ཐོག་མ་དང་མཐའ་མ་མེད་པའི་སེམས།

ཆོས་ངོ་མའི་སྔོན་དུ་ཆོས་ཡངས་པའི་དགོས་གལ།

ང་ཚོས་བྱང་ཆུབ་སེམས་དཔའི་ལམ་ལ་བགྲོད་བཞིན་པའི་སྐབས། རང་འདོད་དོན་གཉེར་གྱི་སེམས་འཁུར་ལས་ཐར་ཐབས་བྱེད་པ་དང་། གཞན་ཁོ་ནའི་ཆེད་དུ་སེམས་འཁུར་བྱེད་ཀྱིན་ཡོད། ཡིན་ནའང་ང་ཚོ་དགྲ་བཅོམ་པའི་གོ་འཕང་མ་ཐོབ་ཀྱི་བར་དུ་རང་རྒྱུད་ཀྱི་ཉོན་མོངས་ཡོངས་སུ་རྫོགས་པ་ལས་ཐར་གྱི་མེད། དེའི་བར་དུ་ང་ཚོར་རང་འདོད་དོན་གཉེར་གྱི་བློ་འགའ་ཞིག་ནི་ཡོད་ངེས་རེད། དེ་ལ་ཐེ་ཚོམ་མེད། འོན་ཀྱང་དེའི་ཐད་ལ་ནག་ཉེས་ཅན་དུ་ཚོར་དགོས་དོན་མེད། གང་ཡིན་ཟེར་ན། ང་ཚོས་མ་མཐར་ཡང་དེ་ལ་འབད་བརྩོན་དང་ཐབས་ཤེས་བྱེད་ཀྱིན་ཡོད། ང་ཚོས་དེ་སྤོང་ཐབས་བྱེད་པ་དང་སེམས་འཁུར་གཙོ་བོ་དེ་གཞན་སེམས་ཅན་རྣམས་ལ་བྱེད་ཀྱི་ཡོད། བྱས་ཙང་། ང་ཚོས་བྱང་ཆུབ་སེམས་དཔའི་ལམ་གྱི་ཐད་ལ་དངོས་ཡོད་དང་མཐུན་པ་བྱེད་དགོས།

ང་ཚོས་ཚེ་འདི་ཙམ་གྱི་ཆེད་སེམས་འཁུར་བྱེད་པ་ནས་ཚེ་ཕྱི་མ་དང་། ཐར་པ། སངས་རྒྱས་ཀྱི་གོ་འཕང་ལ་སེམས་འཁུར་བྱེད་པའི་བར་དུ་བརྟག་དཔྱད་གཅིག་པ་དེ་གོ་རིམ་དཀྲུག་རྒྱུ་འབད་བརྩོན་བྱེད་ཀྱིན་ཡོད། ང་ཚོར་གང་ལྟར་ཡང་ཚེ་འདིའི་གནད་དོན་ལ་སེམས་འཁུར་གང་ཡང་མེད་ཅེས་བསམ་པ་ནི་དངོས་ཡོད་དང་མཐུན་པ་ཞིག་མིན། དེར་བརྟེན་ང་ཚོས་ཆོས་ཡངས་པ་དང་ཆོས་ངོ་མའི་སྐོར་ཤོད་པའི་སྐབས། དེ་གཉིས་ཕན་ཚུན་འགལ་བ་དང་གཞི་མཐུན་མི་སྲིད་པ་དེ་འདྲ་མ་རེད། དེ་གཉིས་ཀྱི་བར་ལ་རྒྱུན་ཞིག་ཡོད།
 
