ལམ་རིམ། ཆོས་ཡངས་པ་དང་ཆོས་ངོ་མའི་འགྲེལ་ཚུལ།

ཆོས་ཉན་པའི་སྔོན་འགྲོ།

སྔོན་འགྲོའི་ཆོས་བཤད་དང་བཅས་ཆོས་ཐུན་འདི་འགོ་འཛུགས་ཀྱི་ཡིན། དང་པོ་སེམས་ལྷོད་པོ་ཞིག་ཡོང་ཕྱིར་ང་ཚོས་དབུགས་ཀྱི་རྒྱུ་བའི་ཐོག་སེམས་འཇོག་དགོས། རྒྱུན་དུ་ང་ཚོས་སྣ་བུག་བརྒྱུད་དེ་དབུགས་གཏོང་ལེན་བྱེད་ཀྱི་ཡོད། གལ་ཏེ་སེམས་ཕྱི་རོལ་དུ་གཡེང་འགྲོ་གི་འདུག་ན། དབུགས་ཀྱི་འཁོར་རྒྱུན་གྲངས་ཀ་བརྩི་དགོས། ཅི་སྟེ་ང་ཚོའི་སེམས་གང་འཚམས་ཀྱི་ལྷིང་པོར་ཡོད་ཚེ། སྣ་བུག་བརྒྱུད་དབུགས་གཏོང་ལེན་སྐབས་ཀྱི་མྱོང་ཚོར་ཐོག་སེམས་གཏོད་དགོས།

དེ་ནས་ང་ཚོའི་ཀུན་སློང་བསྐྱར་དུ་ངེས་བརྟན་བཟོ་དགོས། དེའི་དོན་ནི་ང་ཚོས་དམིགས་ཡུལ་གང་བཅངས་པ་དེ་བསྐྱར་དུ་ངེས་བརྟན་བཟོ་བར་གོ་དགོས། ང་ཚོ་འདིར་ཡོང་དོན་ནི་སོ་སོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་ཞིག་ཡོང་བ་དང་། དཀའ་ངལ་དག་གི་རྒྱུ་དང་བཅས་པ་ལས་རྣམ་པར་རྒྱལ་བ། དེ་བཞིན་སོ་སོའི་ནུས་པ་རྣམས་རྟོགས་པའི་ཐབས་ལམ་ཞིག་འཚོལ་སླད་ཡིན། དམིགས་ཡུལ་དེ་སྒྲུབ་པར་ང་ཚོས་དེ་དག་གི་སྐོར་ལམ་རིམ་སློབ་སྦྱོང་བྱེད་དགོས། མ་འོངས་པའི་མི་ཚེ་ཡག་པོ་ཞིག་ཡོང་བའི་ཐབས་ལྟ་བུར་ཚེ་འདི་ཡར་རྒྱས་གཏོང་བར་དོ་དབྱིངས་ཡོད་པའི་ཆོས་ཡངས་པའི་བསྒྲུབ་བྱའི་ཆ་ཤས་ཤིག་ཏུ་དེ་བྱེད་ཐུབ། དེ་ལ་བརྟེན་ནས་མཐར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཀྱི་ཡོད། དེ་ལྟ་ནའང་ང་ཚོར་སྐྱེ་བ་ཕྱི་མ་དང་། ཐར་པ། ཐམས་ཅད་མཁྱེན་པ་བཅས་ཀྱི་དོན་ལ་རྩ་བའི་གོ་རྟོགས་ཤིག་ཡོད་པའམ། ཡང་ན་མ་མཐར་དེ་དག་གོ་རྟོགས་དགོས་པ་དང་དེའི་ཕྱིར་འབད་བརྩོན་སྟེན་པའི་ཀུན་སློང་ཞིག་དགོས་པའི་གལ་གནད་ལ་ངོས་ལེན་ཞིག་དགོས་པ་ནི་སྨྲོས་མེད་རེད། ཡང་ན་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་སྟེ་འཁོར་བ་ལས་གྲོལ་བའི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཕྱིར་ཆོས་ངོ་མའི་ཀུན་སློང་དང་བཅས་སྒྲུབ་ཐུབ། དེ་ལྟར་བྱུང་ན་ང་ཚོས་གཞན་ཐམས་ཅད་ཀྱིས་ཀྱང་སངས་རྒྱས་ཀྱི་གོ་འཕང་གཅིག་མཚུངས་སུ་འཐོབ་པར་རོགས་བྱེད་ཐུབ། ང་ཚོ་དམིགས་པ་དང་བསམ་པ་གང་ལ་ཡོད་མེད་ལ་མ་ལྟོས་པར། རང་ཉིད་གཅིག་པུའི་ཆེད་དུ་མ་ཡིན་པར། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཆེད་དུ་ཀུན་སློང་བཅས་ཏེ་དཀའ་ལས་རྒྱག་དགོས་པ་ཡིན།

ལྷག་པར་དུ་སངས་རྒྱས་དང་། ཆོས། དགེ་འདུན་བཅས་གསུམ་གྱི་ཉེན་མེད་ཀྱི་ཁ་ཕྱོགས་སུ་སྐྱོད་པའི་ལམ་ཞིག་རྙེད་པའི་ཐབས་སུ་ང་ཚོ་འདིར་ལམ་རིམ་སློབ་སྦྱོང་བྱེད་པར་ཡོང་བ་རེད། ཕྱོགས་གཞན་ཞིག་ནས་ང་ཚོས་ཆོས་དཀོན་མཆོག་ལ་སྐྱབས་སུ་འགྲོ་གི་ཡོད། ཆོས་དཀོན་མཆོག་ནི་སྔུག་བསྔལ་རྒྱུ་དང་བཅས་པ་སྤངས་པའི་བྲལ་བ་འགོག་བདེན་དེ་ཡིན། དེ་ཐོབ་བྱེད་ཀྱི་ལམ་བདེན་ནི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཡིན་ཞིང་། དེས་ང་ཚོའི་ནུས་པ་ཆ་ཚང་རྟོགས་པར་བྱེད་འཇུག་གི་ཡོད། ལམ་རིམ་སློབ་སྦྱོང་བྱེད་པས་སྔོན་སངས་རྒྱས་ཐམས་ཅད་ཇི་ལྟར་ཡོངས་སུ་མངོན་པར་རྫོགས་པ་སངས་རྒྱས་པའི་ཚུལ་དང་། རྟོག་མེད་མངོན་སུམ་དུ་སྟོང་ཉིད་རྟོགས་པའི་འཕགས་པའི་དགེ་འདུན་དཀོན་མཆོག་གིས་དེའི་ཆ་ཤས་ཙམ་ཞིག་ཉམས་སུ་ཇི་ལྟར་བླངས་པ་ལྟར་ང་ཚོས་ཀྱང་དེའི་ཁ་ཕྱོགས་སུ་འཇུག་པར་རོགས་རམ་བྱེད། དེ་ཡང་ང་ཚོས་གཞན་རྣམས་སྡུག་བསྔལ་རྒྱུ་དང་བཅས་པ་ལས་ཐར་བར་འདོད་པའི་སྙིང་རྗེ་རྒྱུད་ལ་སྦྱངས་བའི་ཐོག་ནས་བྱ་དགོས། སེམས་ཅན་གཞན་ལ་ཇི་ལྟར་འདོད་པ་བཞིན་རོགས་རམ་ཐུབ་པར་ང་ཚོ་སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས། དེས་ན་ང་ཚོར་བྱང་ཆུབ་སེམས་ཀྱིས་ཟིན་པའི་ཀུན་སློང་ཡོང་ཐུབ། མདོར་ན། ལམ་རིམ་སྦྱོང་བའི་དགོས་དོན་ནི་སེམས་ཅན་ཐམས་ཅད་ལ་ག་ཚོད་ཐུབ་ཐུབ་ཀྱིས་རོགས་རམ་བྱེད་རྒྱུ་དེ་ཡིན།

སེམས་ནང་དམིགས་ཡུལ་དེ་ཡོད་པའི་ཐོག་ནས་ཡན་ལག་བདུན་པའི་མཆོད་པ་འབུལ་དགོས། དང་པོ་ཕྱག་འཚལ་པ་ཡིད་ལ་བྱེད་དགོས། དེ་ལྟར་བདེ་བར་གཤེགས་ཟིན་པ་རྣམས་ལ་གུས་བརྩི་དང་བཅས་དམིགས་ཡུལ་དེ་བཟུང་སྟེ་གཅིག་མཚུངས་ལམ་མམ་ཁ་ཕྱོགས་དེར་འཇུག་དགོས། དེ་ནས་མ་འོངས་པར་འཐོབ་ངེས་པའི་རང་ཉིད་ཀྱི་བྱང་ཆུབ་ལ་གུས་བརྩི་དང་བཅས་བྱང་ཆུབ་ཀྱི་སེམས་སྦྱོང་དགོས། ང་ཚོའི་རྒྱུད་ལ་ཡོད་པའི་སངས་རྒྱས་ཀྱི་རིགས་ལ་གུས་བརྩི་དང་བཅས་དམིགས་ཡུལ་དེ་སྒྲུབ་ཐུབ་པར་བྱེད་དགོས།

ང་ཚོས་མཆོད་པ་འབུལ་བའི་སྐབས། རང་ཉིད་ཡར་རྒྱས་བཏང་ནས་སེམས་ཅན་གཞན་ལ་ཕན་འདོགས་ག་ཚོད་ཐུབ་ཐུབ་བྱེད་ཐུབ་པའི་ཆེད་སོ་སོའི་དུས་ཚོད་དང་། ནུས་པ། སེམས་ཐེ་བའི་རང་ལ་ཡོད་པ་ཐམས་ཅད་གཏོང་བའི་འདུན་པ་ཡོད་དགོས།

