འཁོར་བ་ལས་སྡུག་བསྔལ་དང་དམ་ཆོས་ལས་བདེ་སྐྱིད་འབྱུང་གི་ཡོད།

སེམས་ཅན་ཐམས་ཅད་བདེ་བ་འདོད་ཅིང་། སུ་གཅིག་ཀྱང་སྡུག་བསྔལ་མི་འདོད་པ་ཡིན། དམ་པའི་ཆོས་ཀྱིས་སྡུག་བསྔལ་སྤོང་ཞིང་བདེ་བ་སྒྲུབ་པའི་ཐབས་སྟོན་གྱི་ཡོད། ང་ཚོས་ཉམས་ལེན་བྱེད་པའི་ཆོས་ཀྱི་སྒྲ་བཤད་ནི། ང་ཚོ་འཛིན་མཁན་གྱི་ཆོས་ཤིག་ལ་གོ་བ་ཡིན། དེ་གོ་དོན་མང་པོའི་ཐོག་ནས་འགྲེལ་བཤད་རྒྱག་ཆོག དེས་ང་ཚོ་སྡུག་བསྔལ་ལས་འཛིན་པ་དང་བདེ་བའི་རྒྱུ་ངོ་མ་རྣམས་འཛིན་གྱི་ཡོད།

བདེ་སྐྱིད་ནི་ལུས་དང་སེམས་གཉིས་ཀའི་ཆ་ནས་ཡོང་གི་ཡོད། སྡུག་བསྔལ་ལའང་ལུས་ཀྱི་སྡུག་བསྔལ་དང་སེམས་ཀྱི་སྡུག་བསྔལ་ཞེས་དབྱེ་བ་གཉིས་ཡོད། ང་ཚོ་མང་པོ་ཞིག་བདེ་བ་འཐོབ་འདོད་ཀྱང། དེ་འཐོབ་པར་བྱེད་པའི་ཐབས་ལ་རྨོངས་ནས་དེས་ང་ཚོ་སྡུག་བསྔལ་གྱི་ཕྱོགས་སུ་འཁྲིད་ཀྱི་ཡོད།

མི་འགའ་ཞིག་གིས་འཚོ་གནས་ཆེད་རྐུ་འཕྲོག་དང་སྲོག་གཅོད་པའི་ལས་ཀ་བྱེད་ཀྱི་ཡོད། ཁོང་ཚོས་དེས་བདེ་བ་སྐྲུན་གྱི་རེད་བསམ་གྱི་ཡོད། དེ་ནི་དེ་འདྲ་རྩ་བ་ནས་མ་རེད། དེ་མིན་མི་གཞན་མང་པོས་བདེ་བ་འཐོབ་ཆེད་དུ་ཁྲིམས་ཀྱི་རྭ་བའི་ནང་ཚོང་པ་དང། ཞིང་པ། དེ་ལ་སོགས་པ་མང་པོ་ཞིག་བྱེད་ཀྱི་ཡོད། མང་པོ་ཞིག་ཐབས་ལམ་དེ་འདྲ་བརྒྱུད་ནས་ཕྱུག་པོ་དང་སྐད་གྲགས་ཆེན་པོ་ཆགས་མཁན་ཡོད། བདེ་སྐྱིད་དེའི་རིགས་ནི་ཡུན་གནས་ཐུབ་པ་ཞིག་མིན་ལ། མཐར་ཐུག་གི་བདེ་སྐྱིད་མ་རེད། བདེ་བ་དང་རྒྱུ་ནོར་ག་ཚོད་ཡོད་པ་ལ་ལྟོས་མེད་ཀྱིས་ང་ཚོར་ཆོག་ཤེས་པ་དང་འདོད་པ་ཁེངས་པ་ཞིག་ཡོང་གི་མེད། གལ་ཏེ་ང་ཚོར་ལུང་པ་ཞིག་ཡོངས་རྫོགས་ཀྱི་བདག་དབང་དེ་ཡོད་ནའང་། ད་དུང་དེ་ལས་མང་བ་འདོད་ཀྱི་ཡོད།

