གནད་དོན་གཞན་གཉིས་ཏེ། ནང་པ་ཞིག་ཆགས་པ་དང་བདེ་སྐྱིད།

ནང་ཆོས་སུ་ཆོས་ལུགས་འགྱུར་བ།

མི་མང་པོ་ཞིག་ནང་ཆོས་ལ་འཇུག་པའི་སྐབས་སུ་འཕྲད་བཞིན་པའི་དཀའ་ངལ་སྣ་ཚོགས་པ་ཁག་ཅིག་གི་སྐོར་ང་ཚོས་བཤད་དང་ཤོད་མུས་རེད། དངོས་ཡོད་དང་མཐུན་པའི་བསམ་ཕྱོགས་ཤིག་ཡོད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་ང་ཚོས་མཐོང་ཡོད། དེ་ལ་གཞིགས་ན་༧གོང་ས་མཆོག་ནས་ཡང་ནས་ཡང་དུ་ནུབ་ཕྱོགས་པ་རྣམས་ལ་གནང་བའི་བསླབ་བྱའི་ནང་གི་གཅིག་ནི་ཆོས་ལུགས་བརྗེ་འགྱུར་བྱ་རྒྱུའི་ཐད་ཧ་ཅང་གཟབ་ནན་བྱེད་དགོས་པ་དེ་རེད། ཁོང་གི་བསླབ་བྱ་ལ་བརྟེན་ནས་ང་ཚོས་ནང་པའི་ལམ་གྱི་རྗེས་སུ་འཇུག་པའི་སྐབས། ཆོས་ལུགས་བརྗེ་འགྱུར་བྱས་ཟིན་ནས་ད་གཟོད་ཡེ་ཤུའི་ཆོས་ལུགས་ཀྱི་རྗེས་འབྲང་པ་ཚོས་སྐེ་ལ་གྱོན་པའི་ཀུར་རྟགས་དེའི་ཚབ་ལ་ནང་པའི་སྲུང་སྐུད་དམར་པོ་ཞིག་བཏགས་ཡོད་པའི་དོན་རེད་དམ་ཞེས་པ་དང་འབྲེལ་བའི་གནད་དོན་ཡོངས་སུ་རྫོགས་པ་གླེང་སློང་བྱེད་ཀྱི་ཡོད། 

ངའི་བསམ་པར། ཐབས་ཚུལ་མང་པོའི་ནང་ཆོས་ལུགས་བརྗེ་འགྱུར་དང་བསྟུན་ཏེ། ནང་པའི་ལམ་ལ་ཁས་ལེན་དམ་བཅའ་ཡོད་པ་ལ་བསམ་བློ་གཏོང་རྒྱུ་དེ་ཧ་ཅང་ཕན་ཐོགས་ཅན་ཞིག་མིན། གལ་ཏེ་ང་ཚོས་ནང་ཆོས་ལ་བརྗེ་འགྱུར་ཟིན་ཞེས་བརྗོད་ན། ཡེ་ཤུ་དང་འཇིའུ་དམིགས་བསལ་ཁ་ཆེའི་ཆོས་ལུགས་གང་ཡིན་རུང་ང་ཚོ་སྐྱེས་ཐོབ་ཀྱི་སྲོལ་རྒྱུན་ནས་སླེབས་པ་རྣམས་ཧ་ཅང་ཤུགས་ཆེན་པོའི་སྒོ་ནས་ལོགས་སུ་དབྱེ་གི་ཡོད། སྐྱེས་ཐོབ་ཀྱི་ཆོས་ལུགས་ནས་བརྗེ་བསྒྱུར་བྱེད་པ་དེ་ང་ཚོའི་ནང་མི་ཁྱིམ་ཚང་དང་སྤྱི་ཚོགས་ངོས་ནས་སྤྲོ་སེམས་ཆེན་པོ་ཡོད་པ་དང་མཐུན་གྱི་མེད། ཡོད་དམ། ཁོང་ཚོས་དེ་ནི་རང་གིས་རང་ལ་སྒེར་གྱི་ངོས་ལེན་མེད་པ་ཞིག་ཏུ་མཐོང་གི་ཡོད། དེར་བརྟེན་༧གོང་ས་མཆོག་ནས་རྟག་ཏུ་ང་ཚོས་གནད་དོན་ཡོངས་སུ་རྫོགས་པའི་ཐད་ལ་ཧ་ཅང་གཟབ་ནན་དང་གནད་འགག་ཆེན་པོ་བྱེད་དགོས་ཞེས་གསུང་གི་ཡོད་པ་དང་། ང་ཚོས་འདི་ནི་ནང་མི་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་ལྟ་ཚུལ་ཙམ་མིན་པར། ད་དུང་ཡང་སེམས་ཁམས་རིག་པའི་ལྟ་ཚུལ་གྱི་ཆ་ནས་རྟོགས་ཐུབ་ཀྱི་རེད་བསམ་གྱི་འདུག

མི་ཚེའི་ནང་མི་ཚེའི་ཆ་ཤས་ཡོངས་སུ་རྫོགས་པ་ཞི་མཐུན་ངང་མཉམ་དུ་རན་འཚམ་ཡོང་བར། མི་ཚེ་ཆ་ཚང་མཉམ་སྡེབ་ཀྱིས་གོང་བུ་གཅིག་ཏུ་འགྱུར་ཐུབ་པ་ཞིག་ཡོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་ལྟར་ང་ཚོ་སོ་སོའི་མི་ཚེའི་ལོ་རྒྱུས་ཆ་ཚང་དང་མཉམ་དུ་བདེ་པོ་ཆགས་ཀྱི་ཡོད། ང་ཚོའི་མི་ཚེ་ལ་མཉམ་སྡེབ་ཀྱི་ལྟ་ཚུལ་ཞིག་ཡོད་པ་དེས་མི་ཚེ་ཆ་སྙོམ་ཆེ་བ་ཡོང་བར་བྱེད་ཀྱི་ཡོད། སྐབས་རེར་མི་རྣམས་ཆོས་ལུགས་གཞན་ཞིག་གི་ནང་འགྱུར་བའི་སྐབས། ཁོང་ཚོས་སྔོན་གང་བྱེད་བཞིན་པའི་ཆོས་དེའི་ཕྱོགས་སུ་བསམ་ཕྱོགས་ཧ་ཅང་ངན་པ་ཞིག་སྐྱེ་གི་ཡོད། སེམས་ཁམས་རིག་པའི་ནང་ཐབས་ཚུལ་འགའ་ཞིག་འགྲེལ་བརྗོད་བྱས་ཡོད་པ་འགའ་ཞིག་ནི་འདི་རྟོགས་པར་ཕན་ཐོགས་ཡོད། འདི་ནི་མི་རྣམས་རང་གིས་རང་ལ་རིན་ཐང་གི་ཚོར་བ་ཞིག་ཚོར་བའི་ཆེད། རང་གི་ཕ་མེས་ཡང་མེས་རྣམས་དང་། ནང་མི་ཁྱིམ་ཚང་། རྒྱབ་ལྗོངས་ཀྱི་ལོ་རྒྱུས་ལ་གུས་ཞེན་ཅན་དགོས་པའི་གཞི་རྩའི་དགོས་མཁོ་འདི་རེད། ང་ཚོའི་རང་གིས་རང་ལ་རིན་ཐང་ཞིག་ཡོད་པ་དེ་ཡང་སེ་དྲན་ཤེས་དང་མི་ལྡན་པ་ཡིན་པར་སྒྲུབ་པའི་ཕྱིར། ང་ཚོ་གུས་ཞེན་ཅན་དགོས་ངེས་རེད། གལ་ཏེ་ང་ཚོས་འདས་པའི་དུས་ལ་བཟང་ཕྱོགས་དགེ་བའི་རྣམ་པ་གང་ཡང་ཡོད་པ་ཁས་མི་ལེན་པ་སྟེ། ཆོས་ལུགས་དང་། ནང་མི་ཁྱིམ་ཚང་། མི་རིགས་ལྟ་བུར་དགེ་མཚན་གང་ཡང་མེད་ན། དྲན་ཤེས་དང་མི་ལྡན་པའི་སྒོ་ནས་ང་ཚོས་ད་དུང་ཡང་དེ་ལ་གུས་ཞེན་ཅན་དགོས། བྱས་ཙང་། དྲན་ཤེས་མེད་པའི་སྒོ་ནས་ང་ཚོ་དེའི་ཉེས་སྐྱོན་གྱི་ཆ་ལ་གུས་ཞེན་ཅན་ཆགས་ཀྱི་ཡོད། དེ་ནི་གནོད་བྱེད་མི་དགེ་བའི་གུས་ཞེན་ཞིག་རེད། 

དམ་ཚིག་ཕྱོགས་འཛིན། 

གནོད་བྱེད་མི་དགེ་བའི་གུས་ཆེན་གྱི་དཔེ་མཚོན་ཡག་པོ་ཞིག་ནི། ཤར་འཇར་མིན་གོང་མ་ནས་ཡིན་པའི་མི་རྣམས་ལ་བྱུང་བའི་ཉམས་མྱོང་དེ་རེད། ཤར་འཇར་མིན་གྱི་གནས་སྟངས་ཡོངས་སུ་རྫོགས་པ་ནུབ་འཇར་མིན་དང་མཉམ་དུ་གོང་བུ་ཆིག་སྒྲིལ་ཡིན་པ་དེ་ནི་ཤར་འཇར་མིན་གྱི་ཆབ་སྲིད་རིག་གཞུང་གི་ནང་ནས་ཕལ་ཆེར་ཚང་མ་ངོས་ལེན་མ་བྱས་པ་དང་། དེ་ནི་ནོར་བ་དང་དགེ་མཚན་མེད་པ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད་པ་དེ་རེད། གནས་སྟངས་གང་བྱུང་ཡོད་ཅེ་ན། ལམ་ལུགས་གོང་མ་ནས་གང་བསྐྱུར་ཡོད་པ་ཐམས་ཅད་དང་། མི་རྣམས་རང་ཉིད་གླེན་པ་ཡིན་པ་དང་ཁོང་ཚོས་སོ་སོའི་མི་ཚེ་གང་པོར་དགེ་མཚན་མེད་པ་ཞིག་ལ་འཕྲོ་བརླག་བཏང་ཡོད་པའི་ཚོར་བ་འཇིགས་སུ་རུང་བ་ཞིག་གི་ནང་ལྷག་པ་རེད། དེ་ཡང་དམིགས་བསལ་གལ་ཏེ་ཁོང་ཚོ་ཆབ་སྲིད་ཀྱི་སྒོ་ནས་རྒྱལ་ཁབ་ལ་རྒྱབ་སྐྱོར་ཆེད་གྲུང་པོ་དང་ཧུར་བརྩོན་ལྡན་པ་ཡིན་ན། དགེ་མཚན་མེད་པ་འཕྲོ་བརླག་ཕྱིན་ཡོད། དེས་སེམས་ཁམས་ཀྱི་གནས་བབས་ཧ་ཅང་དཀའ་ངལ་ཅན་ཞིག་བཟོ་གི་ཡོད་པ་གསལ་པོ་རེད།