ས་སྐྱའི་སློབ་དཔོན་འགྲོ་མགོན་ཆོས་རྒྱལ་འཕགས་པའི་མཛད་པ་ལྟར། ང་ཚོ་ཏིང་ངེ་འཛིན་གྱི་མཆོད་པ་འབུལ་དགོས། དེ་ཡང་ཉམས་ལེན་གྱི་རྣམ་པ་སྣ་ཚོགས་པ་འབུལ་བའམ་སྒྲུབ་པའི་མཆོད་པ་འབུལ་བར་གོ་བ་ཡིན། ང་ཚོས་གང་བཀླགས་པ་དང་སྦྱངས་པ་རྣམས་སེམས་ཅན་གཞན་ལ་ཕན་འདོགས་པའི་སླད་དུ་ཡོན་ཆབ་ཀྱི་རྣམ་པར་འབུལ་དགོས། ང་ཚོས་སློབ་སྦྱོང་གང་བྱས་ཀྱང་གཞན་དོན་སྒྲུབ་པར་དམིགས་ཏེ་ལག་བསྟར་བྱེད་དགོས། དེ་རྗེས་ང་ཚོས་གང་བཀླགས་པ་དང་སྦྱངས་པ་ལས་བྱུང་བའི་ཤེས་ཡོན་ཐམས་ཅད་གཞན་དོན་ཆེད་མེ་ཏོག་གི་ཚུལ་དུ་འབུལ་དགོས། ཤེས་ཡོན་དེའི་ཐོག་ནས་སྒོམ་ལ་གཞོལ་བའི་སྒྲིག་འཛུགས་ཀྱི་ཚུལ་དུ་ང་ཚོས་དྲི་ཞིམ་བདུག་སྤོས་ཀྱི་མཆོད་པ་འབུལ་དགོས། ཚུལ་ཁྲིམས་ལྡན་པའི་ཉམས་ལེན་དེ་ལས་བྱུང་བའི་ངེས་ཤེས་སམ་ནང་གི་རྟོགས་པ་ནི་ང་ཚོས་སྒྲོན་མེའི་འོད་དང་མར་མེའི་འོད་ཀྱི་ཚུལ་དུ་མཆོད་པ་འབུལ་དགོས། ནང་གི་རྟོགས་པ་དེ་ལས་རྙེད་པའི་ཡིད་ཆེས་བརྟན་པོ་དེ་བདུད་རྩི་དྲི་ཆབ་ཀྱི་ཚུལ་དུ་འབུལ་དགོས། ཡིད་ཆེས་དེའི་ཐོག་གཞི་བཞག་ནས་སྒྲུབ་པའི་ཐེ་ཚོམ་མེད་པའི་ཏིང་ངེ་འཛིན་དེ་ཟས་ཀྱི་ཚུལ་དུ་འབུལ་དགོས། དེ་དག་ཚང་མར་གཞི་བཞག་སྟེ་ང་ཚོས་གཞན་ལ་འགྲེལ་བརྗོད་དག་རོལ་མོའི་ཚུལ་དུ་འབུལ་དགོས།

དེ་རྗེས་རང་གིས་རང་ལ་དྲང་པོ་དྲང་གཞག་ཐོག་ང་ཚོའི་མི་ཚེའི་ནང་ལམ་དེ་ལྟ་བུ་ཉམས་སུ་ལེན་རྒྱུར་དཀའ་ལས་ཡོད་པ་ཁས་ལེན་བྱེད་དགོས། རྒྱུན་དུ་ང་ཚོར་ཆོས་ཉམས་ལེན་བྱེད་འདོད་ཡོང་གི་མེད་པ་དང་ཉམས་ལེན་བྱེད་དགོས་པའི་རྒྱུ་མཚན་ཤེས་ཀྱི་མེད། ང་ཚོ་ཁོང་ཁྲོ་ལང་བ་དང་རང་འདོད་དོན་གཉེར་གྱི་བྱ་བ་བྱེད་པ་དང་། འདོད་རྔམ་ཚ་པོ་དང་འདོད་ཆགས་ཆེན་པོ་སོགས་ཆགས་ཀྱི་ཡོད། སྐབས་རེ་སོ་སོའི་མི་ཚེའི་ནང་གང་བྱེད་པའང་མ་ཤེས་པར། ཕྱིས་སུ་འགྱོད་པ་སྐྱེ་གི་ཡོད། སེམས་གཏིང་ནས་དེ་ལྟར་བྱེད་འདོད་མེད། ང་ཚོས་དེ་ལྟའི་མི་འོས་པའི་བྱ་བ་ལས་རྣམ་པར་རྒྱལ་བ་དང་བསྐྱར་ཟློས་མི་བྱེད་རྒྱུའི་ཐབས་ཤེས་ཡོད་རྒུ་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོས་མདུན་སྐྱོད་ཀྱི་ཁ་ཕྱོགས་བཟང་པོ་ལ་སླར་ཡང་ངེས་བརྟན་བཟོ་ཞིང་ལམ་རིམ་སློབ་སྦྱོང་བྱས་པ་ལས་གང་ཤེས་པ་རྣམས་སོ་སོར་འཕྲད་བཞིན་པའི་དཀའ་ངལ་དང་སྡུག་བསྔལ་རྣམས་མེད་པར་བཟོ་བའི་ཁ་གཏད་དུ་བེད་སྤྱོད་གཏོང་ཐབས་བྱེད་དགོས།

ང་ཚོར་སངས་རྒྱས་ཀྱི་རིགས་ཡོད་པའི་དོན་དངོས་ལ་དགའ་བ་སྒོམ་པ་དང་། སྡུག་བསྔལ་རྒྱུ་དང་བཅས་པ་ལས་ཐར་བ་དང་རང་རྒྱུད་ཡར་རྒྱས་གཏོང་བ། སོ་སོའི་ནུས་པ་ངོས་འཛིན་ཐུབ་པ་བཅས་ཀྱི་ནུས་པ་ང་ཚོར་ཡོད། སེམས་ཀྱི་རང་བཞིན་ནི་གཙང་མ་ཡིན་ཞིང་། དཀའ་ངལ་དང་རྨོངས་པ་རྣམས་གཏིང་ཟབ་མེད་པར་གློ་བུར་བ་ཡིན། དེ་ཡང་ཐ་མག་འཐེན་མཁན་ཞིག་གིས་དབུགས་བཏང་བ་དང་རྡོ་ཐའི་དྲི་མ་ཁ་བ་དང་འདྲ་ཞིང་། བཅོས་མ་དང་གནས་སྐབས་ཙམ་ཡིན། མི་རིང་བར་མེད་པར་འགྱུར་ངེས་ཡིན། དེ་དག་ནི་ང་ཚོའི་དོན་དམ་སེམས་ཀྱི་རང་བཞིན་ལ་མེད། ང་ཚོ་ཚང་མར་སངས་རྒྱས་ཀྱི་རིགས་ཡོད། ང་ཚོ་ཚང་མར་ཡར་རྒྱས་འགྲོ་བའི་ནུས་པ་ཡོད། དེ་ལ་དགའ་བ་སྒོམ་དགོས་པ་ཡིན།

སངས་རྒྱས་ཀྱི་རིགས་ཀྱི་ནུས་པ་ཡོངས་སུ་རྫོགས་པ་མཁྱེན་ཐུབ་པ་བྱུང་བའི་སངས་རྒྱས་དང་སྐྱེ་བོ་དམ་པ་རྣམས་ལ་ང་ཚོས་རྗེས་སུ་ཡི་རང་བྱེད་དགོས། དེ་ལྟའི་ལམ་ཇི་ལྟར་ཉམས་སུ་ལེན་དགོས་པ་སྟོན་པའི་ཆ་ནས་དེ་དག་ང་ཚོས་དགའ་བ་སྒོམ་དགོས། དེ་ཡང་། “དེ་ནི་དངོས་གནས་ངོ་མཚར་ཆེ་བ་ཞིག་ཡིན། ཐུགས་རྗེ་ཆེ།” ཞེས་བརྗོད་དགོས།

ང་ཚོས་སྐྱེ་བུ་དམ་པ་རྣམས་ལ་ཆོས་གནང་རོགས་ཞེས་གསོལ་བ་འདེབས་དགོས། དེ་ཡང་། “ཐུགས་རྗེས་གཟིགས། ང་རང་སྦྱོང་འདོད་ཡོད། ང་དངོས་གནས་སྦྱོང་དགོས་ཀྱི་ཡོད། རང་གཞན་གཉིས་ཀ་ལ་ཕན་འདོགས་ཕྱིར་སློབ་སྦྱོང་བྱེད་འདོད་ཡོད།” ཅེས་བརྗོད་དགོས།

ང་ཚོས་ཁོང་རྣམས་བཞུགས་སུ་གསོལ་ཞེས་གསོལ་བ་འདེབས་དགོས། དེ་ཡང་། “ངས་ཧ་ཅང་དོ་གལ་དང་ཁ་ཞེ་གཉིས་མེད་ཀྱིས་གསོལ་བ་འདེབས་ཀྱི་ཡོད། མ་ཕེབས་རོགས་གནང་། ཐུགས་རྗེ་གཟིགས། སྐུ་མྱ་ངན་ལས་མ་འདས་རོགས་གནང་། ང་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་བསྐྱོད་འདོད་ཡོད། ཆོས་ལ་ལྟ་སྐོར་ཙམ་བྱེད་མཁན་ཞིག་མིན།” ཞེས་བརྗོད་དགོས།

