དྲི་བ། ངོས་རང་དམིགས་བསལ་གང་ཡང་མེད་ཅེས་པའི་བསམ་ཕྱོགས་དེ་ལ་ཧ་ཅང་དགའ་པོ་ཡོད། ངའི་བསམ་བློའི་ནང་། བསམ་ཕྱོགས་དེ་ལྟ་བུ་ཁྱེར་ནས་འཛམ་གླིང་ནང་གི་མི་གཞན་དང་ཐུག་འཕྲད་ཡོང་བའི་སྐབས་ཏེ། དཔེར་ན། རང་ཉིད་མི་གཞན་དང་མཉམ་དུ་ལས་གཞི་ཞིག་གི་ཐོག་ལས་ཀ་བྱེད་བཞིན་ཡོད་པ་དང་། གནས་སྟངས་མི་འགྲིག་པ་འབྱུང་བའི་སྐབས། “ཡ་ཡ། དམིགས་བསལ་གང་ཡང་མེད། དེ་འདྲ་ཡོང་གི་ཡོད།” ཅེས་རང་ལ་བསམ་ཕྱོགས་དེ་འདྲ་ཞིག་ཡོད་པ་ལྟ་བུ་རེད། ང་རང་གི་སེམས་ནང་མི་རྣམས་ཀྱིས་ཁྱེད་ཀྱིས་གནད་དོན་ཐད་དོ་གལ་ཆེན་པོ་བྱེད་ཀྱི་མི་འདུག་ཅེས་བསམ་ངེས་རེད།
ཨེ་ལེགས། དམིགས་བསལ་གང་ཡང་མེད་ཅེས་པའི་བསམ་ཕྱོགས་དེ་ལ་གོ་ནོར་མ་ཐེབ་པ་བྱེད་དགོས། དེ་ནི་གང་ཡང་མི་བྱེད་པའི་དོན་མ་ཡིན། དེ་ག་ནང་བཞིན་ “ག་རེ་ཡིན་ན་ཡིན་” བསམ་པའི་སྣང་མེད་ཀྱི་བློའི་ཁྱེར་སོ་ཞིག་ཀྱང་མ་ཡིན། དམིགས་བསལ་གང་ཡང་མེད་ཅེས་པའི་དོན་ནི། ང་ཚོ་སྐྱིད་པོ་ཚོར་ན་འདྲ་མི་སྐྱིད་པ་ཚོར་ནའང་འདྲ་སྟེ། བློ་ཕམ་དང་སྤྲོ་ཐུང་མི་བྱེད་པ་དང་དེ་གཉིས་ཀའི་ཐོག་ནས་གནས་ཚུལ་ཛ་དྲག་དང་ཚབས་ཆེན་ཞིག་མི་བཟོ་བའི་དོན་ཡིན། ང་ཚོས་རྒྱུ་མཚན་ལྡན་པ་དང་ཞི་འཇམ་སྒོ་ནས་རང་གིས་གང་བྱེད་བཞིན་ཡོད་པ་དེར་གདོང་ལེན་བྱེད་པ་ཙམ་གྱི་དོན་ཡིན། ང་ཚོ་སྤྲོ་ཐུང་དང་བློ་ཕམ་མེད་པའི་ཐོག་ནས་གང་བྱེད་དགོས་པ་དེ་བྱེད་དགོས་པ་ཙམ་རེད།
གལ་ཏེ་མི་གཞན་རྣམས་བློ་ཕམ་པ་ཡིན་ན་གང་བྱེད་དགོས་སམ།
གལ་ཏེ་མི་གཞན་དག་སེམས་ཁྲལ་དང་བློ་ཕམ་བྱུང་ན། དེའི་སྐབས་ཁྱེད་རང་ཞི་བདེའི་ལྷིང་འཇགས་ངང་གནས་པ་དེས་གཞན་རྣམས་ཀྱང་ལྷིང་འཇགས་ཡོང་བར་ཕན། དེ་ལ་ནམ་རྒྱུན་ཚད་ལྡན་གྱི་དཔེ་ཞིག་བཞག་ན། ང་ཚོས་གློག་ཀླད་ནང་ཡིག་ཆ་གལ་ཆེན་ཞིག་འབྲི་བཞིན་པའི་སྐབས། གློ་བུར་དུ་མཛུབ་གནོན་ནོར་ནས་ཚང་མ་བསུབས་ནས་མེད་པ་གྱུར་བ་ལྟ་བུ་རེད། དེ་འདྲ་ཡོང་གི་ཡོད། དེའི་སྐབས་བློ་ཕམ་ཆེན་པོ་བྱས་པས་ཕན་ཐོགས་མེད། དེའི་སྐབས་གལ་ཏེ་གློག་ཀླད་ནང་གང་བྲིས་ཟིན་པ་དེ་སླར་ཡང་ཤར་ཐུབ་པར་བྱེད་པའི་ཆ་རྐྱེན་དེ་མེད་ན། ང་ཚོས་བསྐྱར་བཅོས་བྱེད་མི་ཐུབ་ལ་ཚང་མ་བསུབས་ཚར་བ་རེད། དེ་ལ་སེམས་སྡུག་བྱས་པས་རང་འཇགས་ཤར་མི་ཡོང་། དེ་ག་ནང་བཞིན་བློ་ཕམ་བྱེད་པ་དང་མི་སྐྱིད་པ་བྱེད་པས་ཀྱང་ཕན་ཐོགས་ཤིག་རྩ་ནས་མེད། ད་དུང་དེ་བར་ཆད་དུ་འགྱུར་གྱི་རེད། ང་ཚོས་ “འགྲིག་གི་རེད་” ཙམ་བརྗོད་ནས་ཡང་བསྐྱར་འབྲི་དགོས། གལ་ཏེ་ང་ཚོས་གང་བྲིས་པ་ཐམས་ཅད་དྲན་ཐུབ་པའི་སྦྱོང་བརྡར་འདང་ངེས་ཤིག་བྱས་ཡོད་ན། ང་ཚོས་ཡང་སྐྱར་གསར་བྲིས་ཐོག་ཐེངས་གཉིས་པའི་སྐབས་དེ་བས་ལེགས་པ་ཆགས་སྲིད། ང་ཚོས་གནས་སྟངས་ཆ་ཚང་ལ་གདོང་ལེན་བྱེད་དགོས་ཤིང་། ནམ་རྒྱུན་ཟེར་ཡག་གི་ཟློས་གར་འཁྲབ་མཁན་ཞིག་བྱ་རྒྱུ་སྤོང་དགོས། ཡང་གལ་ཏེ་ང་ཚོ་ཚོགས་པའམ་རུ་ཁག་ཅིག་གི་ཆ་ཤས་ཡིན་པ་དང་། ཡིག་ཆ་གལ་ཆེན་དེ་ཚོགས་པའི་ཆེད་དུ་ཡིན་ན། དེའི་སྐབས་ང་ཚོ་ཞི་བདེའི་ངང་གནས་པ་དེས་ཁོང་ཚོའང་ལྷིང་འཇགས་ཡོང་བར་ཕན་གྱི་རེད།
ང་ཚོས་གནས་སྟངས་ཤིག་གི་རྐྱེན་ནམ། ཡང་ན་སྤྱིར་བཏང་རྒྱུ་མཚན་དུ་བྱས་ཏེ་བདེ་སྡུག་གི་ཚོར་བའི་སྐོར་ཤོད་ཀྱིན་ཡོད་དམ།