ང་ཚོས་བདེ་བ་འཐོབ་པའི་དོན་དུ་བྱེད་པའི་ལས་ལ་རྫོགས་རྒྱུ་ནམ་ཡང་མེད། ང་ཚོས་ས་གནས་གང་སར་མོ་ཊ་ལ་སོགས་པ་མྱུར་ཚད་མགྱོགས་ཤོས་ཀྱི་ཐོག་ནས་འགྲོ་ཐབས་བྱེད་ཀྱི་ཡོད། དེ་འདྲ་བའི་རྗེས་སྙེག་གི་རིགས་ལ་མཐའ་མེད། རྒྱུ་མཚན་དེ་ལ་བརྟེན་ནས་ཁོང་ཚོས་སྲིད་པ་འཁོར་བ་ལ་རྫོཌ་མཐའ་མེད་དེ། དེ་འཁོར་ནས་འགྲོ་ཡི་ཡོད་པར་བརྗོད། ང་ཚོ་ཚང་མས་ཤེས་གསལ་ལྟར། འཇིག་རྟེན་པའི་རྗེས་སྙེག་ལ་ནམ་ཡང་རྫོགས་མཐའ་མེད།

མེ་ཏོག་གསར་པའི་སྐབས་སུ་སོས་པ་དང་རྙིང་པ་ཆགས་པའི་དུས་སུ་དེའི་བཀྲག་མདངས་རྙིད་འགྲོ་གི་ཡོད། མི་ཚེ་འདིའི་ནང་སོ་སོས་ག་རེ་གྲུབ་འབྲས་ཐོབ་ཡོད་མེད་ལ་མ་ལྟོས་པར་དེ་རྫོགས་པའི་དུས་འོང་གི་ཡོད། དུས་ཚོད་འགྲོ་བ་དང་ལྷན་དུ་དེའང་རྫོགས་འགྲོ་གི་ཡོད་ཅིང། མི་ཚེའི་མཐའ་མཇུག་དེར་ང་ཚོར་སྡུག་བསྔལ་ཆེ་ཤོས་དེ་ཡོད་པ་རེད། སྣུམ་འཁོར་ཞིག་ལ་དཔེ་བཞག་ན། ཁྱེད་རང་སྣུམ་འཁོར་རྙིང་པ་འཕེན་སའི་སྙིགས་རོ་ཁང་གི་ལམ་བརྒྱུད་ནས་འགྲོ་གི་ཡོད། དེ་ནི་མཐའ་མའི་ཞིག་རོ་སྟེ། གནས་སྐབས་ཤིག་ཏུ་ཅ་དངོས་ཚང་མ་སྙིགས་རོར་འགྱུར་གྱི་ཡོད། མོ་ཊའི་གནས་སྟངས་ཡག་པོ་ཡོད་པ་ཡིན་ནའང་ང་ཚོས་དེར་སེམས་འཁྲེལ་བྱེད་ཀྱི་ཡོད། ང་ཚོས་མོ་ཊ་དེའི་ཆ་ཤས་ག་རེ་ཆག་འགྲོ་ཡོང་བསམ་པ་དང་། དེའི་ཁྲལ་དང་ཉེན་སྲུང་མ་འཇོག་གི་དངུལ་སྤྲོད་དགོས་རྒྱུ་སོགས་མང་པོ་ཞིག་གི་ཐོག་སེམས་འཁྲེལ་བྱེད་ཀྱི་ཡོད། ང་ཚོས་དཔེ་མཚོན་དེ་ང་ཚོའི་རྒྱུ་ནོར་དངོས་རྫས་ཚང་མར་རིགས་འགྲེ་ཆོག་པ་ཡིན། ང་ཚོར་རྒྱུ་ནོར་ག་ཚོད་ཀྱི་མང་བ་ཡོད་པ་དེ་ཙམ་གྱིས་དེའི་ཐོག་སེམས་འཁྲེལ་ཀྱང་མང་བ་ཡོང་གི་ཡོད།