མཐར་སྔོན་འགྲོའི་ཉམས་ལེན་འདི་དག་བྱས་པ་དང་། གཤམ་གྱི་ཆོས་ལ་ཉན་པ་དང་ཉམས་ལེན་བྱེད་པ་་ལ་བརྟེན་ནས་ཐོབ་པའི་གོ་རྟོགས་དང་དགེ་བའི་ནུས་པ་ཀུན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕོང་འཐོབ་པའི་རྒྱུར་འགྱུར་ཞིང་། འཁོར་བའི་རྒྱུར་མི་འགྱུར་བར་སྨོན་ལམ་བྱ་དགོས་ཤིང་། དེ་ལྟར་བྱུང་ན་ང་ཚོས་དོན་དམ་དུ་གཞན་སེམས་ཅན་ཀུན་ལ་ཕན་ཐོགས་ཡང་དག་པ་བྱེད་ཐུབ།

དེ་ནས་ང་ཚོས་དངོས་གཞི་ཆོས་འཆད་པའི་སྐབས་སེམས་རྩེ་གཅིག་ཏུ་ཉན་པའི་དྲན་ཤེས་ལྡན་པའི་ཐག་གཅོད་ཅིག་བྱེད་དགོས། གལ་ཏེ་ང་ཚོའི་རིག་པ་རྩེ་སྒྲིམ་དེ་རྣམ་གཡེང་དབང་དུ་ཤོར་ཕྱིན་ན། ཚུར་འགུག་ཐབས་བྱེད་དགོས། ཅི་སྟེ་ང་ཚོ་གཉིད་བྲོ་ན། རང་གིས་རང་ལ་གྲུང་པོ་བཟོ་ཐབས་བྱེད་དགོས། ང་ཚོའི་སེམས་གསལ་དུ་གསལ་དུ་འགྲོ་ཕྱིར། སོ་སོའི་འདུག་སྟངས་ཧ་ཅང་ལྷོད་མི་དྲག་པར། བདེ་པོ་དང་བརྟན་པོ་ཞིག་བཟོ་དགོས།

དེ་རྗེས་རང་གི་རིག་པ་ཏོག་ཙམ་ཉོབ་འཐིབ་བྱུང་ན། རླུང་གི་ནུས་པ་གོང་མཐོར་གཏོང་བར། མིག་ཡར་མགོའི་ཕྱོགས་ལ་བལྟས་ཏེ་སྨིན་མཚམས་སུ་དམིགས་པ་གཏད་ནས་མགོ་རང་སོར་འཇོག་དགོས།

མཐར་ཚ་གི་ཚི་གིའམ་བག་མི་ཕེབས་པ་བྱུང་ན། ང་ཚོའི་ནང་གི་རླུང་དེ་གཞི་རྩ་བརྟན་པོ་བཟོ་དགོས། དེ་ལྟར་བྱེད་པར་དབུགས་རྒྱུན་ལྡན་ལྟར་བཏང་ནས་ཕྱིར་གཏོང་མི་དགོས་བར་ནང་དུ་བཟུང་རྗེས། མིག་ལྟེ་བའི་ཐོག་ལ་མར་བལྟས་ཏེ་རིག་པ་སྒྲིམ་དགོས་པ་དང་མགོ་རང་སོར་འཇོག་དགོས།

གལ་སྲིད་ང་ཚོས་སྔོན་འགྲོའི་རིམ་པ་འདི་དག་གི་སྙིང་དོན་ཤེས་ནས་ཆོ་ག་སྟོང་པ་ཙམ་མི་བྱེད་པ་ཡིན་ན། སེམས་དེའི་ཐོག་བཞག་ན་སེམས་ཤུགས་ཀྱི་འབྱུང་རྩའམ་སེམས་འགུལ་ཐེབ་གཞི་ཞིག་ཏུ་འགྱུར་ངེས། དེ་དག་དད་ཞེན་གྱི་ངང་ནས་སུ་གཅིག་ལའང་གསོལ་མཆོད་བྱེད་པ་མིན་པར། དོན་དངོས་སུ་རང་གི་ནུས་པ་ཁ་ཕྱོགས་བཟང་པོ་ཞིག་ཏུ་བེད་སྤྱོད་གཏོང་བ་དང་། ལས་དོན་སྒྲུབ་པ། སློབ་སྦྱོང་བྱེད་པ། རང་ཉིད་ཡར་རྒྱས་གཏོང་བར་གོ་ཤེས་ལྡན་པ་ཞིག་ཆགས་པའི་ཉམས་ལེན་ཞིག་ཡིན། སྔོན་འགྲོའི་གནད་དོན་ཆ་ཚང་དེ་རེད། རྒྱུ་མཚན་དེ་བས་ན་དེ་དག་ལ་སྔོན་འགྲོ་ཞེས་བྱ་བ་ཡིན། ལམ་རིམ་སློབ་སྦྱོང་བྱེད་པ་དང་ཉམས་སུ་ལེན་སྐབས། སྒོམ་གྱི་ཐུན་འགོ་མ་བཙུགས་གོང་ག་དུས་ཡིན་ཀྱང་སྔོན་འགྲོའི་ཆོས་བཤད་དེ་དག་ལ་དོ་ནན་བྱེད་པ་ཡོང་གི་ཡོད། དེ་ལ་བརྟེན་ནས་ང་ཚོ་དངོས་གནས་དྲང་གནས་གོ་ཤེས་ཅན་ཆགས་ཏེ། དེའི་སྐོར་ཤེས་འདོད་དང་སྦྱོང་འདོད་ཀྱིས་འབད་བརྩོན་བྱེད་ཀྱི་ཡོད། སྔོན་འགྲོའི་ཉམས་ལེན་དེ་དག་གི་ཐོག་ལ་ང་ཚོས་སེམས་རྩེ་གཅིག་ཏུ་འབུངས་དགོས། ཐ་ན་ང་ཚོས་སྒོམ་འཕར་མའམ་དངོས་གཞིར་འཇུག་མི་ཐུབ་ཀྱང་། སྔོན་འགྲོའི་ཆོས་དེ་དག་ནི་ཉིན་རེའི་མི་ཚེའི་ནང་རྒྱུན་ཁྱེར་གྱི་ཉམས་ལེན་ཕན་རླབས་ཅན་ཞིག་ཡིན།

སངས་རྒྱས་ཀྱི་བཀའ་རྣམས་གོ་རིམ་སྒྲིག་པ།

དེ་རིང་དགོང་དྲོའི་བརྗོད་གཞི་ནི་ལམ་རིམ་གྱི་སྒྲོམ་གཞི་སྐོར་ཡིན། ལྷག་པར་དུ་ལམ་རིམ་ཞེས་པ་ནི་སེམས་ཡར་རྒྱས་གཏོང་བའི་ལམ་ཞིག་སྟེ། འབྲས་བུ་ཐར་པ་དང་ཐམས་ཅད་མཁྱེན་པ་འཐོབ་པར་བྱེད་པའི་གོ་རྟོགས་རིམ་པ་ཇེ་ཆེར་འགྲོ་བའི་ལམ་ཞིག་ཡིན། འོན་ཀྱང་ང་ཚོས་དེའི་སྐོར་སྟབས་བདེ་པོའི་ཐོག་ནས་ལམ་གྱི་རིམ་པ་ཞེས་བཤད་ན་འགྲིགས།

ལམ་རིམ་གྱི་ཆོས་རྣམས་གང་ནས་བྱུང་ངམ་ཞེ་ན། སངས་རྒྱས་ཀྱིས་ཆོས་ཀྱི་རྣམ་གྲངས་མི་འདྲ་བ་མང་པོ་གསུངས་པ་རྣམས། མདོ་དང་སྔགས་ཀྱིི་ཐབས་གཉིས་སུ་དབྱེ་ཡོད། མདོ་ཕྱོགས་ཀྱི་ཐབས་རྣམས་རྨང་གཞི་ཡིན་ཞིང་། ལེགས་སྦྱར་སྐད་དུ་མདོ་ཞེས་པའི་དོན་ནི་ཉམས་ལེན་གྱི་སྙིང་དོན་ལ་གོ་བ་ཡིན། སྔགས་ནི་ཚད་མཐོ་བའི་ཆོས་ཀྱི་རིམ་པ་རྣམས་ཡིན་པ་དང་། དེ་ཡང་མདོ་གཞིར་བཞག་ཡོད། དེ་དང་མཉམ་དུ་མདོ་ཕྱོགས་ཀྱི་ཆོས་སྣ་ཚོགས་པ་རྣམས་དུས་གཅིག་ཏུ་མཉམ་དུ་ཉམས་སུ་བླངས་བར་བརྟེན། ང་ཚོའི་རྒྱུད་དུ་ཡོད་པའི་སངས་རྒྱས་ཀྱི་རིགས་ཀྱི་རང་བཞིན་རྟོགས་ཐུབ་པ་ཡོང་གི་ཡོད།