ངས་རང་སོ་སོའི་གདོང་ལེན་བྱེད་སྟངས་སྐོར་ཤོད་ཀྱིན་ཡོད། གལ་ཏེ་ང་ཚོར་བདེ་སྡུག་གང་ཞིག་ཚོར་རུང་རང་གི་མི་ཚེ་མདུན་སྐྱོད་བྱེད་དགོས་པ་ལས། དེ་ལས་གནད་དོན་ཆེན་པོ་བཟོ་མི་རུང་། མི་གཞན་ཞིག་བདེ་བའམ་སྡུག་བསྔལ། ཡང་ན་བློ་ཕམ་གྱི་ཚོར་སྣང་སྐྱེ་སྐབས་གང་བྱེད་དགོས་སམ། དཔེར་ན། ཕྲུ་གུ་མ་འབྱར་ངུ་བའི་སྐབས། ང་ཚོས་དེ་ལས་གཞན་གང་རེ་བ་བྱེད་དམ། དེ་ནི་ཕྲུ་གུ་མ་འབྱར་རེད། ང་ཚོས་ “ཨོ། ཕྲུ་གུ་ངུ་བཞིན་འདུག་” ཅེས་ཟེར་ནས་བློ་ཕམ་བྱེད་ཀྱི་མེད། ང་ཚོས་དེ་ལས་གནད་དོན་ཆེན་པོ་ཞིག་མི་བཟོ་བར་ཕྲུ་གུར་གཅེས་སྐྱོང་བྱེད་ཀྱི་ཡོད། ཕྲུ་གུ་དེ་ངུ་དགོས་དོན་གང་ཡིན་ནམ། ང་ཚོས་གང་བྱེད་དགོས་པ་ཚང་མ་བྱེད་ཀྱི་ཡོད། དེ་འདྲ་རེད།
རྒྱལ་སྲས་ཆེན་པོ་ཞི་བ་ལྷས་འདིའི་སྐོར་ཧ་ཅང་སྙིང་རྗེ་པོའི་ཐོག་གསུངས་ཡོད་དེ། “མི་རྣམས་བྱིས་པའི་ངང་ཚུལ་ཅན་རེད།” ཅེས་མི་རྣམས་ཕྲུ་གུའི་སྣང་བ་ཅན་ཡིན་པར་གསུངས། དེར་བརྟེན་ཁོང་ཚོ་བློ་ཕམ་འགྲོ་གི་ཡོད། དེ་ནི་ཕྲུ་གུ་མ་འབྱར་ངུ་བ་ནང་བཞིན་རེད། ང་ཚོས་དེ་ལས་རེ་བ་གཞན་གང་བྱེད་དམ། ང་ཚོས་དེ་གནད་དོན་ཛ་དྲག་དང་ཧང་སངས་དགོས་ཡག་མི་བཟོ་བར། ཞི་འཇམ་དངོས་ཡོད་གནས་ལུགས་དང་མཐུན་ཆེ་བ་བཟོ་ཐབས་བྱེད་དགོས།
བློ་ཕམ་སྐྱེ་བ་ནི་གནས་སྟངས་གང་ཡིན་པ་དེ་ལ་འུད་ཤོབ་བྱེད་པ་དང་དེ་གནས་ཚུལ་ཆེན་པོ་བཟོ་བ་དེ་ཡིན། སྟོང་པ་ཉིད་ཅེས་པའི་དོན་ཡང་དེ་ག་རང་ཡིན། གནས་ཚུལ་ཆེན་པོ་དེ་འདྲ་གང་ཡང་མེད། གནས་ཚུལ་ཆེན་པོ་དེ་དངོས་པོའི་གནས་ལུགས་དང་མཐུན་གྱི་མེད། གནས་སྟངས་འབྱུང་གི་ཡོད། དེ་དག་འབྱུང་བ་ཆོས་ཉིད་རེད། དེ་ལ་ང་ཚོས་གདོང་ལེན་བྱེད་དགོས། ང་ཚོར་སེམས་ཚོར་ཡོད་དམ་ཞེ་ན། ཡོད་དང་ཡོད། ང་ཚོར་བཟང་ཕྱོགས་དགེ་བའི་སེམས་ཚོར་དཔེར་ན། བྱམས་སྙིང་རྗེ་དང་བཟོད་པ་སོགས་ཡོད་པ་ནི་ཧ་ཅང་ཡག་པོ་རེད། འོན་ཀྱང་ང་ཚོས་སེམས་ཚོར་ངན་པའམ་མི་དགེ་བའི་སེམས་ཚོར་དཔེར་ན། ཁོང་ཁྲོ་དང་། ངང་རྒྱུད་ཐུང་བ། མི་བཟོད་པའི་སྒོ་ནས་བྱ་སྤྱོད་རིགས་སྤེལ་དགོས་ཡག་མེད། དེ་ལྟར་སྤེལ་བས་ཕན་ཐོགས་རྩ་ནས་མེད།
གལ་ཏེ་ང་ཚོས་གནད་དོན་འདི་ད་དུང་གོམ་པ་གཅིག་མདུན་སྐྱོད་ཀྱིས་མུ་མཐུད་ཕྱིན་ན། དེ་ང་རང་ལ་བློ་སྦྱོང་ནས་བྱུང་བའི་ཆོས་ཉམས་ལེན་ལྟར་སྣང་གི་འདུག །ང་ཚོས་དོན་ངོ་མར་དེ་དག་ནང་གི་རྟོགས་པ་གཏིང་ཟབ་པ་རྙེད་ཕྱིར་སྔོན་འགྲོའི་རིམ་པ་ལྟར་དུ་བེད་སྤྱོད་བྱས་ཏེ་དཀའ་ངལ་རྣམས་ལས་སློབ་སྦྱོང་ལེན་ཆོག
རེད། དེ་བདེན་པ་རེད།
ཁྱེད་ཀྱིས་བློ་སྦྱོང་གི་ཐབས་ལམ་འདི་དངོས་ཡོད་དང་མི་མཐུན་པ་རེད་དགོངས་ཀྱི་འདུག་གམ། ཁྱེད་ཀྱིས་ “དམིགས་བསལ་གང་ཡང་མེད་” ཅེས་དང་ “གནས་ཚུལ་ཆེན་པོ་གང་ཡང་མིན་” ཞེས་པ་དེ་ཡར་རྒྱས་གཏོང་མཁན་གྱི་མི་རྣམས་ནི་དངོས་ཡོད་དང་མཐུན་ཆེ་བ་རེད་ཅེས་དགོངས་ཀྱི་འདུག་གམ།
ང་ཚོར་རང་སོ་སོའི་བློའི་ཁྱེར་སོ་འགྱུར་བ་གཏོང་ཕྱིར་བློ་སྦྱོང་གི་ཐབས་ལམ་ཁག་ཡོད། དཔེར་ན། ང་ཚོས་རྐྱེན་ངན་པ་དེ་རྐྱེན་བཟང་པོར་ལྟ་ཆོག་པ་ལྟ་བུ་ནི་ཧ་ཅང་ཐབས་ལམ་ཕན་ཐོགས་ཆེན་པོ་རེད། འོན་ཀྱང་ང་ཚོས་གང་ཚོར་བ་དེ་འུད་ཀྱིས་རྒྱ་ཆེ་རུ་མི་གཏོང་བར་གནས་སྟངས་ངོ་མ་གང་ཡིན་མིན་ཐད་ལྟ་ཞིབ་བྱེད་དགོས། དེ་ལྟར་བྱས་ན། ང་ཚོས་བློའི་ཁྱེར་སོ་འགྱུར་བ་གཏོང་ཐུབ་ཀྱི་རེད་བསམ་གྱི་འདུག །ང་ཚོས་གནས་སྟངས་གང་ཞིག་ཧ་ཅང་འུད་ཀྱིས་རྒྱ་ཆེ་རུ་བཏང་ནས་བཀྲ་མི་ཤིས་པའི་སྡུག་ཅག་ཆགས་སྐབས། དེ་འགྱུར་བ་གཏོང་ཡག་ཧ་ཅང་ཁག་པོ་ཡོད། དཔེ་ཆ་བཞག་ན། ང་ཚོས་ “ཨོ། འདི་ནི་བྱུས་ཉེས་དང་རྐྱེན་ངན་ཞིག་རེད། ཕྲུ་གུ་མ་འབྱར་དེས་ཡང་བསྐྱར་ཆབ་གདན་བཙོག་པ་བཟོས་འདུག་” ཅེས་བསམ་པ་ལྟ་བུ་རེད། ང་ཚོའི་སེམས་ནང་། “མི་ཚང་མའི་ཆབ་གདན་བཙོག་པ་དེ་ང་ལ་རག་པར་ཤོག །ངས་ཚང་མའི་ཆབ་གདན་བརྗེ་པོ་རྒྱག་གི་ཡིན།” ཞེས་པའི་བསམ་བློ་གཏོང་སྟངས་ཤིག་ལ་འགྱུར་བ་གཏོང་ཐུབ་པ་ཞིག་མ་ཡོང་གོང་ང་ཚོར་དངོས་པོའི་གནས་ལུགས་དང་མཐུན་ཆེ་བའི་ལྟ་ཚུལ་ཞིག་དགོས་ཀྱི་ཡོད།
ང་ཚོར་གོ་རིམ་དགོས། ཐོག་མར་ཕྲུ་གུས་རང་གིས་རང་བཙོག་པ་བཟོས་པ་རེད། དེ་ལ་གང་ཡང་མེད། དེ་ཕྲུ་གུ་ཞིག་རེད། ང་ཚོས་ཆབ་གདན་བརྗེ་དགོས། ཆབ་གདན་བརྗེ་བཞིན་པའི་སྐབས། ང་ཚོར་སྐྱིད་སྣང་གི་རེག་ཚོར་ཞིག་མི་སྟེར་བ་སྲིད། གང་ཡིན་ཞེ་ན། དེ་ལ་དྲི་ཞིམ་པོ་ཞིག་མེད། བློ་སྦྱོང་ཉམས་ལེན་དེ་ཡང་ང་ཚོས་ཕྲུ་གུ་གཙང་མ་བཟོ་བའི་སྐབས། ངས་གཞན་ཐམས་ཅད་ཀྱི་དྲི་མ་དང་བཙོག་པའི་རིགས་དག་སྦྱོང་བྱེད་ཐུབ་པར་ཤོག་ཅེས་ཉམས་ལེན་བྱེད་ཆོག །དེ་ལྟར་ཉམས་ལེན་བྱེད་པའི་རྒྱུད་རིམ་ནང་། ང་ཚོས་སེམས་ཅན་ཐམས་ཅད་ཀྱི་དྲི་མ་དག་པར་བྱེད་པའི་རྒྱུར་འགྱུར་ཅིག་ཅེས་ཉམས་སུ་ལེན་དགོས། འོན་ཀྱང་དང་པོ་ང་ཚོས་དེ་བྱུས་ཉེས་དང་སྡུག་ཅག་ཡིན་པ་ལྟར་གྱི་བསམ་བློ་དེ་ཉུང་དུ་གཏོང་དགོས། ང་ཚོས་དེ་ལྟར་རིམ་པ་བཞིན་དུ་བྱེད་དགོས།
ངས་མི་ཚང་མའི་ཆེད་ཆབ་གདན་དེ་དག་ཚང་མ་བརྗེ་པོ་རྒྱག་པའི་སྐོར་བསམ་བློ་གཏོང་བ་ཡིན། དེ་ནི་ཛར་ཛོར་ཆེན་པོ་རེད་བཞག
རེད། བདེན་པ་རེད། གལ་ཏེ་ང་ཚོས་འཛམ་གླིང་ཁྱོན་ཡོངས་ཀྱི་བཙོག་པ་རང་ངོས་ནས་གཙང་མ་བཟོ་དགོས་ན། མི་སུ་གཅིག་ཀྱང་ནང་པ་ཆགས་འདོད་བྱེད་ཀྱི་མ་རེད། སྤྱིར་བཏང་གི་རྩ་འཛིན་ཞིག་ལ། གལ་ཏེ་ང་ཚོས་ཆོས་རྣམས་ཀྱི་དཔེ་མཚོན་རྒོད་བྲོ་པོ་དེ་འདྲ་བེད་སྤྱོད་བྱེད་ཐུབ་ན། དཔེ་མཚོན་ཉོབ་ཏོ་སྤྱོད་པ་ལས་གཏིང་ཟབ་པའི་བག་ཆགས་ཤིག་འཇོག་གི་ཡོད། རེད་དམ་མ་རེད།
ངའི་བསམ་བློའི་ནང་འཁོར་བ་བཞིན་ཉིན་མ་ནས་ཉིན་མ་རིམ་པས་འབྲེལ་ལམ་གནོད་ཚབས་ཅན་ལྟ་བུ་མི་སྡུག་པའི་གནས་སྟངས་མྱོང་བའི་སྐབས། འདི་ང་ཚོས་མཉམ་སྡེབ་ཇི་ལྟར་བྱེད་དམ།
གལ་ཏེ་ང་ཚོ་འབྲེལ་ལམ་གནོད་ཚབས་ཅན་ཞིག་གི་ནང་ཡོད་པ་དང་གནས་སྟངས་ཡག་པོ་མེད་ན། “གང་ཡོད་མ་རེད། འདི་ནི་འཁོར་བ་རེད་” ཅེས་བརྗོད་ཀྱི་མེད། ང་ཚོ་ག་རེ་བེད་སྤྱོད་བྱེད་དགོས་ཟེར་ན། ཆོས་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་བྱེད་དགོས། དེ་ལ་༧གོང་ས་མཆོག་གི་ཞལ་སྔལ་ནས་ “ཧང་སང་དགོས་པའི་འགྲོ་བ་མིའི་རྣམ་དཔྱོད་” ཅེས་གསུང་གནང་གི་ཡོད། གནས་སྟངས་ཤིག་ཕན་ཐོགས་ཅན་དང་གནོད་གཞི་ཅན་གང་ཡིན་མིན་ང་ཚོས་རྣམ་པར་འབྱེད་ཐུབ་པ་དགོས། འབྲེལ་ལམ་དེའི་ནང་ཡོད་པ་དེ་རང་དང་གང་ཟག་གཞན་གཉིས་ཀར་ཕན་ཐོགས་པ་འདུག་ཡང་ན་གནོད་གཞི་ཅན་ཞིག་འདུག །གལ་ཏེ་དེ་ཕན་ཐོགས་པ་ཞིག་མེད་པ་དང་། ཕྱོགས་གཉིས་ཀར་གནོད་གཞིར་གྱུར་ཡོད་ན། དེ་ནས་ང་ཚོས་འབྲེལ་མཚམས་འཇོག་བྱེད་དགོས། སྐབས་འདིར་གནད་དོན་གཙོ་བོ་ནི། བསམ་བློ་ཡང་དག་པ་གཏོང་ཐུབ་པ་ཡོང་རྒྱུ་དང་། གང་འབྱུང་བཞིན་པ་དེ་གནས་ལུགས་དང་མི་མཐུན་པའི་སྟེང་ཆོས་རྣམས་ལ་སྒྲོ་འདོགས་དང་རྟོག་འཆར་གཞི་རྟེན་དུ་མ་བྱས་པ་ཞིག་དགོས། སྐབས་རེར་འབྲེལ་ཐག་བཅད་ན་ཡག་ག་ཡོད། ཡིན་ནའང་བསམ་བློ་ཡག་པོ་དང་བརྟག་དཔྱད་ནན་པོ་ལ་གཞི་བཞག་ཐོག་ཐག་གཅོད་བྱེད་དགོས།
