ནས་ང་ཚོ་ཧ་ཅང་སྐྱིད་པོ་ཆགས་ཀྱི་རེད། དེར་བརྟེན་སེམས་འདུལ་བའི་འབྲས་བུ་ཡག་ཤོས་ནི། ཉོན་མོངས་རྩ་བ་ཉིད་ནས་སྐྱེ་གི་མ་རེད། གལ་ཏེ་ཉོན་མོངས་སྐྱེས་པ་ཡིན་ནའང་། ང་ཚོས་དེ་དག་གི་དབང་དུ་ཤོར་ནས་ལས་ཀ་བྱེད་ཀྱི་མ་རེད། དཔེར་ན། གལ་ཏེ་ང་ཚོས་རྩ་བ་ཉིད་ནས་ཁོང་ཁྲོ་མ་བྱས་ན་ཡག་ཤོས་དེ་རེད། ཡིན་ནའང་ང་ཚོས་གློ་བུར་དུ་སྤྲོ་ཐུང་ཆགས་ནས་ཁོང་ཁྲོ་ཟ་ངེས་པ་ཡིན་པས། གལ་སྲིད་ང་ཚོས་སེམས་འདི་བཏུལ་ཡོད་ན། ཁོང་ཁྲོ་དེའི་དབང་འོག་ཏུ་ཤོར་གྱི་མ་རེད། དེ་བཞིན་ཁོང་ཁྲོ་ཟ་སའི་མི་དེའི་གདོང་ལ་མུར་འཛོག་གཞུ་བ་དང། མིང་ངན་འབོད་པའམ། ཡ་ལེན་རྩུབ་པོ་དང་ངན་པ་དེ་འདྲ་སྤྲོད་ཀྱི་མ་རེད།

དེ་ཡིན་དུས་ག་ལེར་རིམ་པ་བཞིན་དུ་གཉེན་པོ་རྣམས་ཤུགས་ཆེ་རུ་ཆེ་རུ་ཕྱིན་པ་དང་མཉམ་དུ་ང་ཚོའི་སེམས་ཞི་ཞིང་དུལ་བར་གྱུར་ནས་བདེ་སྐྱིད་ཆེ་བ་ཡོང་གི་ཡོད་པ་ཤེས་ཀྱི་རེད། ལས་དང་པོ་བ་ཞིག་གི་ཆ་ནས་ང་ཚོས་ཁོང་ཁྲོ་དང་འདོད་ཆགས་ལ་སོགས་པའི་ཉོན་མོངས་རྣམས་ནམ་ཡང་མི་སྐྱེ་བའི་ཐབས་ཤེས་བྱེད་དགོས། ཉོན་མོངས་འདི་ཚོ་སྐྱེས་པ་ཡིན་ནའང། ང་ཚོས་དེ་དག་གི་དབང་འོག་ཏུ་ཤོར་ནས་ལས་ལ་མི་འཇུག་རྒྱུ་ཐབས་ཤེས་བྱེད་དགོས། ཁྱེད་རང་ཚོས་ཤེས་སོང་ངམ། གལ་ཏེ་ང་ཚོས་སེམས་འདུལ་བ་ཡིན་ན། ཆོས་ཉམས་ལེན་འདི་རེད། དེ་ལྟར་མ་འདུལ་ན། དེ་ནི་ཆོས་མ་ཡིན། གལ་ཏེ་ང་ཚོས་ཉོན་མོངས་ཡོངས་རྫོགས་མཉམ་དུ་མེད་པ་བཟོས་ནས་འགོག་པ་དངོས་སམ་འགོག་པའི་བདེན་པ་ཐོབ་པ་ཡིན་ན། དེ་ནི་དངོས་གནས་ཆོས་ངོ་མ་ཡིན།

འཕགས་པའི་བདེན་པ་བཞི།

འཕགས་པའི་བདེན་པ་བཞི་ཡོད་པ་ནི། སྡུག་བསྔལ་གྱི་བདེན་པ་དང། དེ་དག་གི་རྒྱུ་ཀུན་འབྱུང་བདེན་པ། དེ་དག་དངོས་སུ་འགོག་པའི་འགོག་བདེན། སེམས་ཀྱི་ལམ་བདེན་བཅས་བཞི་ཡིན། སྡུག་བསྔལ་བདེན་པ་ནི་སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་གྱི་རིགས་འདྲ་མིན་ལ་བསམ་བློ་གཏོང་ཆོག སངས་རྒྱས་ཀྱིས་སྡུག་བསྔལ་ཤེས་པར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་གསུངས་ཡོད། སྡུག་བསྔལ་གྱི་རྩ་བ་གང་རེད་དམ། སྡུག་བསྔལ་གྱི་རྩ་བ་ནི་སེམས་མ་འདུལ་བ་དེ་ཡིན། དེ་ཡང་དམིགས་སུ་བཀར་ནས་བཤད་ན་ཉོན་མོངས་རྣམས་ཡིན། བྱས་ཙང་། ཉོན་མོངས་ནི་སྡུག་བསྔལ་གྱི་རྒྱུ་ངོ་མའམ་ཀུན་འབྱུང་བདེན་པ་ཡིན་ཞིང། ཉོན་མོངས་འདི་ཚོའི་སྟོབས་ཀྱིས་ལས་ཀྱི་བག་ཆགས་རྣམས་ཡོང་གི་ཡོད། དེ་འདྲ་ཡིན་པ་སོང་ཙང་། སྡུག་བསྔལ་གྱི་རྒྱུ་ངོ་མ་ནི་ལས་དང་ཉོན་མོངས་ཡིན། ང་ཚོ་ཚང་མས་སྡུག་བསྔལ་མི་འདོད་པ་དང་སྡུག་བསྔལ་མེད་པར་བཟོ་བ་ཁོ་ན་འདོད་ཀྱི་ཡོད་དུས། ང་ཚོའི་སེམས་མ་བཏུལ་བ་དེ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་པ་ཤེས་དགོས།

ང་ཚོས་སྡུག་བསྔལ་རྣམས་ཡང་བསྐྱར་མི་ཡོང་བར་ཡོངས་སུ་འགོག་པར་འདོད་ཀྱི་ཡོད་ཙང། རྒྱུ་ཉོན་མོངས་རྣམས་ཆོས་ཀྱི་དབྱིངས་སུའམ་སྟོང་པའི་དབྱིངས་སུ་འགོག་པར་བྱེད་དགོས། འདི་ལ་མྱང་འདས་ཀྱི་འགོག་པའི་བདེན་པ་ཟེར་བ་ཡིན།

ཉོན་མོངས་རྣམས་སྤོང་བའམ་གཏན་དུ་འགོག་པ་ལ་ལམ་གྱི་རིམ་པ་མང་པོ་ཡོད་པས། ལམ་འདི་ལ་འཕགས་པ་རྣམས་ཀྱི་སེམས་ཀྱི་ལམ་དངོས་སམ་ལམ་གྱི་བདེན་པ་ཟེར། ད་དུང་གསལ་པོར་ཞུས་ན། ང་ཚོས་ཉོན་མོངས་མེད་པ་བཟོས་པའི་བརྒྱུད་རིམ་གྱི་ཁྲོད་དུ་ཡོན་ཏན་ཡང་མང་བ་ཐོབ་པར་ཤུགས་རྒྱག་གི་ཡོད་པས། ཕྱོགས་གཅིག་ནས་སེམས་ཀྱིས་ཉོན་མོངས་རྣམས་སེལ་བ་དང་ཕྱོགས་གཞན་ནས་ཡོན་ཏན་ཐོབ་པ་དེ་ལ་སེམས་ཀྱི་ལམ་དངོས་སམ་ལམ་གྱི་བདེན་པ་ཟེར་བ་ཡིན།

