མི་ཚེ་ལ་མཁོ་བའི་ནང་པ་སངས་རྒྱས་པའི་མན་ངག

How to tips for life ridwan meah unsplash

སྐབས་རེ་ང་ཚོས། མི་ཚེའི་ནང་འཕྲད་པའི་དཀའ་ངལ་རྣམས་ལ་སྟངས་འཛིན་ཇི་ལྟར་བྱ་དགོས་མིན་དང་། ང་རང་ཚོའི་དམིགས་ཡུལ་བཟང་པོ་རྣམས་ཇི་ལྟར་བསྒྲུབ་དགོས་མིན་མི་ཤེས་པའམ་རྨོངས་པའི་ཚོར་བ་ཞིག་ཡོང་གི་ཡོད་པ་མ་ཟད། ང་ཚོ་གཞན་དང་མཉམ་དུ་གོམ་པ་མཉམ་གཤིབ་ཀྱིས་ཡར་རྒྱས་ཇི་ལྟར་གཏོང་ཚུལ་ཐད་ལའང་མགོ་རྨོངས་བསྡད་ཀྱི་ཡོད། ང་ཚོས་ནང་པ་སངས་རྒྱས་པའི་གཞུང་ལུགས་ཁག་མཇལ་ཚེ། མི་དང་དུས་ཚོད་རིག་གཞུང་སོགས་ཀྱི་རྒྱབ་ལྗོངས་གང་ཡིན་ལ་མི་ལྟོས་པར་མི་ཚང་མར་གཅིག་མཚུངས་སུ་ཕན་ཐོགས་ཐུབ་པའི་ལག་ལེན་དངོས་ཀྱི་ལམ་སྟོན་ཧ་ཅང་མང་པོ་རྙེད་རྒྱུ་ཡོད།

གཞན་ལ་ཕན་ཐོགས་པའི་ཕྱིར་ཡར་སྐྱེད་གཏོང་དགོས་པའི་ཡོན་ཏན་ཁག

  • གཏོང་ཕོད ༼སྦྱིན་པ་༽ རང་གི་དུས་ཚོད་དང། ལམ་སྟོན་དང། རོགས་རམ་དང། རྒྱུ་ནོར་ལོངས་སྤྱོད་དང་བཅས་པར་གཏོང་ཕོད་ལྡན་པ།
  • ཁྲིམས་རང་སྲུང་། ༼ཚུལ་ཁྲིམས་༽ ལུས་ངག་གི་ཀུན་སྤྱོད་ངན་པ་སྤངས་ནས། གཞན་ལ་ཐབས་ལམ་གང་གི་ཆ་ནས་ཡིན་ནའང་གང་ཐུབ་ཅི་ཐུབ་ཀྱིས་རོགས་རམ་བྱ་དགོས་པ།
  • བཟོད་བསྲན། ༼བཟོད་པ་༽ གཞན་དག་ལ་ཕན་པ་སྒྲུབ་པའི་སྐབས་སུ་དཀའ་ངལ་འཕྲད་ཀྱང་། ཁོང་ཁྲོ་ལངས་བའམ་ཡིད་ཞུམ་པ་དེ་འདྲ་མི་བྱེད་པ།
  • སྙིང་རུས་དང་བཟོད་སྒོམ། ༼བརྩོན་འགྲུས་༽ གནས་སྟངས་ཁག་པོ་ག་འདྲ་འཕྲད་ཀྱང་མུ་མཐུད་མདུན་སྐྱོད་བྱེད་དགོས་པ།
  • སེམས་དང་སེམས་ཚོར་བརྟན་ཚུགས་པ། ༼བསམ་གཏན་༽ དམིགས་པ་རྩེ་གཅིག་ཏུ་གཏད་པ་ལས་ཁ་ཕྱོགས་སྣང་མེད་དུ་འདོར་མི་རུང་བ།
  • རྣམ་པར་འབྱེད་པ། ༼ཤེས་རབ་༽ ཕན་པ་གང་ཡིན་པ་དང་གནོད་པ་གང་ཡིན་པ། དེ་བཞིན་འོས་པ་གང་ཡིན་པ་དང་མི་འོས་པ་གང་ཡིན་པ་བཅས་ཀྱི་དབར་ཁྱད་པར་འབྱེད་དགོས་པ་བཅས་སོ།།