མ་མཐར་ཡང་ང་ཚོ་ནུབ་ཕྱོགས་པ་ཚོར། ཚེ་འདིའི་ཆེད་དུ་སེམས་འཁུར་བྱེད་པ་ནི་རིམ་པ་གྲངས་ལ་བརྩིས་ན་ཀླད་ཀོར་དེ་ཡིན་པ་ལྟ་བུ་སྣང་གི་ཡོད། དེ་ལ་གཞི་བཞག་ནས་ང་ཚོས་ལམ་རིམ་གྱི་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་ཞེས་སྐྲུན་ཆོག །འདི་ནི་ང་ཚོར་རིམ་པ་ཀླད་ཀོར་དེ་བཏང་སྙོམས་ཇི་ལྟར་ཡིན་པ་དང་། དེའི་སྟེང་ལ་རྒྱུ་འབྲས་ཡན་ལག་བདུན་གྱི་བྱང་ཆུབ་སེམས་བསྐྱེད་ཡོད་པ་འདྲ་པོ་རེད། ང་ཚོར་རིམ་པ་ཀླད་ཀོར་དེ་ག་རེ་བྱས་ནས་དགོས་སམ། རང་ངོས་ནས་འབད་བརྩོན་མི་བྱེད་པ་དང་ཚེ་འདི་ཡར་རྒྱས་མི་གཏོང་མཁན་གྱི་མི་མང་པོ་ཡོད་པ་ང་ཚོ་མང་པོ་ཞིག་གིས་ཤེས་ཀྱི་ཡོད་ཤག་རེད། ཁོང་ཚོར་འ་ཆད་འུ་ཐུག་གི་སྒོ་ནས་སེམས་ཁམས་གསོ་ཐབས་རིག་པ་དགོས་སྲིད་པ་དང་། ཆོས་ཡངས་པར་བློ་ཁ་ཕྱོགས་རྒྱུ་ཕར་ཞོག །དེ་འདྲ་ཞིག་བྱ་རྒྱུའི་བསམ་བློ་ཙམ་ཡང་མེད། བྱས་ཙང་། ང་ཚོར་ཆོས་ཡངས་པའི་རིམ་པ་འདི་དགོས་ཀྱི་ཡོད། དེ་ནས་རང་འདོད་དོན་གཉེར་དང་གཞན་ལ་སེམས་འཁུར་གཉིས་ཀྱི་དབར་ལ་མཚོན་ན། ང་ཚོས་ཚེ་འདི་ལ་གཙོ་བོ་སེམས་འཁུར་བྱེད་པ་དེ་རིམ་པས་མེད་པ་བཟོ་ཐབས་དང་། སྐྱེ་བ་ཕྱི་མའི་དོན་དུ་སེམས་འཁུར་བྱ་རྒྱུ་མང་དུ་གཏོང་དགོས། འོན་ཀྱང་ཚེ་འདིའི་ཆེད་དུ་སེམས་འཁུར་ཞིག་ནི་རྟག་ཏུ་ཡོང་གི་རེད། ༧གོང་ས་མཆོག་ནས་དེའི་ཐད་བརྒྱ་ཆ་ལྟ་བུ་བགོས་ན་ལྔ་བཅུ་ལྔ་བཅུ་བྱེད་དགོས་སྐོར་གསུང་གི་ཡོད་པས། དེའི་དོན་ནི་ཚེ་འདིའི་ཆེད་དུ་བརྒྱ་ཆ་ལྔ་བཅུ་དམིགས་པ་དང་ཚེ་ཕྱི་མ་དང་དེ་ལས་འདས་པའི་ཆེད་དུ་བརྒྱ་ཆ་ལྔ་བཅུ་དམིགས་དགོས་ཀྱི་ཡོད།

ཆོས་ངོ་མ། ང་ཚོའི་སེམས་ཀྱི་རྒྱུན་དེ་འཕགས་པའི་བདེན་པ་བཞིའི་གནས་ས་ལྟ་བུ་རེད།

ཆོས་ཡངས་པ་ལ་གཏིང་ཟབ་ཏུ་འཇུག་པར། ང་ཚོ་སླར་ཡང་འཕགས་པའི་བདེན་པ་བཞིའི་སྐོར་ཤོད་དགོས། དེ་དག་ནི་སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་བཅས་རེད། འཕགས་པའི་བདེན་པ་བཞིའི་ཆགས་ཡུལ་ལམ་གནས་ས་དེ་གང་རེད་དམ། དེ་དག་གི་གནས་ས་ནི་རང་སོ་སོའི་སེམས་ཀྱི་རྒྱུན་དེ་རེད།
 
སྡུག་བསྔལ་ནི་སེམས་ཀྱི་རྒྱུན་ལ་ཡོད་དགོས། སྡུག་བསྔལ་གྱི་བདེན་པའི་རིགས་གསུམ་པ་ནི། སྐྱེ་བ་ནས་སྐྱེ་བར་བརྒྱུད་པའི་ང་ཚོའི་སེམས་ཀྱི་རྒྱུན་གྱི་ཆ་ཤས་སུ་གཏོགས་པའི་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་ཕུང་པོ་ལ་གོ་བ་ཡིན། དེ་དག་གིས་སྡུག་བསྔལ་གྱི་རིགས་དང་པོ་གཉིས་དང་། མི་སྐྱིད་པ། བདེ་བ་ཉི་ཚེ་བ་བཅས་མྱོང་བའི་གཞི་དེ་སྐྲུན་གྱི་ཡོད། དེ་དག་ནི་ང་ཚོའི་སེམས་ཀྱི་རྒྱུན་ལ་ཡོད་པའི་མྱོང་བ་དག་རེད།