དམ་པའི་ཆོས་ནི་ནང་སེམས་ཀྱི་བདེ་བ་འཐོབ་པའི་ཐབས་སྟོན་མཁན་ཞིག་ཡིན། ནང་སེམས་ཀྱི་བདེ་བའི་རིགས་ཁ་ཤས་འཐོབ་ཆེད་དུ་ང་ཚོས་ལུས་ཀྱི་སྒོ་ནས་ལས་ཀ་མི་བྱེད་པར། ང་ཚོས་སོ་སོའི་སེམས་ཀྱི་ཐོག་ནས་བྱ་བ་བྱེད་དགོས། དེ་ལྟར་ཡིན་ནའང་། སེམས་ལ་རྒྱུན་རིང་པོ་ཞིག་ཡོད་པ་སྟེ། སྐྱེ་བ་སྔ་མ་ནས་ཕྱི་མར་བརྒྱུད་པའི་སེམས་ཀྱི་རྒྱུན་དེ་ཡིན། སྐྱེ་བ་དེ་དག་རེ་རེ་ནང་ང་ཚོར་ལུས་རྟེན་ཞིག་ཡོད་པ་དང་ང་ཚོས་ལུས་རྟེན་དེ་ལ་བདེ་བ་འཐོབ་ཐབས་བྱེད་ཀྱི་ཡོད་ནའང། འཆི་བའི་དུས་སེམས་ཀྱི་རྒྱུན་མུ་མཐུད་ནས་འགྲོ་གི་ཡོད། དེར་བརྟེན། ང་ཚོས་རེ་འདོད་དགོས་པའི་བདེ་བ་ནི་ཆེན་པོ་དང་བརྟན་པོ་ཙམ་ཞིག་མིན་པར། དེ་སོ་སོའི་སྐྱེ་བ་ཕྱི་མ་རྣམས་སུའང་གནས་པ་དང་དེ་ལ་རྒྱུན་གྱི་འགག་པ་མེད་པ་ཞིག་རེད།

ང་ཚོས་བྱ་བ་ག་འདྲ་ཞིག་བྱེད་ནའང་བཟང་པོ་ཡིན་མིན་མ་ལྟོས་པར་དེ་ནི་དམ་ཆོས་མིན། འོན་ཀྱང་སོ་སོའི་སྐྱེ་བ་ཕྱི་མའི་དོན་དུ་སྒྲུབ་པའི་དགེ་བའི་ལས་རྣམས་ནི་དམ་པའི་ཆོས་ཡིན།

བདེ་བ་དང་སྡུག་བསྔལ་གང་ཡིན་ཡང་སོ་སོའི་ལས་ལས་འབྱུང་གི་ཡོད། ལས་འབྲས་ཀྱི་རྣམ་གཞག་ལ་གཞིགས་ན། རྒྱུ་མི་དགེ་བའི་ལས་ལས་འབྲས་བུ་སྡུག་བསྔལ་དང་རྒྱུ་དགེ་བའི་ལས་ལས་འབྲས་བུ་བདེ་བ་འབྱུང་བ་ཡིན། ཚེ་འདིར་ང་ཚོས་ཞིང་ལས་འདེབས་པ་སོགས་ལས་ཀ་མང་པོ་ཞིག་ཡག་པོ་བྱེད་ཐུབ་པ་ནི། ཚེ་སྔོན་མ་དགེ་བའི་ལས་བྱས་པའི་འབྲས་བུ་ཡིན་པ་དང། གལ་སྲིད་ང་ཚོ་ཚེ་འདིར་ནད་ན་ཚས་མནར་བའམ་སྐྱིད་པོ་མེད་པ། ཡང་ན་ཚེ་ཐུང་ངུ་ལས་མི་སྡོད་པ་ནི། ཚེ་སྔོན་མ་མི་དགེ་བའི་ལས་བྱས་པའི་འབྲས་བུ་ཡིན།

དཔེར་ན། ཚོང་པ་གཉིས་ཡོད་པ་དང་གཅིག་གྲུབ་འབྲས་ལྡན་པ་དང་གཞན་དེ་གྲུབ་འབྲས་དང་མི་ལྡན་པ་ཡིན་ན། དེ་ནི་ཚེ་སྔོན་མའི་ལས་ཀྱི་འབྲས་བུ་ལས་བྱུང་བ་ཞིག་ཡིན། ཁྱེད་རང་གིས་ཚོང་ལས་པ་གཉིས་མཐོང་བ་ལས་གཅིག་གིས་ལས་ལ་ཧུར་བརྩོན་ཆེན་པོ་བྱེད་ནའང་གྲུབ་འབྲས་ལྡན་པ་ཞིག་མི་ཡོང་བ་དང་། གཞན་དེས་ལས་ལ་ཧུར་བརྩོན་ཆེན་པོ་མི་བྱེད་ནའང་གྲུབ་འབྲས་ལྡན་པར་འགྱུར་བ་མཐོང་ཐུབ། ཡང་དཔེ་གཞན་ཞིག་བཞག་ན། གལ་ཏེ་ཁྱེད་རང་གིས་སེམས་ཅན་ཞིག་གི་སྲོག་བཅད་ན། ཁྱེད་རང་ལ་ཚེ་ཐུང་ངུ་དང་ནད་ན་ཚ་འབྱུང་བ་ཡིན། ཁྱེད་རང་ཚོས་དགེ་བཤེས་ལགས་ལ་དེའི་སྐོར་བཀའ་འདྲི་ཞུས་ན་འགྲིག་གི་རེད།