དེ་ནས་གང་བྱུང་ཡོད་ཅེ་ན། ཤར་འཇར་མིན་གྱི་མི་འགའ་ཞིག་ལ་དྲན་ཤེས་མེད་པའི་སྒོ་ནས་རང་གིས་རང་ལ་རིན་ཐང་ཡོད་པའི་ཆེད་ཁོང་ཚོའི་འདས་པའི་དུས་ལ་གུས་ཞེན་དགོས་ཀྱི་ཡོད། བྱས་ཙང་། ཁོང་ཚོ་ནི་གཅིག་སྡུད་རིང་ལུགས་ལྟ་བུ་ངན་ཕྱོགས་ཀྱི་རྣམ་པར་གུས་ཞེན་ཅན་ཡིན་པ་རེད། དེ་ལས་ང་ཚོར་དྲག་ཤུལ་ཅན་གྱི་གཞོན་ནུ་དང་བཀས་བཀོད་རྒྱུན་འཛིན་བྱེད་མཁན་གྱི་ནཱ་ཛི་གསར་པའི་ཆོས་ཤིག་རག་གི་ཡོད། བཀས་བཀོད་རྒྱུན་འཛིན་བྱེད་མཁན་གྱི་ནཱ་ཛི་གསར་པའི་རིང་ལུགས་ལ་ཕྱི་རྒྱལ་བ་རྣམས་ལ་ཞེ་སྡང་ཧ་ཅང་ཆེན་པོ་ཡོད་པ་དང་རང་དང་རང་གི་རིགས་ལ་ཆེ་བསྟོད་ཡོད་པ་རེད། ཕྱི་མི་ལ་བཟོད་མི་ཐུབ་པའི་གུས་ཞེན་འདི་ལྟ་བུ་ནི་ཤར་འཇར་མིན་སྤྱི་ཚོགས་ཀྱི་ཁྱད་ཆོས་ཡིན་པ་རེད། ཕྱོགས་གཞན་ཞིག་ནས་གལ་ཏེ་མི་རྣམས་ཀྱིས་ཁོང་ཚོའི་འདས་པའི་དུས་ཀྱི་བཟང་ཕྱོགས་དགེ་བ་རྣམས་འཛུབ་སྟོན་བྱེད་པ་དང་ངོས་ལེན་བྱེད་ཐུབ་ན། འདིས་ཁོང་ཚོས་དེ་ལ་གུས་ཞེན་བྱེད་དུ་འཇུག་གི་ཡོད་པ་དང་ཁོང་ཚོའི་མི་ཚེ་ཡོངས་སུ་རྫོགས་པ་སྔར་ལས་རྦད་དེ་བཟང་བའི་གོང་བུ་ཆིག་སྒྲིལ་ཞིག་སྐྲུན་གྱི་ཡོད། ཤར་འཇར་མིན་སྤྱི་ཚོགས་ཀྱི་བཟང་ཕྱོགས་དགེ་བའི་རྣམ་པ་མང་པོ་ཡོད། དཔེ་མཚོན་གཅིག་ནི་མི་འགའ་ཞིག་ལ་ཡོད་པའི་སྙིང་ཐག་པའི་བརྩེ་བའི་འབྲེལ་ལམ་དེ་ཡིན་ཞིང་། དེ་དག་ཕན་ཚུན་གདུང་སེམས་མཉམ་སྐྱེད་བྱེད་པ་དང་གཅིག་གིས་གཅིག་ལ་ཡིད་ཆེས་བྱེད་ཀྱི་ཡོད། ཁོང་ཚོ་ཚང་མ་ཕྱི་ལོགས་ནས་ཚབས་ཆེན་པོའི་སྒོ་ནས་སྟངས་འཛིན་བྱས་ཡོད་པ་སོང་ཙང་། ཁོང་ཚོ་ཉེན་སྲུང་ཡོད་པའི་གྲོགས་པོའི་ཁོར་ཡུག་ཅིག་གི་ནང་ཡོད་པའི་སྐབས། ཁོང་ཚོས་དེ་ལྟ་བུའི་བརྩེ་བའི་འབྲེལ་ལམ་དེ་སྐྲུན་ཐུབ། དེ་ནི་ཧ་ཅང་བཟང་ཕྱོགས་དང་དགེ་མཚན་ཅན་ཞིག་རེད། 

གནོད་བྱེད་མི་དགེ་བའི་གུས་ཞེན་གྱི་དཀའ་ངལ་གཅིག་པ་དེ་ཡང་སེ་ང་ཚོས་ཆོས་ལུགས་བརྗེ་འགྱུར་བྱེད་པའི་སྐབས་ཡོང་གི་ཡོད། གལ་ཏེ་ང་ཚོས་ “སྔོན་ངས་རྗེས་སུ་འཇུག་པའི་ཆོས་དེ་ནི་ཆོ་མེད་པ་དང་ཡག་པོ་མེད་” ཅེས་བསམ་བསམས་ནས་ནང་ཆོས་ལྟ་བུ་ཆོས་ལུགས་གཞན་ཞིག་ལ་ཞུགས་ན། སླར་ཡང་དྲན་ཤེས་མེད་པའི་སྒོ་ནས་ང་ཚོས་སོ་སོའི་འདས་པའི་དུས་ལ་གུས་ཞེན་བྱེད་དགོས་ངེས་ཆགས་ཀྱི་ཡོད། དེ་འདྲའི་གནས་སྟངས་ཀྱི་ནང་། ང་ཚོས་དགེ་བའི་གནད་དོན་ཐད་གུས་ཞེན་ཐོག་མི་གནས་པར། དེ་ལས་ལྡོག་སྟེ། མི་དགེ་བའི་གནད་དོན་ཐད་གུས་ཞེན་གྱིས་གནས་ཀྱི་ཡོད། དཔེར་ན། གལ་ཏེ་ང་ཚོའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་དེ་ཡེ་ཤུ་ཡིན་ན། ང་ཚོ་གང་འཚམ་བསམ་བློ་གུ་དོག་པོའམ་ཡང་ན་དམྱལ་བ་དང་། ངས་གང་བྱེད་དགོས་པ་དང་མི་དགོས་པའི་ཞེད་སྣང་གི་ནང་ཧ་ཅང་དོ་གལ་ཆེན་པོ་ཆགས་ཀྱི་ཡོད། སྐབས་རེར་ང་ཚོ་གང་ལ་གང་འཚམ་གྱི་ཕྱོགས་རིས་ཅན་ཀྱང་ཆགས་ཀྱི་ཡོད། དེ་སྤོང་བར་ང་ཚོ་སྐྱེས་ཐོབ་ཀྱི་ཆོས་ལུགས་དང་ཕ་མེས་ཡང་མེས་ནས་བརྒྱུད་པའི་ནང་པའི་ཆོས་ལུགས་ཀྱི་ནང་དགེ་མཚན་གྱི་ཆ་ཡོད་པར་ངོས་ལེན་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད་། སོ་སོའི་རིག་གཞུང་དང་། འཇར་མིན་དང་། ཨིཊ་ལི། ཨ་རིའི་མི་སོགས་ང་ཚོའི་རྒྱབ་ལྗོངས་གང་ཡིན་པའི་བཟང་ཕྱོགས་ཀྱི་གནད་དོན་རྣམས་ངོས་ལེན་བྱེད་དགོས། 

ཡེ་ཤུའི་ཆོས་ལུགས་ཀྱི་རྒྱབ་ལྗོངས་ཡོད་མཁན་ཚོར་བཟང་ཕྱོགས་ཀྱི་གནད་དོན་ཧ་ཅང་མང་པོ་ཡོད་ངེས་རེད་ལ། དེ་དག་ནི་ནང་བྱམས་པ་དང་། གཞན་ཕན་དགེ་རྩའི་ལས་དོན། ལྷག་པར་དུ་དབུལ་ཕོངས་དང་། ནད་པ། དགོས་མཁོ་ཅན་ལ་རོགས་ཕན་བསྒྲུབ་པ་བཅས་ཚུད་ཡོད་པ་ལྟ་བུ་རེད། དེ་དག་ནི་ཧང་སངས་དགོས་པའི་བཟང་ཕྱོགས་དགེ་བའི་ལས་རེད། དེ་དང་ནང་པའི་ཉམས་ལེན་གྱི་བར་ལ་འགལ་འདུ་གང་ཡང་མེད། ང་ཚོས་ནང་པ་དང་ཡེ་ཤུའི་ཆོས་ལུགས་གཉིས་ཀར་འཇུག་ཆོག །གང་ཡིན་ཞེ་ན། ང་ཚོས་ཡེ་ཤུའི་ཆོས་ལུགས་ནང་གི་རྒྱབ་ལྗོངས་བཟང་པོ་དེ་དག་བསྐྱུར་དགོས་དོན་མེད། ང་ཚོས་སོ་སོ་རང་ཉིད་ནང་པ་ཞིག་ཡིན་པ་ཡིད་ལ་འཁོར་གྱི་ཡོད་ནའང་མེད་ནའང་འདྲ་སྟེ། དེ་ནི་ནང་ཆོས་ཀྱི་ནང་གི་གནད་དོན་ཞིག་རེད་ཅེས་ངས་བསམ་གྱི་མི་འདུག །དེ་ནི་ཡུ་རོབ་དུས་རབས་བར་མའི་སྐབས་སུ། ཁྱེད་ཀྱི་ཆོས་ལུགས་གང་རེད་དམ་ཞེས་ང་ཚོས་ཞིབ་འཇུག་ཅིག་གི་སྔོན་ལ་རང་གིས་རང་ངོས་འཛིན་བྱེད་དགོས་པ་ནང་བཞིན་ནམ་ཡང་མ་རེད། དེ་ནི་ནང་པའི་ཐབས་ཚུལ་ཞིག་མིན། 