གདུལ་བྱ་མི་འདྲ་བར་སངས་རྒྱས་ཀྱིས་མདོའི་ཐབས་སྣ་ཚོགས་པ་བཀའ་བསྩལ་ཡོད། བཀའ་མང་པོ་ཞིག་ནི་ཕན་ཚུན་བཀའ་སྡུར་གྱི་རྣམ་པར་བཞུགས་ཡོད་པ་སྟེ། སངས་རྒྱས་ཀྱིས་བཀའ་བསྩལ་བ་དང་གཞན་ཁག་གཅིག་སངས་རྒྱས་ལ་དྲི་བ་ཞུས་པ་སོགས་ཀྱི་རྣམ་པར་བཞུགས་ཡོད། རྒྱུ་མཚན་དེའི་ཕྱིར་མདོ་རྣམས་གོ་རིམ་ལྡན་པ་ཞིག་ཏུ་མི་སྣང་། དེ་བཞིན་ཡུལ་གཅིག་ཏུ་སངས་རྒྱས་ཀྱིས་གསུངས་པའི་བཀའ་རྣམས་ཡུལ་གཞན་དུ་གསུངས་པའི་བཀའ་དང་འགལ་བ་ལྟར་སྣང་བས། དེ་དག་བར་འགལ་བ་མེད་ཚུལ་རྟོགས་པ་ཤིན་ཏུ་དཀའ། ཁྱད་པར་དུ་སངས་རྒྱས་སྐུ་བཞུགས་པའི་སྐབས་ཡིག་ཐོག་ཏུ་བཀོད་པ་མེད་ཅིང་། སྲོལ་རྒྱུན་དུ་སངས་རྒྱས་ཀྱིས་གང་གསུངས་པ་རྣམས་ངག་ནས་བཏོན་ཏེ་བློ་འཛིན་བྱེད་དགོས་ཀྱི་ཡོད། བྱས་ཙང་། མི་རྣམས་གནད་འགག་ཆེ་བའི་གནད་དོན་རྣམས་དྲན་གསོ་བའི་སླད་དུ། མདོའི་ནང་བསྐྱར་ཟློས་གནང་བ་མང་པོ་ཡོད།

དེར་མ་ཟད། མདོ་དེ་དག་གི་ནང་བཀའ་རྣམས་ཉམས་ལེན་ནང་སྒྲིལ་ཚུལ་གསལ་པོ་མེད་པས། རྒྱ་གར་མཁས་པ་རྣམས་ཀྱིས་མདོ་འགྲེལ་གྱི་བསྟན་བཅོས་མང་པོ་བརྩམས་ཏེ། སངས་རྒྱས་ཀྱི་དགོངས་པ་ཞིབ་ཏུ་བཀྲལ་བ་དང་ཉམས་ལེན་དུ་སྒྲིལ་རྒྱུའི་གནད་གོ་རིམ་བསྒྲིགས་པས་ལས་སླ་རུ་སོང་། དཔེར་ན། མ་འོངས་པའི་སངས་རྒྱས་རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་བྱམས་ཆོས་སྡེ་ལྔ་ལྟ་བུ། ཁོང་གི་གསུང་རྣམས་འཕགས་པ་ཐོག་མེད་ལ་བསྟན་པ་དང་ཡི་གེར་བཀོད། དེ་དག་ནང་སངས་རྒྱས་ཀྱི་བཀའ་རྣམས་རིམ་གྱིས་འཕེལ་འགྱུར་བྱུང་སྟངས་ཀྱི་སྒྲོམ་གཞི་དེ་ང་ཚོས་གཤམ་ནས་གསལ་པོ་རྒྱུས་མངའ་ལོན་ངེས་ཡིན། བྱུང་སྟངས་ཀྱི་སྒྲོམ་གཞི་ནི་ངོ་སྤྲོད་དང་། བཀའ་མདོར་བསྡུས་ནས་བསྟན་པ། རྒྱས་པར་བསྟན་པ། སྙིང་པོར་བསྡུས་ནས་བསྟན་པ་བཅས་ཡིན། རྒྱས་བཤད་ཀྱི་ཚུལ་རྣམས་ཐོ་གཞུང་ (དཀར་ཆག་) སྣ་ཚོགས་སུ་བཀོད། སངས་རྒྱས་ཉིད་ཀྱིས་དེ་དག་ཐོ་གཞུང་ནང་བཀོད་ཡོད། དེར་བརྟེན་དེ་ནི་བོད་པས་གསར་བཟོ་བྱས་པ་ཞིག་ནམ་ཡང་བསམ་རྒྱུ་མེད། དེ་ལྟའི་སྒྲོམ་གཞི་དེ་ང་ཚོས་ལམ་རིམ་གྱི་འགྲེལ་པ་མང་པོའི་ནང་མཇལ་རྒྱུ་ཡོད།

གཞི་རྩའི་བརྗོད་བྱ་འགའ་ཞིག་ནི་མདོ་ལུགས་ཀྱི་རྨང་གཞིའི་བསླབ་པ་ཁག་ཡིན་པ་དང་དེ་དག་ཀྱང་གོ་རིམ་སྒྲིག་སྟངས་མི་འདྲ་བ་མང་པོ་ཡོད། དཔེར་ན། རྙིང་མའི་སྲོལ་རྒྱུན་ནང་གི་ “བློ་ལྡོག་རྣམ་བཞི་” དང་། བཀའ་བརྒྱུད་ནང་གི་ “སྒམ་པོ་ཆོས་བཞི།” ས་སྐྱའི་ནང་ “ཞེན་པ་བཞི་བྲལ་” གྱི་ཆོས་སྲོལ་སོགས་ཡོད། སྐབས་རེ་ས་སྐྱའི་ཆོས་བརྒྱུད་ཀྱིས་བདེན་པ་བཞི་དང་འདྲ་བར་གོ་རིམ་སྒྲིག་གི་ཡོད། ཇོ་བོ་རྗེ་ནས་འགོ་ཚུགས་ཏེ་བཀའ་གདམས་སྲོལ་རྒྱུན་དང་། དེའི་རྗེས་དགེ་ལུགས། དེ་བཞིན་ཤངས་པ་བཀའ་བརྒྱུད་བཅས་ཀྱི་ནང་དུའང་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་ལ་གཞིགས་ཏེ་གོ་རིམ་སྒྲིག་སྟངས་ཤིག་ཡོད། དེ་ལ་ང་ཚོས་ལམ་རིམ་ཞེས་ཟེར་གྱི་ཡོད། ང་ཚོས་ལམ་རིམ་ནི་བརྗོད་བྱ་དེ་གའི་ཆོས་རྣམས་ལོགས་སུ་འགྲེལ་བརྗོད་བྱེད་ཚུལ་ཞིག་ཏུ་བསམ་རྒྱུ་མེད། ཆོས་གཅིག་རང་ལ་འགྲེལ་ཚུལ་མི་འདྲ་བ་གཞན་མང་དག་ཡོད།

སྐྱེས་བུ་རིམ་པ་གསུམ།

ལམ་རིམ་ནང་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་དང་བསྟུན་ནས་དལ་འབྱོར་མི་ལུས་དང་། སྐྱབས་འགྲོ། ལས། ངེས་འབྱུང་། བྱང་ཆུབ་ཀྱི་སེམས། སྟོང་ཉིད་སོགས་འགྲེལ་བརྗོད་བྱེད་པའི་དམིགས་བསལ་ཕན་ཡོན་གང་ཡོད་དམ། ངའི་བསམ་པར། ཕན་ཡོན་གཙོ་བོ་གཅིག་ནི་དེ་ལ་བརྟེན་ནས་ “ཆོས་ངོ་མ་” ལ་འཇུག་པའི་ཐབས་མཁོ་འདོན་བྱེད་ཀྱི་ཡོད། དེའི་ཐོག་ཞིབ་ཕྲ་བཤད་ན།

ང་ཚོས་ནང་ཆོས་སྐོར་ལ་སྐད་ཆ་ཤོད་སྐབས། སྐྱབས་འགྲོ་སྐོར་ཤོད་ཀྱི་ཡོད། དེ་ལ་ངས་ “མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་མ་ནོར་བ་ཞིག་འཚོལ་བ་” ཞེས་ཟེར་གྱི་ཡོད། ཁ་ཕྱོགས་དེས་དོན་ངོ་མར་ག་རེ་སྟོན་གྱི་ཡོད་ཅེ་ན། ཆོས་དཀོན་མཆོག་ཡིན། ཆོས་དཀོན་མཆོག་ནི་འཕགས་པའི་བདེན་པ་བཞི་ནང་ནས་གསུམ་པ་དང་བཞི་པར་གོ་བ་ཡིན། དེའང་འགོག་བདེན་ནི་སྡུག་བསྔལ་རྒྱུ་དང་བཅས་པ་དངོས་སུ་འགོག་པའི་འགོག་བདེན་དང་ལམ་བདེན་ནི་རྟོག་མེད་མངོན་སུམ་དུ་སྟོང་ཉིད་རྟོགས་པའི་སེམས་ཀྱི་ལམ་སྟེ་ལམ་གྱི་བདེན་པ་གཉིས་ཡིན། སངས་རྒྱས་ཀྱིས་དེ་ལྟའི་བདེན་པ་གཉིས་མཐར་ཕྱིན་པར་ཐུགས་རྒྱུད་དུ་བསྐྱེད་ཡོད། ཕྱོགས་གཞན་ཞིག་ནས་སངས་རྒྱས་རྣམས་ཀྱི་ཐུགས་རྒྱུད་ལ་འགོག་བདེན་དང་ལམ་བདེན་གཉིས་ཀ་མངའ་བ་ཡིན། དེ་བཞིན་འཕགས་པ་དགེ་འདུན་དཀོན་མཆོག་གིས་བདེན་པ་དེ་གཉིས་ཕྱོགས་ཙམ་རང་རྒྱུད་ལ་སྐྱེད་འགོ་བཙུགས་ཟིན་ཀྱང་མཐར་ཕྱིན་པ་མེད།