ང་ཚོས་ཕུང་པོ་ལྔའི་སྐོར་ཤོད་སྐབས། སྤྱིར་བཏང་ལུས་དང་སེམས་ཀྱི་སྐོར་ཤོད་ཀྱིན་ཡོད། དེ་ལས་དམིགས་སུ་བཀར་ན། དབང་ཤེས་དང་ཡིད་ཤེས་ཀྱི་སྐོར་ཤོད་ཀྱིན་ཡོད། ང་ཚོས་རྟོགས་པའི་ནང་དུ་འཇུག་པའི་དབང་ཤེས་དང་། སེམས་ཚོར། ཚོར་བ། བསམ་ཕྱོགས་སོགས་སེམས་བྱུང་ཆ་ཚང་གིས་ང་ཚོའི་མྱོང་བའི་སྐད་ཅིག་ཅིག་རེ་རེ་སྐྲུན་གྱི་ཡོད། དེ་དག་ནི་དངོས་པོའི་གནས་ལུགས་ལ་རྨོངས་པའི་དབང་གིས་འབྱུང་གི་ཡོད། དེ་དག་ནི་སྐད་ཅིག་རེ་རེ་བཞིན་རྨོངས་པ་དང་འདྲེས་ནས་ཡོད། ང་ཚོས་དེའི་ཐད་གཅིག་མ་བྱས་ན། དེ་དག་གིས་རྨོངས་པ་དེ་མུ་མཐུད་དེ་རྒྱུན་སྲིང་བར་བྱེད་ཀྱི་རེད།

སྡུག་བསྔལ་གྱི་རྒྱུ་ངོ་མ་ནི། རྒྱུ་དང་འབྲས་བུར་རྨོངས་པ་དང་། ང་ཚོ་དང་གཞན་ཐམས་ཅད་ཇི་ལྟར་གནས་པའི་ཚུལ་ལ་རྨོངས་པ་དེ་རེད། རྨོངས་པ་དེ་ཡང་ང་ཚོའི་སེམས་ཀྱི་རྒྱུན་གྱི་ཆ་ཤས་ཤིག་ཏུ་འབྱུང་གི་ཡོད་པ་ནི་གསལ་པོ་རེད། སྤྱོད་ལམ་གྱི་རྒྱུ་འབྲས་སྐོར་ལ་རྨོངས་པའམ་མི་ཤེས་པའི་སྐབས། ང་ཚོས་མི་དགེ་བའི་བྱ་སྤྱོད་སྤེལ་གྱི་ཡོད། དངོས་པོའི་གནས་ལུགས་ཀྱི་སྐོར་མི་ཤེས་པའི་སྐབས། ང་ཚོས་དགེ་བ་དང་མི་དགེ་བའི་ལས་གང་རུང་བྱེད་ཀྱི་ཡོད། འོན་ཀྱང་དེ་གཉིས་ཀ་རྨོངས་པ་དང་འདྲེས་ནས་ཡོད། རྨོངས་པའམ་མི་ཤེས་པ་འདིས་ཉོན་མོངས་འབྱུང་བར་བྱེད་པ་དང་། ང་ཚོས་ངང་ངམ་ཤུགས་ཀྱིས་བྱ་སྤྱོད་སྤེལ་གྱི་ཡོད། དེ་ལ་བརྟེན་ནས་དེའི་འབྲས་བུར་སྡུག་བསྔལ་མང་བ་ཡོང་གི་ཡོད། ཐབས་ཚུལ་འདི་ལ་བརྟེན་ནས་སྡུག་བསྔལ་གྱི་རྒྱུ་ངོ་མ་ནི་ཕུང་པོའི་ནང་དུ་ཡོད་པ་དང་། དེ་དག་གི་སྐད་ཅིག་རེ་རེ་ནི་ང་ཚོའི་མྱོང་བའི་རྒྱུན་སྐྲུན་མཁན་དེ་ཡིན།

འདིར་ང་ཚོར་རྒྱུ་དང་འབྲས་བུའི་འབྲེལ་བ་ཡོད། སྡུག་བསྔལ་གྱི་རྒྱུ་རྣམས་ནི་ཉོན་མོངས་དང་དེའི་དབང་གིས་ངང་ངམ་ཤུགས་ཀྱིས་ལས་ལ་འཇུག་པ་དེ་རེད། དེ་དག་གི་འབྲས་བུ་སྡུག་བསྔལ་ཞེས་བྱ་བ་ནི། རྗེས་ཐོགས་ཀྱི་སྐད་ཅིག་ནང་ཡོང་གི་ཡོད། མི་སྐྱིད་པའམ་ཡང་ན་བདེ་བ་དཀྱུས་མའམ་གནས་སྐབས་ཙམ་དུ་གནས་པའི་བདེ་བ་ཉི་ཚེ་བ་ཞེས་བྱ་བའི་སྡུག་བསྔལ་གྱི་མྱོང་བ་ནི། སྐད་ཅིག་དེའི་ང་ཚོའི་ཕུང་པོའི་ཆ་ཤས་ཡིན། དེར་བརྟེན་འཕགས་པའི་བདེན་པ་དང་པོ་དང་གཉིས་པ་སྟེ། སྡུག་བསྔལ་བདེན་པ་དང་དེ་དག་གི་རྒྱུ་དངོས་ཏེ་ཀུན་འབྱུང་བདེན་པ་གཉིས་ཀ་སེམས་ཀྱི་རྒྱུན་གྱི་སྟེང་དུ་འབྱུང་བ་དང་། འཕགས་པའི་བདེན་པ་བཞིའི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་ཆ་ཤས་སུ་གཏོགས་ཀྱི་ཡོད།