གལ་ཏེ་ཁྱེད་རང་གིས་མི་དགེ་བའི་ལས་འདི་དག་མི་བྱེད་པ་ཡིན་ན། ངན་འགྲོའི་སྐྱེ་གནས་སུ་མི་སྐྱེ་བར་བདེ་འགྲོ་མི་དང་ལྷའི་རིགས་ལ་སྐྱེ་བ་བླང་གི་རེད། འོན་ཀྱང་ཁྱེད་རང་མི་དང་ལྷའི་རིགས་ལ་སྐྱེ་བའི་དབང་དུ་བཏང་ནའང། དེས་ཁྱེད་རང་ལ་བདེ་བ་མཐར་ཐུག་འཐོབ་མི་ཐུབ་པ་སྟེ། ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཞིག་རེད། དེའི་རྒྱུ་མཚན་ག་རེ་རེད་ཟེར་ན། གལ་ཏེ་ཁྱེད་རང་སྐྱེ་གནས་མཐོ་པོ་ཞིག་ལ་སྐྱེ་བ་བླངས་ཡོད་ན། སྐྱེ་གནས་དམའ་བར་ལྷུང་གི་ཡོད་པ་དང་། སྐྱེ་གནས་དམའ་བར་སྐྱེ་བ་བླངས་བ་ཡིན་ན། སྐྱེ་གནས་མཐོ་བར་འགྲོ་གི་ཡོད། དེའི་ཐོག་ནས་སྡུག་བསྔལ་ཆེན་པོ་ཡོད་པ་རེད། དཔེར་ན། ཁྱེད་རང་གྲོད་ཁོག་ལྟོགས་པ་ཡིན་ན། ཁ་ལག་ཟ་གི་རེད། འོན་ཀྱང་ཁ་ལག་ཟ་མང་་དྲགས་ན་ན་ཚ་འབྱུང་གི་ཡོད། ཁྱེད་རང་འཁྱགས་ན། དྲོད་གཏོང་བ་དང། དྲོད་དེ་ཚ་་དྲགས་ན་བསིལ་པོ་བཟོ་དགོས་ཀྱི་ཡོད། སྡུག་བསྔལ་དེ་རིགས་ཚང་མ་ཡོད་པ་རེད།

འཁོར་བའི་ ༼དབང་མེད་ཡང་ནས་ཡང་དུ་འབྱུང་བའི་སྲིད་པ།༽ ནང་སྡུག་བསྔལ་དེའི་རིགས་ཚང་མ་ཡོད་རེད། དེ་ནི་ལས་དང་དེ་བཞིན་ཉོན་མོངས་སྣ་ཚོགས་པའི་འབྲས་བུ་ཡིན། ང་ཚོས་སྟོང་པ་ཉིད་དམ་ངོ་བོ་ཉིད་མེད་པར་རྟོགས་པའི་ཤེས་རབ་ ༼རྣམ་པར་དབྱེད་པའི་ཤེས་རབ༽ རྒྱུད་ལ་སྐྱེད་པར་བྱེད་དགོས།