མདོར་ན། སྡུག་བསྔལ་བདེན་པ་ཡོད་པ་སོང་ཙང་། ཀུན་འབྱུང་བདེན་པ་ཡོད་པ་རེད། ང་ཚོས་སྡུག་བསྔལ་དེ་དག་འགོག་པར་འདོད་པས། དེ་དག་ཡོང་ཐབས་སུ་ལམ་གྱི་བདེན་པ་རྒྱུད་ལ་སྐྱེ་བར་བྱེད་དགོས། དེའི་འབྲས་བུར་མཐར་ཐུག་གི་འགོག་པ་སྟེ། ཞི་བའམ། ཡང་ན་ “མྱ་ངན་ལས་འདས་པའི་” གོ་འཕང་དེ་ཐོབ་པ་དང་། དེས་བདེ་བ་རྫོགས་མཐའ་མེད་པ་སྟེར་གྱི་ཡོད། འདི་ནི་གནས་མཆོག་རྡེ་རྗེ་གདན་འདིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉམས་སུ་བླངས་ཏེ་མཛད་པ་བསྟན་པའི་རྗེས་སུ་བདེན་པ་བཞི་གསུངས། སྡུག་བསྔལ་བདེན་པ་དང་ཀུན་འབྱུང་བདེན་པ་གཉིས་ནི་མ་དག་པའི་ཆ་ཡིན་པ་དང་འགོག་པའི་བདེན་པ་དང་ལམ་གྱི་བདེན་པ་གཉིས་ནི་དག་པའམ་ཐར་པའི་ཆ་ཡིན།

ང་ཚོས་ཆོས་ཉམས་ལེན་བྱེད་པ་དེ། དཔེར་ན། ཕྲུ་གུས་རང་གི་ཕ་མས་གང་བཤད་པ་དེ་ཉན་ནས་ག་རེ་བྱེད་དགོས་ཟེར་ནའང་བྱེད་ཀྱི་ཡོད། དེ་ནི་ཕ་མས་ཕྲུ་གུར་དེ་ལྟར་བྱེད་དགོས་བཤད་པ་ཙམ་རྒྱུ་མཚན་དུ་བྱས་པ་ཞིག་རེད། ཡིན་ནའང་ཆོས་ཉམས་ལེན་ནི་དེ་ལྟ་བུ་ཞིག་མིན་པར་ང་ཚོས་ཤེས་ཐུབ། ཆོས་ཀྱི་ཉམས་སུ་ལེན་པ་དེ་ཕྲུ་གུ་ཁ་ལ་ཉན་པོ་ཞིག་གིས་ཕ་མས་གང་བཤད་པ་ལ་བརྩི་དགོས་པ་ཙམ་མ་ཡིན་པར། དེ་ལས་ལྡོག་སྟེ། སོ་སོའི་སྡུག་བསྔལ་མེད་པ་བཟོ་འདོད་ཡོད་པ་སོང་ཙང་། ང་ཚོས་ཆོས་ཉམས་སུ་ལེན་གྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ང་རང་ཚོ་སོ་སོའི་སེམས་འདུལ་བའི་ཆེད་དུ་བླ་མས་གང་གསུངས་པའི་རྗེས་སུ་འབྲང་དགོས་ཀྱི་ཡོད། ཁྱེད་རང་ཚོས་མགོ་ཚོད་སོང་ངམ།

དཀོན་མཆོག་གསུམ།

སྡུག་བསྔལ་མེད་པ་བཟོ་བ་ལ་ཆ་རྐྱེན་མང་པོ་ཚང་དགོས་ཀྱི་ཡོད། དཔེར་ན། ལྟོགས་པ་དང་གྲང་བ་ལ་སོགས་པའི་སྡུག་བསྔལ་ཡོད་པས། དེ་དག་རེ་རེ་མེད་པ་བཟོ་བར་ང་ཚོས་ཐབས་ལམ་འདྲ་མིན་ལ་བསྟེན་གྱི་རེད། ཞིང་པ་དང་ཚོང་པ་ལ་སོགས་པའི་ལས་ཀ་བྱས་ནས་ང་ཚོའི་ལྟོགས་པ་དང་གྲང་བའི་སྡུག་བསྔལ་རྣམས་སེལ་ཐུབ་ཀྱི་ཡོད། ན་བའི་སྡུག་བསྔལ་སེལ་བའི་ཆེད། ང་ཚོས་ཨེམ་ཆེ་དང་སྨན་སོགས་ལ་བསྟེན་གྱི་ཡོད། ཡིན་ནའང་ཐབས་ལམ་འདི་ཚོ་ནི་གནས་སྐབས་ཙམ་ཕན་ཐོགས་ཀྱི་ཡོད་པ་ལས་མཐར་ཐུག་གསོ་བའི་ཐབས་ལམ་མ་ཡིན། གལ་ཏེ་ང་ཚོ་ན་གི་ཡོད་ན། ང་ཚོས་གཟུགས་སྟོབས་མི་ཉམས་པའི་ཆེད་སྨན་བསྟེན་ཆོག་ཀྱང་། དེས་ང་ཚོའི་རྒ་བ་དང་འཆི་བའི་སྡུག་བསྔལ་སེལ་གྱི་མ་རེད། མདོར་ན། ང་ཚོས་སྤྱིར་བཏང་གི་ཐབས་ལམ་ཕལ་པ་འགའ་བསྟེན་ནས་སྐབས་རེར་གནས་སྐབས་ཀྱི་ངལ་བ་ལས་གསོ་ཐུབ་ཀྱང་། མཐར་ཐུག་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་བྲལ་བ་ཞིག་ཡོང་མི་ཐུབ།

ཧིན་དུ་དང། ཡེ་ཤུ། ཇེའུ། ཁ་ཆེ་ལ་སོགས་པའི་ཆོས་ལུགས་མང་པོའི་ནང་བདེ་བ་དང་སྡུག་བསྔལ་གྱི་བྱེད་པོ་དཀོན་མཆོག་ཁས་ལེན་གྱི་ཡོད། གལ་ཏེ་ང་ཚོས་དཀོན་མཆོག་ལ་སྨོན་ལམ་བཏབ་ན། དེས་བདེ་བ་སྦྱིན་གྱི་ཡོད་པའི་ལྟ་ཚུལ་དེ་སངས་རྒྱས་ཀྱི་གསུང་ཚུལ་མིན། སྟོན་པ་བཅོམ་ལྡན་འདས་ཀྱིས་ང་ཚོའི་བདེ་བ་དང་སྡུག་བསྔལ་རྣམས་དཀོན་མཆོག་གི་ཕྱག་ཏུ་མེད་པར། ང་ཚོ་རང་གི་ལག་ཏུ་ཡོད་པར་གསུངས་ཡོད།

ཆོས་ལུགས་གཞན་གྱིས་སྐྱབས་གནས་དེ་འཇིག་རྟེན་བྱེད་པོ་དཀོན་མཆོག་གཅིག་རང་ཡོད་པར་ཁས་བླངས་པ་དང་མི་འདྲ་བར་ང་ཚོ་ནང་པ་སངས་རྒྱས་པས་དཀོན་མཆོག་གསུམ་ཁས་ལེན་གྱི་ཡོད། སངས་རྒྱས་ནི་ང་ཚོར་བླང་དོར་གྱི་ལམ་སྟོན་གནང་མཁན་དེ་ཡིན། དེ་འདྲ་ཡིན་པ་སོང་ཙང། སངས་རྒྱས་ནི་ང་ཚོའི་དགེ་རྒན་ལྟ་བུ་ཡིན་པ་ལས་འཇིག་རྟེན་བཀོད་པ་པོ་མིན། ང་ཚོའི་བདེ་སྡུག་གཉིས་ལས་ལ་བརྟེན་ནས་བྱུང། དགེ་བའི་ལས་ལ་བརྟེན་ནས་བདེ་བ་བྱུང། དེར་བརྟེན། ང་ཚོའི་སྤྱོད་ལམ་མམ་ལས་ཀྱིས་བདེ་བ་དང་སྡུག་བསྔལ་བཟོ་གི་ཡོད། ཕྱོགས་གཅིག་ནས་བདེ་སྐྱིད་ནི་དགེ་བའི་ལས་ལ་བརྟེན་ནས་ཡོང་གི་ཡོད་པས། ང་ཚོས་དེ་ལྟར་གང་ཐུབ་ཅི་ཐུབ་ཀྱིས་ལག་ལེན་བསྟར་ཐབས་བྱེད་དགོས་པ་དང། ཕྱོགས་གཞན་ཞིག་ནས་སྡུག་བསྔལ་རྣམས་མི་དགེ་བའི་ལས་ལ་བརྟེན་ནས་ཡོང་གི་ཡོད་པས། ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་སྤོང་ཐབས་བྱེད་དགོས།