ང་ཚོའི་དྲན་ཤེས་མེད་པའི་ཚོར་བ་རྣམས་ཤེས་ཐབས་བྱས་ཏེ་དྲང་པོ་དྲང་གཞག་བརྗོད་པ་དེ་དགེ་བ་ཞིག་ཆགས་ཐུབ་བམ།
ནམ་རྒྱུན་དྲན་ཤེས་མེད་པའི་ཚོར་བའི་རིམ་པའི་ཐོག་ནས་ནུབ་ཕྱོགས་ཀྱི་ཐ་སྙད་སྤྱད་དེ་སེམས་ཚོར་གང་ཡིན་པ་ཉམས་སུ་མྱོང་གི་ཡོད། གནས་སྟངས་ཁ་ཤས་ཀྱི་ནང་དེ་དག་མངོན་གསལ་དོད་པོ་ཡོད་པ་དེ་ཡག་ག་ཡོད་དམ་ཞེས་པའི་དྲི་བ་འབྱུང་གི་ཡོད། ང་ཚོས་བརྟག་དཔྱད་བྱ་ངེས་པའི་གནད་དོན་མི་འདྲ་བ་གཉིས་ལ་ངས་བསམ་བློ་གཏོང་ཆོག །གཅིག་ནི་གནོད་བྱེད་མི་དགེ་བའི་སེམས་ཚོར་དང་གཞན་དེ་ཕན་བྱེད་དགེ་བའི་སེམས་ཚོར་གཉིས་རེད། དཔེར་ན། ཁོང་ཁྲོའམ་བྱམས་པ་ལྟ་བུར་མཚོན་ན། གལ་ཏེ་མི་གཞན་ཞིག་གི་ཕྱོགས་སུ་དྲན་ཤེས་མེད་པའི་སྡང་འཛིན་ཞིག་ང་ཚོར་ཡོད་ན། ང་ཚོས་དེ་ཤེས་འདོད་བྱེད་ངེས་རེད། དེ་ཤེས་འདོད་བྱེད་པ་ནི་ཡིན་གཅིག་མིན་གཅིག་ང་ཚོའི་སྡང་བའི་ངང་ཚུལ་དེ་མི་གཞན་ཞིག་ལ་སྟོན་དགོས་པའི་དོན་མིན། འདིར་སླར་ཡང་ང་ཚོས་གང་འབྱུང་བཞིན་པའི་གནས་སྟངས་སྣ་ཚོགས་པར་བརྟག་དཔྱད་དང་རྣམ་པར་འབྱེད་དགོས།
དཔེ་མཚོན་ཞིག་ཞུས་ན། ངས་ངའི་གྲོགས་པོ་ཚོ་དང་མཉམ་དུ་འབྲེལ་འདྲིས་བྱེད་པའི་སྐབས། ངས་རྟག་ཏུ་ཁོང་ཚོར་ “ཁྱེད་རང་བདེ་པོ་ཡིན་ནམ། ཁྱེད་རང་གི་གནས་སྟངས་གང་འདྲ་འདུག་གམ་” ཞེས་སྐད་ཆ་འདྲི་གི་ཡོད། འོན་ཀྱང་ཁོང་ཚོས་ང་ལ་ཁྱེད་བདེ་མོ་ཨེ་ཡིན་དང་ཅི་འདྲ་ཡོད་སོགས་ནམ་ཡང་འདྲི་མྱོང་མེད། ཁོང་ཚོས་དེ་ལྟར་ནམ་ཡང་དྲིས་མེད་ལ། ཁོང་ཚོར་རང་གཅེས་འཛིན་ཤུགས་ཆེན་ཡོད་ཙང་། ང་གང་འདྲ་ཡོད་མེད་སྐད་ཆ་འདྲི་རྒྱུ་བསམ་བློ་འཁོར་གྱི་མེད། དེ་དངོས་གནས་སེམས་ལ་གནོད་པོ་འདུག །ད་ལྟ་འདི་ལ་ཁྱད་པར་ཞིག་ཡོད་པ་ནི། དེའི་ཐད་ལ་དྲན་ཤེས་མེད་པའི་སྡང་འཛིན་ཡོད་དམ། ཡོད་སྲིད་ཀྱང་། སྡང་འཛིན་དེ་ཕྱིར་བཏོན་ནས་ཁོང་ཁྲོ་བྱེད་པས་གནས་སྟངས་ལ་ཕན་ཐོགས་ཡོང་གི་མེད། དཔེར་ན། ཁྱེད་ཀྱིས་ “ཁྱོད་རང་འདོད་དོན་གཉེར་ཅན་རེད་འདུག །མི་སྡུག་ཅག་རེད་” ཅེས་བརྗོད་ན། དེས་ངང་ངམ་ཤུགས་ཀྱིས་མི་དགེ་བའི་ལས་བྱེད་དུ་འཇུག་པ་དང་སྐད་ལོག་རྒྱག་པ་དེ་འདྲ་ཡོང་གི་ཡོད། དེས་ཀྱང་གནས་སྟངས་དེར་ཕན་ཐོགས་ཤིག་མི་ཡོང་། “ཁྱེད་ཀྱིས་ང་གང་འདྲ་ཡོད། བདེ་མོ་ཨེ་ཡིན་ཞེས་ག་རེ་བྱས་ནས་འདྲི་གི་མེད། ཁྱེད་རང་ག་རེ་བྱས་སོང་སམ།” ཞེས་བསམ་པའམ་བརྗོད་པས་ཕན་ཐོགས་རྩ་ནས་མེད། གལ་ཏེ་ང་ཚོས་གནས་སྟངས་དེ་འདྲར་སྡང་འཛིན་ཡོད་པ་ཤེས་ན། ང་ཚོས་དེ་མངོན་གསལ་དོད་པོ་མི་ཡོང་བར་འབད་བརྩོན་གཟབ་ནན་བྱེད་དགོས། གང་ཡིན་ཟེར་ན། གལ་སྲིད་དེ་མངོན་པར་གསལ་བ་ཡིན་ན། ང་ཚོའི་རང་ཚུགས་ཤོར་ནས་མི་དགེ་བའི་ལས་བྱེད་ཀྱི་ཡོད།
ཡང་ང་ཚོས་སྡང་འཛིན་ལ་དོ་སྣང་བྱེད་སྐབས། ངས་ཁོང་ཁྲོ་མ་ལངས་བར་གནས་སྟངས་དེ་ལ་གཉེན་པོ་བསྟེན་ཐབས་བྱེད་ཐུབ། ནམ་རྒྱུན་ངས་ཀྱལ་ཀའི་ངང་དེ་ལྟར་བྱེད་ཀྱི་ཡོད། ངས་རྒོད་བྲོའི་བག་ཡངས་དེ་གནས་སྟངས་ལྷོད་ཡངས་སུ་གཏོང་བར་ཕན་ཐོགས་ཆེ་བའི་ཐབས་ཤིག་མཐོང་གི་འདུག །མི་གཞན་དག་གིས་བདེ་ཐང་ཡིན་མིན་སོགས་ཀྱི་གནས་ཚུལ་ཆ་ཚང་བཤད་ནས་ངའི་སྐོར་ལ་རྩ་ནས་སྐད་ཆ་མ་དྲིས་པར་བརྗོད་གཞི་བརྗེ་པོ་རྒྱག་འགོ་བཙུགས་པའི་རྗེས་སུ་ངས་ཤོད་ཀྱི་རེད། ངས་གང་ཤོད་ཀྱི་རེད་ཅེ་ན། “ཨེ་ལེགས། ཁྱེད་རང་བདེ་པོ་ཡིན་ནམ། ཨོ། ཁྱེད་ཀྱིས་དྲིས་པར་ཐུགས་རྗེ་ཆེ་ཞུ་” ཞེས་བརྗོད་ཀྱི་རེད། དེ་ནི་ཏོག་ཙམ་ཆོབ་འདྲ་པོ་ཆགས་ནས་མི་དེས་དེ་ལ་ལན་འཇལ་བའམ་འཚམས་འདྲི་བརྗེ་རེས་བྱེད་དགོས་པ་ཤེས་ནས། ང་ལ་ཁྱེད་རང་བདེ་མོ་ཞེས་འདྲི་གི་ཡོད། དེ་འདྲའི་འདྲ་བར་སྡང་འཛིན་མེད།