ང་ཚོས་འཁོར་བ་ལས་གྲོལ་བའི་གང་ཟག་དཔེར་ན། དགྲ་བཅོམ་པ་གནས་བརྟན་བཅུ་དྲུག་དང་དེ་མིན་གྱི་འཕགས་པ་མང་པོས་གོ་འཕང་འདི་ཐོབ་པ་མཐོང་ཐུབ། ང་ཚོས་གང་ཟག་སོ་སོ་རང་ཉིད་འཁོར་བ་ལས་གྲོལ་བར་བྱེད་ཐུབ་ནའང། དེ་ཙམ་གྱིས་མི་འགྲིགས། གང་ཡིན་ཞེ་ན། སེམས་ཅན་ཐམས་ཅད་ལས་དྲིན་ཆེ་བ་ཞིག་མེད། འོ་མའི་ཐོན་རྫས་རྣམས་ནི་དུད་འགྲོའི་དྲིན་ལས་འབྱུང་བ་ཡིན། གལ་ཏེ་ང་ཚོས་དམར་ཟས་ལ་ལོངས་སུ་སྤྱོད་ཀྱི་ཡོད་ན། དེ་ནི་ཉེས་མེད་ཀྱི་དུད་འགྲོ་རྣམས་སྡེབ་གསོད་བྱས་པ་ལས་འབྱུང་བ་ཡིན། དགུན་དུས་སུ་ང་ཚོས་སྤུ་དང་པགས་པ་བལ་སོགས་ལས་བཟོས་པའི་སྟོད་གོས་གྱོན་གྱི་ཡོད་པ་དེ་དུད་འགྲོ་ལས་འབྱུང་བ་ཡིན། དུད་འགྲོ་རྣམས་ཀྱིས་ང་ཚོར དེ་དག་མཁོ་སྤྲོད་བྱེད་པ་ནི་དྲིན་ཆེན་པོ་རེད། ང་ཚོས་སེམས་ཅན་ཐམས་ཅད་ཀྱི་དྲིན་གསོ་བའི་ཆེད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པར་བྱེད་དགོས། དེ་ནས་ང་ཚོས་སེམས་ཅན་ཐམས་ཅད་ཀྱི་འདོད་པ་སྐོང་ཐུབ་པ་ཡིན།

ཉན་ཐོས་དང་དགྲ་བཅོམ་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དགོས་འདོད་སྐོང་ཐུབ་ཀྱི་མེད། དེ་ལྟར་སྒྲུབ་ཐུབ་མཁན་ནི་སངས་རྒྱས་གཅིག་པུ་ཡིན་པ། བྱས་ཙང་། དེ་ནི་ང་ཚོས་སེམས་ཅན་རྣམས་ལ་དངོས་གནས་ཕན་པ་སྒྲུབ་པའི་ཆེད་དུ་བྱེད་དགོས་པ་ཞིག་ཡིན། ང་རང་ཚོ་སོ་སོ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་དགོས་ཀྱི་ཡོད།

ང་ཚོས་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ཇི་ལྟར་བྱེད་དགོས་སམ་ཞེ་ན། དམ་ཆོས་ཉམས་སུ་བླངས་ནས་དགོས། རྒྱ་གར་འཕགས་པའི་ཡུལ་དུ་རྟོགས་པ་མཐོན་པོར་སོན་པའི་གྲུབ་ཆེན་མང་པོ་ཡོད་པ་ལས་ང་ཚོར་གྲུབ་ཆེན་བརྒྱད་ཅུ་རྣམ་ཐར་ཡོད། འོན་ཀྱང་དོན་དངོས་ཐོག་དེ་ལས་ཀྱང་མང་བ་ཡོད་པ་རེད། ཁོང་རྣམས་ཀྱིས་ལུས་ཐོག་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་བརྙེས་ཡོད། བོད་དུའང་རྗེ་བཙུན་མི་ལ་རས་པ་དང། དེ་མིན་ས་དགེ་བཀའ་རྙིང་གི་ལུགས་སོ་སོ་ནས་སློབ་དཔོན་ཆེན་པོ་མང་པོའི་མཚན་གཞི་ཡོད་པ་རེད།

སངས་རྒྱས་ཀྱི་གོ་འཕང་བརྙེས་པའི་རྗེས་དམ་ཆོས་ཀྱི་འབད་བརྩོན་མཇུག་རྫོགས་པ་ཡིན། ཐོག་མར་དམ་ཆོས་སློབ་གཉེར་བྱེད་པའི་སྐབས་ཤིན་ཏུ་དཀའ་ནའང། རིམ་པས་བཞིན་དུ་ལས་སླ་རུ་འགྲོ་ནས་ང་ཚོ་ཡར་རྒྱས་འགྲོ་བ་དང་ལྷན་དུ་བདེ་སྐྱིད་ཇེ་ཆེ་ཇེ་ཆེར་འགྲོ་གི་ཡོད། དེ་ལྟར་ང་ཚོས་ཆོས་ཀྱི་བྱ་བ་དེ་བདེ་སྐྱིད་ཕུན་སུམ་ཚོགས་པའི་ངང་ནས་མཐར་ཕྱིན་པ་བྱེད་ཀྱི་ཡོད། འཇིག་རྟེན་གྱི་བྱ་བས་ང་ཚོར་སྡུག་བསྔལ་ཁོ་ན་མང་དུ་གཏོང་གི་ཡོད། 