འཕགས་པའི་བདེན་པ་བཞིའི་རྣམ་བྱང་ཕྱོགས་ཀྱི་ཆ་ཤས་སུ་གཏོགས་པ་ནི། བདེན་པ་གཉིས་པ་གཉིས་ཏེ། འགོག་པའི་བདེན་པ་དང་ལམ་གྱི་བདེན་པ་གཉིས་ཡིན། དེ་ཡང་ང་ཚོས་ལམ་གྱི་བདེན་པ་གོང་འཕེལ་གཏོང་བའམ། སྟབས་བདེ་པོའི་སྒོ་ནས་ཞུས་ན། དངོས་པོའི་གནས་ལུགས་རྟོགས་པ་དེ་རེད། འདི་ཡང་མྱོང་བའི་སྐད་ཅིག་རེ་རེ་སྐྲུན་པར་བྱེད་པའི་ཕུང་པོའི་ཆ་ཤས་སུ་སེམས་ཀྱི་རྒྱུན་ལ་འབྱུང་གི་ཡོད། དེའི་འབྲས་བུ་ནི་འགོག་པ་དངོས་དེ་རང་མིན། གང་ཡིན་ཞེ་ན། སེམས་ཀྱི་རྒྱུན་དེ་ནམ་ཡང་དཀའ་ངལ་དེ་དག་གི་དྲི་མས་གོས་མེད། འོན་ཀྱང་ལམ་གྱི་བདེན་པའི་འབྲས་བུ་ནི་འགོག་པའི་བདེན་པ་འཐོབ་པ་དེ་རེད། འགོག་བདེན་དེ་རང་དེ་མ་རེད། བཀོལ་ཐབས་ཀྱི་ཁྱད་པར་ཕྲན་བུ་ཞིག་ཡོད། འདིར་གནད་དོན་གཙོ་བོ་ནི། ཐར་པའི་ཕྱོགས་ལའང་ལམ་གྱི་བདེན་པ་དང་བདེན་པ་དང་པོ་གཉིས་སྤང་པའི་སྤངས་པ་འཐོབ་པ་གཉིས་ཀྱི་དབར་ལ་རྒྱུའི་རྒྱུན་མཐུད་པ་ཞིག་ཡོད།

མདོར་བསྡུས་ན། འཕགས་པའི་བདེན་པའི་གནས་ས་དང་གཞི་རྟེན་ནི། རྒྱུན་མཐུད་ཀྱི་སྐད་ཅིག་དང་ལྡན་པའི་རང་སོ་སོའི་སེམས་ཀྱི་རྒྱུན་དེ་ཡིན་ཞིང་། དེ་དག་གི་བརྗོད་དོན་ནི་རྒྱུ་དང་འབྲས་བུའི་འབྲེལ་བ་ཞིག་ཡིན། འདི་ནི་ང་རང་ཚོ་སོ་སོའི་ཉམས་མྱོང་དང་འབྲེལ་བ་མཐུད་རྒྱུ་དེ་དཀའ་ལས་ཁག་པོ་ཞིག་མེད། དཔེར་ན། གལ་ཏེ་ང་ཚོས་སོ་སོའི་རྐང་པ་ཅོག་ཙེ་ལ་གཞུས་ན། དེའི་རྗེས་འབྲས་སྐད་ཅིག་གི་མྱོང་བ་ནི་སྡུག་བསྔལ་ལམ་ན་ཟུག་དེ་རེད། སྐད་ཅིག་དེ་གཉིས་ཀྱི་བརྗོད་དོན་ནི་སྒེར་སོ་སོའི་མྱོང་བའི་རྒྱུན་ཞིག་གི་ནང་འབྱུང་བ་དང་འབྲེལ་བ་ཆགས་ཀྱི་ཡོད།  