༼ཕར་ཕྱིན་དྲུག་གི་བསྡུས་དོན། ཞེས་པར་རྒྱས་པར་གཟིགས།༽

གཞན་ལ་དགེ་བའི་ཤུགས་རྐྱེན་སྤྲོད་པའི་ཐབས་ལམ།

  • གཏོང་ཕོད་ཅན་ཞིག་དགོས་པ། དེ་ཡང་རང་གི་དུས་ཚོད་དང། ཁེ་ཕན་དང། ནུས་ཤུགས་བཅས་ཀྱི་སྒོ་ནས་གཏོང་ཕོད་ཅན་བྱེད་དགོས་པ།
  • སེམས་བཟང་པོའི་སྐད་ཆ་ཤོད། དེ་ཡང་རང་གིས་གང་བཤད་པ་དེ་ཁོ་ནར་དྲན་ཤེས་དགོས་པ་མ་ཟད། རང་གི་སྐད་ཆ་བཤད་སྟངས་དེས་གཞན་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པས་དེ་ལའང་དྲན་ཤེས་དགོས་པ།
  • ལུས་ངག་གི་ཀུན་སྤྱོད་ཚུལ་དང་ལྡན་པ་དགོས། དེ་ཡང་གཞན་དག་ལ་ཁོ་ཚོའི་བཟང་ཕྱོགས་ཀྱི་རྩལ་དང་འཇོན་ཐང་ཡར་རྒྱས་གཏོང་བར་སེམས་ཤུགས་སྤར་དགོས་པ།
  • མིག་དཔེ་བཟང་པོ་ཞིག་སྐྲུན་དགོས། དེ་ཡང་རང་གིས་ལམ་སྟོན་གང་བྱས་པ་རང་ཉིད་ཀྱིས་ལག་ལེན་བསྟར་དགོས་པ་བཅས་སོ།།

༼ཞིབ་ཕྲ་འདིར་གཟིགས: གཞན་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཇི་ལྟར་སྤྲོད་དགོས་པ།༽ 

རང་གི་བཟང་ཕྱོགས་ཀྱི་དམིགས་ཡུལ་བསྒྲུབ་པའི་ཐབས་ལམ།

  • རང་ཉིད་ཀྱི་དམིགས་ཡུལ་གསལ་པོ་བཟོ་དགོས། དེ་བདེན་པ་ཡིན་མིན་ཟབ་ནན་གྱིས་བལྟ་དགོས་པ་དང་། དེ་བསྒྲུབ་པར་བྱེད་པའི་རང་ཉིད་ཀྱི་འཇོན་ཐང་ལ་གདེང་ཚོད་ཡོད་དགོས་པ།
  • ཁྲིམས་རང་སྲུང་དགོས། རང་ཉིད་ཀྱི་དམིགས་ཡུལ་ལ་སེམས་གཏད་དགོས་ཤིང་། དེ་ཡང་དམིགས་པ་མ་བརླག་པའམ་དམིགས་ཡུལ་དེ་བསྒྲུབ་པར་ཉེན་ཚབས་བཟོ་བའི་ལས་ཀའི་རིགས་མི་བྱ་བ།
  • གཏོང་ཕོད་ཅན་ཞིག་དགོས་པ། དེ་ཡང་རང་ཉིད་ཀྱི་དམིགས་ཡུལ་བསྒྲུབ་པའི་དོན་དུ་དུས་ཚོད་དང་འབད་བརྩོན་གཏོང་ཕོད་པ།
  • ཕྱོགས་ལུང་བྲལ་བའི་སེམས་གུ་ཡངས་དགོས། རང་ཉིད་ཀྱི་དམིགས་ཡུལ་བསྒྲུབ་པར་ཕན་པའི་ཤེས་བྱ་ལ་མུ་མཐུད་དེ་སློབ་སྦྱོང་བྱེད་དགོས་པ།
  • རང་མཐོང་དང་རང་གི་གཟི་བརྗིད་ལ་རྒྱུན་སྐྱོང་དགོས། དེ་ཡང་ངོ་ཚ་དགོས་པའི་བྱ་སྤྱོད་མི་བྱེད་དེ། དེས་རང་ཉིད་ཀྱི་དམིགས་ཡུལ་སྙེགས་པར་ཉེན་ཁ་བཟོ་བ་ཡིན།
  • སེམས་འཁུར་རྒྱུན་སྐྱོང་དགོས། དེ་ཡང་སེམས་འཁུར་མེད་པའི་སྤྱོད་པ་གང་འདྲ་ཞིག་ཡིན་ནའང། དེས་རང་ཉིད་ཀྱི་སྡེ་ཚོགས་ལ་གནོད་ཚབས་ཀྱི་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པའི་ཆེད།
  • ཟབ་ནན་གྱིས་རྣམ་པར་འབྱེད་དགོས། དེ་ཡང་རང་ཉིད་ཡར་རྒྱས་འགྲོ་བར་གང་གིས་ཕན་པ་དང་གང་གིས་གནོད་པ་ལ་རྣམ་པར་འབྱེད་དགོས་པ་བཅས་སོ།།