དེ་ནས་སྟོན་པ་བཅོམ་ལྡན་འདས་ཀྱིས་རྒྱུ་དང་འབྲས་བུའི་ལམ་དེ་བསྟན་ཡོད། ང་ཚོའི་ལས་སྐལ་ནི་སོ་སོའི་ལག་ཏུ་ཡོད་པ་ལས་དཀོན་མཆོག་ལ་མེད་ཅིང། སངས་རྒྱས་ཀྱི་ཕྱག་ཏུའང་མེད། དེར་བརྟེན་སྐྱབས་དངོས་སམ་ཉེན་མེད་ཀྱི་ཁ་ཕྱོགས་ངོ་མ་ནི་ཆོས་ཡིན་ཞིང། དེ་ནི་ང་རང་ཚོ་སོ་སོའི་སེམས་ཀྱི་རྒྱུད་ལ་སྐྱེད་པར་བྱེད་དགོས་པ་ཞིག་ཡིན། ཕྱོགས་གཞན་ཞིག་ནས་ང་ཚོས་སེམས་རྒྱུད་ཀྱི་ཉོན་མོངས་ལ་སོགས་སྤངས་བར་བརྟེན་སྡུག་བསྔལ་དང་བྲལ་ཞིང་བདེ་བ་དང་ལྡན་པ་ཡོང་གི་ཡོད།

དེའི་སྒང་ལ་ང་ཚོའི་སེམས་རྒྱུད་ལ་ཆོས་དཀོན་མཆོག་སྐྱེད་པར་བྱེད་པ་ལ། ང་ཚོར་མིག་དཔེ་སྟོན་མཁན་དང་རོགས་པ་བྱེད་མཁན་གྱི་གྲོགས་ཤིག་དགོས། དེ་ལྟ་བུའི་གྲོགས་རྣམས་ལ་དགེ་འདུན་དཀོན་མཆོག་ཟེར་བ་ཡིན།

མདོར་ན། སངས་རྒྱས་ཀྱིས་ང་ཚོའི་མི་ཚེའི་ནང་ཉམས་སུ་ལེན་དགོས་པའི་ཉེན་མེད་ཀྱི་ཁ་ཕྱོགས་སྟོན་མཁན་ནམ་སྐྱབས་སྟོན་པ་པོ་དེ་ཡིན་པ་དང། ཆོས་ནི་ཉེན་མེད་ཀྱི་ཁ་ཕྱོགས་དངོས་སམ་སྐྱབས་དངོས་དེ་ཡིན་ཞིང། དགེ་འདུན་དཀོན་མཆོག་གིས་མིག་དཔེ་སྟོན་པར་རོགས་བྱེད་ཀྱི་ཡོད། ང་ཚོར་བདེ་སྐྱིད་སྤྲོད་པ་དང་སྡུག་བསྔལ་སེལ་མཁན་གྱི་འཇིག་རྟེན་བྱེད་པོ་གཅིག་གམ་སྐྱབས་གནས་དཀོན་མཆོག་གཅིག་རང་ཞིག་ནི་མེད།

རྒྱུ་མཚན་དང་ཉམས་ལེན་གཞི་རྟེན་དུ་བྱས་པའི་ནང་ཆོས།

བོད་སྐད་དུ་ཆོས་ཤེས་པའི་ཐ་སྙད་དེ་ཨིན་སྐད་དུ་སྒྱུར་སྐབས་ “religion” ཞེས་པ་དེ་ཡང་སེ་བེད་སྤྱོད་བྱེད་ཀྱི་ཡོད། ཨིན་ཇིའི་ཚིག་དེའི་ཐུན་མིན་གྱི་གོ་དོན་ཞིག་ལ། འཇིག་རྟེན་བཀོད་པ་པོ་ཁས་བླངས་པའི་རིང་ལུགས་ཀྱི་དོན་ཞིག་ཡོད་པ་རེད། དེར་བརྟེན། སྤྱིར་ནང་ཆོས་ནི་འཇིག་རྟེན་བྱེད་པོ་ལྟ་བུ་ལྷའམ་དཀོན་མཆོག་ཁས་ལེན་གྱི་མེད་པས། ཨིན་སྐད་ནང་གི་ “religion” ཟེར་བ་དེ་ཆགས་ཀྱི་མེད། འོན་ཀྱང་རྒྱ་མི་ཚོས། ཁོ་ཚོས་ཆོས་ཁས་ལེན་གྱི་མེད་ཅེས་དང་། ནང་པའི་ཆོས་བྱེད་མཁན་རྣམས་ཆོས་དད་ཆེན་པོ་ཡོད་པས། ནང་ཆོས་དེ་ཆོས་ཀྱི་རིང་ལུགས་འཛིན་མཁན་ (religious) ཡིན་པར་བཤད་ཀྱི་ཡོད། ཡིན་ནའང་དོན་ངོ་མར། གོང་གི་འགྲེལ་བརྗོད་ལྟར་བྱས་ན། ང་ཚོ་ཡང་དཀོན་མཆོག་མི་འདོད་མཁན་ཡིན་པ་རེད།

ང་ཚོས་སངས་རྒྱས་ཀྱི་བཀའ་རྣམས་མིག་བཙུམས་ནས་རྨོངས་དད་ཀྱིས་ཁས་ལེན་བྱེད་ཀྱི་མེད་པར། བརྟག་དཔྱད་ཡག་པོ་བྱས་ནས་ཁས་ལེན་གྱི་ཡོད། གལ་ཏེ་རྒྱུ་མཚན་དང་ལྡན་པ་ཡིན་ན། ང་ཚོས་ཁས་ལེན་བྱེད་པ་དང་རྒྱུ་མཚན་དང་ལྡན་པ་མིན་ན། ཁས་ལེན་བྱེད་ཀྱི་མེད། དཔེར་ན། ང་ཚོས་སྐྱེ་བ་སྔ་ཕྱི་ལ་སོགས་པའི་ཆོས་མང་པོ་ཞིག་ལ་རིགས་པའི་སྒྲུབ་ཚུལ་མང་པོ་ཡོད་པ་དང་། གནད་དོན་དེ་དག་ལ་བརྟག་དཔྱད་བྱས་ཚར་བའི་རྗེས་སུ་གཞི་ནས་ཁས་ལེན་བྱེད་ཀྱི་ཡོད། ཆོས་གང་ཞིག་རྒྱུ་མཚན་རིགས་པའི་ལམ་ནས་གཏན་ལ་འབེབས་ཐུབ་ཀྱི་ཡོད་ན། དེ་ནི་ཁས་ལེན་རུང་བ་ཡིན། འོན་ཀྱང་གནད་དོན་གང་ཞིག་རྨོངས་དད་ཁོ་ནར་གཞི་བཅོལ་ཡོད་ན། ང་ཚོས་ཁས་ལེན་ནམ་ཡང་བྱེད་ཀྱི་མེད། དེ་འདྲ་ཡིན་པ་སོང་ཙང། “ངས་ཡིད་ཆེས་ཀྱི་འདུག་” ཅེས་ཟེར་རྒྱུ་མེད། གནད་དོན་ངོ་མ་ནི་རིགས་པ་དང་རྒྱུ་མཚན་གྱི་སྒོ་ནས་དཔྱད་རྒྱུ་དེ་ཡིན། གལ་ཏེ་གནད་དོན་གང་ཞིག་རྒྱུ་མཚན་དང་དངོས་ཡོད་དང་མཐུན་གྱི་མེད་ན། ཁས་ལེན་བྱ་རྒྱུ་མེད། ང་ཚོས་རྟག་ཏུ་ཡིད་ཆེས་དེ་དག་རྒྱུ་མཚན་རིགས་པ་ལ་གཞི་རྟེན་བྱེད་དགོས།