གལ་ཏེ་ང་ཚོར་རྨང་གཞིར་བྱེད་པའི་སྡང་འཛིན་དེ་ཡོད་སྐབས་དེ་ཡོད་པར་ཤེས་ན་ཕན་ཐོགས་ཆེ། གལ་ཏེ་སྡང་འཛིན་དེས་ཁྱེད་ལ་སུན་པོ་བ་བཟོས་ན། གལ་ཡོད་མ་རེད། ཕ་རོལ་པས་ང་རང་བདེ་པོ་ཡིན་མིན་དྲིས་དང་མ་དྲིས་ཁྱད་པར་མེད། དེ་ནི་འབྲེལ་མེད་ཅིག་རེད། ངས་ཁོང་ཚོར་གང་བྱེད་བཞིན་ཡོད་པ་དང་ཇི་ལྟར་བྱེད་བཞིན་ཡོད་མེད་ཤོད་དགོས་སམ། དངོས་གནས་མི་དགོས། གལ་ཏེ་ངས་དངོས་གནས་ཤོད་འདོད་ཡོད་ན། ཤོད་དགོས། དེ་ནི་ཁྱེད་ཀྱིས་ནར་སོན་པའི་ཕྲུ་གུའམ་ཚ་བོ་ཚ་མོས་ཁྱེད་ལ་ནམ་ཡང་ཁ་པར་མི་གཏོང་བ་ལྟ་བུ་རེད། གལ་ཏེ་ཁྱེད་རང་ཁོང་ཚོའི་གནས་སྟངས་ཐོས་འདོད་ཡོད་ན། ཁྱེད་རང་ངོས་ནས་ཁ་པར་གཏོང་དགོས་པ་ཙམ་རེད། ཡིན་ནའང་དེ་ལྟར་སྡང་འཛིན་མེད་པ་དང་། ཁོང་ཚོས་ཁ་པར་མ་བཏང་བའི་ནག་ཉེས་གཡོག་ཐབས་མི་བྱེད་པའི་སྒོ་ནས་སྐད་ཆ་ཤོད་དགོས།
དགེ་བའི་སེམས་ཚོར་དེ་གང་ཡིན་ནམ། ད་ང་ཚོས་དེ་ལ་བརྟག་དཔྱད་བྱེད་འགོ་བཙུག་དགོས། ང་རང་གྲ་སྒྲིག་མེད་པ་ཆགས་ཀྱི་རེད། གང་ཡིན་ཟེར་ན། ངས་དེ་སྔོན་ཚུད་ནས་བརྟག་དཔྱད་བྱས་མེད། ཕལ་ཆེར་ང་ཚོར་མངོན་པར་མི་གསལ་བའི་བརྩེ་བ་ཞིག་ཡོད་སྲིད། དེའི་དོན་གང་ཡིན་ནམ། ང་ཚོས་མི་ཞིག་ལ་མངོན་པར་མི་གསལ་བའི་འདོད་སྤྱོད་པ་དང་ཆགས་པའི་མི་དགེ་བའི་སེམས་ཚོར་གྱི་སྐོར་ཤོད་ཀྱིན་མེད། འདི་ནི་ “ང་ཁྱོད་དང་མཉམ་དུ་འཁྲིག་པ་སྤྱོད་འདོད་འདུག་”ཅེས་ཟེར་བ་ལྟ་བུ་མ་རེད། ད་ང་ཚོས་དོན་ངོ་མའི་དགེ་བའི་སེམས་ཚོར་ཞིག་གི་སྐོར་ཤོད་དགོས། དཔེ་ཆ་བཞག་ན། ང་ཚོས་སོ་སོའི་ཕྲུ་གུ་ལ་བརྩེ་བ་ཡོད། འགྲིག་སོང་ངམ། ང་ཚོས་སོ་སོའི་ཕྲུ་གུར་བརྩེ་བ་ཡོད་ཀྱང་། ང་ཚོས་བརྩེ་བ་ག་ཚོད་ཕྱིར་བཏོན་ནས་བརྗོད་ཀྱི་ཡོད་དམ། ང་ཚོས་བརྩེ་བ་དེ་སྔར་ལས་མངོན་གསལ་དོད་པའི་རིམ་པར་སྙོབ་པར་བྱེད་འདོད་ཡོད་དམ། རེད། དེ་ནི་ཕན་ཐོགས་ལྡན་པ་ཞིག་ཆགས་སྲིད།
དེ་ནས་ང་ཚོས་ཆོས་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་བྱེད་དགོས། གང་ཡིན་ཞེ་ན། ང་ཚོས་རང་གི་ཕྲུ་གུ་བསུན་པོ་བཟོ་འདོད་མེད། དཔེར་ན། གལ་ཏེ་ང་ཚོར་བཅུ་ཐོག་ན་གཞོན་ཡོད་པ་དང་། ཁོང་ཚོ་སོ་སོའི་གྲོགས་པོ་དང་མཉམ་དུ་ཡོད་སྐབས། ང་ཚོ་ཨ་མ་ནང་བཞིན་ཕྱིན་སྟེ། “ཨོ། ང་ཁྱེད་ལ་ཧ་ཅང་བརྩེ་བ་ཆེ་” ཞེས་བརྗོད་ནས་འཐམས་པ་དང་འོ་བྱས་ན། ང་ཚོས་རང་གི་ཕྲུ་གུ་གྲོགས་པོ་ཚོའི་མདུན་དུ་ངོ་ཚ་པོ་བཟོ་གི་ཡོད། དེ་ནི་རྩ་ནས་འོས་པ་ཞིག་མ་ཡིན། ཡང་དཔེ་མཚོན་གཞན་ཞིག་ནི། བཅུ་ཐོག་ན་གཞོན་དེ་ཕྱི་ལོགས་སུ་ཡོད་སྐབས། ང་ཚོས་ཡང་ནས་ཡང་དུ་ཁ་པར་གཏོང་བའམ། ཡང་ན་ཡི་གེ་གཏོང་གི་ཡོད། དེ་ལ་ཕྲུ་གུ་ཚོས། “ད་བྱུང་མ་སོང་། ཡང་ངའི་ཨ་མ་རེད་བཞག །ང་བདེ་པོ་འཚམས་པོ་ཡིན་མིན་ཡང་བསྐྱར་འདྲི་གི་འདུག་” ཅེས་ཟེར་གྱི་ཡོད་པ་ལྟ་བུ་རེད།