དཔེར་ན། ང་ཚོས་གཟུགས་མཐོང་བརྙན་འཕྲིན་རྙིང་པ་ཞིག་ལ་བསམ་བློ་བཏང་ན། དེའི་ནང་གི་ཅ་ལག་རྙིང་པ་ཕན་མེད་རྣམས་མེད་པ་བཟོ་བ་ནི་འགོག་བདེན་འཐོབ་བྱེད་སྤངས་བྱ་སྤོང་བ་དང་འདྲ་ཞིང་། ཅ་ལག་གསར་པ་ནང་དུ་འཇུག་པ་ནི་ལམ་བདེན་མངོན་དུ་བྱེད་པ་དང་འདྲ། སངས་རྒྱས་ཀྱིས་དེ་ལྟའི་ཅ་ལག་ཕན་མེད་རྣམས་ཡོངས་སུ་དོར་ཏེ་གསར་པ་མངོན་དུ་བྱས་ཟིན། དགྲ་བཅོམ་པ་རྣམས་ཀྱིས་ཅ་ལག་སྐྱོན་ཅན་འགའ་ཞིག་མེད་པ་བཟོས་ཀྱང་ཚང་མ་བཟོས་མེད། དེ་ནི་ཐར་པའི་གོ་འཕང་ཡིན། རྟོག་མེད་ཀྱི་སྒོ་ནས་སྟོང་ཉིད་མངོན་སུམ་དུ་ནམ་རྟོགས་པ་ན་འཕགས་པའི་གང་ཟག་ཆགས་ཏེ། སྐྱོན་ཅན་གྱི་ཅ་ལག་དང་པོ་དེ་སྤོང་གི་ཡོད། མདོར་ན་འཕགས་པ་དང་། དགྲ་བཅོམ་པ། སངས་རྒྱས་བཅས་ལམ་གྱི་རིམ་པ་ཡོངས་རྫོགས་ནང་ཆོས་ལ་སྐྱབས་སུ་འགྲོ་བ་དེ་ཚུད་ཡོད།

བློ་ཁ་ཆོས་སུ་སྒྱུར་བའི་བསམ་བློ་བཞིའམ་བློ་ལྡོག་རྣམ་བཞི་ནི། དལ་འབྱོར་མི་ལུས། འཆི་བ་དང་མི་རྟག་པ། ལས། འཁོར་བའི་ཉེས་དམིགས་བཅས་ཀྱི་སྐྱོན་བསམས་ནས་ཆོས་ལ་སྐྱབས་སུ་འགྲོ་གི་ཡོད། ཁྱད་པར་དུ་ཐར་པ་འཐོབ་འདོད་ཀྱི་བསམ་པ་སྟེ་ངེས་འབྱུང་རྒྱུད་ལ་སྦྱོང་བའི་ཐབས་ལ་གཙིགས་སུ་འཛིན་གྱི་ཡོད། གལ་སྲིད་ང་ཚོས་བློ་ལྡོག་རྣམ་བཞི་ལམ་རིམ་གྱི་སྐབས་དོན་དང་སྦྱར་ནས་བཤད་ན། ཐར་པ་འཐོབ་ཕྱིར་བརྩོན་པའི་ངེས་འབྱུང་གི་བསམ་པ་དང་བཅས་སྐྱེ་བོ་འབྲིང་གི་བསམ་པའི་ཐོག་ནས་འགོ་འཛུགས་ཀྱི་ཡོད་པ་མཐོང་ཐུབ། སངས་རྒྱས་ཀྱི་གོ་འཕང་འཐོབ་ཆེད་བློ་ལྡོག་རྣམ་བཞིའི་མཇུག་ཏུ་རྒྱུན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་རྟོགས་པའི་ཤེས་རབ་གོང་འཕེལ་གཏོང་བའི་སྐོར་གསུང་གི་ཡོད། ལམ་རིམ་གྱི་ཐུན་མོང་མ་ཡིན་པའི་ཕན་ཡོན་ཞིག་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཕྱིར་སྐྱེ་བ་ཕྱི་མ་དོན་དུ་གཉེར་བའི་ཐོག་མའི་ཀུན་སློང་ངམ་སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པ་ཞིག་ཡོད་པ་དེ་ཡིན།  དེས་ན་འདིས་ཐར་པ་དང་ཐམས་ཅད་མཁྱེན་པ་དོན་གཉེར་བྱེད་པའི་ནང་པའི་དམིགས་ཡུལ་དངོས་དེ་སྒྲུབ་པའི་སྔོན་འགྲོའི་རིམ་པ་ཞིག་སྟོན་གྱི་ཡོད།

ས་སྐྱའི་སྲོལ་རྒྱུན་ནང་གི་ཞེན་པ་བཞི་བྲལ་གྱི་ནང་། ཚེ་འདི་ལ་ཞེན་ཆགས་སྐྱེ་བ་ལས་ལྡོག་སྟེ་སྐྱེ་བ་ཕྱི་མར་བསམ་པ་དེ་ཡང་ཡོད། དེར་བརྟེན་འདི་ནི་ལམ་རིམ་ལ་ཐུན་མོང་མ་ཡིན་པ་ཞིག་མིན། འོན་ཀྱང་སྐྱེ་བ་ཕྱི་མའི་ཁེ་ཕན་གྱི་ཆེད་འབད་པ་ནི་ལམ་རིམ་གྱི་བསམ་པ་གསུམ་ལས་གཅིག་ཡིན་ཞིང་། དེ་ནི་གལ་ཆེ་བའི་སྔོན་འགྲོའི་རིམ་པ་ཞིག་སྟོན་གྱི་ཡོད། ངའི་བསམ་པར། ང་ཚོ་ནུབ་ཕྱོགས་པ་ཚོས་ནང་ཆོས་ལ་སློབ་གཉེར་བྱེད་ཚུལ་དེ་ལྟར་དགོས་པ་གལ་ཆེན་པོ་ཡིན།

ཆོས་ཡངས་པ་དེ་སྔོན་འགྲོའི་རིམ་པ་ཞིག་ཡིན།

ལམ་རིམ་ནང་སྐྱེས་བུ་ཆེན་པོའི་བསམ་པ་ནི་ཐེག་ཆེན་ཐུན་མོང་མ་ཡིན་པ་ཞིག་ཡིན། འོན་ཀྱང་ཐེག་པ་ཆེན་པོ་མདོ་དང་སྔགས་གཉིས་ཐུན་མོང་དུ་མཉམ་སྤྱོད་བྱེད་ཀྱི་ཡོད། དེ་ནི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་གོ་བ་ཡིན། སྐྱེས་བུ་འབྲིང་གི་བསམ་པ་ནི་ཐར་པ་འཐོབ་པའི་ཆེད་ཐེག་དམན་དང་ཐེག་ཆེན་ཏེ་ནང་པའི་སྲོལ་རྒྱུན་ཀུན་ལ་ཐུན་མོང་དུ་མཉམ་སྤྱོད་བྱེད་ཀྱི་ཡོད། སྐྱེས་བུ་ཆུང་ངུའི་བསམ་པ་ནི་སྐྱེ་བ་ཕྱི་མ་ཙམ་དོན་དུ་གཉེར་བ་དང་དེ་ནི་ཆོས་ལུགས་གཞན་མང་དག་དང་ཐུན་མོང་དུ་མཉམ་སྤྱོད་བྱེད་པའི་ཐབས་ཤིག་ཡིན།

ནང་པའི་གཞུང་མང་པོ་ཞིག་གི་ནང་། ཆོས་དང་ཆོས་མ་ཡིན་པའི་ས་མཚམས་ནི་སྐྱེ་བ་ཕྱི་མར་ཕན་པའི་བྱ་བ་སྒྲུབ་ཀྱིན་ཡོད་མེད་ལ་རག་ལུས་པར་གསུངས། དེར་མ་ཟད། ནང་པ་ཞེས་པ་དེ་ཡང་རང་གི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་ཞིག་ཡོད་པའམ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་མཁན་གྱི་གང་ཟག་ལ་འགྲེལ་བརྗོད་བྱེད་ཀྱི་ཡོད། ང་ཚོས་གོང་དུ་བརྗོད་ཟིན་པ་ལྟར། སྐྱབས་དངོས་ནི་ཆོས་དཀོན་མཆོག་ཡིན་པ་དང་། དེ་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་ཡང་ན་ཐར་པ་དང་ཐམས་ཅད་མཁྱེན་པ་འཐོབ་བྱེད་ཀྱི་འཕགས་པའི་གོ་འཕང་ལ་གོ་གི་ཡོད། གནད་དོན་དེ་དག་མཉམ་དུ་འོས་ཤིང་འཚམས་པ་ཇི་ལྟར་བསྡུ་བ་ཡིན་ནམ་ཞེ་ན། དེའི་ལན་ནི་དོན་ངོ་མར་སྐྱབས་འགྲོའི་སྐོར་དེ་སྐྱེས་བུ་ཆུང་ངུའི་བསམ་པའི་སྐབས་བཤད་ཡོད་པ་རེད།