སྔོན་སངས་རྒྱས་ཀྱིས་ཆོས་གསུངས་པའི་སྐབས་ཆོས་ཡོངས་སུ་རྫོགས་པ་དང་ཆ་ཚང་བ་གསུངས་ཡོད། ཁོང་གིས་གང་གསུངས་པ་དེར་བསྐྱར་ཞིབ་དང་། ཁ་སྣོན་བྱེད་དགོས་པའམ་ཡར་རྒྱས་གཏོང་དགོས་པ་གང་ཡང་མེད། སངས་རྒྱས་ཀྱིས་གང་གསུངས་པ་རྣམས་ང་ཚོས་ཉམས་ལེན་བྱེད་དང་མི་བྱེད་ཙམ་རེད། དེ་དག་ཧ་ཅང་མགོ་རྙོག་པོ་དེ་འདྲ་མེད། ང་ཚོས་འདི་སྨན་ལ་དཔེ་བཞག་ནས་རྟོགས་ཐུབ། སྨན་པའམ་ཨེམ་ཆེས་ནད་པར་བརྟག་དཔྱད་བྱས་ཏེ། ནད་ལ་རན་པའི་སྨན་ཡིག་སྤྲོད་ཀྱི་ཡོད། གལ་སྲིད་སྨན་བཅོས་དེས་མི་ཕན་པའི་སྐབས་མི་གླེན་པ་ཞིག་ཡིན་ན་མ་གཏོགས། གཞན་དེ་གསོ་བ་རིག་པའི་སྐྱོན་རེད་ཟེར་གྱི་མ་རེད། ཡིན་ནའང་མི་སྤྱང་གྲུང་ཅན་ཞིག་གིས་ནད་ལ་མ་ཕན་པའི་རྒྱུ་མཚན་དུ་གསོ་བ་རིག་པའི་སྐྱོན་མ་ཡིན་པར། སྨན་ལག་བསྟར་བྱེད་མཁན་གྱི་གང་ཟག་དེའི་སྐྱོན་ཡིན་པར་རྟོགས་ཀྱི་རེད། དེ་ག་ནང་བཞིན་ནང་ཆོས་ལའང་དེ་དང་གཅིག་པ་རེད། སངས་རྒྱས་ཀྱི་དངོས་སུ་གསུངས་པའི་སྡེ་སྣོད་གསུམ་ལ་སྐྱོན་གང་ཡང་མེད། གལ་ཏེ་ང་ཚོས་བརྟག་དཔྱད་བྱེད་པ་ཡིན་ན། རྨོངས་པ་དང་འཁྲུལ་བ་དེ་ཆོས་ཀྱི་འབྱུང་ཁུངས་སྡེ་སྣོད་གསུམ་ལ་མེད་པར་ཤེས་ཀྱི་རེད། དེར་བརྟེན་ང་ཚོས་ཆོས་ཀྱི་ཁུངས་སྡེ་སྣོད་མི་འདྲ་བའི་ནང་གསལ་བ་ནང་བཞིན་མ་ནོར་བར་ཉམས་ལེན་བྱེད་དགོས་ཀྱི་ཡོད། ཁྱེད་རང་ཚོས་མགོ་ཚོད་སོང་ངམ།

ཐེག་ཆེན་གྱི་ཀུན་སློང་ཡང་བསྐྱར་ངེས་བརྟན་བཟོ་བ།

དེ་ལྟར་ཉམས་ལེན་གཙོ་བོ་ནི་སེམས་འདུལ་རྒྱུ་དེ་ཡིན། དེ་ཡོང་བར་ང་ཚོས་ཆོས་ཉན་དགོས་པ་དང་། དེ་མ་ནོར་བར་ཉམས་ལེན་བྱེད་པར་ང་ཚོ་ལ་ཀུན་སློང་ཡང་དག་པ་ཞིག་དགོས། སངས་རྒྱས་ཀྱིས་ཐེག་ཆེན་དང་ཐེག་པ་ཆུང་ངུ་གཉིས་ཀའི་ཆོས་གསུངས་ཡོད། ཐེག་ཆེན་གྱི་ཀུན་སློང་གཙོ་བོ་ནི་གཞན་ལ་ཕན་འདོགས་རྒྱུ་ཡིན། ཐེག་པ་ཆུང་ངུས་གལ་ཏེ་ང་ཚོས་གཞན་ལ་ཕན་ཐོགས་ཐུབ་ཀྱི་མེད་ནའང་། མ་མཐར་ཡང་གནོད་སྐྱེལ་རྒྱུ་མེད་པ་གཙོ་བོར་ནན་བཤད་གནང་གི་ཡོད། དེ་འདྲ་ཡིན་པ་སོང་ཙང་། ཐེག་པ་གཉིས་ཀའི་ནང་གཞན་ལ་ཕན་འདོགས་ཚུལ་ཐད་ལ་ནན་གྱིས་དམིགས་ཀྱི་ཡོད། ང་ཚོས་དེ་ལས་སྦྱོང་དགོས། གལ་ཏེ་ང་ཚོས་གཞན་ལ་ཕན་འདོགས་ཐུབ་ཀྱི་ཡོད་ན། ཕན་འདོག་དགོས། ཕན་འདོགས་ཐུབ་ཀྱི་མེད་ན། དེ་ནས་གཞན་ལ་ནམ་ཡང་གནོད་སྐྱེལ་རྒྱུ་མེད། སུ་འདྲ་ཞིག་ལའང་ཁོང་ཁྲོ་ཟ་དགོས་ཤེས་གང་དུའང་གསུངས་མེད། གསུངས་ཡོད་རེད་དམ།

ཐེག་པ་ཆེན་པོའི་ཆོས་ཀྱི་ནང་། ང་ཚོས་རང་འདོན་དོན་གཉེར་དེ་ཡལ་བར་དོར་ཐབས་བྱེད་དགོས་པ་དང་གཞན་མཐའ་ཡས་པའི་སེམས་ཅན་གྱི་དོན་བྱེད་དགོས་པའང་བསྟན་ཡོད། འདི་ནི་སངས་རྒྱས་ཀྱི་བཀའ་རེད། མ་རེད་དམ། བྱས་ཙང་། ང་ཚོར་སེམས་གཙང་མ་དང་། བྱམས་བརྩེ་དང་ལྡན་པ། གཞན་ཕན་དང་ལྡན་པ་ཞིག་དགོས། དེ་ནས་ང་ཚོས་བྱང་ཆུབ་སེམས་ཀྱི་ཀུན་སློང་ཁྱད་པར་ཅན་དེ་སྐྱེད་ཐབས་བྱེད་དགོས། བྱང་ཆུབ་སེམས་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་བསྒྲུབ་པའི་ཆེད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བརྩོན་པ་ཞིག་ཡིན། ཀུན་སློང་འདི་འདྲ་ཞིག་ཡོད་པའི་སྒོ་ནས་རྒྱས་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་ཉན་དགོས་ཀྱི་ཡོད།  

གཞུང་འདིའི་མཛད་པ་པོའི་ཁྱད་དུ་འཕགས་པའི་ཁྱད་ཆོས། ༼མཛད་པ་པོའི་ཆེ་བ་བརྗོད་པ།༽

རྒྱལ་སྲས་ཐོགས་མེད་བཟང་པོ་ནི་རྗེ་ཙོང་ཁ་པའི་གོང་གི་མི་རབས་གཉིས་པར་བུ་སྟོན་རིན་པོ་ཆེའི་སྐུ་དུས་སུ་བྱུང་བ་ཞིག་ཡིན། ཁོང་ནི་ས་སྐྱའི་ཆོས་ལུགས་ཐོག་སློབ་གཉེར་གཙོ་བོ་གནང་བའི་བླ་མ་ཞིག་ཡིན་པ་དང་། སྐུ་ན་ཆུང་དུས་ནས་གཙོ་བོ་གཞན་ལ་རོགས་པ་བྱེད་རྒྱུར་དོ་སྣང་ཆེན་པོ་ཡོད་པར་སྙན་གྲགས་ཆེ་ཤིང། ཆུང་བྱིས་པའི་དུས་ནས་མི་རྣམས་ཀྱིས་གཞན་ལ་རོགས་པ་མི་བྱེད་པ་མཐོང་ན། ཁོང་སྐུ་རླུང་བཞེངས་ཀྱི་ཡོད། མཐར་ཁོང་རབ་ཏུ་བྱུང་ནས་བླ་མ་མང་པོའི་སྐུ་མདུན་ནས་བསླབ་པ་སློབ་གཉེར་གནང་བ་ལས། གཙོ་བོ་བླ་མ་གཉིས་ལ་བསྟེན་ཡོད། ཁོང་གིས་མདོ་སྔགས་གཉིས་ཀའི་ཐད་སློབ་གཉེར་གནང་སྟེ་མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཚད་ལྡན་ཞིག་ཏུ་གྱུར་བ་རེད།