རྒྱུ་དང་འབྲས་བུའི་འབྲེལ་བ་དེའི་གནས་སྐབས་ཀྱི་ཚད།

ད་ང་ཚོས་རྒྱུ་དང་འབྲས་བུའི་འབྲེལ་བའི་ཚད་དེ་གང་རེད་དམ་ཞེས་འདྲི་སྲིད། དེ་གཉིས་ཀྱི་བར་ལ་དུས་ཀྱི་རྒྱང་ཐག་རིང་ལོད་ག་ཚོད་ཙམ་ཡོད་ཆོག་གམ། ང་ཚོའི་མི་ཚེ་དཀྱུས་མའི་ནང་། རྒྱུ་དང་དེའི་འབྲས་བུའི་དབར་ལ་གང་ལ་གང་འཚམ་གྱི་བར་ཐག་ཅིག་ཡོད་པ་མཐོང་ཐུབ། ངས་མ་ཤེར་ཚོར་རའི་ནང་མ་རྩ་འཇོག་པ་དང་། དཔེར་ན། ལོ་ཁ་ཤས་ཀྱི་རྗེས་ཙམ་ལ་ངས་དངུལ་མང་པོ་བཟོ་བའམ་ཡང་ན་ཤོར་ཡོད། ངས་དངུལ་མ་རྩ་བཞག་པའི་སྐད་ཅིག་རྗེས་མ་དེ་ག་རང་ལ་དངུལ་བཟོ་བའམ་ཤོར་བ་དེ་འདྲ་མ་རེད། དེ་ནི་ང་ཚོས་སོ་སོའི་རྐང་པ་བརྡབས་ནས་གློ་བུར་དུ་ཟུག་གཟེར་ཚོར་བ་དེ་འདྲ་མ་རེད། བྱས་ཙང་། དེར་ཚད་ཅིག་ཡོད་དམ། དངོས་གནས་བྱས་ན། འདི་ནི་ལས་འབྲས་ཀྱི་རྣམ་གཞག་ནང་གི་གཅིག་རེད། སྤྱོད་ལམ་གྱི་རྒྱུ་དང་འབྲས་བུའི་བར་གྱི་དུས་ཡུན་དེ་ལ་ཚད་བཀག་ཅིག་མེད། གནད་དོན་གཅིག་ནས་བསམས་ན། ང་ཚོས་ག་རེ་བྱས་ནའང་། དེ་ལ་དག་སྦྱོང་མ་བྱས་ན། དེ་ནི་འབྲས་བུ་ངོ་བོར་སྨིན་གྱི་རེད།

འདིས་རང་བཞིན་གྱིས་སེམས་ཀྱི་རྒྱུན་དེ་ཚེ་འདི་ཙམ་ལ་ཚད་བཀག་ཡིན་ཡང་ན་དེ་ལས་མང་བའི་སྐྱེ་བ་སྔ་ཕྱི་གཉིས་ཀར་ཡོད་པ་ཡིན་ནམ་ཞེས་པའི་བརྗོད་གཞིའི་ཕྱོགས་སུ་འཁྲིད་ཀྱི་ཡོད། ང་ཚོའི་སེམས་ནང་ཐེ་ཚོམ་ཡོང་ངེས་རེད། གང་ཡིན་ཟེར་ན། ཐ་ན་ཚན་རིག་པ་ཚོས་ཀྱང་ཚེ་འདིའི་སེམས་ཀྱི་རྒྱུན་ག་དུས་འགོ་འཛུགས་བྱེད་ཀྱི་ཡོད་པ་དང་ག་དུས་རྫོགས་ཀྱི་ཡོད་པའི་དུས་ཚོད་ཏག་ཏག་ཅིག་གསལ་པོའི་ཐོག་ནས་འགྲེལ་བརྗོད་དང་ཐག་གཅོད་བྱེད་ཐུབ་ཀྱི་མེད། ཕྲུ་གུ་མངལ་གནས་དབྱུང་བ་དང་སྐྱེ་འགོག་གི་དྲི་བའི་རིགས་ཚང་མ་མི་ཚེ་དངོས་སུ་འགོ་བཙུགས་བྱས་ཡོད་མེད་སྐོར་ལ་རག་ལུས་ཡོད། འཆི་བ་ལ་ཆ་བཞག་ན། ང་ཚོའི་ཀླད་པ་དང་སྙིང་གི་ནུས་པ་ཉམས་ནས་ཕན་མེད་ཆགས་པའི་སྐབས། ང་ཚོ་འཆི་བ་རེད་དམ། ཚན་རིག་པ་ཆོས་དེ་དག་གང་གི་ཐོག་ལའང་མོས་མཐུན་བྱེད་ཐུབ་ཀྱི་མེད། འོ་ན་ང་ཚོ་འཆི་བའི་སྐབས། ང་ཚོར་སྐྱེ་བ་ཕྱི་མ་ལྷ་ཡུལ་དང་དམྱལ་བ་གང་རུང་གཅིག་ལས་མེད་པ་རེད་དམ། དེ་ནི་སྐྱེ་བའི་མཐའ་མ་དེ་རེད་དམ། ཡང་ན་དེ་ལས་འདས་ནས་འགྲོ་གི་ཡོད། གལ་ཏེ་ང་ཚོས་ཆོས་ལུགས་ཕལ་མོ་ཆེར་བལྟས་ན། ལྷ་ཡུལ་དང་དམྱལ་བ་ཡོད་ངེས་པ་དང་། ང་ཚོ་དེ་གཉིས་གང་རུང་གི་ནང་དུ་བཀག་འཇོག་བྱས་ནས་མཐའ་མེད་པར་གནས་ཡོད། དེ་ནས་སེམས་ཀྱི་རྒྱུན་དེ་ག་དུས་འགོ་འཛུགས་ཀྱི་ཡོད་ཅེས་པའི་དྲི་བ་དེ་ལྷག་གི་ཡོད། སེམས་ཀྱི་རྒྱུན་དེ་སྐབས་ཤིག་ལ་བཟོ་སྐྲུན་བྱས་པ་ཞིག་རེད་དམ་མ་རེད།