སྲོལ་རྒྱུན་རྒྱ་གར་གྱི་སྤྱི་ཚོགས་ནང་སྐྱ་བོ་ནང་པ་ཚོའི་གནས་བབས། 

ང་ཚོས་འདི་གནའ་བོ་རྒྱ་གར་གྱི་དཔེ་མཚོན་ནས་ཤེས་ཐུབ་སྙམ། ནང་ཆོས་དར་ཁྱབ་ཕྱིན་པའི་གནའ་བོ་རྒྱ་གར་ནང་། ནང་པ་དང་ཧིནྡུའི་ཆོས་ལུགས་དབར་ལ་ཧ་ཅང་མངོན་པར་གསལ་བའི་ཁྱད་པར་ཞིག་མེད། རྒྱ་གར་ནང་གི་ནང་ཆོས་ལ་རིགས་རུས་མེད་པ་དང་སངས་རྒྱས་བཅོམ་ལྡན་འདས་ནི་རིགས་རུས་ཀྱི་ལམ་ལུགས་ལ་དགག་པ་གནང་མཁན་དེ་ཡིན་ཞེས་པའི་འཁྲུལ་བ་ཞིག་ང་ཚོར་ཡོད། འོན་ཀྱང་དོན་ངོ་མར་དེ་ནི་རབ་ཏུ་བྱུང་བའི་སྡེ་ཁོ་ནའི་གནད་དོན་ཞིག་ཡིན་པ་རེད། དགེ་འདུན་དང་བཙུན་མ་རྣམས་ལ་ཆ་བཞག་ན། རིགས་རུས་ཀྱི་དབྱེ་བ་མེད། ཡིན་ནའང་དེ་ནི་སངས་རྒྱས་ཀྱི་ཆོས་ལ་འཇུག་མཁན་གྱི་སྐྱ་བོ་ཚོའི་གནད་དོན་ཞིག་མིན། ང་ཚོས་ཉམས་ཆག་ཕྱིན་པའི་གནའ་བོའི་ནང་པའི་དགོན་པ་དང་ལྷ་ཁང་ཁག་གི་རྩིག་ངོས་སུ་ཡོད་པའི་བརྐོས་ཡིག་ནང་། “དངུལ་འབོར་འདི་ཙམ་ཞིག་དགོན་པར་བྲམ་ཟེ་འདི་དང་དེས་ཞལ་འདེབས་གནང་” ཞེས་བཀོད་ཡོད་པ་མཐོང་ཐུབ། བརྐོས་ཡིག་འདི་དག་གི་ནང་རྟག་ཏུ་སྐྱ་བོ་སྦྱིན་བདག་དེའི་རིགས་རུས་གང་ཡིན་འཁོད་ཡོད། དེས་སྐྱ་བོ་ནང་པ་ཚོས་ཧིནྡུ་ཆོས་ལུགས་ལས་གཞན་ལོགས་སུ་སྡེ་ཁག་ཅིག་བསྐྲུན་མེད་པ་དང་དེ་དག་ཧིནྡུའི་སྤྱི་ཚོགས་ཀྱི་ཆ་ཤས་ཡིན་པའི་བརྡ་མཚོན་གསལ་པོ་ཞིག་རེད། དེའི་དོན་ནི་རྒྱ་གར་ལ་ནང་པའི་གཉེན་སྒྲིག་སྟོན་མོ་ལོགས་སུ་མེད། རྒྱ་གར་གྱི་སྐྱ་བོ་ནང་པ་ཚོ་ནི་དོན་ངོ་མར་ཧིནྡུའི་ལུགས་སྲོལ་གྱི་རྗེས་སུ་འབྲང་གི་ཡོད། 

དེ་ལ་ལེགས་ཉེས་ཀྱི་ཆ་གཉིས་ཀ་ཡོད། ལེགས་པའི་ཆ་དེ་གང་རེད་ཅེ་ན། གཞི་རྐང་ནས་རྒྱ་གར་ནང་མི་ཚང་མ་ཆིག་སྒྲིལ་མཉམ་སྡེབ་ཀྱི་སྤྱི་ཚོགས་ཤིག་གི་ཆ་ཤས་ཡིན་པ་དང་། གང་ཟག་རེ་རེས་སོ་སོ་རང་ཉིད་ཀྱི་གྲུབ་མཐའ་དང་བླ་མ་བསྟེན་གྱི་ཡོད། བྱས་ཙང་། ཁྱེད་ཀྱིས་ནང་པའི་གྲུབ་མཐའ་ཞིག་གི་རྗེས་སུ་འབྲངས་ཡོད་ནའང་འདྲ། ཡང་འདི་དང་དེ་ལྟ་བུའི་ཧིནྡུའི་ཆོས་ལུགས་ཀྱི་རྗེས་སུ་འབྲངས་ཡོད་ནའང་འདྲ་སྟེ། དེ་ལ་བརྟེན་ནས་དངོས་གནས་ཁྱད་པར་ཆེན་པོ་བཟོས་མེད། གང་ཡིན་ཞེ་ན། “ང་ཧིནྡུ་ཡིན་” ཞེས་པའམ་ “ང་ནང་པ་ཡིན་” ཞེས་ཤུགས་ཆེན་པོའི་སྒོ་ནས་བརྗོད་མི་དགོས་པར། ཚང་མ་ཞི་མཐུན་ངང་ནས་སྤྱི་ཚོགས་དེ་གའི་ཁོངས་སུ་གཏོགས་ཡོད་པ་རེད། གལ་ཏེ་ཁྱེད་རང་རབ་ཏུ་བྱུང་ན། དེ་ནི་སྤྱི་ཚོགས་མི་སྡེ་ལོགས་ཤིག་གི་ནང་འཛུལ་བཞུགས་བྱེད་པའི་དམ་བཅའ་ཞིག་ཡིན་ངེས་རེད། དེ་ནི་མི་འདྲ་བ་ཞིག་རེད། ང་ཚོས་སྲོལ་རྒྱུན་རྒྱ་གར་གྱི་ནང་སྐྱ་བོ་མི་ནག་ཚོའི་གོ་གནས་ཀྱི་སྐོར་ཤོད་ཀྱིན་ཡོད། 

ཉེས་པའི་ཆ་དེ་གང་རེད་ཅེ་ན། ནང་པའི་དགོན་སྡེ་ཁག་རྒྱ་གར་ནང་བེད་སྤྱོད་མེད་པ་ལྟ་བུར་གྱུར་བའི་སྐབས། ནང་པ་མང་ཆེ་བ་ཧིནྡུ་ཆོས་ལུགས་ཀྱི་ནང་ཧ་ཅང་ལས་སླ་པོའི་སྒོ་ནས་ཐིམས་པ་རེད། དམིགས་བསལ་ཧིནྡུ་ཆོས་ལུགས་ཀྱི་ནང་སངས་རྒྱས་བཅོམ་ལྡན་འདས་ནི་ཕྱི་རོལ་པའི་ལྷ་ཁྱབ་འཇུག་གི་རྣམ་སྤྲུལ་ཞིག་ཏུ་ངོས་ལེན་བྱས་པ་ནས་བཟུང་སྟེ། ནང་པ་མང་ཆེ་བ་ཧིནྡུར་བསྒྱུར་ཡོད། དེར་བརྟེན་སངས་རྒྱས་ལ་དད་མོས་བྱེད་པ་དང་ཉམ་དུ་ཧིནྡུ་ཡང་དག་པ་ཞིག་བྱ་རྒྱུ་ཧ་ཅང་ལས་སླ་པོ་ཡོད། 

ནང་པའི་ཆོས་ལ་ཞུགས་ནས་ད་དུང་ཡེ་ཤུའི་ལྷ་ཁང་དུ་སྐྱོད་པ།

བྱས་ཙང་། དྲི་བ་དེ་གང་ཆགས་ཀྱི་ཡོད་ཅེ་ན། ང་ཚོས་ནང་པའི་ཆོས་ལ་ཞུགས་ནས་ད་དུང་ཡང་ཡེ་ཤུ་པ་ཡག་པོ་ཞིག་བྱེད་ཐུབ་བམ། ང་ཚོར་ནང་ཆོས་ལ་གལ་ཆུང་དུ་འཛིན་པའི་མཐའ་རུ་མི་ལྷུང་བའམ། ཡང་ན་ “ང་རང་ནང་པར་གྱུར་ཟིན་པས། ད་ལྟ་ང་རང་ཡེ་ཤུའི་ལྷ་ཁང་དུ་འགྲོ་མི་ཆོག་” ཅེས་པའི་མཐའ་རུ་མི་ལྷུང་བའི་ཆ་སྙོམ་ཞིག་དགོས་ཀྱི་ཡོད། དྲི་བ་དངོས་གནས་ག་རེ་ཆགས་ཀྱི་རེད་ཅེ་ན། “ཆོ་ག་ཞིག་གི་ཚུལ་དུ་སྐྱབས་སུ་འགྲོ་བའི་དོན་གང་ཡིན་པ་དང་། ཡེ་ཤུའི་ཆོས་སྒོར་འཇུག་པའི་ལས་ཆོག་གི་ལུགས་ (baptism) ལྟ་བུ་ད་ང་རང་ནང་པ་ཆགས་པ་རེད་ཅེས་པའི་དོན་རེད་དམ་” ཞེས་པ་དེ་རེད། ངའི་བསམ་པར། དེ་ནི་ཡེ་ཤུའི་ཆོས་སྒོར་འཇུག་པའི་ལས་ཆོག་དང་དོན་མཚུངས་པ་མ་རེད། ཐབས་ཚུལ་དེའི་སྒོ་ནས་བལྟས་ན་ཕན་ཐོགས་ཡོད་རེད་བསམ་གྱི་མི་འདུག 

ང་ཚོས་རྗེས་སུ་འབྲང་བའི་ཆོས་ཀྱི་ལམ་དེ་གང་ལ་གང་འཚམ་གྱི་གསང་དགོས་པའི་སྒེར་གྱི་ཁེ་གཙང་ཉམས་ལེན་ཡིན་དགོས་སྙམ། སོ་སོའི་སྐེ་ལ་སྲུང་མདུད་དམར་པོ་བཙོག་པ་བཏགས་ནས་འགྲོ་བ་དང་། དམིགས་བསལ་ང་ཚོར་དེའི་རིགས་བཙོག་པ་མང་པོ་མཉམ་འདུས་ཀྱིས་བཏགས་ཡོད་ན། དེས་ང་ཚོར་ཧ་ཅང་ཁྱད་མཚར་པོ་མཐོང་འཇུག་གི་ཡོད། དེ་ནི་ཨུ་བྷངྒི་ཆུ་བོ་ཉེ་རྒྱུད་དུ་གནས་པའི་ཨ་ཧྥི་རི་ཀའི་མི་རྣམས་ (Ubangi African) ཀྱི་སྐེ་ལ་ལྕགས་ཀྱི་ཞགས་འཁོར་བཏགས་པ་དང་ཏོག་ཙམ་འདྲ་པོ་ཡོད། གལ་ཏེ་ང་ཚོར་སྲུང་སྐུད་དེ་དག་དགོས་ན། ང་ཚོས་དེ་དག་གསང་བའི་སྒོ་ནས་ཁེ་གཙང་དུ་ཉར་ཆོག །དཔེར་ན། སོ་སོའི་སྦ་ཁུག་ལྟ་བུའི་ནང་ཉར་ཆོག །ང་ཚོས་གང་བྱེད་བཞིན་པ་དེ་ཁྱབ་བསྒྲགས་གཏོང་དགོས་དོན་མེད། ང་ཚོ་ཡེ་ཤུའི་ལྷ་ཁང་དུ་འགྲོ་མི་ཆོག་པའམ་ཡང་ན་ནང་ཆོས་ལ་འཇུག་པའི་ཁས་ལེན་ལ་ཉེན་ཚབས་ཅན་ཡིན་པ་ཚོར་དགོས་དོན་གང་ཡང་མེད། 