ཁོང་ནི་བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པའི་སྐྱེས་ཆེན་མཚན་སྙན་ཆེ་བ་ཞིག་ཡིན། དོན་དངོས་སུ་ང་ཚོའི་བྱང་ཆུབ་སེམས་དཔའ་ལ་བསམ་བློ་གཏོང་བའི་སྐབས་སུ་རྒྱལ་སྲས་ཐོགས་མེད་བཟང་པོ་དེ་ང་ཚོའི་སེམས་ནང་ལམ་སང་འཁོར་གྱི་ཡོད། མ་རེད་དམ། ཁོང་ནི་དངོས་གནས་སྐྱེས་བུ་དམ་པ་ཁྱད་པར་དུ་འཕག་པ་ཞིག་ཡིན། དཔེར་ན། མི་སུ་འདྲ་ཞིག་ཁོང་གི་ཆོས་ཉན་དུ་ག་དུས་སླེབས་ནའང་། ཚང་མ་ཞི་ཞིང་དུལ་བ་ཆགས་ཀྱི་ཡོད།

ང་ཚོ་ཚང་མར་ཕན་པའི་ཆེད་ཁོང་གིས་རྒྱལ་སྲས་ལག་ལེན་སོ་བདུན་འདི་བཞིན་མཛད་གནང་བ་རེད། ང་ཚོས་བརྩམས་ཆོས་འདི་དག་ཡང་ནས་ཡང་དུ་བརྟག་དགོས། ང་ཚོས་ཐེག་པ་ཆེན་པོའི་ཆོས་ཉམས་ལེན་པ་ཡིན་ཞེས་བརྗོད་ཀྱི་ཡོད་ཀྱང་། ང་ཚོས་ཐེག་པ་ཆེན་པོའི་ཉམས་ལེན་དངོས་ལ་དཔྱད་པ་བྱེད་ན། ཐེག་པ་ཆེན་པོའི་ཉམས་ལེན་པ་ཆགས་ཀྱི་མེད། དེར་བརྟེན་ང་ཚོས་རྒྱལ་སྲས་ལག་ལེན་སོ་བདུན་གཞི་བཟུང་རང་རང་སོ་སོར་དཔྱད་པ་བྱེད་དགོས་པ་དང་། དོན་དངོས་སུ་ང་ཚོའི་བྱ་གཞག་རྣམས་འདི་དང་མཐུན་གྱི་ཡོད་མེད་བལྟ་དགོས། གཞུང་འདིའི་ནང་ལམ་རིམ་ནང་གསུངས་པ་ལྟར། ང་ཚོས་སྐྱེས་བུ་གསུམ་གྱི་ཀུན་སློང་གི་རིམ་པ་མི་འདྲ་བ་གསུམ་དང་འབྲེལ་བའི་སྐོར་ལ་ཧ་གོ་གི་རེད།

རྒྱལ་སྲས་ལག་ལེན་སོ་བདུན་གྱི་གཞུང་དངོས།

ད་ངས་གཞུང་འདིར་འགྲེལ་པ་མདོར་བསྡུས་ཤིག་རྒྱག་གི་ཡིན། ངོས་ལ་ཁྲིད་འདིའི་ལུང་བརྒྱུད་ནི་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་ལས་ཐོབ་པ་དང་། ཁོང་ལ་ཁྲིད་ལུང་མདོ་ཁམས་སུ་རྫོགས་ཆེན་རིན་པོ་ཆེ་སྐུ་ཐོག་གོང་མའི་སྐུ་མདུན་ནས་ཐོབ་འདུག། །འདི་ནི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ཉུང་ངུ་ཞིག་ཡིན་པ་དང་། ངོས་ནས་མ་དཔེ་འདི་ལྷ་ས་ནས་འཁྱེར་ཡོང་བ་ཡིན།

གཞུང་འདིའི་འཁྲིད་ཀྱི་ཁུངས་ནི་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་དང། རྒྱལ་བ་བྱམས་པའི་མདོ་སྡེ་རྒྱན། སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བ་བཅས་ཡིན།

གཞུང་འདིར་ས་བཅད་གསུམ་དུ་འབྱེ་ཡོད་པ་ནི།

  • ཐོག་མར་དགེ་བ་སྒྲུབ་ཚུལ། ༼ཐོག་མར་དགེ་བ་ཀླད་ཀྱི་དོན།༽
  • གཞུང་དངོས། ༼བར་དུ་དགེ་བ་གཞུང་གི་དོན།༽
  • མཇུག་སྡོམ། ༼མཐའ་མར་དགེ་བ་མཇུག་གི་དོན།༽

ཐོག་མར་དགེ་བ་སྒྲུབ་ཚུལ་ལ་ས་བཅད་གཉིས་སུ་དབྱེ་བ་ནི།

  • མཆོད་པར་བརྗོད་པ།
  • རྩོམ་པར་དམ་བཅའ་བ།

མཆོད་པར་བརྗོད་པ།

ཚིག་བཅད་དང་པོས་མཆོད་པར་བརྗོད་པ་བསྟན་པ་ནི།

ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ།། 
གང་གིས་ཆོས་ཀུན་འགྲོ་འོང་མེད་གཟིགས་ཀྱང།། འགྲོ་བའི་དོན་ལ་གཅིག་ཏུ་བརྩོན་མཛད་པའི།། བླ་མ་མཆོག་དང་སྤྱན་རས་གཟིགས་མགོན་ལ།། རྟག་ཏུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།། 

ཞེས་གསུངས་ཡོད། དེ་ཡང་། འདིར་ལོ་ཀེ་ཤྭ་ར་ཡ་ཞེས་འབོད་པ་དེ་འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བར་གོ་བ་ཡིན། བྱང་ཆུབ་ཀྱི་སྙིང་པོའམ་རྩ་བ་ནི་སྙིང་རྗེ་ཡིན་པ་དང་། འཕགས་པ་སྤྱན་རས་གཟིགས་ནི་སྙིང་རྗེའི་རང་གཟུགས་ཡིན་པས། ཁོང་ལ་ཕྱག་འཚལ་བ་རེད། རྩོམ་པ་པོས་ལོ་ཀེ་ཤྭ་ར་ཡ་ཞེས་ལེགས་སྦྱར་དུ་བྲིས་པའི་རྒྱུ་མཚན་ནི། མ་འོངས་པར་ང་ཚོ་ལེགས་སྦྱར་གྱི་སྐད་ཡིག་དང་འཕྲད་པ་དང་དེ་ལ་སློབ་གཉེར་བྱེད་པའི་ས་བོན་དང་བག་ཆགས་འཇོག་པའི་ཆེད་དུ་ཡིན། རང་གི་བླ་མ་རྣམས་དང་ངོ་བོ་དབྱེ་བ་མེད་པའི་འཕགས་པ་སྤྱན་རས་གཟིགས་ལ་སྒོ་གསུམ་སྟེ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕྱག་མཛད་པ་ཡིན། གུས་ཕྱག་དེ་ལྟར་འབུལ་བའི་དགོས་པ་ནི། གུས་ཕྱག་འཚལ་འོས་པའི་ཡུལ་ལ་ཡོན་ཏན་དེ་དག་དང་ལྡན་པས་ཡིན།