རྒྱུ་དང་འབྲས་བུའི་སྟོང་པ་ཉིད།

འདི་ལ་བརྟེན་ནས་རྒྱུ་དང་འབྲས་བུའི་སྟོང་པ་ཉིད་ཀྱི་བརྗོད་གཞིའི་སྐོར་སླེབས་ཀྱི་ཡོད། རྒྱུ་མེད་པ་ལས་འབྲས་བུ་འབྱུང་ཐུབ་བམ། དེ་ནི་རྒྱུ་དེ་རང་ལས་འབྱུང་གི་ཡོད་དམ། དེ་ཇི་ལྟར་འབྱུང་གི་ཡོད་དམ། ནང་ཆོས་ནང་རྒྱུ་དང་འབྲས་བུའི་སྟོང་པ་ཉིད་ཀྱི་སྐོར་ལ་ཧ་ཅང་ཞིབ་ཅིང་ཕྲ་བའི་དཔྱད་ཞིབ་ཅིག་ཡོད། དཔེར་ན། གལ་ཏེ་ཆོས་རྣམས་རྒྱུ་མེད་རྐྱེན་མེད་ལས་འབྱུང་གི་ཡོད་པའི་དབང་དུ་བཏང་ན། དེ་ནས་གང་རེ་ཡིན་ནའང་དུས་ཚོད་ག་དུས་ཡིན་ནའང་འབྱུང་སྲིད་པ་ཡིན། ང་ཚོར་གང་འབྱུང་གི་ཡོད་པའི་ཐད་ལ་གང་ལྟར་ཡང་གོ་རྒྱུ་མེད་ན། ཐ་ན་ངས་རྐང་པ་ལྕོག་རྩེ་ལ་བརྡབ་པ་དེ་ཟུག་གཟེར་མྱོང་བའི་རྒྱུ་ལྟ་བུ་ཞིག་ཡིན་པ་དེ་རྒྱུ་མཚན་ལྡན་པ་ཞིག་ཡིན་པའི་ངེས་པ་མེད།
 
དཔྱད་ཞིབ་བྱ་རྒྱུའི་གནད་དོན་གཞན་ཞིག་ནི། རྒྱུའི་དུས་སུ་འབྲས་བུ་ཡོད་དང་མེད་ཀྱི་སྐོར་དེ་རེད། ཕྱོགས་གཞན་ཞིག་ནས་གལ་ཏེ་ཆོས་གང་ཞིག་རང་ངོས་ནས་བྱུང་ཡོད་ན། དེ་ནི་ཆོས་ཐམས་ཅད་སྔོན་ཚུད་ནས་ཐག་གཅོད་བྱས་པ་ལྟ་བུ་ཆགས་ཀྱི་ཡོད། ཆོས་ཐམས་ཅད་སྔོན་ནས་དེར་ཡོད་པ་དང་དེ་དག་མངོན་དུ་འགྱུར་དང་མི་འགྱུར་གྱི་ཁྱད་པར་ཙམ་ཞིག་རེད། གལ་ཏེ་དེ་བདེན་པ་ཡིན་ན། ཆོས་རྣམས་མི་རྟག་པ་ཡིན་པ་དང་སྐད་ཅིག་སྐད་ཅིག་ནང་འགྱུར་བ་འགྲོ་གི་ཡོད་པ། སྐད་ཅིག་སྔ་མའི་ནང་གང་བྱུང་བ་དེས་ཤུགས་རྐྱེན་བྱས་པ་སོགས་ལ་གོ་རྒྱུ་མེད་པ་ཆགས་ཀྱི་ཡོད། ཚང་མ་དེར་སྔོན་ཚུད་ནས་ཡོད་ཀྱང་། མངོན་དུ་གྱུར་ཡོད་དང་མེད་ཙམ་རེད། དེ་ནི་ཚང་མ་གློ་བུར་དུ་བྱུང་བ་ལྟ་བུ་རེད། དེ་ལྟར་ཡིན་ན་དུས་ཞེས་བྱ་བའི་ཆོས་ཤིག་ནི་མེད། སྔོན་ཚུད་ནས་ཐག་བཅད་པ་ལ་བརྟེན་ནས་འདས་མ་ད་གསུམ་གྱི་ཆོས་ཐམས་ཅད་དུས་གཅིག་ལ་འབྱུང་གི་ཡོད་པའི་དོན་རེད།
 