ནམ་རྒྱུན་མི་རྣམས་ནང་ཆོས་ལ་བློ་ཁ་བསྒྱུར་བའི་སྐབས། ཐོག་མར་འགོ་བཙུག་པའི་སྐབས་ཁོང་ཚོ་དེའི་ཐད་ལ་སྲུང་སྐྱོབ་ཅན་ཆགས་ཀྱི་ཡོད། དེའི་རྒྱུ་མཚན་ནི་ཁོང་ཚོ་དེ་དང་མཉམ་དུ་ད་དུང་ཡང་ཉེན་སྲུང་མེད་པ་དང་བདེ་པོ་མེད་པ་རེད། བྱས་ཙང་། ང་ཚོའི་ཆོས་ཕྱོགས་ཀྱི་ལམ་གྱི་གདམ་ཀ་ལ་བདེན་པ་དག་སྐྱེལ་བྱེད་པར། སེམས་ཁམས་ཀྱི་ཆ་ནས་ང་ཚོས། “ང་རང་ཡེ་ཤུའི་ལྷ་ཁང་དུ་འགྲོ་མི་ཐུབ་ལ། ངས་འདས་པའི་དུས་ཀྱི་དགེ་བའི་གནད་དོན་གང་ལའང་བསམ་བློ་གཏོང་ཐུབ་ཀྱི་མི་འདུག་” ཅེས་ཚོར་གྱི་ཡོད། དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད། གལ་ཏེ་ང་ཚོས་ནང་པའི་ཆོས་ཀྱི་ལམ་ལ་ལྷག་བསམ་གྱིས་འཇུག་བཞིན་ཡོད་ན། དེའི་ཆེད་དུ་རང་གི་ནུས་པ་ཡོངས་སུ་རྫོགས་པ་གཏོང་དགོས་པ་ནི་ཤོད་ག་ལ་དགོས། འོན་ཀྱང་དེ་ནི་ཡེ་ཤུའི་ཆོས་ལུགས་ཀྱི་བྱམས་བརྩེ་ཉམས་ལེན་བྱེད་པ་དང་། དེ་བཞིན་རླབས་ཆེན་གྱི་མི་སྣ་དཔེར་ན། ཨ་མ་ཊེ་རེ་ས་ལྟ་བུའི་སེམས་སྐུལ་ལ་བརྟེན་ནས་ཁོང་གིས་ཇི་ལྟར་དབུལ་ཕོངས་རྣམས་ལ་རོགས་ཕན་བསྒྲུབས་པ་ནང་བཞིན་ང་ཚོས་ཀྱང་ཐབས་ཤེས་དང་འབད་བརྩོན་བྱེད་པ་དང་འགལ་བ་ཆགས་ཀྱི་མེད། དེ་ནི་ནང་པའི་ལམ་དང་མཐའ་གཅིག་ཏུ་འགལ་འདུ་ཞིག་ཆགས་ཀྱི་མེད། དེ་འགལ་འདུ་ཅན་ཇི་ལྟར་ཆགས་སྲིད་དམ། 

གལ་ཏེ་ང་ཚོའི་མི་ཚེའི་ནང་སྒོམ་རྒྱག་པ་དང་ནང་པའི་ཉམས་ལེན་གཞན་སྣ་ཚོགས་པ་བྱེད་བཞིན་ཡོད་པ་དང་། དུས་སྐབས་ཤིག་བསླེབ་པ་དང་དེའི་ནང་གནད་དོན་དེ་བསྒྲུབ་དགོས་ཀྱི་ཡོད་ན། ང་ཚོ་ཡེ་ཤུའི་ལྷ་ཁང་དུ་འགྲོ་བདེ་པོ་མེད་པ་ཚོར་དུ་འཇུག་པའི་རྒྱུ་མཚན་གང་ཡང་མེད། དེ་ནི་དཀའ་ངལ་གང་ཡང་མ་རེད། ང་ཚོས་གནས་སྟངས་དེའི་ནང་ལྷ་ཁང་དུ་འགྲོ་བའི་སྐབས། དེར་བསྡད་ནས་དེས་ཞེད་སྣང་སྐུལ་བར་ཚོར་བ་བྱུང་བ་དང་། དེ་ལ་བརྟེན་ནས་ང་ཚོས་རྟག་པར་སྔགས་བགྲང་དགོས་པ་ནི་དངོས་གནས་ཕན་ཐོགས་ཅན་ཞིག་མིན། གལ་ཏེ་ང་ཚོ་ཡེ་ཤུའི་ལྷ་ཁང་དུ་ནང་པའི་ཉམས་ལེན་པ་ནང་བཞིན་ཕྱིན་ན། དེའི་ནང་མཉམ་བཞུགས་བྱེད་པས་མ་འགྲིག་པ་གང་ཡང་མེད། གལ་ཆེན་པོ་དེ་གང་རེད་ཅེ་ན། ལྷ་ཁང་དུ་ཡོད་པའི་དུས་སྐབས་ཀྱི་ཉམས་མྱོང་ཡོངས་སུ་རྫོགས་པའི་བསམ་བློའི་ཁྱེར་སོ་དེ་རེད། 

ད་སྒྲིག་འཛུགས་ལྡན་པའི་ཆོས་ལུགས་ཀྱི་རྣམ་པ་གང་འདྲ་ཞིག་ཡིན་ནའང་། དེའི་ནང་ང་ཚོས་ཡིད་དུ་འོང་བའི་གནད་དོན་དང་དེ་ཙམ་ཡིད་དུ་མི་འོང་བའི་གནད་དོན་རྙེད་ཀྱི་རེད། བྱས་ཙང་། གལ་ཏེ་ཚོའི་ནང་མིས་ “འདི་ནི་གུང་སེང་དམིགས་བསལ་ཅན་ཞིག་རེད། ལྷ་ཁང་ལ་ཤོག །ཡེ་ཤུ་མ་ཤི་ཀའི་འཁྲུངས་སྐར་ཉིན་མོ་རེད་” ཅེས་བརྗོད་པའམ་ཡང་ན་གང་བརྗོད་ནའང་། གནས་སྟངས་དེ་འདྲ་ཤིག་གི་ནང་ང་ཚོས་ཀྱང་ “ང་ཁྱེད་དང་མཉམ་དུ་ཡེ་ཤུའི་ལྷ་ཁང་ལ་འགྲོ་གི་མིན། ང་རང་ནང་པ་ཞིག་ཡིན་” ཞེས་བརྗོད་པ་དེས་དངོས་གནས་ཁོང་ཚོར་འཁང་ར་བྱེད་ཀྱི་ཡོད། ཁོང་ཚོས་དེ་ནི་སྒེར་དོན་དུ་བརྩིས་ནས་ངོས་ལེན་མི་བྱེད་པ་ཞིག་ལ་ཆ་འཇོག་བྱེད་ཀྱི་ཡོད། བྱས་ཙང་། སོ་སོའི་ནང་མི་དང་མཉམ་དུ་ཡེ་ཤུ་མ་ཤི་ཀའི་འཁྲུངས་སྐར་གྱི་སྲི་ཞུའི་ཆེད་འགྲོ་ན་ཡག་ག་ཡོད། ཡེ་ཤུའི་ཆོས་ལུགས་ཀྱི་ནང་ང་ཚོར་བསུན་གཙེར་བཟོས་ཡོད་སྲིད་པའི་གནད་དོན་ཁག་དང་ང་ཚོ་འདས་པའི་སྐོར་ལ་ཞིབ་བརྟག་སྐྱོན་འཛུགས་ཅན་ཆགས་ཡོད་སྲིད་པ་ལ་དམིགས་པ་གཏད་རྒྱུའི་ཚབ་ལ་བཟང་ཕྱོགས་ཀྱི་གནད་དོན་ཐད་དམིགས་པ་གཏད་དགོས། གང་ཡིན་ཞེ་ན། བཟང་ཕྱོགས་ཀྱི་གནད་དོན་མང་པོ་ཡོད་པ་རེད། འདི་ལྟར་ནང་སེམས་ཁམས་ཀྱི་ཆ་ནས་དེའི་འབྲས་བུར། ང་ཚོས་གོང་བུ་གཅིག་ཏུ་སྒྲིལ་བའི་གང་ཟག་ཅིག་རྦད་དེ་འདྲ་ཆེ་བ་ཚོར་གྱི་ཡོད། ང་ཚོས་སོ་སོའི་སྒེར་གྱི་ལོ་རྒྱུས་ལ་བརྟེན་ནས་ཞི་བདེ་བསྐྲུན་ཡོད། དེ་ནི་དངོས་གནས་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། 

བདེ་སྐྱིད། 

རང་གིས་རང་ལ་ཞི་བདེ་འཚོལ་བ་དེས་ “ནང་ཆོས་ནང་བདེ་སྐྱིད་ལ་གནས་བབས་གང་ཡོད་དམ་” ཞེས་པའི་བརྗོད་གཞི་དེ་གླེང་སློང་བར་བྱེད་ཀྱི་ཡོད། ངའི་བསམ་པར། ནང་ཆོས་ནང་འཇུག་མཁན་གྱི་ལས་དང་པོ་བ་མང་པོ་དང་། ལྷག་པར་དུ་ང་ཚོ་ཚང་མ་སྡིག་ཅན་ཡིན་ཞེས་ནན་བརྗོད་བྱེད་པའི་ཆོས་ལུགས་ཤིག་ནས་སླེབས་ཡོད་ན། དེ་དག་ལ་གནད་དོན་ཧ་ཅང་ཆེན་པོ་ཞིག་ཡོད་པ་ནི། “ང་རང་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་ཆོག་གམ་” ཞེས་པ་དེ་རེད། ང་ཚོས་ནང་པའི་ཆོས་ཀྱི་ནང་། ཚང་མ་སྡུག་བསྔལ་ཡིན་པ་དང་ང་ཚོ་དུས་ངེས་མེད་ནང་འཆི་སྲིད་ཅེས་གསུང་གི་ཡོད་པ་ཐོས་རྒྱུ་ཡོད། བྱས་ཙང་། དུས་ཚོད་འཕྲོ་བརླག་གཏོང་མི་ཉན། དེར་བརྟེན་ང་ཚོར་ཡང་སེ་གློག་བརྙན་ལྟ་བར་འགྲོ་མི་ཆོག་པ་དང་། དལ་ལྷོད་ངང་སྡོད་མི་ཆོག་པའམ་ཡང་ན་སྐྱིད་པོ་གཏོང་མི་ཆོག་པའི་ཚོར་སྣང་ཞིག་ཡོང་གི་ཡོད། དེ་ནི་གོ་ནོར་ཆེན་པོ་ཞིག་རེད། ང་ཚོས་ཐོག་མར་བདེ་སྐྱིད་ཅེས་པའི་མཚན་ཉིད་ལ་ལྟ་དགོས་པ་དང་བདེ་སྐྱིད་ཟེར་བ་དེ་གང་ཡིན་རྟོགས་དགོས། མི་འགའ་ཞིག་གིས་ཐ་ན་རང་ཉིད་སྐྱིད་པོ་ཡིན་པ་དང་བདེ་སྐྱིད་ཟེར་བ་དེ་གང་ཡིན་པའང་ཤེས་ཀྱི་མེད། ཁོ་ཚོས་མི་གཞན་ཞིག་ལ་ “ང་རང་མི་བདེ་སྐྱིད་ལྡན་པ་ཞིག་ཏུ་མཐོང་གི་འདུག་གམ། ཁྱེད་ཀྱིས་ག་རེ་བསམ་གྱི་འདུག་” ཅེས་འདྲི་དགོས་པ་ཆགས་ཀྱི་ཡོད། 