ཡོན་ཏན་དེ་དག་གང་ཡིན་ནམ། ཐེག་ཆེན་གྱི་རྩ་བ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཞིང། འདི་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཆེད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་དམིགས་པ་ཞིག་ཡིན། ང་ཚོས་དམིགས་ཡུལ་དེ་དག་བསྒྲུབ་པར་རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་ཕྱོགས་དྲུག་ ༼ཕར་ཕྱིན་དྲུག་༽ ཉམས་ལེན་བྱེད་དགོས། དེ་ལ་བརྟེན་ནས་འབྲས་བུར། ང་ཚོ་གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་གཉིས་དང་ལྡན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན། དེ་གཉིས་ཐོབ་པར་ང་ཚོས་འབྲས་བུ་དེ་དང་མཐུན་པའི་རྒྱུ་བསྒྲུབ་དགོས། དེར་བརྟེན། ང་ཚོས་གཟུགས་སྐུ་འགྲུབ་པར་བསོད་ནམས་ཀྱི་ཚོགས་དང་ཆོས་སྐུ་འགྲུབ་པར་ཡེ་ཤེས་ཀྱི་ཚོགས་གསོག་དགོས་ཀྱི་ཡོད། འདི་ཚོའི་རྩ་བ་ནི་བདེན་པ་གཉིས་ཡིན།

སྤྱན་རས་གཟིགས་ནི་ཆོས་ཐམས་ཅད་འགྲོ་བ་དང་འོང་བ་མེད་པར་གཟིགས་མཁན་ཞིག་ཡིན། ང་ཚོས་དངོས་པོ་རྣམས་ཀྱི་ཀུན་རྫོབ་བདེན་པར་དཔྱད་པ་བྱེད་པའི་སྐབས་སུ། དངོས་པོ་ཚང་མ་དངོས་གནས་འགྲོ་འོང་བྱེད་ཀྱི་ཡོད། ཡིན་ནའང། ང་ཚོས་མཐར་ཐུག་དོན་དམ་བདེན་པར་དཔྱད་པ་བྱེད་དུས་འགྲོ་འོང་བྱེད་པ་དེ་བདེན་པར་མ་གྲུབ་པ་དང་རང་བཞིན་གྱིས་མ་གྲུབ་པ་ཡིན། དཔེར་ན། རྒྱུ་དང་འབྲས་བུ་ལྟ་བུ་རེད། རྒྱུ་རྣམས་རང་བཞིན་གྱིས་གྲུབ་པ་མེད་པའམ་རང་བཞིན་གྱིས་གྲུབ་པས་སྟོང་པ་ཡིན་པ་སོང་ཙང་། དེའི་འབྲས་བུའང་རང་བཞིན་གྱིས་མ་གྲུབ་པའམ། ཡང་ན་དེ་ལྟ་བུའི་ཡིན་པ་མི་སྲིད་པའི་གྲུབ་ཚུལ་གྱིས་སྟོང་པ་ཡིན། རྒྱུ་དང་འབྲས་བུ་གཉིས་ཀར་རང་བཞིན་གྱིས་མ་གྲུབ་པ་ཡིན་ཞིང། གཉིས་ཀ་གཅིག་གིས་གཅིག་ལ་བརྟེན་ནས་གྲུབ་པ་ཡིན། ཕྱོགས་གཞན་ནས་རྟེན་ཅིང་འབྲེལ་བའི་ངོ་བོར་གྲུབ་པའི་ཆོས་ཀུན་རང་བཞིན་གྱིས་མ་གྲུབ་པ་ཡིན།

སློབ་དཔོན་ཀླུ་སྒྲུབ་ཀྱིས། ཆོས་ཀུན་འགྲོ་བ་དང་། འོང་བ། གནས་པ་སོགས་མེད་གསུངས་ཡོད། བྱས་ཙང་། ཚིག་ཕྲེང་ “གང་གིས་ཆོས་ཀུན་འགྲོ་འོང་མེད་གཟིགས་ཀྱང།” ཞེས་པ་དེ་སྟོང་ཉིད་ལ་གོ་བ་དང་ཕྱག་འཚལ་བའི་ཡུལ་དེ་ཉིད་ནི་རྟོག་མེད་མངོན་སུམ་གྱིས་སྟོང་ཉིད་རྟོགས་པའི་ཤེས་པ་དང་ལྡན་མཁན་ཞིག་ཡིན། དེ་གང་ཡིན་ཞེ་ན། ཆོས་ཀུན་གཅིག་གིས་གཅིག་ལ་བརྟེན་ནས་བྱུང་བ་ཡིན་དུས་ཚང་མ་རང་བཞིན་གྱིས་སྟོང་བ་ཡིན། ཆོས་ཀུན་རང་བཞིན་གྱིས་མ་གྲུབ་པ་ཡིན་པ་སོང་ཙང་། རྒྱུ་དང་འབྲས་བུའི་རྒྱུད་རིམ་གྱི་སྒོ་ནས་ཆོས་ཐམས་ཅད་བརྟེན་ནས་བྱུང་བ་ཡིན། 

རྒྱུ་ཉོན་མོངས་ལ་བརྟེན་ནས་འབྲས་བུ་སྡུག་བསྔལ་འབྱུང་གི་ཡོད་པ་དང་། རྒྱུ་དགེ་བ་ལ་བརྟེན་ནས་འབྲས་བུ་བདེ་བ་འབྱུང་གི་ཡོད་པ་རེད། ཕྱག་འཚལ་བའི་ཡུལ་འདི་ཉིད་ཀྱིས་སྡུག་བསྔལ་ཚང་མ་ཉོན་མོངས་དང་མི་དགེ་བའི་ལས་ལ་བརྟེན་ནས་འབྱུང་གི་ཡོད་པ་དེ་སེམས་ཅན་ཐམས་ཅད་ཀྱི་གནས་སྟངས་ཤིག་ཡིན་པར་གཟིགས་ཏེ། ཁོང་གི་སྙིང་རྗེ་ནི་དེ་དག་གི་སྡུག་བསྔལ་སེལ་བའི་ལམ་སྟོན་པའི་ཆེད་དུ་ཁོ་ནར་དམིགས་པ་ཞིག་ཡིན། དེ་འདྲ་ཡིན་པ་སོང་ཙང་། སྤྱིར་ང་ཚོར་ཐབས་དང་ཤེས་རབ་ཀྱི་ཆ་གཉིས་ཀ་དགོས་ཀྱི་ཡོད་ཙང་། འདིར་དེ་གཉིས་ཀ་གསལ་པོར་བསྟན་ཡོད།

ང་ཚོས་མཆོད་པར་བརྗོད་པའི་ཚིགས་བཅད་ལས་ཆ་དེ་གཉིས་མཐོང་ཐུབ་ཀྱི་ཡོད། སྤྱན་རས་གཟིགས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བར་གཟིགས་པ་དང་། ཚང་མ་སྟོང་བ་ཡིན་པའི་རྒྱུ་མཚན་གྱིས་ཆོས་ཐམས་ཅད་རྒྱུ་དང་འབྲས་བུ་ལས་བྱུང་བར་གཟིགས། ཁྱད་པར་དུ་ཁོང་ནས་འགྲོ་བའི་སྡུག་བསྔལ་རྣམས་ཉོན་མོངས་ལས་བྱུང་བ་གཟིགས་ཏེ། ཁོང་ནས་སྙིང་རྗེའི་སྒོ་ནས་སྡུག་བསྔལ་སེལ་བར་དམིགས་ཀྱི་ཡོད། དེར་བརྟེན། འདིར་འཕགས་པ་སྤྱན་རས་གཟིགས་དང་འབྲེལ་བའི་ཐོག་ནས་ཐབས་དང་ཤེས་རབ་ཀྱི་ཆ་གཉིས་ལ་བསྟོད་པ་མཛད་ཡོད། དེ་གང་ཡིན་ཟེར་ན། ཁོང་གིས་ཆོས་ཐམས་ཅད་སྟོང་པ་དང་རྒྱུ་འབྲས་ཀྱི་ངོ་བོར་གཟིགས་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ཁོང་ལ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བྲལ་བའི་སྙིང་རྗེ་དང་ལྡན་པ་ཡིན། མགོ་ཚོད་སོང་ངམ།