དེའི་སྟེང་ལ་ང་ཚོས་རྟེན་ཅིང་འབྲེལ་བ་འབྱུང་བའི་ལྟ་ཚུལ་གྱི་སྒོ་ནས་དཔྱད་པ་བྱེད་ཆོག །གལ་ཏེ་ང་ཚོས་ཆོས་འགའ་ཞིག་དཔེ་རུ་བླངས་ནས་དེ་དག་སྔ་མ་གང་བྱུང་བ་ལ་བརྟེན་གྱི་ཡོད་པར་བལྟས་ན། ང་ཚོས་དེ་ལ་འབྲས་བུ་བརྗོད་ངེས་རེད། གལ་ཏེ་ང་ཚོས་དེ་དག་གང་ལ་བརྟེན་ནས་འབྱུང་གི་ཡོད་པར་བལྟས་ན། ང་ཚོས་དེ་ལ་རྒྱུ་ཞེས་བརྗོད་ངེས་རེད། ཆོས་གང་ཞིག་རྒྱུའམ་འབྲས་བུའི་ངོ་བོར་གྲུབ་པ་ནི་སེམས་ཀྱི་རྒྱུན་ལ་རག་ལུས་ཡོད། ངའི་དེ་རིང་གི་མྱོང་བ་ནི་ངའི་ཁ་སེང་གི་མྱོང་བའི་འབྲས་བུ་ཡིན་པ་དང་། ངའི་སང་ཉིན་གྱི་མྱོང་བའི་རྒྱུ་ཆགས་ཀྱི་ཡོད། ཆོས་གང་ཡང་རྒྱུ་དང་འབྲས་བུ་ཞེས་རང་ངོས་ནས་གཞན་ལ་ལྟོས་མེད་ཀྱིས་གྲུབ་པ་མེད་པར། དེ་ནི་སྔ་མའམ་ཕྱི་མ་གང་འབྱུང་བ་ཁོ་ན་ལ་བརྟེན་ཅིང་འབྲེལ་ནས་ཡོང་གི་ཡོད། དེ་ལ་བརྟེན་ནས་སྔ་མའི་འབྲས་བུ་ཡིན་ནའང་ཕྱི་མའི་རྒྱུ་མིན་པའི་འཆི་བའི་དུས་ལྟ་བུ་ཞིག་ཡོང་སྲིད་དམ། རྒྱུ་དང་འབྲས་བུའི་སྟོང་པ་ཉིད་ལ་དཔྱད་པ་དེ་གནད་དོན་འདི་ལ་ཏག་ཏག་ཕོག་གི་ཡོད།

མདོར་བསྡུས་ནས་བཤད་ན། སྐྱེས་བུ་ཆུང་ངུའི་སྐབས་ཀྱི་གང་ཟག་ཅིག་ཡིན་པའི་ཆ་ནས་ང་ཚོར་དལ་འབྱོར་གྱི་མི་ལུས་རིན་ཆེན་དེ་མུ་མཐུད་ནས་ཐོབ་པའི་ངེས་བརྟན་བཟོ་བ་དང་ཆབས་ཅིག་ཆོས་ཀྱི་ལམ་ལ་འཇུག་པར། སླར་ཡང་སྐྱེ་བའི་སྐོར་ལ་ཡིད་ཆེས་རྙེད་པ་ཞིག་དགོས། དེའི་ཆེད་དུ་སེམས་ཀྱི་རྒྱུན་ལ་ཐོག་མ་དང་མཐའ་མ་མེད་པ་དང་། དེ་ཡང་རྒྱུ་དང་འབྲས་བུ་དང་འབྲེལ་བའི་སྒོ་ནས་བྱ་བ་བྱེད་སྟངས་སྐོར་དེ་རྟོགས་དགོས། ཕྱོགས་གཞན་ཞིག་ནས་སྡུག་བསྔལ་གྱི་བདེན་པ་དེའི་རྒྱུ་དང་བཅས་པ་རྩད་ནས་སྤོང་བར། ཚེ་འདི་ཙམ་མིན་པར་ཐོག་མ་མེད་པའི་དུས་ནས་བཟུང་སྟེ་ང་ཚོས་སྡུག་བསྔལ་གྱི་རྒྱུ་ངོ་མ་དེ་དག་ཇི་ལྟར་བསགས་ཡོད་པའི་སྐོར་བལྟ་དགོས། འགོག་པའི་བདེན་པ་དང་ལམ་གྱི་བདེན་པ་ཐོབ་པར། ང་ཚོ་དེ་དག་གནས་ས་སྟེ། ང་ཚོའི་སེམས་ཀྱི་རྒྱུན་ལ་བརྟག་དཔྱད་བྱེད་དགོས་ཤིང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་དུས་ཚོད་རིང་པོ་ཞིག་གི་ནང་བརྩོན་འགྲུས་ཧ་ཅང་ཆེན་པོ་བསྟེན་དགོས་པ་སོང་ཙང་། ང་ཚོས་ཚེ་རབས་ཕྱི་མ་གྲངས་ལས་འདས་པ་ཡོད་པ་དང་འབྲེལ་བའི་སྒོ་ནས་རྒྱུད་རིམ་འདི་ལ་བསམ་བློ་གཏོང་དགོས།