དཔེར་ན། མི་རྣམས་འཆི་བའི་སྐབས་ཁོང་ཚོའི་མི་ཚེའི་མཐའ་མཇུག་དེ་སླེབ་བཞིན་ཡོད་པ་དེས་ཁོང་ཚོར་ཉམ་ཐག་དང་སྡུག་བསྔལ་ཁོ་ནའི་རྐྱེན་བྱེད་པ་ཙམ་མ་ཟད། ད་དུང་སོ་སོའི་རྗེས་སུ་ལུས་པ་རྣམས་ལའང་དེ་བཞིན་སྡུག་བསྔལ་མྱོང་གི་ཡོད། དཔེར་ན། ཕུང་པོ་སྲེག་སྦྱང་སྐབས་ལྟ་བུ། ང་ཚོས་དེའི་ཐོག་བསམ་བློ་བཏང་ནས་དམ་པའི་ཆོས་ཤིག་བྱེད་དགོས་པ་ཡིན། དམ་པའི་ཆོས་ཀྱི་ཆེས་མཐའ་མར་སླེབས་ནས་སངས་རྒྱས་ཀྱི་གོ་འཕང་བརྙེས་པ་དེས་བདེ་བ་འབའ་ཞིག་ཡོང་བར་བྱེད་ཀྱི་ཡོད། དེ་ཡང་རང་ཉིད་ཙམ་མ་ཟད། ད་དུང་གཞན་མཐའ་ཡས་པའི་སེམས་ཅན་རྣམས་ཀྱང་བདེ་བར་འགོད་པ་ཡིན།

ང་ཚོས་མི་དགེ་བའི་ལས་བཅུ་སྤོང་དགོས། ལས་དགེ་བ་བྱས་ན་བདེ་བ་མྱོང་བ་དང། ལས་མི་དགེ་བ་བྱས་ན་སྡུག་བསྔལ་མྱོང་བ་ཡིན། ང་ཚོས་སོ་སོའི་ལས་ཀྱི་འབྲས་བུར་བརྟག་དཔྱད་བྱེད་དགོས་པ་དང་། སོ་སོའི་ལས་ཀྱི་རྒྱུ་སེམས་ཉིད་ལ་བརྟག་དཔྱད་བྱེད་དགོས། ང་ཚོས་བརྟག་དཔྱད་བྱེད་པའི་སྐབས་སུ་ང་ཚོར་དུག་གསུམ་སྟེ། འདོད་ཆགས། ཞེ་སྡང་། གཏི་མུག་གསུམ་ཡོད་པ་མཐོང་བ་ཡིན།

དེ་དག་ལས་ང་ཚོར་ཉོན་མོངས་རིགས་བརྒྱད་ཁྲི་བཞི་སྟོང་འབྱུང་ཞིང་། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དེ་རྣམས་ང་ཚོའི་དགྲ་བོ་གཙོ་བོ་ཡིན་པས། ཁ་ཕྱི་རོལ་དུ་མིན་པར་ནང་བལྟས་ཀྱིས་ང་ཚོའི་དགྲ་ངོས་འཛིན་དགོས། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ལས་གཙོ་བོ་རྣམས་དུག་གསུམ་ཡིན་པ་དང། དེ་དག་ལས་སྡུག་ཤོས་ནི་སེམས་རྒྱུད་ལ་ཡོད་པའི་གཏི་མུག་པའི་མ་རིག་པ་དེ་ཡིན།