རྩོམ་པར་དམ་བཅའ་བ།

ཚིགས་བཅད་རྗེས་མ་འདི་རྩོམ་པར་དམ་བཅའ་བ་རེད། དེ་ཡང་།

ཕན་བདེའི་འབྱུང་གནས་རྫོགས་པའི་སངས་རྒྱས་རྣམས།། དམ་ཆོས་བསྒྲུབས་ལས་བྱུང་སྟེ་དེ་ཡང་ནི།། དེ་ཡི་ལག་ལེན་ཤེས་ལ་རག་ལས་པས།། རྒྱལ་སྲས་རྣམས་ཀྱི་ལག་ལེན་བཤད་པར་བྱ།། 

ཞེས་གསུངས་ཡོད། དེ་ཡང་། སྟོན་པ་བཅོམ་ལྡན་འདས་ཀྱིས་ཐོག་མར་སེམས་ཅན་ཐམས་ཅད་ཀྱི་དོན་འགྲུབ་པར་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་ཏེ་བྱང་ཆུབ་སེམས་རྒྱུད་ལ་སྐྱེས་པ་དང་། དེ་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་སེམས་ཅན་ཐམས་ཅད་ཀྱི་དོན་འགྲུབ་རྒྱུ་ནི་དམིགས་ཡུལ་ཁོ་ན་དེ་ཡིན། ཁོང་གིས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཉོན་མོངས་ཀུན་སྤང་དགོས་པ་རྟོགས་ཏེ། སེམས་བཏུལ་བ་རེད། བདེ་བ་ངོ་མ་ཞིག་ཐོབ་པར་འདི་ནི་ཚང་མས་བསྒྲུབ་དགོས་པ་ཞིག་ཡིན། སྟོན་པ་བཅོམ་ལྡན་འདས་ཀྱིས་ཉོན་མོངས་སྤང་བར་ཐབས་འདྲ་མིན་བསྟན་པ་བཞིན་ང་ཚོས་དེ་ག་ནང་བཞིན་ཉམས་ལེན་བྱེད་དགོས། གལ་ཏེ་ང་ཚོས་ཁོང་གིས་གསུངས་པ་བཞིན་ཉམས་ལེན་བྱས་ན། ང་ཚོ་ལའང་བདེ་སྐྱིད་རྙེད་ཐུབ། དེ་འདྲ་སོང་ཙང་། ཚིགས་བཅད་འདིས་སངས་རྒྱས་ནི་ཕན་པ་དང་བདེ་བའི་འབྱུང་གནས་ཡིན་པར་གོ་བ་ཡིན།

སངས་རྒྱས་ཐོག་མ་ཉིད་ནས་སངས་རྒྱས་ཆགས་ཚར་བ་ཞིག་མ་རེད། ཁོང་ནས་བླ་མ་བསྟེན་པ་དང། དེ་དག་གི་ཆོས་བསྟན་པ་རྣམས་ཉམས་སུ་ལེན། སོ་སོའི་སེམས་བཏུལ་ཡོད། དེ་བཞིན་ཉོན་མོངས་ཚང་མ་སེལ་བ་བརྒྱུད་མཐར་སངས་རྒྱས་པ་རེད། དེ་ཡིན་དུས། ཉམས་ལེན་དང་དམ་ཆོས་བསྒྲུབས་པ་ལ་བརྟེན་ནས་ཁོང་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་རེད། 

ང་ཚོས་ལུས་སེམས་གཉིས་ཀ་ཇི་ལྟར་ཡོད་པའི་ཚུལ་ལ་ཤེས་ཐབས་བྱེད་དགོས་ཀྱི་ཡོད། ང་ཚོའི་མིག་གི་ཤེས་པས་ཡུལ་གང་ཞིག་མཐོང་བའི་སྐབས། ང་ཚོས་མིག་ཤེས་ཀྱིས་མཐོང་ཡུལ་དེ་མཐོང་གི་འདུག་ཅེས་མི་ཟེར་བར། ངས་མཐོང་གི་འདུག་ཅེས་ཟེར་གྱི་ཡོད། གལ་ཏེ་ང་ཚོའི་གཟུགས་པོ་ན་བའི་སྐབས་སུ་ང་ནད་པ་ཡིན་ཟེར་གྱི་ཡོད། བརྗོད་ཚུལ་གྱི་རྣམ་པ་འདི་ཚོས་ “ང་” ཡིད་ཀྱི་ཤེས་པའམ་ “ང་” གཟུགས་ཡིན་པ་གང་རུང་ཞིག་སྟོན་གྱི་ཡོད། ཡིན་ནའང། ང་ཚོའི་གཟུགས་པོ་དེ་ཐོག་མར་མའི་མངལ་དུ་ཆགས་པ་དང་འཆི་ནས་མེད་པ་ཆགས་ཏེ་མཇུག་རྫོགས་ཀྱི་ཡོད། དེར་བརྟེན་ “ང་” ཞེས་པ་དེ་ལུས་པོ་ཙམ་ཞིག་ལ་ངོས་འཛིན་བྱེད་མི་ཐུབ་པ་ཡིན།

དེ་ནས་ “ང་” ནི་གཟུགས་ལ་བརྟེན་པའི་སེམས་འདི་ཡིན། “ང་ ཞེས་པ་ནི་གཟུགས་མ་རེད། དབྱིབས་མ་རེད། ཚོན་མདོག་ཀྱང་མ་རེད། འོན་ཀྱང་། ང་ཚོས་ཐག་རིང་པོ་ནས་གཟུགས་ཤིག་མཐོང་བ་ལ་བརྟེན་ནས་ང་ཚོས། “ཨོ། ངས་ང་རང་གི་གྲོགས་པོ་མཐོང་གི་འདུག” ཅེས་ཟེར་ནས་དཔེ་དགའ་པོ་ཡོང་གི་ཡོད། གལ་ཏེ་ང་ཚོས་རྒྱང་རིང་གི་གཟུགས་དེ་ལ་ཡག་པོ་བྱས་ནས་བརྟག་དཔྱད་བྱེད་ན། གཟུགས་པོ་གཅིག་པུ་མ་རེད། ཡང་ན་གཟུགས་ཙམ་གྱིས་གང་ཟག་དེ་ཉིད་གྲུབ་པ་མ་རེད། དཔེ་གཞན་ཞིག་བཞག་ན། ང་ཚོ་སྨན་པ་བསྟེན་དུ་འགྲོ་དུས་ཨེམ་ཆེས། “ཁྱེད་རང་གཟུགས་པོ་བདེ་པོ་ཡིན་ནམ་” ཞེས་བརྗོད་ཀྱི་ཡོད། ཡིན་ནའང་། ང་ཚོ་གཟུགས་པོ་ཙམ་མིན་པ་གསལ་པོ་རེད། ཨ་རིའི་ནང་གི་སྙན་གྲགས་ཆེ་བའི་སྨན་ཁང་ནང་དུ་སྨན་པ་ཨེམ་ཆེས་དེ་ཚོས་མི་རྣམས་ཀྱི་འཕྲོད་བསྟེན་ཡར་རྒྱས་ཡོང་བར་སྒོམ་རྒྱག་དགོས་ཚུལ་སློབ་སྟོན་བྱེད་པ་མཐོང་རྒྱུ་ཡོད། དེས་འདྲ་ཡིན་དུས། ཁོང་ཚོས་དེ་འདྲ་བའི་གཟུགས་མེད་ཀྱི་སྨན་ཡིག་ཐབས་ཚུལ་བསྟན་པར་སེམས་དང་ལུས་བར་འབྲེལ་བ་ངེས་ཅན་ཞིག་དགོས་པ་གསལ་པོ་རེད།