ཕྱོགས་བསྡོམས།

གལ་ཏེ་ང་ཚོས་སྐྱེ་བ་ཕྱི་མར་ཡིད་ཆེས་མེད་ན། ཆོས་ངོ་མའི་འགྲེལ་ཚུལ་གྱི་ནང་གཏིང་ཟབ་ཏུ་སློབ་སྦྱོང་བྱེད་པས་དོན་སྙིང་དེ་ཙམ་མེད་པ་རེད། ལམ་རིམ་ནང་སྐྱེ་བ་ཕྱི་མར་ཡིད་ཆེས་བྱེད་ཀྱི་ཡོད་ཤག་ཐོག་ནས་གསུངས་ཡོད་པ་དང་ཆོས་ཀྱང་དེ་ལ་གཞི་རྟེན་བྱས་ཡོད། དེ་དག་ཐམས་ཅད་རྟོགས་པར། ང་ཚོས་སེམས་ཀྱི་རང་བཞིན་ལ་སློབ་གཉེར་བྱེད་དགོས་ཤིང་། སྒོམ་ཉམས་ལེན་བྱེད་དགོས་པ་ནི་ཤོད་ག་ལ་དགོས།

ང་ཚོས་རྒྱུ་དང་འབྲས་བུའི་རྣམ་གཞག་དང་ཉིན་རེའི་མི་ཚེའི་ནང་སེམས་ཀྱི་བྱེད་ལས་བཅས་ལ་བལྟ་བའི་སྐབས། ང་ཚོའི་སེམས་ཀྱི་རྒྱུན་དེ་ཐོག་མ་མེད་པ་ཙམ་ཡིན་པ་མ་ཟད། མཐའ་མའང་མེད་པ་ཡིན་པར་མཇུག་སྡོམ་རྒྱག་ཆོག །འདི་ལ་ཡིད་ཆེས་ཡོད་པ་དེ་ལ་བརྟེན་ནས་སྐྱེ་བ་ཕྱི་མར་བསམ་བློ་གཏོང་བ་དང་དེའི་ཐད་ད་ལྟ་ང་ཚོས་ག་རེ་བྱེད་ཐུབ་མིན་ལ་ཤུགས་སྣོན་རྒྱག་གི་རེད།

བརྗོད་གཞི་འདི་དག་ནི་ཧ་ཅང་གོ་དཀའ་མོ་ཡོད་ནའང་། དེ་དག་གི་ལམ་རིམ་གྱི་དམིགས་ཡུལ་གསུམ་པོ་ཐོབ་རུང་ཡིན་པ་དང་། ང་ཚོ་རང་ངོས་ནས་དེ་དག་ཐོབ་ཐུབ་ཀྱི་ཡོད་པའི་རང་གིས་རང་ལ་ཡིད་ཆེས་རྙེད་པའི་ལམ་ཡིན་པ་རེད། ཡིད་ཆེས་རྙེད་པའི་རྗེས་ལ། དེ་ནས་ང་ཚོས་སེམས་ཚོར་གྱི་ནུས་ཤུགས་གོང་འཕེལ་གཏོང་བར་འབད་བརྩོན་བྱེད་ཆོག་ལ། དེ་ལ་བརྟེན་ནས་དངོས་སུ་དམིགས་ཡུལ་དེ་དག་བསྒྲུབ་པའི་ཆེད་འབད་བརྩོན་བྱེད་དུ་འཇུག་གི་ཡོད།།

Top