ནང་ཆོས་ཀྱི་ནང་བདེ་སྐྱིད་ཀྱི་མཚན་ཉིད་འགའ་ཞིག་ཡོད། མཚན་ཉིད་གཙོ་བོ་ནི་བདེ་སྐྱིད་ཟེར་བ་ནི་དགེ་བའི་ལས་བྱས་པའི་རྣམ་སྨིན་གྱི་འབྲས་བུ་སྨིན་པའི་ཚོར་བ་དེ་རེད། དེ་ནི་དགེ་བའི་ལས་ཀྱི་འབྲས་བུ་སྨིན་པ་དེ་རེད། གལ་ཏེ་དེ་བདེ་སྐྱིད་ཀྱི་མཚན་ཉིད་ཡིན་ན། དེ་ནས་ནང་ཆོས་ཀྱི་ནང་ང་ཚོ་དགེ་སེམས་ཅན་ཆགས་དགོས་ཤིང་། དེའི་འབྲས་བུར་ང་ཚོས་བདེ་སྐྱིད་མྱོང་ཐུབ། ནང་པའི་ཉམས་ལེན་ལ་བརྟེན་ནས་ང་ཚོས་དམིགས་བསལ་དགེ་སེམས་ཅན་བྱ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པས། དེའི་འབྲས་བུར་ང་ཚོས་བདེ་སྐྱིད་མྱོང་ངེས་རེད་ལ། ང་ཚོས་དེ་མྱོང་ཆོག་པ་ཞིག་རེད། ནང་ཆོས་ནས་བདེ་སྐྱིད་མྱོང་མི་ཆོག་ཅེས་གསུང་གི་ཡོད་པའི་གནས་སྟངས་ཆགས་མི་ཐུབ། གལ་ཏེ་ནང་ཆོས་ནང་བདེ་སྐྱིད་མྱོང་མི་ཆོག་པ་ཡིན་ན། དེ་ནས་ནང་པ་ཚོས་དུས་རྟག་ཏུ་མི་དགེ་བའི་ལས་བྱེད་མཁན་ཆགས་ངེས་རེད། གང་ཡིན་ཞེ་ན། ཁོང་ཚོ་ནམ་ཡང་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་རྒྱུ་མིན་ངེས་ཀྱི་བརྟན་ཆ་བྱེད་ཀྱི་ཡོད། 

དེར་མ་ཟད། ནང་ཆོས་ཀྱི་ནང་གཞི་རྩའི་ཆོས་ཤིག་ཡོད་པ་དེ་ནི་སེམས་ཅན་རྣམས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་རེད། དེ་ལྟར་ཡིན་པ་དང་བྱམས་བརྩེ་ལ་བརྟེན་ནས་ང་ཚོས་ཚང་མ་བདེ་བ་དང་ལྡན་པར་ཤོག་ཅེས་ཡིད་སྨོན་བྱེད་པ་དང་། ང་ཚོས་ད་དུང་ཡང་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པའི་ཆེད་འབད་བརྩོན་བྱེད་བཞིན་ཡོད། ང་ཚོས་སོ་སོ་རང་ཉིད་ལ་བདེ་སྐྱིད་འབྱུང་བར་འདོད་པ་དང་དེའི་ཆེད་དུ་འབད་བརྩོན་ཀྱང་བྱེད་ཀྱི་ཡོད་པ་གསལ་པོ་རེད། 

བདེ་སྐྱིད་ཟེར་བ་དེ་ནི་ཚོར་བ་ཞིག་ཡིན་པ་དང་ཚོར་བ་དེ་འབྱུང་བའི་སྐབས། ང་ཚོར་དེ་མུ་མཐུད་ནས་གནས་ན་བསམ་པའི་འདོད་པ་དེ་ཡོང་གི་ཡོད། ཚོར་བ་བདེ་བ་དེ་ཡལ་བའི་སྐབས། དེ་སླར་ཡང་འོང་ན་ཅི་མ་རུང་བསམ་པའི་འདོད་པ་དེའང་ཡོད། ཡིན་ནའང་ཚོར་བ་དེ་ལ་ཞེན་འཛིན་ཡོད་པའི་སྒོ་ནས་མིན། གཞི་རྐང་ནས་བདེ་སྐྱིད་ཟེར་བ་དེ་ཡིད་དུ་འོང་བའི་ཚོར་བ་རེད། 

བདེ་སྐྱིད་དང་འབྲེལ་བའི་རྨོངས་པའི་གནད་དོན་ཁག

བདེ་སྐྱིད་ཀྱི་གནད་དོན་ཐད་རྨོངས་པ་ནི་དོན་གནད་གཉིས་ཀྱི་སྟེང་ལ་འབྱུང་གི་ཡོད་པ་ལྟར་སྣང་། གཅིག་ནི་ང་ཚོས་ནམ་རྒྱུན་ཡང་སེ་བདེ་བ་མྱོང་བར་བསམ་བློ་གཏོང་བ་དང་ཚོར་བ་དེ་འཁྲུག་ཆ་དོད་པོ་ཞིག་དགོས་ཀྱི་ཡོད་པ་དེ་རེད། གནད་དོན་གཞན་དེ་ནི་བདེ་སྐྱིད་ཚད་ལྡན་ཡིན་པའམ་དེའི་ཁྱད་ཆོས་ཚང་བར། བདེ་སྐྱིད་ཀྱིས་རྣམ་པའམ་ངོ་བོ་གང་ཞིག་ལ་རྨོངས་པ་ཆ་འཇོག་བྱེད་དགོས་པ་དེ་རེད། གནད་དོན་གཉིས་པ་དེ་ནི་བདེ་སྐྱིད་འབྱུང་ཁུངས་དངོས་གང་རེད་དམ་ཞེས་པའི་དྲི་བ་དང་འབྲེལ་བ་ཆགས་ཀྱི་ཡོད། 

ཐོག་མར་བདེ་སྐྱིད་ཟེར་བ་དེ་བདེ་སྐྱིད་ཅིག་ལ་ཆ་འཇོག་བྱེད་པར། དེ་འཁྲུག་ཆ་དོད་པོ་ཞིག་མི་དགོས། ང་ཚོས་ནམ་རྒྱུན་ཡང་སེ་ཚོར་བ་ཞིག་ཡོད་པར། དེ་དངོས་གནས་ཤུགས་ཆེན་པོ་ཞིག་དགོས་པར་བསམ་གྱི་ཡོད། དངོས་པོ་རྣམས་ལ་གློག་བརྙན་འཁྲབ་སྟོན་གྱི་བསམ་ཕྱོགས་ལྟ་བུ་ཞིག་ང་ཚོར་ཡོད། གལ་ཏེ་དགེ་བའི་སེམས་ཚོར་ཞིག་གི་ངར་ཤུགས་དེ་དམའ་པོ་ཡོད་ན། དེ་ལ་བརྟེན་ནས་གློག་བརྙན་ཡག་པོ་ཞིག་དང་འཁྲབ་སྟོན་ཡག་པོ་ཞིག་ཡོང་གི་མེད། དེར་བརྟེན་དེ་ནི་ཧ་ཅང་ཤུགས་ཆེན་ཞིག་དགོས་ཤིང་། ཐ་ན་རྒྱབ་ལྗོངས་སུ་འཁྲུག་ཆ་དོད་པའི་རོལ་དབྱངས་ཀྱང་དགོས་སྲིད་པ་རེད། གནས་སྟངས་དེ་འདྲ་མ་རེད། ངས་གོང་དུ་ཞུས་པ་ལྟར། བདེ་སྐྱིད་ཅེས་པ་ནི་ང་ཚོས་མྱོང་བའི་ཚོར་བ་ཡིད་དུ་འོང་བ་དང་དེ་མུ་མཐུད་ནས་གནས་ན་བསམ་པའི་འདོད་པ་དེ་རེད། དེ་ནི་ཧ་ཅང་སྐྱིད་ཉམས་ལྡན་པ་ཞིག་ཡོད། བདེ་སྐྱིད་ཅེས་པ་དེ་ “སྤྲོ་དགར་རོལ་བ་དང་། ངོ་མཚར་བ་ལ། དཔེ་མི་སྲིད་པའི་ཡག་པོ་” ཟེར་བ་ལྟ་བུ་ལེ་ཊིན་ཨ་རིའམ་ཡང་ན་ཨིཊ་ལིའི་མིག་སྟོན་གསལ་བཤད་དང་འདྲ་པོ་འདྲ་རྐྱང་གི་སྤྲོ་ཤུགས་ཅན་གྱི་གནད་དོན་ནང་ནས་གཅིག་ཡིན་མི་དགོས། དེ་ནི་དེ་ལས་ཞི་དུལ་ཆེ་བའི་ཨིན་ཇིའི་གནད་དོན་ཞིག་ཀྱང་ཡིན་སྲིད།

གནད་དོན་གཉིས་པར་མཚོན་ན། ང་ཚོས་བདེ་སྐྱིད་དང་སྡུག་བསྔལ་གྱི་ཚོར་བའི་རིམ་པའི་སྐོར་ཤོད་སྐབས། དེ་ནི་ང་ཚོའི་ལས་ཀྱི་རྣམ་པར་སྨིན་པར་ཉམས་སུ་མྱོང་བའི་ཚུལ་དེ་རེད། དེ་ནི་ང་ཚོས་མི་ཚེའི་ནང་གནད་དོན་ཇི་ལྟར་ཉམས་སུ་མྱོང་ཚུལ་དེ་རེད། དྲི་བ་དེ་གང་རེད་ཅེ་ན། ང་ཚོས་བདེ་སྐྱིད་དེ་རྣམ་པའམ་ངོ་བོ་གང་འདྲ་ཞིག་གི་ནང་མྱོང་ངེས་རེད་དམ། ང་ཚོའི་བདེ་སྐྱིད་ཀྱིས་ཆ་འཇོག་བྱེད་པའི་རྣམ་པའམ་ངོ་བོ་དེ་ང་ཚོ་སྤྲོ་སེམས་འཁོལ་ནས་ཡོད་པ་དང་། བག་ཡངས་བྱས་པ། མི་ཚེ་དཀྱུས་མ་ལས་རྣམ་པར་གཡེང་བའམ་སྐྱིད་པོ་གཏོང་བ་དང་འབྲེལ་བ་ཞིག་ཡོད་དམ། ཚོར་བ་ཞིག་བདེ་སྐྱིད་ཡིན་པར་ཁྱད་ཆོས་ཚང་བར་ང་ཚོས་སྐྱིད་ཚོར་མྱོང་ངེས་རེད་དམ། ད་དུང་དེ་ལས་གཞི་རྐང་གི་རིམ་པའི་ཐོག་ནས་བཤད་ན། སྐྱིད་ཚོར་མྱོང་ཕྱིར་ལས་དོན་ཞིག་བྱེད་པ་དེ་བདེ་སྐྱིད་ཀྱི་འབྱུང་ཁུངས་ངོ་མ་རེད་དམ། 