མདོར་ན། ང་ཚོས་ཁ་ནང་དུ་ཕྱོགས་ནས་ནང་གི་དགྲ་བོ་རྣམས་མེད་པ་བཟོ་དགོས། རྒྱུ་མཚན་དེ་ལ་བརྟེན་ནས། སངས་རྒྱས་ཀྱི་ཆོས་ཀྱི་རྗེས་འཇུག་པ་རྣམས་ལ་ “ནང་པ་” ཞེས་ཟེར་གྱི་ཡོད། གང་ཡིན་ཞེ་ན། ཁོང་ཚོས་རྟག་ཏུ་ཁ་ནང་བལྟས་ཀྱི་སྒོ་ནས་ཆོས་བྱེད་ཀྱི་ཡོད་པས་ཡིན། གལ་སྲིད་ང་ཚོས་སོ་སོའི་སེམས་རྒྱུད་ལས་ཉོན་མོངས་པ་དེ་དག་མེད་པ་བཟོ་བ་ཡིན་ན། དེ་ནས་སོ་སོའི་སྡུག་བསྔལ་ཐམས་ཅད་ཀྱང་མེད་པ་བཟོ་ཐུབ་པ་ཡིན། དེ་ལྟ་བུ་བྱ་བ་བྱེད་མཁན་གྱི་མི་དེ་ལ་དམ་པའི་ཆོས་ཀྱི་རྗེས་སུ་འཇུག་མཁན་ཞེས་ཟེར་བ་ཡིན།

རང་གཅིག་པུའི་རྒྱུད་ཀྱི་ཉོན་མོངས་པའི་རིགས་སྤོང་བར་བྱེད་མཁན་གྱི་གང་ཟག་ཞིག་གི་ཆོས་ཀྱི་བྱ་བ་ནི་ཐེག་པ་འོག་མའི་ཆོས་ཀྱི་བྱ་བ་ཞིག་ཡིན། གལ་སྲིད་ང་ཚོས་སོ་སོའི་སྡུག་བསྔལ་འཇོམས་ཆེད་ཉོན་མོངས་སྤོང་བའི་ལས་ལ་ཞུགས་པ་མ་ཡིན་པར། ད་དུང་གཞན་སེམས་ཅན་གལ་ཆེ་བར་འཛིན་ནས་སོ་སོའི་ཉོན་མོངས་སྤངས་པ་ལ་བརྟེན་ནས་གཞན་གྱི་ཉོན་མོངས་སྤོང་བར་ཕན་ཐོགས་ཐུབ་པ་བྱ་རྒྱུ་དེའང་གལ་ཆེན་པོ་ཡིན། དེ་ལྟར་བྱེད་པས་ང་ཚོ་ཐེག་པ་ཆེན་པོའི་ཉམས་ལེན་པ་ཡིན། དལ་འབྱོར་མི་ལུས་རིན་པོ་ཆེའི་རྟེན་འདིའི་ཐོག་ནས་ང་ཚོས་ཐེག་པ་ཆེན་པོར་ཆགས་ཡག་གི་ཐབས་ཤེས་བྱེད་དགོས་པ་དང། དེའི་འབྲས་བུ་ནི་ང་ཚོས་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་པ་ཡིན།

གནད་དོན་གཙོ་བོ་ནི་རྟག་ཏུ་སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་ཐབས་བྱེད་དགོས་པ་ལས་ནམ་ཡང་དེ་དག་ལ་གནོད་པ་བྱེད་མི་ཉན། གལ་ཏེ་ང་ཚོས། “མ་ཎི་ཡིག་དྲུག་” བགྲང་གི་ཡོད་ན། “དེ་ལྟར་བགྱིས་པའི་དགེ་བའི་ནུས་པས་སེམས་ཅན་ཐམས་ཅད་ལ་ཕན་པར་ཤོག་” ཅེས་བསམ་དགོས་པ་ཡིན།

བྱ་བའི་གཞི་རྟེན་དུ་གྱུར་བའི་དལ་འབྱོར་གྱི་ལུས་རྟེན་འདི་ང་ཚོར་འཐོབ་པ་ནི་ཤིན་ཏུ་དཀའ་བ་སྟེ། མིའི་ལུས་ལས་སླ་པོར་མི་འཐོབ་པ་སོང་ཙང་རེད། དཔེར་ན། སའི་གོ་ལར་ལྟོས་དང། ཕལ་ཆེ་བ་རྒྱ་མཚོ་ཡིན་པ་རེད། དེའི་ནང་ཉ་ག་ཚོད་ཡོད་མེད་ལ་བསམ་བློ་ཐོངས་དང། ཚེ་སྲོག་གི་གྲངས་མང་ཤོས་ནི་དུད་འགྲོ་དང་འབུ་སྲིན་ཡིན། གལ་ཏེ་ང་ཚོས་སྣོད་ཀྱི་འཇིག་རྟེན་ཧྲིལ་པོ་དང་དུད་འགྲོ་འབུ་སྲིན་གྱི་གྲངས་ལ་བསམ་བློ་གཏོང་བ་ཡིན་ན། ད་གཟོད་གཞི་ནས་མི་ལུས་རིན་ཆེན་རྙེད་དཀའ་བའི་རང་བཞིན་དེ་ཤེས་ཀྱི་རེད།