སོ་སོའི་བཟང་ཕྱོགས་ཀྱི་དམིགས་ཡུལ་བསྒྲུབ་པའི་ཆེད་དུ་རྒྱ་སྐྱེད་གཏོང་དགོས་པའི་ཡོན་ཏན་ཁག

  • ཆོག་ཤེས་པ་དགོས། བདེན་པའི་དམིགས་ཡུལ་བསྒྲུབ་པ་ལ། བདེན་པ་མ་ཡིན་པ་ཞིག་ལ་འདོད་རྔམས་མེད་པ།
  • བཟློག་ཏུ་མེད་པའི་གནས་སྟངས་སྡུག་པའི་རིགས་བྱུང་སྐབས། གཞན་ལ་ཞེ་སུན་པོ་བྱེད་པ་དང་། སྡང་འཛིན་ཅན་དུ་གྱུར་བ་དང་། ཡང་ན་རྒྱབ་འགལ་གྱི་བྱ་སྤྱོད་བྱེད་མཁན་ཞིག་ཏུ་མི་འགྱུར་བ།
  • རང་ཉིད་ཀྱི་དམིགས་ཡུལ་དང་། དམིགས་ཡུལ་དེ་བསྒྲུབས་པ་ལས་བྱུང་བའི་ཕན་ཡོན་ལ་སེམས་གཏད་དགོས།
  • རང་ཉིད་ཀྱི་སེམས་འདུལ་དགོས། དེ་ཡང་གནས་སྟངས་ཅི་འདྲ་ཞིག་བྱུང་ཡང་ཞི་དུལ་ངང་གནས་ཤིང་། སེམས་ཚོར་ཆ་སྙོམས་པ་སྐྱོང་དགོས།
  • ཆོས་ཐམས་ཅད་འགྱུར་བའི་རང་བཞིན་ཡིན་པར་དྲན་དགོས། རང་ཉིད་སེམས་ཁམས་ཀྱི་ཉམས་འགྱུར་གང་འདྲ་ཞིག་གི་ནང་ཡོད་ནའང། སོ་སོའི་སེམས་དང་སེམས་ཚོར་གྱི་གནས་འབབ་རྟག་པ་དང་བརྟན་པོ་ཞིག་མེད་ཀྱང་། ཡར་རྒྱས་གཏོང་ཐུབ་པ་ཞིག་ཡིན།
  • སེམས་ཞི་བདེའི་ངང་སྐྱོང་དགོས། དེ་ཡང་རང་ཉིད་ཀྱིས་ཐབས་ཤེས་གང་ཐུབ་ཅི་ཐུབ་བྱེད་བཞིན་པ་ཤེས་པའི་ཐོག་ནས་སེམས་ཞི་བདེའི་ངང་སྐྱོང་དགོས་པ་བཅས་སོ།།