སྐྱིད་ཚོར། 

སྐྱིད་ཚོར་ནི་ཚིག་ཧ་ཅང་དོ་སྣང་བྱ་འོས་པ་ཞིག་རེད། དེ་ནི་ཧ་ཅང་འགྲེལ་བརྗོད་བྱ་དཀའ་བ་ཞིག་ཡོད། ཐེངས་ཤིག་ཧོ་ལེནྜའི་རྒྱལ་ཁབ་ལ་ང་རང་ངའི་དགེ་བའི་བཤེས་གཉེན་ཆེན་པོ་༧སྐྱབས་རྗེ་སེར་ཀོང་རིན་པོ་ཆེ་དང་ལྷན་དུ་ཡོད་པའི་སྐབས། ང་ཚོ་མཉམ་དུ་སྡོད་སའི་མི་རྣམས་ལ་སྒེར་གྱི་དར་གྲུ་ཧ་ཅང་ཆེན་པོ་ཞིག་འདུག །ཉིན་གཅིག་ཁོང་ཚོས་ང་ཚོ་དར་གྲུའི་ནང་ཕྱི་ལ་དུས་ཚོད་སྐྱིད་པོ་ཞིག་ཡོང་ཕྱིར་ཁྲིད་སོང་། དར་གྲུ་དེ་མཚོ་ཧ་ཅང་ཆུང་ཆུང་ཞིག་གི་ནང་འདུག །དར་གྲུ་ཧ་ཅང་ཆེན་པོ་ཞིག་མཚོ་ཆུང་ཆུང་ཞིག་གི་ནང་འདུག །མཚོ་ཆུང་དེའི་ནང་ད་དུང་གྲུ་གཟིངས་ཆེ་ཆུང་གཞན་མང་པོ་འདུག །ང་ཚོ་དར་གྲུ་དེའི་ནང་ཕྱིན་ཏེ་མཚོ་ཆུང་དེར་གྲུ་གཟིངས་གཞན་ཚང་མ་དང་མཉམ་དུ་བསྐོར་བ་རྒྱག་པ་ཡིན། དུས་སྐབས་དེས་ང་ཚོ་དགའ་མགུའི་རོལ་སའི་སྐྱེད་ཚལ་ཞིག་གི་ནང་ཡོད་པ་དང་། དེར་བྱིས་པ་ཚོས་མོ་ཊ་ཆུང་ཆུང་བཏང་ནས་བསྐོར་བ་རྒྱག་བཞིན་པ་ལྟ་བུ་དྲན་གསོ་བཏང་སོང་། དེ་འདྲ་ཞིག་འདུག །ཏོག་ཙམ་རྗེས་ནས་སེར་ཀོང་རིན་པོ་ཆེས་ང་ལ་ཞལ་ཕྱོགས་ཏེ། བོད་སྐད་ནང་ང་ལ། “ཁོང་ཚོས་སྐྱིད་ཚོར་ཟེར་བ་འདི་རེད་དམ་” ཞེས་གསུངས་སོང་། 

ངས་ཞུ་རྒྱུའི་དོན་དག་ནི་གལ་ཏེ་ང་ཚོས་བདེ་སྐྱིད་ལ་རྒྱུ་དང་འབྲས་བུའི་སྒོ་ནས་བལྟས་ན། བདེ་སྐྱིད་དང་ལྡན་པའི་རྒྱུ་གང་རེད་དམ། ནང་པའི་ལྟ་ཚུལ་ལྟར་བྱས་ན། བདེ་སྐྱིད་ཀྱི་རྒྱུ་ནི་ཕན་བྱེད་དགེ་བའི་སྤྱོད་ལམ་རེད། དེ་ནི་ཕྱི་རུ་ཕྱིན་ཏེ་སྐྱིད་ཚོར་ཡོང་བར་བྱབ་ཆུང་གི་ལས་ཀ་བྱེད་པ་དང་དེ་ལ་བརྟེན་ནས་ང་ཚོར་བདེ་སྐྱིད་འབྱུང་གི་ཡོད་པ་དེ་འདྲ་མ་རེད། ང་ཚོས་ཕྱི་རུ་ཕྱིན་ཏེ་སྤྱི་ཚོགས་ཀྱིས་སྐྱིད་ཚོར་ཞེས་བརྗོད་པ་དེ་ལ་རོལ་ཆོག །དཔེར་ན། གྲུ་འཟིངས་འདིའི་ནང་འགྲོ་བའམ་གློག་བརྙན་ལྟ་བར་འགྲོ་བ། ཡང་ན་གསོལ་སྟོན་དུ་ཕྱིན་པ་དེ་དག་ལ་སྐྱིད་ཚོར་བསམས་ནའང་། དེནི་མཐའ་གཅིག་ཏུ་ཡིད་གདུང་བ་ཅན་ཞིག་ཆགས་པ་ལྟ་བུ་རེད། ཡང་ཕྱོགས་གཞན་ཞིག་ནས་ང་ཚོ་སོ་སོའི་ལས་ཀའི་ཆེད་ལས་ཁུངས་སུ་ཧ་ཅང་སྐྱིད་པོ་དང་ཆོག་ཤེས་པར་གནས་ཡོད་སྲིད་པ་རེད། བྱས་ཙང་། གལ་ཏེ་ང་ཚོས་བདེ་སྐྱིད་ཀྱི་རྒྱུ་དགེ་བའི་ལས་བསགས་ཡོད་ན། གནས་སྟངས་གང་འདྲ་ཞིག་གི་ནང་ང་ཚོས་བདེ་སྐྱིད་མྱོང་བ་ལས་སྲོལ་རྒྱུན་དུ་ “སྐྱིད་ཚོར་” ཞེས་བརྗོད་པའི་གནས་སྟངས་ཁོ་ནའི་ནང་བདེ་བ་མྱོང་དགོས་པའི་ངེས་པ་མེད། 

ང་ཚོར་གང་བྱེད་དགོས་མིན་དང་སོ་སོའི་དུས་ཚོད་ཇི་ལྟར་བེད་སྤྱོད་གཏོང་རྩིས་ཡོད་པའི་གདམ་ཀ་ཡོད་སྐབས། ལས་ཀ་བྱ་རྒྱུ་དང་། ངལ་གསོ་རྒྱག་རྒྱུ། རྩེད་མོ་རྩེ་རྒྱུ། རྐྱལ་རྒྱག་རྒྱུ་སོགས་གདམ་ཀ་བྱེད་སྲིད། འོན་ཀྱང་ང་ཚོའི་སེམས་ནང་ལས་ཀ་དེའི་ནང་བདེ་སྐྱིད་ཀྱི་འབྱུང་ཁུངས་གང་ཡིན་པའི་གོ་རྟོགས་གསལ་པོ་ཞིག་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག ། “ང་རང་སྐྱིད་པོ་ཡོང་ཕྱིར་འདི་བྱེད་འདོད་འདུག་” ཅེས་པའི་གཞི་རྩ་དང་བསྟུན་ཏེ། ང་ཚོས་རྐྱལ་རྒྱག་རྒྱུ་དང་ལས་ཀ་བྱ་རྒྱུའི་གདམ་ཀ་བྱེད་ཆོག་ཀྱང་། ང་ཚོས་ལག་བསྟར་བྱེད་ཆོག་པའི་གཞི་རྩ་གཞན་དག་ཀྱང་ཡོད་སྙམ། གཞི་རྩ་གཞན་ནི་ “ངས་ལས་ཀ་ཧུར་ཐག་བྱས་དང་བྱེད་མུས་ཡིན། ང་རང་ཧ་ཅང་ཐང་ཆད་སོང་། ངའི་མི་ཚེའི་ནང་སོ་སོ་རང་ཉིད་དང་གཞན་དག་ཕན་ཐོགས་ཆེ་བ་ཡོང་ཕྱིར། ད་ལྟ་ངལ་གསོ་རྒྱག་རྒྱུ་དེ་ཕན་འབྲས་ཆེ་བ་ཡོང་གི་རེད། མུ་མཐུད་དེ་འབད་བརྩོན་བྱ་རྒྱུ་དེ་ད་ནས་བཟུང་ཕན་འབྲས་ལྡན་པ་རེད་” ཅེས་པ་དེ་ཡིན་ངེས་རེད། གལ་ཏེ་ང་ཚོས་དེ་ལ་སྙན་ངག་གི་གཟུགས་རྒྱན་ཞིག་བེད་སྤྱོད་བྱེད་ཆོག་ན། རྟ་ཕྱི་རུ་རྩྭ་ཐང་གི་སྟེང་དུ་ཕྱིན་ཏེ་རྩྭ་བཟའ་དགོས་ཀྱི་ཡོད་པ་ལས། དེ་མིན་རྟག་དེ་རྒྱུག་མི་ཐུབ་ཟེར་བ་ལྟ་བུ་རེད། 