ཆོས་ཀྱི་ས་མཚམས་ཤིག་གི་ཐོག་ནས་ང་ཚོས་ཕྱི་མ་དོན་གཉེར་སྐོར་ཤོད་སྐབས། ངའི་བསམ་པར། ཡི་ཤུ་པས་ལྷ་ཡུལ་དུ་སྐྱེ་ཆེད་དོན་གཉེར་བྱེད་པའམ་ཁ་ཆེ་ཚོས་དག་ཞིང་དུ་སྐྱེ་བར་དོན་གཉེར་བྱེད་པ་ནི་ནང་ཆོས་ཀྱི་ཉམས་ལེན་རེད་ཅེས་བརྗོད་མི་ཐུབ། ནང་ཆོས་ཀྱི་ས་མཚམས་ཤིག་ཏུ་སྐྱེ་བ་ཕྱི་མ་དོན་གཉེར་གྱི་སྐོར་ཤོད་སྐབས་སྐྱེ་བོ་ཆུང་ངུའི་སྐྱབས་འགྲོའི་ནང་། སྐྱེ་བ་ཕྱི་མ་དོན་དུ་གཉེར་བྱེད་པ་ནི་འཕགས་པ་དང་། དེ་ནས་ཐར་པའི་གོ་འཕང་། མཐར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བཅས་འཐོབ་བྱེད་ལམ་ཞིག་ཏུ་བརྗོད་ཀྱི་ཡོད། དེ་ལྟར་ལྟ་ཐུབ་པ་བྱུང་ཚེ། སྐྱེ་བ་ཕྱི་དོན་གཉེར་བྱེད་པ་དང་ཕྱི་ནང་ཐུན་མོང་ཡིན་པའི་བར་འགལ་འདུ་གང་ཡང་མི་མཐོང་ནའང་། ད་དུང་ནང་ཆོས་ཀྱི་ས་མཚམས་ཤིག་ཏུ་གནས་ཡོད།

སྐྱེས་བུ་ཆུང་ངུའི་བསམ་པ་ནི་འགོག་བདེན་ཏེ་སྐྱབས་དངོས་ཆོས་དཀོན་མཆོག་མངོན་དུ་བྱ་བའི་ཐབས་ལྟ་བུ་ཞིག་ཡིན། བསམ་པ་དེའི་འགྲེལ་བ་ལས་ངས་ཆོས་ཡངས་པ་ཞེས་པའི་ལྟ་ཚུལ་བླངས་པ་ཡིན། དེ་ནི་བསམ་པ་དེའི་སྔ་རོལ་གྱི་ཐེམ་སྐས་སམ་ཐབས་ལམ་ཞིག་ཡིན། ངའི་བསམ་པར། ལམ་རིམ་གྱི་ས་བཅད་ནང་སྐྱེས་བུ་ཆུང་ངུའི་བསམ་པའི་སྔོན་དུ་རིམ་པ་ཞིག་གསུང་ཞིང་དེ་ལ་བརྟེན་ནས་ནུབ་ཕྱོགས་པ་རྣམས་ཀྱིས་ལམ་རིམ་ལ་འཇུག་རྒྱུ་ལས་སླ་བ་ཡོང་སྲིད་པ་ཡིན། དེ་ནི་སྐྱེ་བ་ཕྱི་མ་ཡག་པོ་ཞིག་འབྱུང་བའི་ཐབས་ལྟ་བུར་ཚེ་འདི་ཡར་རྒྱས་གཏོང་རྒྱུའི་བསམ་པའི་རིམ་པ་དེ་ཡིན། ཆོས་ཡངས་པ་ལ་བརྟེན་ནས་ལམ་རིམ་ལ་འཇུག་པའི་སྐྱེས་བུ་ཆུང་ངུའི་བློ་མ་སྦྱངས་པའི་སྔ་རོལ་ཏུ་ཀུན་སློང་གི་རིམ་པ་དེ་དོན་གཉེར་བྱེད་དགོས།

ནང་ཆོས་ནི་འགྲོ་བཞིན་པའི་སྤྱི་སྤྱོད་རླངས་འཁོར་ཞིག་དང་མཚུངས་ཤིང་འགྲོ་བཞིན་པའི་སྐབས་ང་ཚོས་དེའི་སྟེང་མཆོང་རྒྱག་ཐུབ་རྒྱུ་ཁག་པོ་རེད། གལ་སྲིད་ང་ཚོས་ལམ་རིམ་ལ་བལྟས་པ་ན། སྐྱེ་བ་ཕྱི་མ་དོན་གཉེར་གྱི་དམིགས་ཡུལ་ཅན་གྱི་བསམ་པ་ཆུང་ངུས་སྐྱེ་བ་ཕྱི་མར་རྩ་བའི་གོ་རྟོགས་དང་ཡིད་ཆེས་སྐྲུན་གྱི་ཡོད། སྲོལ་རྒྱུན་གྱི་གཞུང་གིས་སྐྱེ་བ་སྔ་ཕྱི་ཡོད་སྐོར་འགྲེལ་བརྗོད་མི་བྱེད་པའམ་ཡོད་ཚུལ་ར་འཕྲོད་བྱེད་ཐབས་བྱེད་ཀྱི་མེད། མི་ཚང་མས་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་བྱེད་ཀྱི་ཡོད་ཤག་ལྟར་བྱས་ཡོད། འོན་ཀྱང་རིག་གཞུང་གི་རྒྱབ་ལྗོངས་མི་འདྲ་བ་ཞིག་ནས་ཡོང་བའི་ནུབ་ཕྱོགས་པ་རྣམས་ཀྱིས་འཁོར་བ་ལ་ཐོག་མ་མེད་པ་ཁས་ལེན་རྒྱུ་ཕར་ཞོག་སྐྱེ་བ་སྔ་ཕྱི་ཁས་ལེན་བྱ་རྒྱུ་ཧ་ཅང་ཁག་པོ་ཡོད། སྲོལ་རྒྱུན་གྱི་ནང་པའི་གཞུང་གིས་དཀའ་ཚེགས་དེ་དག་མཛུབ་སྟོན་གྱིས་འགྲེལ་བཤད་གནང་མེད་ཀྱང་། ༸གོང་ས་མཆོག་གིས་དེ་ལྟར་ཞལ་ནས་འགྲེལ་བརྗོད་གནང་གི་ཡོད།

སྐྱེས་བུ་ཆུང་ངུའི་བསམ་པ་དེ་ཕྱི་ནང་ཐུན་མོང་ཡིན་པ་ལྟར། དེའི་སྔོན་དུ་ཡོད་པའི་ཐབས་ཏེ་ཆོས་ཡངས་པའི་ཐོག་ལ་བསམས་ན། ཚེ་འདི་ཡག་པོ་ཞིག་ཡོང་ཐབས་བྱེད་པ་ནི་ཐེག་པ་ཆེ་ཆུང་གཉིས་དང་། གསོ་དཔྱད་པ། གྲུབ་མཐའ་རིས་མེད། འགྲོ་བ་མིའི་རིགས་ཀྱི་ལྟ་གྲུབ། ཆོས་ལུགས་གཞན་དང་ཡང་ཐུན་མོང་བ་ཡིན། དེ་ནི་རྒྱ་ཆེ་བའི་ཐུན་མོང་གི་གཞི་རྟེན་ཞིག་ཡིན། གལ་སྲིད་དེ་སྐྱེ་བ་ཕྱི་མ་དང་། ཐར་པ། ཐམས་ཅད་མཁྱེན་པ་བཅས་འཐོབ་བྱེད་ཀྱི་ཐབས་ཙམ་དུ་སྤྱིར་བཏང་སྐྱབས་འགྲོར་བསམས་ན། ཉམས་ལེན་དེ་ཆོས་ཡངས་པ་ཆགས་འགྲོ་གི་ཡོད། ཁ་ཕྱོགས་དེར་འགྲོ་བར། ང་ཚོས་ཆོས་ཡངས་པ་ཉམས་ལེན་འགོ་བཙུགས་ཏེ་འགྲོ་ཐུབ། གལ་ཏེ་སྐྱབས་དངོས་རྒྱ་ལམ་ཆེན་མོ་ཞིག་ཡིན་པའི་དབང་དུ་བཏང་ན། ཆོས་ཡངས་པ་ནི་ལམ་ཆེན་དེར་འཇུག་པའི་སྒོ་ཙམ་ཡིན།