བརྙན་པར། མེ་ཐིའུ་རི་ཁརྡ། “བདེ་སྐྱིད་གང་ཡིན་ནམ། སྡུག་བསྔལ་གང་ཡིན་ནམ།”

ཕྱོགས་བསྡོམས།

དམ་པའི་ཆོས་ཉམས་སུ་ལེན་པའི་བརྒྱུད་རིམ་ནང་རྟོགས་པ་དང་གཏིང་ཟབ་པོའི་གོ་བ་ནི་ག་ལེར་ག་ལེར་ཡོང་གི་ཡོད། ཉིན་མ་ཁཤས་དང་། བདུན་ཕྲག་ཁ་ཤས། དེ་བཞིན་ཟླ་བ་ཁ་ཤས་ཙམ་གྱི་ནང་ཡོང་གི་མེད། ཆོས་ལ་རྟོགས་པ་སྐྱེ་རྒྱུ་ཕར་ཞོག མི་ཉུང་ཤས་གཅིག་པུས་དོན་དངོས་ཐོག་ཆོས་ཀྱི་སྐོར་ལ་བསམ་བློ་བཏང་ནས་ཤེས་པར་བྱེད་ཀྱི་ཡོད། ང་ཚོས་རྒྱུན་མི་ཆད་པར་དུས་ཚོད་རིང་པོའི་བར་ཆོས་བྱེད་དགོས། ཁྱེད་ཚོར་འདིར་དགེ་བཤེས་མཚན་ཉིད་ཚང་བ་ཞིག་འདུག ཁོང་གིས་ཁྱེད་རང་ཚོའི་དྭོགས་འདྲི་ཚང་མར་ལན་འདེབས་གནང་ཐུབ་ངེས་རེད། མ་འོངས་པར་དུས་ཡུན་རིང་པོའི་ནང་སངས་རྒྱས་ཀྱི་ཆོས་དེ་མུ་མཐུད་ནས་དར་ཁྱབ་ཆེན་པོ་འབྱུང་ངེས་ལ། དེ་ད་དུང་ཡང་དར་ཁྱབ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་གསོན་གནས་ཐུབ་ཡོད། སངས་རྒྱས་ཀྱིས་ཆོས་ཐོག་མར་གསུངས་དུས་སློབ་མ་ལྔ་ལས་མེད། ཆོས་དེ་གང་ཟག་དེ་དག་ལས་དར་ཁྱབ་བྱུང་བ་དང། ད་ལྟའི་ཆར་དར་ཁྱབ་ཆེན་པོ་འདི་ལྟ་བུ་ཞིག་བྱུང་བ་རེད།།

ད་ལྟ་ང་ཚོར་ཤཱཀྱ་མུ་ནི་དང་མཉམ་པ་གཅིག་ཡོད་པ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡིན་པ་རེད། ཁོང་ས་ཆ་འདིར་ཕྱི་ཟླ་བཅུ་པའི་ནང་ཕེབས་ཀྱི་རེད། ༸གོང་ས་མཆོག་ནས་གསུང་ཆོས་ག་རེ་གནང་ཡང་སེམས་ལ་བཞག་ནས་ཉམས་ལེན་ཡང་དག་པ་བྱེད་དགོས། ཆོས་ཀྱི་སྙིང་པོ་ནི་སེམས་ཅན་སུ་འདྲ་ཞིག་ལའང་གནོད་པ་མི་བྱེད་པ་དང་སེམས་ངན་མ་བཅང་པར་ཕན་པ་ཁོ་ན་སྒྲུབ་དགོས་པ་དེ་ཡིན། དེ་ནི་གནད་དོན་གཙོ་བོ་དེ་རེད། ཁྱེད་རང་ཚོས་དེ་ལྟར་བྱས་ན། མ་འོངས་པར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་ངེས་སོ།། །།

Top