མི་ཚེ་ནི་དཀའ་ངལ་ཅན་རེད་ཟེར་བ་དེ་འཕགས་པའི་བདེན་པ་དང་པོ་རེད། ལུས་རྟེན་འདི་འདྲ་ཞིག་འཐོབ་རྒྱུ་དཀའ་ལས་ཁག་པོ་རེད། ཉིན་གཅིག་གི་ནང་ཚུ་ཚོད་ཉེར་བཞིའི་རིང་རྟག་ཏུ་ལས་ཀ་བྱེད་མི་ནུས། ང་ཚོས་ངལ་གསོ་རྒྱག་དགོས་པ་དང་གཉིད་ཉལ་དགོས་ཤིང་། བཟའ་མ་བཟའ་དགོས་ཀྱི་ཡོད། དེའི་ཐད་ནག་ཉེས་ཅན་ཚོར་དགོས་དོན་མེད། མི་ཚེ་ནི་དཀའ་ངལ་ཅན་ཡིན་པའི་བདེན་དོན་དེ་ངོས་ལེན་བྱེད་པའི་སྐོར་བཤད་དུས་ང་ཚོས་ནག་ཉེས་ཀྱི་སྐོར་ལ་གདོང་ལེན་བྱས་ཚར་བ་རེད། མི་ཚེ་ནི་དཀའ་ངལ་གྱི་རིགས་སྣ་ཚོགས་པས་ཁེངས་ནས་ཡོད་པའི་བདེན་དོན་ཞིག་རེད། གལ་ཏེ་བདེན་དོན་དེ་ཁས་ལེན་ཐུབ་ན། ང་ཚོས་དེའི་ཐད་ནག་ཉེས་ཅན་ཚོར་གྱི་མ་རེད། འོན་ཀྱང་གལ་ཏེ་ང་ཚོར་ “ད་ངས་ངེས་པར་དུ་སྐྱིད་ཚོར་མྱོང་དགོས་ཀྱི་འདུག་” ཅེས་པའི་བསམ་བློ་དེ་ཡོད་པ་དང་། ང་ཚོས་རང་གིས་རང་ལ་སྐྱིད་ཚོར་ཡོང་བ་དང་བདེ་སྐྱིད་ཡོང་བར་ཨུ་ཚུགས་བྱས་ན། དེས་ནམ་རྒྱུན་ཕན་གྱི་མེད། གལ་ཏེ་གློག་བརྙན་ལྟ་རུ་འགྲོ་བ་དང་། རྐྱལ་རྒྱག་ཏུ་འགྲོ་བ། ཟ་ཁང་དུ་འགྲོ་བ་དེས་ང་ཚོར་སྐྱིད་པོ་བཟོ་གི་རེད་ཅེས་པའི་རེ་འདུན་དེ་མེད་པའམ་ཡང་ན་དེ་ལྟ་བུའི་སྐྱིད་ཚོར་མྱོང་བ་ནི་ང་ཚོ་སྐྱིད་པོ་ཡིན་པའི་དོན་རེད་ཅེས་རེ་འདུན་མེད་ན། ང་ཚོ་བློ་ཕམ་འབྱུང་གི་མ་རེད། བྱེད་སྒོ་འདི་དག་གིས་ང་ཚོའི་གློག་རྫས་སླར་གསོག་ཆེད་རོགས་བྱེད་སྲིད་པ་རེད། དེའི་དོན་ནི་ངལ་གསོ་བའི་སྒོ་ནས་ང་ཚོར་ནུས་པ་སོགས་མང་བ་སྟེར་ཐུབ་སྲིད། དེ་འདྲ་ཞིག་བྱེད་ཐུབ་སྲིད་ཀྱང་། དེ་ལ་ཁག་ཐེག་གང་ཡང་མེད། འདི་དག་བྱེད་བཞིན་པའི་སྐབས་ང་ཚོ་སྐྱིད་པོ་ཡོད་དང་མེད་ནི་དྲི་བ་གཞན་ཞིག་རེད། དེར་མ་ཟད། ང་ཚོས་བྱེད་སྒོའི་སྐབས་སུ་བདེ་སྐྱིད་གང་འཚམ་ཞིག་མྱོང་གི་ཡོད་ན། དེ་ནི་ཧ་ཅང་ཤུགས་ཆེ་བའི་དངངས་ཚབས་ཤིག་སྟེ། ལྷོ་ཨ་རིའམ་ལེ་ཊིན་གྱི་ཉམས་མྱོང་ཆགས་ཉམས་ཅན་དེ་འདྲ་ཡིན་མི་དགོས། 

འདི་ནི་གློག་བརྙན་ལྟ་རུ་འགྲོ་བའམ་ཡང་ན་རྐྱལ་རྒྱག་པ་ཁོ་ནར་བདེན་པ་ཡིན་པ་མ་ཟད། མི་གཞན་དང་མཉམ་དུ་གྲོགས་པོ་ཡིན་པ་དང་མཉམ་དུ་ལྷོད་ཡངས་ངང་གནས་པའི་འབྲེལ་ལམ་ཐད་ལའང་སེམས་ནང་ཉར་རྒྱུ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། མི་འགའ་ཞིག་གིས་ཁོང་ཚོ་རང་གི་གྲོགས་པོ་ཞིག་ཐུག་འཕྲད་དུ་འགྲོ་སྐབས། ཁོང་ཚོས་མཉམ་དུ་ “ལས་ཀ་ཞིག་བྱ་ཕྱིར་” འགྲོ་དགོས་ཀྱི་ཡོད་དེ། ཁོང་ཚོ་མཉམ་དུ་ཕྱི་ལ་འགྲོ་བ་དང་སྐྱིད་ཚོར་མྱོང་བ་སོགས་གཅིག་བྱེད་བཞིན་ཡོད། ཁོང་ཚོས་གང་བྱེད་ཀྱི་ཡོད་པར་ཁྱད་པར་མེད་པའི་སྒོ་ནས་བདེ་སྐྱིད་ཀྱི་རིམ་པ་དམའ་པོ་ཞིག་དང་གྲོགས་པོ་དེ་རང་དང་མཉམ་དུ་སྡོད་རྒྱུར་ཆོག་ཤེས་ལ་ཡི་རང་བྱེད་ཐུབ་ཀྱི་མེད། ཁོང་ཚོ་ཐ་ན་ཁྲོམ་རར་མཉམ་དུ་འགྲོ་བ་དང་བཟའ་བཅའི་རིགས་ཉོ་ཅ་མཉམ་དུ་རྒྱག་སྲིད་པའམ། ཡང་ན་མཉམ་དུ་གྱོན་ཆས་བཀྲུ་སྲིད་པ་རེད། ངས་གནད་དོན་འདི་ནི་གང་ལ་གང་འཚམ་གྱི་ཕན་ཐོགས་ཆེན་པོ་མཐོང་སོང་། དེ་བཞིན་སྤྱིར་བཏང་བདེ་སྐྱིད་ཟེར་བ་དེ་གང་ཡིན་པ་དང་དེའི་ཐད་ལ་ནག་ཉེས་ཡོད་པའི་རེ་འདུན་ཁྱད་མཚར་པོ་དེའི་རིགས་བློས་གཏོང་བྱེད་ཐུབ་པར་བསམ་བློ་གཏོང་རྒྱུ་དེ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། 

ང་ཚོས་ཚོར་བཞིན་པའི་བདེ་སྐྱིད་ཀྱི་རིམ་པ་ངོས་འཛིན་བྱེད་པ། 

ད་ང་ཚོས་རང་གིས་རང་ལ་ཞིབ་རྟོགས་ཅུང་ཟད་བྱ་རྒྱུ་ཡིན། མར་བསྡད་ནས་ང་ཚོར་འདི་གར་ཡོད་པར་ཉམས་སུ་མྱོང་དགོས་པ་དང་། ང་ཚོར་ཡོད་པའི་ཚོར་བ་དེ་གང་རེད་འདུག་དོ་སྣང་བྱ་རྒྱུའི་ཐབས་ཤེས་བྱེད་དགོས། ཚོར་བ་ནི་སྐབས་འདིར་ནང་པའི་མཚན་ཉིད་གཞིར་བཟུང་ཐོག་ཕུང་པོ་ལྔའི་གཉིས་པ་ལྟར་འགྲེལ་བརྗོད་བྱས་ཡོད་དེ། དེ་ཡང་བདེ་བ་དང་། སྡུག་བསྔལ། བཏང་སྙོམ་བཅས་ཚོར་བ་སྣ་ཚོགས་ལ་གཞིགས་ནས་ང་ཚོས་གང་མཐོང་བ་དང་། གང་ཐོས་པ། གང་བསམ་པ་སོགས་ཉམས་སུ་མྱོང་ཚུལ་དེ་རེད། ང་ཚོས་ཚོར་བ་དེ་ངོས་འཛིན་དང་ངོ་རྟགས་ཆོད་ཐབས་བྱེད་པ་ཙམ་དེ་རེད། ང་ཚོས་ཚ་པོ་དང་གྲང་མོ་ཚོར་བའི་སྐོར་ཤོད་ཀྱིན་མེད། ཡང་ན་ལུས་ཀྱི་ཆ་ནས་བདེ་སྡུག་ལྟ་བུ་ཚོར་བའི་སྐོར་ཤོད་ཀྱིན་མེད། དེ་ནི་ལུས་སེམས་ཀྱི་བྱ་བ་གང་འདྲ་ཞིག་ལ་གྲོགས་བྱེད་པའི་བདེ་བ་དང་སྡུག་བསྔལ་གྱི་རིམ་པ་ཞིག་རེད། དེ་ཡང་ཡིད་དུ་འོང་བ་ཞིག་ཚོར་བའམ་དེ་ཙམ་ཡིད་དུ་མི་འོང་བ་མྱོང་བའི་དོན་དེ་རེད། 

དཔེ་ཆ་བཞག་ན། ངས་བུམ་པ་འདིའི་ནང་དུ་ཡོད་པའི་མེ་ཏོག་ལ་ལྟ་རྒྱུ་དེ་ཡིད་དུ་འོང་བ་མཐོང་གི་འདུག །མེ་ཏོག་དེ་དག་ལ་གཟིགས་དང་། ཁྱེད་ཀྱིས་ག་རེ་ཚོར་གྱི་འདུག་གམ། དེ་ཁྱེད་ཀྱིས་ཇི་ལྟར་ཉམས་སུ་མྱོང་གི་འདུག་གམ། ང་ཚོས་ཁྱེད་རང་མེ་ཏོག་ལ་དགའ་དང་མི་དགའི་སྐོར་ཤོད་ཀྱིན་མེད་པར། ཁྱེད་ཀྱིས་དེ་དག་ལ་བལྟ་བཞིན་པའི་སྐབས། ཚོར་བ་གང་འདྲ་ཞིག་འདུག་ཅེས་པ་དེ་རེད། ཁྱེད་ཀྱིས་མེ་ཏོག་དེ་དག་ལ་ལྟ་བའི་སྐབས་སམ་རྩིག་ངོས་ཀྱི་རི་མོར་བལྟ་བ། ཡང་ན་ཕྱི་ལོགས་སུ་བལྟས་ནས་ཤིང་སྡོང་མཐོང་བའི་སྐབས། ཁྱེད་ཀྱིས་ཉམས་སུ་མྱོང་བའི་བདེ་སྐྱིད་ཀྱི་རིམ་པ་འགའ་ཞིག་གི་ཚོར་བ་དེ་ངོས་འཛིན་ཐབས་དང་ངོ་རྟགས་ཆོད་ཐབས་བྱེད་དགོས། ཁྱེད་ཀྱིས་བདེ་སྐྱིད་ཀྱི་རིམ་པ་གང་ཚོར་ཀྱི་འདུག་གམ། ང་ཚོས་དངོས་གནས་དེ་ངོས་འཛིན་བྱེད་དགོས་ཀྱི་ཡོད། ང་ཚོར་བདེ་སྐྱིད་ཧ་ཅང་མང་པོ་ཡོད། དེ་ནི་བྷྲ་ཛིལ་རྒྱལ་ཁབ་ཏུ་སྤྲོ་འཆམ་དུ་འགྲོ་སྐབས་ཀྱི་ཉམས་མྱོང་ཁྱད་དུ་འཕགས་པ་ཞིག་མིན་ནའང་། དེར་ཡོད་པ་རེད། 