འོ་ན་ “ང་” ཞེས་སེམས་ཙམ་འཇོག་ན་གང་འདྲ་འདུག ད་ང་ཚོས་སེམས་ཀྱི་རང་བཞིན་ལ་བལྟ་གི་ཡིན། ང་ཚོས་གནད་དོན་གང་ཞིག་ཤེས་པའམ་གསལ་པོ་ཆགས་པའི་སྐབས་སུ། ང་ཚོས་ “ངས་དེ་ཤེས་” ཟེར་གྱི་ཡོད། ཡིན་ནའང་། སེམས་ཞེས་པ་འདི་གང་ཡིན་པ་ཏག་ཏག་ཅིག་ངོས་འཛིན་རྒྱུ་དཀའ་ལས་ཁག་པོ་ཡོད། སེམས་ཀྱི་དོན་དག་གམ་མཚན་ཉིད་ནི་གསལ་ཞིང་རིག་པ་ཡིན་པས། དེ་ལ་དབྱིབས་དང་ཁ་དོག་སོགས་དང་ལྡན་པའི་གཟུགས་མ་ཡིན། གལ་སྲིད་ང་ཚོས་དེའི་ཐད་བསམ་བློ་གཏང་བ་ཡིན་ན། དེ་ནི་དྭངས་ཤིང་གཙང་བའི་བར་སྣང་སྟོང་པ་ཞིག་དང་། དེའི་ནང་སྣང་བ་ཐམས་ཅད་དགག་པ། བར་སྣང་དྭངས་མ་འདིའི་ནང་རིག་པ་ཐམས་ཅད་གསལ་ཞིང་རིག་པ་ཁོ་ནའི་ཚུལ་དུ་ཤར་བ་ལྟ་བུ་ཡོད།

མངལ་དུ་ཆགས་མ་ཐག་ཏུ་རླུང་དང་ཐིག་ལེ་ལ་སོགས་པའི་གཟུགས་ཕྲ་མོ་དང་མཉམ་དུ་དུས་གཅིག་ཏུ་བྱུང་བའི་སེམས་འདིར་གསལ་ཞིང་རིག་པ་ཙམ་གྱི་ངོ་བོ་དང་ལྡན་པ་ཞིག་ཡིན། ཆོས་དེ་ལྟ་བུ་ཞིག་བྱུང་བ་ལ། ཆོས་དེ་དང་ངོ་བོ་གཅིག་ཏུ་གནས་པའི་དེ་མ་ཐག་པའི་རྒྱུའམ་ཉེར་ལེན་གྱི་རྒྱུ་ཞིག་དགོས། དེ་འདྲ་ཡིན་པ་སོང་ཙང། གསལ་ཞིང་རིག་ཙམ་གྱི་སྐད་ཅིག་སྔ་མ་དེ་མངལ་དུ་ཆགས་མ་ཐག་པའི་གསལ་ཞིང་རིག་པའི་སྐད་ཅིག་དང་པོའི་རྒྱུར་འགྲོ་དགོས་ངེས་ཤིག་ཡིན། རྒྱུ་མཚན་རིགས་པ་འདི་དག་ལ་བརྟེན་ནས་ང་ཚོས་སྐྱེ་བ་སྔ་མ་ཡོད་པར་འགྲུབ་ཐུབ་པ་དང་། གལ་ཏེ་སྐྱེ་བ་སྔ་མ་གྲུབ་ན་སྐྱེ་བ་ཕྱི་མ་ཡོད་པར་གྲུབ་པ་ཡིན།

ང་ཚོར་གསལ་ཞིང་རིག་པའི་རྒྱུན་ཞིག་ཡོད་པ་དེ་སྐྱེ་བ་ཕྱི་མ་འགྲོ་གི་ཡོད། ཉོན་མོངས་དང་སྡུག་བསྔལ་གྱི་རྒྱུ་བྱེད་པའི་ང་ཚོའི་ཤེས་རྒྱུན་ལ་ཡོད་པའི་སྒྲིབ་པ་འདི་དག་སྤོང་རྒྱུ་གལ་འགངས་ཤིན་ཏུ་ཆེན་པོ་ཡིན། དེ་ལྟར་སེལ་བ་ལ་བརྟེན་ནས་ང་ཚོས་ཤེས་པའི་རང་བཞིན་གྱི་གཞི་རྟེན་ཏེ། སྒྲིབ་པ་མེད་པའི་གསལ་ཞིང་རིག་པ་ཙམ་དེ་རྙེད་ཐུབ། འདིས་སངས་རྒྱས་ཀྱི་ཐུགས་ཐམས་ཅད་མཁྱེན་པ་དེ་ཆགས་ཐུབ་ཀྱི་ཡོད། བྱས་ཙང་། ང་ཚོའི་སེམས་ཀྱི་གཞི་རྟེན་དང་། སངས་རྒྱས་ཀྱི་ཐུགས་ཀྱི་གཞི་རྟེན། ཡང་ན་ཐམས་ཅད་མཁྱེན་པའི་གཞི་རྟེན་རྣམས་གཅིག་པ་ཡིན། ང་ཚོས་སེམས་ཕྱི་མ་དེ་ངེས་པར་འཐོབ་ཐུབ་པ་ཞིག་ཡིན། སྟོན་པ་བཅོམ་ལྡན་འདས་ནི་ཐོག་མ་ཉིད་ནས་སངས་རྒྱས་པ་མ་ཡིན་པར། རྒྱུ་མང་པོ་ཞིག་ལ་བརྟེན་ནས་སངས་རྒྱས་པ་ཞིག་ཡིན། ཁོང་གིས་སྤང་བྱའི་རིགས་གང་ཡོད་པ་ཚང་མ་སྤངས་པ་དང་འཐོབ་བྱ་དང་རྟོགས་བྱའི་ཆོས་གང་ཡོད་པ་ཚང་མ་རྟོགས་པ་རེད། དེ་འདྲ་ཡིན་པ་སོང་ཙང་། ང་ཚོས་ཁོང་ནང་བཞིན་བྱས་ན། དེའི་འཐོབ་བྱའི་གོ་འཕང་གཅིག་པ་འཐོབ་ཀྱི་རེད།

དེ་ལྟར་གཞུང་རང་གི་ནང་དུ། “ཕན་བདེའི་འབྱུང་གནས་རྫོགས་པའི་སངས་རྒྱས་རྣམས། དམ་ཆོས་བསྒྲུབས་ལས་བྱུང་སྟེ་དེ་ཡང་ནི།” ཞེས་གསུངས་པ་འདི་ང་ཚོས་ལག་ལེན་ཇི་ལྟར་བསྟར་ཐུབ་བམ་ཞེ་ན། དེ་ལ་ “དེ་ཡི་ལག་ལེན་ཤེས་ལ་རག་ལས་པས།” ཞེས་གསུངས་པས། ཆོས་ཤེས་པ་ཙམ་གྱིས་འགྲིག་གི་མེད། ང་ཚོའི་ཆོས་ཀྱི་ལག་ལེན་རྣམས་ཤེས་པ་དང་དེ་དག་ཉམས་སུ་བླངས་ནས་མངོན་དུ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

དེ་རིང་ངས་འདིར་གཞུང་འདིའི་མཚམས་འཇོག་གི་ཡིན། ཁྱེད་རང་ཚོ་ཚང་མས་ཤེས་སོང་ངམ། ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་ཉམས་ལེན་བྱེད་དགོས། ང་ཚོས་ཉམས་ལེན་བྱེད་དགོས་པ་ནི། ངེས་འབྱུང་དང། བྱང་ཆུབ་ཀྱི་སེམས། སྟོང་ཉིད་བཅས་ཡིན། ང་ཚོས་རང་ཉིད་སོ་སོར་ནན་པོ་དང་དྲང་པོའི་སྒོ་ནས་དཔྱད་པ་བྱེད་དགོས་ཤིང། ང་ཚོའི་མོས་པ་དང་། བག་ཆགས། འདུན་པ་གང་ཞིག་ཡིན་པར་དཔག་པའི་ལམ་ལ་སྦྱོང་བརྡར་བྱེད་དགོས།།

Top