ང་ཚོས་དགེ་བའི་སེམས་ཚོར་ག་དུས་དང་ཇི་ལྟར་བརྗོད་དགོས་པའི་ཐད་ཆོས་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་བྱེད་དགོས། ང་ཚོས་ལོ་གཉིས་ཅན་གྱི་ཕྲུ་གུ་ཞིག་ལ་བརྗོད་སྟངས་དང་ལོ་བཅོ་ལྔའི་བྱིས་པ་ཞིག་ལ་བརྗོད་སྟངས་གཉིས་མི་འདྲ་བ་ཡིན། དགེ་བའི་སེམས་ཚོར་རྣམས་བརྗོད་ན་འགྲིགས་ཀྱང་། འོན་ཀྱང་སླར་ཡང་དོ་སྣང་བྱེད་དགོས་པ་ཞིག་ནི། ཁྱེད་རང་ཟློས་གར་འཁྲབ་མཁན་ཞིག་བྱས་ནས་གནས་ཚུལ་ཆེན་པོ་བཟོ་དགོས་ཡག་མེད། དེ་ལས་རན་ཞིང་འཚམས་པ་ནི་འགྲིག་པ་ཡིན།
སེམས་ཚོར་བྱེད་སྟངས།
འདི་བརྗོད་གཞི་གཞན་ཞིག་དང་འབྲེལ་བ་ཆགས་ཀྱི་ཡོད། ངའི་བསམ་པར། དེ་ནི་ཧ་ཅང་ཕན་ཐོགས་ཆེན་པོ་འདུག །ང་ལ་གྲོགས་པོ་ཞིག་ཡོད། ཁོང་སེམས་ནད་སྨན་པ་ཞིག་རེད། ཁོང་གིས་རྣམ་གཞག་འདི་དཔལ་འབྱོར་གྱི་ཐ་སྙད་སྤྱད་དེ་མཛུབ་སྟོན་བྱས་བྱུང་། ང་ཚོས་མི་རྣམས་ལ་དངུལ་ལོ་འདྲ་མིན་ཡོད་པ་ཤེས་དགོས་ལ་ངོས་ལེན་བྱེད་དགོས་ཤིང་། ཁོང་ཚོས་དངུལ་ལོ་མི་འདྲ་བ་དེ་དག་བརྒྱུད་རིན་པ་སྤྲོད་ཀྱི་རེད། ང་ཚོས་ཁོང་ཚོའི་དངུལ་ལོ་ངོས་ལེན་བྱེད་ཐུབ་པ་སྦྱང་དགོས། དཔེར་ན། མི་ཁ་ཤས་ཕུན་ཚུན་འཐམ་རེས་བྱེད་པ་དང་འོ་བྱེད་པ་སོགས་ལུས་ཀྱི་སྒོ་ནས་སོ་སོའི་བརྩེ་སེམས་སྟོན་གྱི་ཡོད། མི་འགའ་ཞིག་གིས་ནི་ང་ཚོར་གཅེས་སྐྱོང་བྱེད་པའི་སྒོ་ནས་རང་གི་བརྩེ་བ་དང་སེམས་འཁུར་སྟོན་གྱི་ཡོད། ཁོང་ཚོར་མཚོན་ན། ལུས་ཀྱི་སྒོ་ནས་དེ་ཙམ་བརྩེ་སེམས་མེད་ཀྱང་། ཁོང་ཚོ་ཧ་ཅང་གཅེས་སྐྱོང་དང་སྲུང་སྐྱོབས་བྱེད་མཁན་ཞིག་ཡོད།
དེ་ལ་ཚད་ལྡན་གྱི་དཔེ་ཞིག་བཞག་ན། མི་རབས་རྒན་པའི་ནང་ཨ་ཕ་དེས་ནམ་རྒྱུན་རང་གི་ཕྲུ་གུ་དང་མཉམ་དུ་ཧ་ཅང་བརྩེ་སེམས་ཆེན་པོ་དེ་འདྲ་བྱེད་ཀྱི་མེད། འོན་ཀྱང་ཨ་ཕས་རང་ཉིད་ཕྱི་རུ་ཕྱིན་ཏེ། ལས་ཀ་བྱེད་པ་དང་དངུལ་བསགས་ནས་ཕྲུ་གུའི་དགོས་མཁོ་ཆ་ཚང་སྒྲུབ་པའི་སྒོ་ནས་རང་གི་ཕྲུ་གུ་ཚོར་བརྩེ་བ་སྤྲོད་ཀྱི་ཡོད། དེ་ནི་ཨ་ཕས་ཕྲུ་གུའི་ཆེད་དུ་སྤྲད་པའི་དངུལ་ལོ་དེ་རེད། “ངས་ཨ་ཕས་ང་ལ་བརྩེ་བ་དང་། སེམས་འཁུར། གཅེས་སྐྱོང་བྱས་བྱུང་། ཁོང་གིས་ང་རང་དགའ་བའི་དངུལ་ལོར་དེ་སྤྲད་མེད་སྲིད། དཔེར་ན། འཐམས་པ་དང་འོ་བྱེད་པ་སོགས་ཀྱི་བརྒྱུད་ང་ལ་ག་ཚོད་ཀྱི་བརྩེ་བ་ཡོད་མེད་བཤད་མེད་ཀྱང་། གང་ལྟར་ཁོང་གིས་བརྩེ་བ་སྤྲད་ཡོད།” ཅེས་རང་ཉིད་ཕྲུ་གུའི་སྐབས་སུའམ། ཡང་ན་ཕྱིས་ཀྱི་དར་མའི་གནས་སྐབས་སུའང་ང་ཚོས་དེ་ངོས་འཛིན་བྱེད་དགོས། དེར་བརྟེན་ང་ཚོས་དངུལ་ལོར་མི་འདྲ་བ་ངོས་ལེན་བྱེད་སྟངས་ཤེས་དགོས། དེ་ཡང་འདི་ག་ཌེན་མཱརྐ་ Denmark ལ་མཚོན་ལ་ཀྲཽ་ཎའི་ Krona དངུལ་ལོ་སྟེར་བ་ལས་ཡུ་རོ་ Euros མི་སྟེར་བ་ནང་བཞིན་རེད། དངུལ་ནི་ད་དུང་དངུལ་རང་རེད། མི་མི་འདྲ་བས་སོ་སོའི་བརྩེ་བ་སྟོན་སྟངས་མི་འདྲ་བ་ཡོད།
ཁྱེད་ཀྱིས་གསུངས་པའི་ཁྱེད་ཀྱི་གྲོགས་པོའི་སྐོར་གྱི་ཁྱེད་རང་བདེ་པོ་ཡིན་མིན་དྲིས་པའི་ནང་། གལ་ཏེ་ཁྱེད་ཁོང་ཁྲོ་མི་བཟའ་བ་ཡིན་ནའང་། ཁྱེད་ལ་ཁོང་ཚོས་རང་ཉིད་ག་འདྲ་ཡོད་པའི་ཐད་བསམ་ཤེས་བྱེད་དགོས་པའི་ཆགས་སེམས་ཤིག་ཡོད་ན་གང་བྱེད་དམ། དེ་ནི་ཁྱེད་རང་ཁོང་ཁྲོ་བཟའ་བའི་དོན་མིན་ལ། ཁྱེད་རང་སྐད་ལོག་རྒྱག་འདོད་མེད། ཁྱེད་རང་ཏོག་ཙམ་བློ་ཕམ་དང་བརྩེ་བ་ཉུང་བ་སྤྲད་པ་ཚོར་གྱི་ཡོད། ཁྱེད་ཀྱིས་ད་དུང་བརྗོད་ཆོག་ཀྱང་། གལ་ཏེ་ཁོང་ཚོས་ཁྱེད་ཀྱི་སེམས་བཟང་གི་བསམ་ཚུལ་ཆུང་ངུ་དེ་ལ་འགྱུར་བ་མི་གཏོང་བའམ་དེ་ལ་གདམ་ཀ་མི་བྱེད་པ་ཡིན་ན། ཁྱེད་ཀྱིས་བློ་ཕམ་སེམས་སྡུག་དེ་ལ་གདོང་ལེན་ཇི་ལྟར་བྱེད་ཐུབ་བམ། གནས་སྟངས་དེ་དག་གི་ཐོག་ལ་སོ་སོའི་ཆགས་སེམས་དེ་ལས་ཐར་ཐབས་ཀྱིས་གདོང་ལེན་བྱེད་དགོས་སམ།