ཚོར་བ་དེ་གང་རེད་འདུག་སོ་སོའི་ངོས་ནས་ཞིབ་རྟོགས་གནང་རོགས་ཞུ། དེ་ནས་བདེ་སྐྱིད་ཟེར་བ་དེ་ང་ཚོ་ལ་ཡོད་པའི་སྐབས། ང་ཚོ་དེ་དང་འབྲལ་མི་འདོད་ཅིང་། མུ་མཐུད་ནས་གནས་ན་བསམ་པའི་འདོད་པ་དེ་ཡོད་པའི་ཚོར་བ་ཞིག་རེད། གལ་ཏེ་བདེ་སྐྱིད་ཀྱི་ཚོར་བ་དེ་ཡལ་ཕྱིན་ན། ང་ཚོས་དེ་སླར་ཡང་སླེབས་ན་ཅི་མ་རུང་བསམ་གྱི་ཡོད། མི་སྐྱིད་པའམ་སྡུག་བསྔལ་ནི་ང་ཚོས་ཉམས་སུ་མྱོང་བའི་སྐབས། དེ་མྱུར་དུ་འཛད་ན་ཅི་མ་རུང་བསམ་པའི་འདོད་པ་དེ་ཡོང་བ་དང་དེ་ཡལ་འགྲོ་ན་བསམ་པའི་ཚོར་བ་དེ་རེད། 

(ཉམས་ལེན་གྱི་ཆེད་མཚམས་འཇོག)

འདི་འདྲའི་སྒོ་ནས་ཉམས་ལེན་བྱེད་པར་ཡིན་གཅིག་མིན་གཅིག་འགྲོ་ལུགས་ལྟར་གྱི་སྒོམ་པའི་རིམ་པའམ་སྦྱོང་ཚན་ཞིག་ཡིན་མི་དགོས་སྙམ། དེ་ལས་ལྡོག་སྟེ། དེ་ནི་དུས་ཚོད་མང་པོའི་ནང་ང་ཚོ་དངོས་གནས་སྐྱིད་པོ་ཡོད་པར་དྲན་ཤེས་ཆེ་རུ་འགྲོ་ཕྱིར། ང་ཚོས་དུས་ཚོད་ག་དུས་བྱུང་ནའང་བྱ་ཆོག་པ་ཞིག་རེད། དེ་ནི་ང་ཚོ་འགའ་ཞིག་གིས་བསམ་སྲིད་པའི་ “ང་ལ་ཚོར་བ་མེད་” ཅེས་པའི་གནས་སྟངས་དེ་འདྲ་མ་རེད། 

དགོངས་ཚུལ་གསུང་མཁན་ཡོད་དམ། 

གང་འབྱུང་བཞིན་པ་དེ་ཚོར་དགོས་པར་ཐོག་མར་ཁྱེད་ལ་ཉན་རྒྱུ་དེ་ལས་ཁ་ཕྱོགས་སྒྱུར་རྒྱུ་ཁག་པོ་འདུག་ལ། དེ་ནི་གང་ལ་གང་འཚམ་གྱི་ཧུར་བརྩོན་ལྡན་པའི་རྒྱུད་རིམ་ཞིག་རེད། ང་རང་ཞིབ་རྟོགས་འདིའི་ཏོག་ཙམ་གཡུག་པ་ལྟ་བུ་ཚོར་སོང་། དེ་རིང་ཞོགས་པར་ང་རང་སྐྱེད་ཚལ་ནང་འགྲོ་བཞིན་པའི་སྐབས། ང་རང་ཧ་ཅང་གུ་ཡངས་ཀྱི་ཚོར་བ་འདི་སྐྱེས་སོང་། ང་རང་ལ་ “འདུག །གནས་སྟངས་འགྲིག་གི་འདུག །ང་རང་གང་འཚམ་གྱི་སྐྱིད་པོ་འདུག་” ཅེས་པའི་ཚོར་བ་ཞིག་བྱུང་། ཚོར་བ་འདི་རང་བཞིན་ངང་ནས་བྱུང་སོང་། 

ཧ་ཅང་གལ་ཆེ་བའི་གནད་དོན་ཞིག་ནི། ང་ཚོས་ཧ་ཅང་དལ་ལྷོད་ཚོར་བའི་བྱ་བ་ཞིག་བྱེད་ཀྱིན་ཡོད་པའམ་ཡང་ན་ང་ཚོས་ཧ་ཅང་ཛ་དྲག་པོ་ཞིག་བྱེད་ཀྱིན་ཡོད་ནའང་འདྲ་སྟེ། གང་ལྟར་ཡང་ང་ཚོར་རྒྱུན་ཆད་མེད་པར་ཚོར་བ་ཞིག་ཡོད་པ་དེ་ངོས་འཛིན་ཐུབ་དགོས། སྐབས་རེར་ང་ཚོ་སོ་སོའི་སེམས་ནང་བསམ་བློ་མང་དྲགས་ནས་དེ་ངོས་འཛིན་བྱེད་ཀྱི་མེད། དོན་ངོ་མར་ང་ཚོས་ཆོས་ཐམས་ཅད་ཇི་ལྟར་ཉམས་སུ་མྱོང་བའི་ཁྱད་ཆོས་འགའ་ཞིག་ཡོད་ངེས་རེད། ཁྱད་ཆོས་དེ་ནི་བདེ་བ་དང་སྡུག་བསྔལ་གྱི་ཚད་འདི་ཡིན་པ་རེད། དེ་ནི་དུས་རྟག་ཏུ་འབྱུང་བཞིན་ཡོད། འདིའི་གལ་གནད་ནི་ང་ཚོ་ཡང་སེ་ “ང་རང་ཐབས་སྐྱོ་བ་ལ་” ཞེས་པ་དང་ “ང་རང་སྐྱིད་པོ་མི་འདུག །སྐྱིད་ཚོར་མྱོང་འདོད་འདུག །ང་རང་ལས་ཁུངས་ཉོབ་ཏོ་འདིའི་ནང་སྡོད་འདོད་མི་འདུག་” ཅེས་པའི་མཐའ་རུ་ལྷུང་གི་ཡོད་པ་དང་། ང་ཚོར་དེ་འདྲ་བའི་རྙོག་དྲ་ཚང་མ་ཡོད། འོན་ཀྱང་དོན་ངོ་མར་ང་ཚོ་མོ་ཊ་ཧ་ཅང་འཚང་འགག་ཆེན་པོ་ཞིག་གི་ནང་ཚུད་ཡོད་ནའང་། ནང་སེམས་ཀྱི་ཞི་བདེའི་ཚོར་བ་བདེ་བ་དང་ཆོག་ཤེས་པ་ཞིག་་མྱོང་ཐུབ་ཀྱི་ཡོད། བདེ་སྐྱིད་ཟེར་བ་དེ་འཁྲུག་ཆ་དོད་པོ་ཞིག་མི་དགོས་པ་དེ་དྲན་དགོས། 

འདིར་ང་ཚོའི་སེམས་ནང་གང་ཡོད་པ་དང་ཁྱེད་ཀྱི་སེམས་ནང་གང་ཡོད་པ་གཉིས་ཀྱི་དབར་ལ་ཁྱད་པར་ཞིག་མེད་དམ། བོད་པ་ཚོས་རྟག་ཏུ་ཁྱེད་ལ་ཡོད་པའི་ཚོར་བ་སྟོན་ཕྱིར་སོ་སོའི་སྙིང་ཁར་མཛུབ་སྟོན་བྱེད་ཀྱི་ཡོད། 

བོད་མི་ཚོས་བསམ་བློ་གཏོང་བའི་ཕྱིར་དུའང་སྙིང་ཁར་མཛུབ་སྟོན་བྱེད་ཀྱི་རེད། བོད་མི་ཚོའི་ལྟ་ཚུལ་ལྟར་ན། ང་ཚོའི་ཆོས་རྣམས་ཉམས་སུ་མྱོང་བའི་བློ་གྲོས་དང་། སེམས་ཚོར། ཚོར་བའི་རྣམ་པ་ཡོངས་སུ་རྫོགས་དེ་དག་ཐམས་ཅད་འབྱུང་ས་གཅིག་ནས་ཡོང་གི་ཡོད་པ་དང་། དེ་ནི་ཁོང་ཚོས་སྙིང་ཀར་ཡིན་པར་བཅད་མཚམས་བཟོ་གི་ཡོད། དངོས་གནས་བྱས་ན། ཁོང་ཚོས་དེ་གང་དུ་བཅད་མཚམས་བཟོས་ནའང་ཁྱད་པར་མེད། དེ་དག་ནི་གོང་བུ་གཅིག་ཏུ་མཐོང་བ་ལས། ཕན་ཚུན་དངོས་འགལ་ལམ་ལུས་སེམས་གཉིས་ཀྱི་བར་རམ་ཡང་ན་བློ་གྲོས་དང་ཚོར་བའི་བར་ལ་ཁ་གྱེས་པ་ལྟ་བུ་ནུབ་ཕྱོགས་སུ་ནམ་རྒྱུན་ཆ་འཇོག་བྱེད་པ་ནང་བཞིན་མིན། བྱས་ཙང་། ང་ཚོ་རྣམ་དཔྱོད་ཀྱི་སྒོ་ནས་གནད་དོན་ཞིག་ཧ་ཅང་མཉམ་བཞུགས་བྱེད་པ་དང་དུས་མཉམ་དུ་སྐྱིད་པོ་ཡོང་ཆོག་པ་རེད། དམིགས་བསལ་གཞན་དག་དང་མཉམ་དུ་འབྲེལ་བ་བྱེད་པའི་སྐབས། འདི་ནི་ཧ་ཅང་གལ་ཆེན་པོ་རེད་ཅེས་ངས་བཤད་པ་ནང་བཞིན་རེད། སྐབས་འགར་ང་ཚོས། “ང་རང་དངོས་གནས་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་བར། བརྩེ་དུང་ནང་ཡོད་དགོས་” ཞེས་བསམ་གྱི་ཡོད། དེ་ནི་བཅུ་ཐོག་ན་གཞོན་གྱི་ཉམས་མྱོང་ཡོད་པ་ལྟ་བུ་ཞིག་རེད། དོན་ངོ་མར་མི་ཞིག་དང་མཉམ་དུ་བརྩེ་དུང་གི་འབྲེལ་བ་ཞིག་ཡོད་པའི་བདེ་སྐྱིད་ཀྱི་ཚོར་བ་དེ་ལ་ངར་ཤུགས་ཀྱི་རིམ་པ་དམའ་པོ་ཡོད་ཆོག་ཀྱང་། ད་དུང་ཡང་ཧ་ཅང་འདོད་བློ་ཚིམས་པ་ཡོད།།

བརྙན་པར། མི་འགྱུར་རིན་པོ་ཆེ། “འཚོ་བཞིན་གནས་པའི་བདེ་བ།” 
Top