རང་ཉིད་ཀྱི་མི་ཚེ་ལ་སྟངས་འཛིན་བྱེད་པའི་ཐབས་ལམ།

  • སོ་སོ་རང་ཉིད་ཀྱིས་ཐག་གཅོད་བྱེད་པ་ལ། ནུས་མེད་ཀྱི་གནས་སྟངས་ནང་མ་འཚུད་པ་བྱེད་དགོས། དེས་རང་གི་རྩ་དོན་ལ་ཉེན་ཁ་བཟོ་ལ། རང་ཉིད་འགྱོད་པ་སྐྱེ་དགོས་པར་བྱེད་ཀྱི་ཡོད།
  • མགོ་གཉིས་སླུ་བྲིད་སྤོང་དགོས། གལ་ཏེ་རང་ཉིད་གཞན་དང་འཁྲིག་སྤྱོད་ཀྱི་འབྲེལ་བ་ཡོད་ན། འདིས་རྙོག་དྲ་དང་དཀའ་ངལ་གྱི་ནང་འཁྲིད་ངེས་ཡིན།
  • རང་ཉིད་ལ་འགན་འཁྲི་ཆེན་པོ་ཡོད་པའི་སྐབས་གོ་གནས་མཐོ་པོ་ཞིག་འཐོབ་པར་འབད་བརྩོན་མ་བྱེད། དེས་སོ་སོའི་དུས་ཚོད་དང་ནུས་པ་ཆ་ཚང་འཕྲོ་བརླག་གཏོང་བ་ཡིན།
  • གཞན་གྱིས་རང་ཉིད་ལ་ཤུགས་རྐྱེན་སྟེར་ནས་རང་ཉིད་ཀྱི་གོམས་གཤིས་བཟང་པོ་འདོར་བཅུག་རྒྱུ་མེད། དཔེར་ན། འཕྲོད་བསྟེན་ལ་ཕན་པའི་ཟས་བཟའ་བ་དང་། ཐ་མག་མི་འཐེན་པ་དང་། ལུས་རྩལ་རྩེད་བ་སོགས་ཡིན། གཞན་གྱི་གོམས་གཤིས་ངན་པས། རང་ཉིད་ཀྱི་འཕྲོད་བསྟེན་དང་བདེ་ཐང་ལ་གནོད་སྐྱོན་བཟོ་བ་ཡིན།
  • རང་ཉིད་ཀྱིས་བསྒྲུབ་མི་ཐུབ་པ་ཞིག་ལ་བསྒྲུབ་དགོས་བསམ་པའི་རང་གིས་རང་ལ་དམ་བཅའ་མ་བྱེད། དེས་རང་ཉིད་རང་ལ་ཡོད་པའི་གདེང་སྤོབས་དེ་མེད་པར་བཟོ་བ་ཡིན།
  • སྣང་མེད་གང་བྱུང་གི་བྱ་སྤྱོད་རིགས་སྤོང་དགོས། དེས་མཇུག་འབྲས་ངན་པའམ་བཟང་པོ་མ་ཡིན་པ་ཁོ་ན་སྨིན་པར་བྱེད་ཀྱི་ཡོད་པས་སོ།།

གཤམ་གསལ་གོང་འཕེལ་དུ་གཏོང་དགོས་པའི་ཡོན་ཏན་ཁག་གིས། རང་ཉིད་ཉེན་ཚབས་ཆེ་བའི་གནས་སྟངས་ཀྱི་ནང་དཀའ་ངལ་རིགས་སེལ་བ་ལ་ཕན།

  • གཞན་གྱིས་བསྔགས་བརྗོད་དང་སྐྱོན་བརྗོད་བྱེད་པའི་སྐབས་སུ། སེམས་ལ་ངར་དང་སྤྲོ་ཤུགས་མེད་པ།
  • རང་ཉིད་ཆགས་སའམ། ཡང་ན་རང་ཉིད་མ་དགའ་སའི་མི་ཞིག་དང་ཐུག་སྐབས། སྡང་འཛིན་ཅན་དུ་མི་འགྱུར་བར་དྲན་པ་ཉེ་བར་བཞག་པ།
  • རང་ཉིད་འཆར་ཅན་ལས་དོན་ལ་བྲེལ་འཚུབ་ཡོད་པའི་སྐབས། རང་ཉིད་ཀྱི་རྩ་དོན་བཟང་པོ་དང་འགལ་བའི་ཀུན་སྤྱོད་ཀྱི་རིགས་མི་བྱ་བ།
  • རང་ཉིད་ཀྱི་དམིགས་ཡུལ་མཐོ་ས་དེ་དག་ལ་སྣང་མེད་ཡོང་བའི་རྒྱུ་ནོར་ལོངས་སྤྱོད་མང་པོ་ཡོད་སྐབས། ཕྱིའི་དངོས་པོ་ལ་སེམས་ཡོངས་སུ་མི་ཆགས་པ།
  • སོ་སོ་ན་བ་དང་ཚ་བའི་སྐབས་སུ། རང་ཉིད་དོན་མེད་རང་སྡུག་མི་འཁུར་བ། དེ་རང་རྒྱུད་ཀྱི་ནུས་པ་དང་གཤིས་སྤྱོད་གོང་འཕེལ་གཏོང་བར། མུ་མཐུད་ནས་མདུན་བསྐྱོད་བྱེད་དགོས་པའི་གནས་སྟངས་ཤིག་ལ་བེད་སྤྱོད་བྱེད་པ།
  • དུས་རྟག་ཏུ་རང་ཉིད་ཀྱི་སྐྱོན་ཆ་རྣམས་ལས་ཐར་ནས་ནུས་པ་བཟང་པོ་རྣམས་ཡོངས་སུ་རྟོགས་པར་བྱེད་དགོས་པ་བཅས་སོ།།
བརྙན་པར། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། “བྲེལ་འཚུབ་ཅན་གྱི་འཛམ་གླིང་ནང་སྐྱིད་པོ་ཡོང་བ།”
Top