གནས་སྟངས་འདིའི་ནང་འབྱུང་སྲིད་པའི་སེམས་སྡུག་གི་རིགས་གཉིས་ཡོད། རང་གཅེས་འཛིན་གྱི་སེམས་སྡུག་སྟེ། དེ་ཡང་ “ང་རང་སེམས་སྡུག་གིས། གང་ཡིན་ཟེར་ན། ཁོང་ཚོས་ང་ལ་དོ་སྣང་བྱེད་ཀྱི་མི་འདུག །དེ་ལ་ང་རང་ཁོང་ཁྲོ་ཟ་གི་མི་འདུག །འོན་ཀྱང་ཁོང་ཚོས་ང་ལ་དོ་སྣང་བྱས་ཡོད་ན་ཅི་མ་རུང་སྙམ་གྱིས་” ཞེས་དེ་ལྟ་བུའི་བསམ་ཕྱོགས་ནི་ “ང་” “ང་” “ང་” ཞེས་རང་ཁོ་ནར་བསམ་བློ་གཏོང་བར་གཞིར་བཅོལ་ཡོད། དེ་ནི་མི་སྐྱིད་པའམ་སེམས་སྡུག་གི་རིགས་གཅིག་རེད། གཞན་ཡང་ཁོང་ཚོ་རང་གཅེས་འཛིན་ཧ་ཅང་ཤུགས་ཆེན་འདུག་ཅེས་ང་ཚོ་སེམས་སྡུག་བྱེད་སྲིད། འོན་ཀྱང་ང་ཚོས་དེ་སྒེར་གྱི་དོན་ཞིག་ཏུ་ངོས་འཛིན་རྩ་ནས་བྱེད་ཀྱི་མེད། གནས་སྟངས་འདིའི་ནང་ཁོང་ཚོ་ལ་དཀའ་ངལ་དེ་དག་འདུག་ཅེས་ང་ཚོ་སེམས་སྡུག་བྱེད་ཀྱི་ཡོད། དེས་ཁོང་ཚོར་སྙིང་རྗེ་སྐྱེ་བའི་རྒྱུ་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་ང་ཚོས་ཁོང་ཚོར་ཕན་པའི་ཐབས་ལམ་ཁག་ལ་བསམ་བློ་གཏོང་ཐུབ།
གལ་ཏེ་ང་ཚོའི་སེམ་སྡུག་དེ་རང་ཁོ་ནའི་དོན་དུ་གཞིར་བཅོལ་ནས། “ང་རང་སེམས་སྡུག་གི་འདུག །གང་ཡིན་ཟེར་ན། མི་རྣམས་ཀྱིས་ང་ལ་དོ་སྣང་དང་ཁ་ཡ་བྱེད་ཀྱི་མི་འདུག་” ཅེས་བརྗོད་ན། ང་ཚོས་དེའི་ཐོག་ལ་དངོས་གནས་ཡར་རྒྱས་གཏོང་རྒྱུ་འབད་བརྩོན་བྱེད་དགོས། ཐ་ན་མི་རྣམས་ཀྱིས་ང་ཚོར་དོ་སྣང་བྱས་ཀྱང་། ང་ཚོར་དགོས་ཡག་དེ་གང་རེད་དམ། ང་ཚོར་རྟག་ཏུ་གཡས་གཡོན་དུ་པར་རྒྱག་མཁན་གྱི་སྒེར་གྱི་པར་པ་༼གྲགས་ཅན་མི་སྣའི་རྗེས་འདེད་གཏོང་མཁན་གྱི་པར་པ་༽ཞིག་དགོས་པ་ཡིན་ནམ། ང་ཚོར་དོ་སྣང་ཧ་ཅང་མང་པོ་སྤྲད་པ་ཞིག་དགོས་སམ། ངའི་ཟེར་ཡག་ནི། སྐུ་མཁྱེན། དེས་འདོད་པ་ཁེངས་ཀྱི་མ་རེད། ཐ་ན་ང་ཚོས་འདོད་པ་ནང་བཞིན་ཏག་ཏག་གཞན་གྱིས་རང་ལ་དོ་སྣང་བྱས་ཀྱང་། དེ་ནི་བདེ་བ་ཉི་ཚེ་བ་ཡིན་པས་ཡུན་དུ་གནས་ཀྱི་མེད། ཕྱོགས་གཞན་ཞིག་ནས་སྲུང་སྐྱོབ་ཐལ་དྲགས་པ་བྱེད་མཁན་གྱི་ཕ་མའི་དཔེ་མཚོན་ལྟར། མི་ཞིག་གིས་དོ་སྣང་ཧ་ཅང་མང་པོ་བྱས་ཏེ། སྐར་མ་ལྔ་རེའི་མཚམས་སུ། “ཁྱེད་རང་གང་འདྲ་ཡོད། བདེ་མོ་ཡིན་ནམ་” ཞེས་ཟེར་བའམ། ཡང་ན་ “ཚང་མ་བཀྲ་ཤིས་ལོ་ལེགས་ཡིན་ནམ་” ཞེས་འདྲི་བ་ལྟ་བུ་རེད།
ངའི་འབྲེལ་བའི་ནང་དེ་འགྲིག་གི་འདུག་བསམ་སྲིད། འོན་ཀྱང་མི་གཞན་དེས་དེ་ལྟར་བསམ་གྱི་མེད། ང་ཚོས་དངུལ་ལོའི་སྐོར་དེ་སྐད་ཆ་ཤོད་དགོས། དཔེར་ན། “ང་འདི་འདྲ་པོ་རེད། ཁྱེད་རང་འདི་འདྲ་པོ་རེད་” ཅེས་ཟེར་བ་ལྟ་བུ། ང་ཚོ་ཕན་ཚུན་ངོ་རྟགས་ཆོད་ཀྱི་ཡོད། ང་ཚོས་རང་སོ་སོའི་དགའ་མོས་བྱེད་ས་ལ་ཡར་རྒྱས་བཏང་ནས་ལེགས་སྐྱེས་ལེན་རེས་བྱེད་ཆོག །དེའི་སྐོར་ཤོད་པ་དང་། འབྲེལ་བ་བྱེད་པ། དྲན་ཤེས་བསྟེན་པ་ནི་ཡག་པོ་རེད།
གལ་ཏེ་འབྲེལ་བ་དེ་ཡོད་བཞིན་པའི་འབྲེལ་བ་ཞིག་ཡིན་པ་དང་། རང་གི་ཟླ་རོགས་དེ་གོ་ཤེས་ཅན་ཡིན་ན། ང་ཚོས་དེའི་སྐོར་སྐད་ཆ་ཤོད་ཆོག །“ང་རང་བརྩེ་བ་སྟོན་སྟངས་འདི་འདྲ་ལ་དགའ་པོ་ཡོད།” རང་གི་ཟླ་རོགས་དེས་ཀྱང་བརྩེ་བ་སྟོན་སྟངས་དེ་འདྲར་དགའ་པོ་ཡོད་ཅེས་བརྗོད་ཆོག །དེ་ནི་ཟླ་རོགས་ཟུང་གི་འབྲེལ་བའི་ནང་རེད། འོན་ཀྱང་དེ་ཕ་མ་དང་ཕྲུ་གུའི་དབར་གྱི་འབྲེལ་བར་དེ་ཙམ་འོས་འཚམས་མིན། གལ་ཏེ་ཕ་མ་གྲོངས་ཚར་བ་དང་། ང་ཚོས་སོ་སོའི་ཆུང་བྱིས་པའི་དུས་སྐབས་ལ་ཕྱིར་ལྟས་བྱེད་བཞིན་ཡོད་ན། དེ་ནི་གྲོས་མོལ་ལ་གྲ་སྒྲིག་མེད། ཡང་མི་གཉིས་ཀྱི་དབར་གཞི་རྩའི་ཆ་ནས་དྲང་ལྡན་གྱི་གནས་བབས་མཉམ་པ་ཞིག་ཡོད་མེད་ལྟ་རྒྱུ་གལ་ཆེ། ཁོང་ཚོས་འགྱུར་བ་བཏང་ནས་འབྲེལ་བ་དེ་ལ་གདོང་ལེན་བྱེད་ཐུབ་བམ། ལས་ཀ་བྱེད་སའི་འགོ་འཛིན་པ་དེས་གཞན་སུ་གཅིག་ལའང་བདེ་མོ་ཡིན་མིན་ཞེས་ནམ་ཡང་འདྲི་གི་མེད་སྲིད། གནད་དོན་དེའི་རིགས་ལ་ང་ཚོས་འགོ་འཛིན་པ་དེ་དང་མཉམ་དུ་གྲོས་མོལ་བྱེད་ཀྱི་མེད། འགོ་འཛིན་པ་དང་མཉམ་དུ་ང་ཚོས་སེམས་འཁུར་བྱེད་དགོས་ས་ནི། “ཁྱེད་ཀྱིས་ང་ལ་སྤྲོད་བཞིན་པའི་ལས་ཀ་འདི་མང་དྲགས་འདུག །ང་རང་དེ་ལ་དགའ་པོ་བྱུང་མ་སོང་།” ཞེས་ལས་ཀ་དང་འབྲེལ་བའི་གནད་དོན་ཐད་སྐད་ཆ་ཤོད་དགོས། ཁྱེད་ཀྱིས་གནས་སྟངས་ལ་བལྟས་ནས་དེ་ལ་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་དཔྱད་དགོས།
དཔེར་ན། ང་ཚོས་སྟོང་ཉིད་དང་འབྲེལ་བའི་རྟོགས་རིམ་གྱི་གོ་བ་རྙེད་མེད་པ་དང་། ང་ཚོ་ཁོང་ཁྲོ་བཟའ་དགོས་པའི་སྒྲོ་བཏགས་པའི་རྒྱུ་མཚན་མིན་སྲིད་ཀྱང་། གང་ལྟར་རྒྱུ་མཚན་ངོ་མ་ད་དུང་ཡང་ཡོད་པ་ཚོར་གྱི་ཡོད། ང་ཚོས་དེ་ལས་གཡོལ་ཏེ་ཁོང་ཁྲོ་སྟོན་གྱི་མེད། དེ་ལས་གནས་ཚུལ་ཆེན་པོ་མི་བཟོ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད། འོན་ཀྱང་སེམས་ཁམས་ཀྱི་ཆ་ནས་བདེ་ཐང་མེད་པར་འགྱུར་སྲིད་པའི་ཐབས་ཚུལ་ཞིག་ཡོད་དམ།
འདིས་དྲག་གནོན་གྱི་གནད་དོན་དེ་འཁྱེར་ཡོང་གི་ཡོད། ང་ཚོས་སྟོང་ཉིད་ཀྱི་དོན་གང་ཡང་རྟོགས་མེད་པ་དང་། སྡང་འཛིན་ལ་དྲག་གནོན་བྱེད་ཀྱིན་ཡོད་ན། དེ་ནང་དུའམ་རང་རྒྱུད་དུ་ཁ་བསྒྱུར་གྱི་ཡོད་པ་སྨྲོས་ཅི་དགོས། དེས་དཀའ་ངལ་གྱི་རིགས་སྣ་ཚོགས་པའི་རྒྱུ་བྱེད་སྲིད། དེ་ལ་ང་ཚོས་གང་བྱེད་དམ། གལ་ཏེ་ང་ཚོས་ཁོང་ཁྲོ་དང་བློ་ཕམ་དེ་མངོན་དུ་གྱུར་བ་བྱེད་རྩིས་ཡོད་པ་དང་། དེ་སྟོན་དགོས་ཀྱི་ཡོད་ན། དེ་ནས་སླར་ཡང་དུས་ཚོད་འོས་ཤིང་འཚམས་པ་ཞིག་འདེམས་པར་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་བྱེད་དགོས། མི་གཞན་དག་ཧ་ཅང་བློ་ཕམ་དང་བྲེལ་འཚུབ་ངང་ཡོད་པའི་སྐབས། རང་གི་ཁོང་ཁྲོ་སྟོན་ཡག་གི་དུས་ཚོད་མ་རེད། དེ་སྟོན་པའི་དུས་ཚོད་རན་ཤོས་དེ་ག་དུས་ཡིན་པའི་ཐད་རྣམ་འབྱེད་ཀྱི་ཤེས་རབ་སྤྱད་དེ་བལྟ་དགོས། ཡང་ཁོང་ཁྲོ་ཧ་ཅང་ཤུགས་ཆེ་བའི་སྐབས་སྟོན་རྒྱུ་མེད། གང་ཡིན་ཟེར་ན། དེ་སྟངས་འཛིན་བྱེད་མི་ཐུབ་པ་ཆགས་ཀྱི་ཡོད།
དེ་དག་ཐམས་ཅད་རང་གི་སྤྱིར་བཏང་བསམ་ཤེས་དང་རྣམ་དཔྱོད་བེད་སྤྱོད་གཏོང་ཚུལ་ལ་ཐུག་གི་ཡོད། དེ་ག་དུས་ཕན་ཐོགས་ཡོད་དམ། དུས་ཚོད་འོས་པ་དེ་གང་ཡིན་ནམ། གལ་ཏེ་མི་གཞན་དེ་ཐང་ཆད་ནས་གཉིད་ཉལ་བར་འདོད་པའམ་གཉིད་ཕྱེད་ཙམ་ཁུག་ནས་ཡོད་ན། དེའི་སྐབས་མི་དེར་ཚོར་ཤེས་མི་ལྡན་པའི་སྐོར་གྲོས་མོལ་གཏིང་ཟབ་པོ་དང་དོན་ལྡན་བྱེད་ཡག་གི་དུས་ཚོད་མ་རེད། གལ་ཏེ་ཁོང་ཚོ་ལས་ཀར་ཧ་ཅང་བྲེལ་ཟིང་ངང་ཡོད་ན། ཐབས་ཤེས་འདི་དེ་ལའང་ལག་བསྟར་བྱེད་ཆོག །དེ་ནི་འོས་ཤིང་འཚམས་པའི་དུས་ཚོད་མ་རེད། འགྲིག་སོང་ངམ།།