བསམ་པའམ་ཀུན་སློང་གི་དོན།

བསམ་པའམ་ཀུན་སློང་གི་རིམ་པ་དེ་དག་ཧ་ཅང་གལ་ཆེན་པོ་ཡིན། ཀུན་སློང་ནི་ལས་གང་ཡང་རུང་བ་ཞིག་བྱེད་པའི་སྐབས་སེམས་ཚོར་གྱི་རྒྱུ་མཚན་ལ་མི་ཟེར་བར། ང་ཚོའི་དམིགས་ཡུལ་དང་དགོས་དོན་སྐོར་གླེང་གི་ཡོད། སློབ་སྦྱོང་དང་ཉམས་ལེན་བྱེད་པའི་རྒྱབ་ཏུ་ཀུན་སློང་གང་ཡིན་ནམ། དེ་དག་བརྒྱུད་ནས་དམིགས་ཡུལ་གང་ཞིག་སྒྲུབ་ཐབས་བྱེད་ཀྱི་ཡོད་དམ། ལམ་རིམ་གྱི་སྒྲོམ་གཞི་ཡིས་ཡར་རྒྱས་གོང་འཕེལ་གྱི་བརྒྱུད་རིམ་ཞིག་སྟོན་ཞིང་། ང་ཚོས་ཐོག་མ་ནས་འགོ་འཛུགས་དགོས། མི་མང་པོས་བཟོ་བཞིན་པའི་ནོར་འཁྲུལ་ཆེན་པོ་གཅིག་ནི་ཁོང་ཚོས་སྔོན་འགྲོའི་རིམ་པའམ་སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པ་དེ་ཉམས་ལེན་མ་བྱས་པར་ཐད་ཀར་རིམ་པ་མཐོ་བ་སྟེ་ཐེག་པ་ཆེན་པོའི་ལམ་གྱི་ཉམས་ལེན་ལ་འཇུག་གི་ཡོད། དེ་ནས་ཁོང་ཚོས་སྤོབས་པ་ཆེན་པོས། “ངས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་དང་ཐར་པ་འཐོབ་ཕྱིར་ལས་དོན་སྒྲུབ་ཀྱི་ཡོད།” ཅེས་བརྗོད་ཀྱི་ཡོད། འོན་ཏེ་དེའི་སྔོན་དུ་སྐྱེས་བུ་ཆུང་ངུའམ་སྔོན་འགྲོའི་རིམ་པ་ཁག་མེད་ན། སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་རྒྱུ་དེ་ལས་སླ་པོ་དང་གལ་གནད་ཆུང་དུ་བཏང་ནས་ང་ཚོའི་ཉམས་ལེན་རྣམས་ཆོས་ཡངས་པ་ཙམ་དུ་ཟད། དོན་དངོས་སུ་ང་ཚོས་སེམས་ཅན་ཐམས་ཅད་སངས་རྒྱ་བའི་ཆེད་དུ་གང་ཡང་བྱེད་ཀྱི་མེད། རྒྱུ་མཚན་ནི་དེའི་དོན་ཡང་ཤེས་ཀྱི་མེད། བྱང་ཆུབ་ཟེར་ན་གང་ཡིན་མིན་ཀྱང་ཤེས་ཀྱི་མེད། གལ་ཏེ་སྐྱེ་བ་ཕྱི་མ་ཁས་མ་བླངས་ན། ཐ་ན་འབུ་སྲིན་ཐེ་བའི་སེམས་ཅན་ཐམས་ཅད་དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བའི་འཁོར་བ་ལས་ཐར་ཆེད་ང་ཚོས་འབད་བརྩོན་བྱེད་ཀྱི་མེད། ཅི་སྟེ་ང་ཚོས་སོ་སོར་དྲང་པོའི་སྒོ་ནས་བརྟག་དཔྱད་ཡག་པོ་བྱས་ན། ང་ཚོས་མི་ཁ་ཤས་ཙམ་ལ་ཚེ་འདི་པ་ཙམ་ཡག་པོ་ཡོང་ཆེད་རོགས་རམ་བྱེད་ཀྱི་ཡོད། མ་གཞི་ཀུན་སློང་དེ་ཧ་ཅང་ཡག་པོ་ཡིན་ཀྱང་། དེ་ནི་ཚད་མཐོ་བའི་ཐེག་པ་ཆེན་པོའི་སྤྱོད་པ་ཡིན་ཟེར་བ་ནི་ཐེག་ཆེན་ལ་བརྙས་པ་རང་ཡིན། དེར་བརྟེན་ལམ་རིམ་ནང་གསུང་པ་བཞིན་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་བསམ་པ་རྣམས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་རིམ་པ་བཞིན་དུ་སྦྱོང་དགོས་པའི་ནན་བརྗོད་བྱ་རྒྱུ་དེ་གནད་འགག་ཡིན། དེ་ཡང་སོ་སོར་ཚད་མཐོ་བའི་བསམ་པའམ་ཀུན་སློང་མེད་ནའང་ཡོད་ཁུལ་བྱ་རྒྱུ་མེད། དེ་མིན་ཐེག་པ་ཆེན་པོའི་བསམ་པ་སྐྱེ་བ་མི་སྲིད།

ཆོས་ཡངས་པ་དང་སྔོན་འགྲོ་རྣམས་ལམ་གོང་མར་འཕོ་བའི་ཐེམ་སྐས་སམ་ཐབས་ལམ་ལྟ་བུར་ཉམས་སུ་ལེན་པ་ཞེས་པའི་དོན་ནི། ང་ཚོར་སྐྱེ་བ་ཕྱི་མ་དང་། ཐར་པ། ཐམས་ཅད་མཁྱེན་པའི་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་དགོས་པའི་གལ་གནད་ལ་ང་ཚོས་ཡི་རང་མངོན་གསལ་དོད་པོ་བྱེད་ཀྱི་ཡོད། དེ་བཞིན་ད་ལྟ་ང་ཚོ་དེ་ལྟར་མི་ཤེས་པ་ཁས་བླངས་ནའང་། དེ་དག་ཤེས་དགོས་པའི་གལ་ཆེའི་རང་བཞིན་ང་ཚོས་ངོས་བཟུང་ནས་རང་རྒྱུད་ལ་གོ་རྟོགས་སྐྱེ་ཐབས་ཡོད་རྒུ་རྩལ་སྤྲུག་བྱེད་དགོས། གལ་ཏེ་ད་ལྟ་ང་ཚོས་སྐྱེ་བ་སྔ་ཕྱི་སོགས་ལ་ཁས་ལེན་མི་ཐུབ་ཀྱང་། སྣང་མེད་དུ་གཡུགས་མ་བཞག་པར། དེ་དག་ལ་གོ་རྟོགས་སྐྱེ་བའི་ཁ་ཕྱོགས་སུ་འགྲོ་དགོས་ཀྱི་ཡོད།

ཆོས་ཡངས་པ་དང་ཐ་ན་སྔོན་འགྲོའི་ཆོས་ཀྱི་རིམ་པ་ལ་བརྟེན་ནས་ང་ཚོས་ལམ་རིམ་གྱི་ཆོས་ཐམས་ཅད་སློབ་གཉེར་བྱེད་ཐུབ། དེ་ལ་དཀའ་ངལ་ཅི་ཡང་མེད། གཞན་ཕན་དང་། སྦྱིན་པ། གཞན་ལ་རོགས་བྱེད་པ། ཉོན་མོངས་ངོས་འཛིན་པ། སྟོང་ཉིད་ཀྱི་དོན་གང་ཙམ་ཤེས་པ་སོགས་ཚང་མ་ཚེ་འདི་ལའང་ཕན་ཐོགས་ཆེན་པོ་ཡོད། མ་རེད་དམ། ཐོག་མ་མེད་པའི་སྐྱེ་བ་སོགས་ཀྱི་གྲུབ་ཆ་མེད་པར་ང་ཚོས་དེ་དག་གཏིང་ཟབ་མོ་ཤེས་རྟོགས་མི་ཐུབ། འོན་ཀྱང་ང་ཚོས་ཆོས་ཡངས་པ་དང་མཐུན་པའི་འཆར་སྣང་ཞིག་སྐྱེད་ཐུབ།

དཔེར་ན། སྐྱེ་བ་སྔ་ཕྱི་མེད་པར། ལས་ (སྤྱོད་ལམ་གྱི་རྒྱུ་དང་འབྲས་བུའི་ཆོས་) ཀྱིས་དོན་གོ་ཅི་གང་མི་ཆོད། གང་ཡིན་ཟེར་ན། ང་ཚོས་མི་ཚེ་གང་པོར་དགེ་བའི་ལས་བྱེད་སྲིད་ནའང་མཐར་ས་ཡོམ་ཞིག་བརྒྱབ་སྟེ་རྐྱེན་ལམ་དུ་འགྲོ་གི་ཡོད། དེ་ལྟའི་གནས་ལུགས་དེས་ཚེ་འདི་ཙམ་ལ་དོན་གོ་ཆོད་པ་དང་ཕན་དེ་ཙམ་ཐོགས་ཀྱི་མེད། དེས་ལས་རྒྱུ་འབྲས་སྟོན་པའི་ཆོས་རྣམས་ཚེ་འདི་ལ་ཕན་ཐོགས་ཅི་ཡང་མེད་ཟེར་བའི་དོན་མིན། ཕན་ཐོགས་ཡོད། འོན་ཀྱང་ང་ཚོས་སྐྱེ་བ་སྔ་ཕྱིའི་སྐོར་བསམ་བློ་མ་བཏང་བར་ལས་ཀྱི་འབྲེལ་བ་ཕྲ་མོ་རྣམས་རྟོགས་མི་ཐུབ། དེར་མ་ཟད། སྐྱེ་བ་སྔ་ཕྱི་མི་ཤེས་པར་སེམས་ཅན་ཐམས་ཅད་རང་གི་མ་བྱས་མྱོང་ཟེར་བ་ནི་ཁུངས་མེད་དུ་གྱུར། བྱང་ཆུབ་སེམས་སྟོན་པའི་ཆོས་མང་པོ་ཞིག་དེའི་སྟེང་ལ་གཞི་བཞག་ཡོད། དེ་ག་ནང་བཞིན་སེམས་ལ་ཐོག་མ་དང་མཐའ་མ་མེད་པའི་གནས་ལུགས་ཚུལ་བཞིན་དུ་མ་ཤེས་པར། སྟོང་ཉིད་ཀྱི་གོ་བ་ཇི་ལྟ་བ་བཞིན་དུ་མི་ཤེས། ཐོག་མ་མེད་པའི་སེམས་ཀྱིས་སྐྱེ་བ་སྔ་ཕྱི་ཡོད་པ་ཤུགས་ལ་སྟོན་གྱི་ཡོད། མ་རེད་དམ།

སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དེ་དག་རེ་རེའི་སྐབས་ཀུན་སློང་བཅོས་མིན་ཞིག་དགོས་པ་ནི་གནད་འགག་ཡིན། སྔོན་འགྲོའི་རིམ་པ་དེ་དག་རྒྱབ་སྐྱུར་བྱེད་པ་ནི་ལམ་རིམ་གྱི་སྙིང་པོ་བརླགས་པ་དང་འདྲ། སྔོན་འགྲོའམ་སྦྱོར་བའི་ཆོས་དཔེར་ན། དལ་འབྱོར་མི་ལུས་དང་། འཆི་བ་མི་རྟག་པ་སོགས་མདོ་ལས་ཐད་ཀར་གསུངས་ཡོད་ཅིང་། བོད་བརྒྱུད་ནང་པའི་སྲོལ་རྒྱུན་དང་མཁས་དབང་སྣ་ཚོགས་ཀྱིས་དེ་དག་གོ་རིམ་འདྲ་མིན་དུ་བསྒྲིགས་ཡོད། སྤྱིར་བཏང་དེ་དག་ལམ་རིམ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གང་ཡང་མིན། འོན་ཀྱང་ལམ་རིམ་གྱི་ཐུན་མིན་དེ་གང་ཡིན་ཞེ་ན། དེ་དག་ཚང་མ་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ལམ་གྱི་རིམ་པའི་སྒྲོམ་གཞིའི་ནང་སྒྲིལ་ཏེ་བསྟན་ཡོད་པ་དེ་ཡིན།

ལམ་རིམ་གྱི་སྐབས་དོན་ཤེས་རྟོགས་བྱེད་པ།

བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་འདྲ་མིན་གྱིས་ལམ་རིམ་དང་འབྲེལ་བའི་ཆོས་འཆད་ཉན་བྱེད་སྐབས་གནས་འདྲ་མིན་ནང་དགེ་བའི་བཤེས་གཉེན་དང་འབྲེལ་བ་བཟང་པོ་ཞིག་དགོས་པའི་ཐད་འགྲེལ་བརྗོད་བྱེད་ཀྱི་ཡོད། དཔེར་ན། དགེ་ལུགས་ཀྱི་ལམ་རིམ་ནང་ལམ་གྱི་རིམ་པ་འཆད་ཉན་བྱེད་པའི་སྔོན་དུ་བཤེས་གཉེན་ཚུལ་བཞིན་དུ་སྟེན་པའི་གནད་འགག་ངོ་སྤྲོད་བྱེད་ཀྱི་ཡོད།

ཞོར་དུ་ལམ་རིམ་ནི་གཞུང་རྐྱང་པ་གཅིག་ཁོ་ན་ལ་ཟེར་གྱི་མེད། དགེ་ལུགས་ཀྱི་སྲོལ་རྒྱུན་ནང་ལམ་རིམ་གྱི་པར་མ་བདུན་ནམ་བརྒྱད་ཡོད། རྗེ་ཙོང་ཁ་པ་ཆེན་པོ་ཉིད་ཀྱིས་ལམ་རིམ་གྱི་གཞུང་གསུམ་མཛད་ཡོད། དེ་བཞིན་༸གོང་ས་སྐུ་ཕྲེང་གསུམ་པ་དང་། ལྔ་པ། དེ་བཞིན་པན་ཆེན་སྐུ་ཕྲེང་བཞི་པ་དང་ལྔ་པས་མཛད་པའི་ལམ་རིམ་གྱི་འགྲེལ་པ་ཡོད། ཆེས་ཉེ་དུས་ཀྱི་གཞུང་ནི་སྐྱབས་རྗེ་ཕ་བོང་ཁས་མཛད་པ་དེ་ཡིན། པན་ཆེན་སྐུ་ཕྲེང་ལྔ་པ་དང་ཕ་བོང་ཁས་མཛད་པའི་གཞུང་བར་ལའང་འགྲེལ་བ་ཁ་ཤས་ཡོད། ང་ཚོས་ལོ་རྒྱུས་ཐོག་ལམ་རིམ་གྱི་འཕེལ་རིམ་ཐད་ལ་བགྲོ་གླེང་ཆ་ཚང་བ་ཞིག་བྱེད་ཐུབ་ཀྱང་འདིར་བྱེད་ཀྱི་མིན། འོན་ཀྱང་གནད་འགག་ཆེ་བ་ཞིག་ནི་ལམ་རིམ་འཆད་ཉན་བྱེད་སྟངས་ནི་དུས་ཚོད་ཀྱི་འགྱུར་ལྡོག་ལ་བསྟུན་ནས་འགྱུར་བ་སྣ་ཚོགས་ཕྱིན་ཡོད།

གཞན་ཡང་སྐྱབས་རྗེ་ཕ་བོང་ཁས་མཛད་ཅིང་ཁོང་གི་སློབ་མ་ཁྲི་བྱང་རིན་པོ་ཆེས་ཡི་གེར་བཀོད་པའི་ལམ་རིམ་གྱི་གནད་དོན་གཅིག་འཆད་རྒྱུ་དེ་ངས་ཕན་ཐོགས་ཆེན་པོར་མཐོང་། མ་གཞི་དེ་དབྱིན་སྐད་ནང་ཕབ་སྒྱུར་བྱས་པ་དང་པོ་དེ་ཡིན་ཞིང་ཅུང་སྙན་གྲགས་ཆེན་པོ་ཆགས་ཡོད་ནའང་། དེ་ནི་ལམ་རིམ་གྱི་དད་པའི་རྗེས་འབྲང་པའི་ཐབས་ཚུལ་ཞིག་ཡིན། དེ་ནི་གཙོ་བོ་དགེ་ལུགས་ཡིན། དེ་ནི་ལེགས་ཉེས་གང་ཡིན་མི་བརྗོད་པར་ངོས་འཛིན་ཙམ་བྱས་པ་ཡིན། དེས་ལམ་རིམ་གྱི་སྲོལ་རྒྱུན་ཚང་མ་མཚོན་པའམ་དགེ་ལུགས་ཀྱི་སྲོལ་རྒྱུན་ཚང་མ་མཚོན་གྱི་འདུག་ཅེས་བསམ་རྒྱུ་མེད། དཔེར་ན། དེའི་ནང་བོན་པོའི་སྐོར་ལ་བརྗོད་པ་དོ་ནན་པོ་དེ་འདྲ་ཡོད། དེ་བཞིན་རང་གི་ལག་པ་ཁུ་ཚུར་དམ་པོ་བཟོས་ཏེ་ཕྱག་འཚལ་ན་རྨིག་པ་ཅན་གྱི་དུད་འགྲོར་སྐྱེ་བ་ལེན་རྒྱུ་རེད་ཅེས་ཟེར་བ་དེ་དད་པའི་རྗེས་འབྲང་གི་ལུགས་ཤིག་ཡིན་པ་སོགས་ཀྱི་ཐད་ལའང་དོ་ནན་བྱེད་ཀྱི་ཡོད། ལེགས་ཉེས་གང་ཡིན་ཐག་གཅོད་བྱེད་པ་ནི་ང་ཚོར་རག་ལས་མེད། འོན་ཀྱང་དེ་གང་ཡིན་ཤེས་དགོས། མི་མང་པོ་ཞིག་ལ་དད་པའི་རྗེས་སུ་འབྲང་བ་རན་པོ་ཡོད་ཅིང་འགའ་ཞིག་ལ་རན་པོ་མེད། དགེ་ལུགས་ཀྱི་གཞུང་གཙོ་བོ་དེ་ནི་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་ཆེན་མོ་ཡིན། གལ་ཏེ་ང་ཚོས་དགེ་ལུགས་ཀྱི་སྲོལ་རྒྱུན་ཡང་དག་པ་ཞིག་ཤེས་འདོད་ཚེ། ལམ་རིམ་དེ་སློབ་སྦྱོང་བྱེད་དགོས། ༸གོང་ས་མཆོག་གིས་དུས་རྟག་དུ་གཞུང་དེར་གཙིགས་ཆེན་པོ་གནང་གི་ཡོད་ཅིང་། ད་ཆ་དབྱིན་སྐད་ནང་དུའང་མཇལ་རྒྱུ་ཡོད།

སྐབས་དོན་གྱི་བརྗོད་གཞིའི་ཐོག་མུ་མཐུད་བཤད་ན། དགེ་ལུགས་པའི་ལམ་རིམ་གྱི་འགོར་སྔོན་འགྲོ་དང་དེ་ནས་བཤེས་གཉེན་སྟེན་ཚུལ་སླེབས་ཀྱི་ཡོད། པར་མ་འགའ་ཞིག་ནང་བཤེས་གཉེན་སྟེན་ཚུལ་དང་པོ་དང་དེ་ནས་སྔོན་འགྲོ་ཡོང་གི་ཡོད་ཅིང་། ཡང་ཁ་ཤས་ནང་གོ་ལྡོག་ནས་གསུངས་ཡོད། གང་ལྟར་ཡང་དེ་གཉིས་དང་པོ་གསུང་པའི་དགོས་པ་གང་ཡིན་ནམ་ཞེ་ན། ང་ཚོས་དེའི་ཐད་བསམ་བློ་བཏང་ན། ལམ་རིམ་འཆད་ཚུལ་ནི་ནང་ཆོས་ལ་རྒྱུས་མངའ་ཅི་ཡང་མེད་པར་ནང་པའི་ཆོས་ཚོགས་སུ་ཡོང་མཁན་ལས་དང་པོ་བ་རྣམས་ཀྱི་ཆེད་དུ་མ་ཡིན་པ་གསལ་པོ་རེད། ལས་དང་པོ་བ་ཞིག་གིས་ཕྱག་འཚལ་བ་དང་། སྐྱབས་སུ་འགྲོ་བ། བྱས་ཆུབ་སེམས་སྐྱེད་པ། ཡན་ལག་བདུན་པ་འདོན་པ་སོགས་ཇི་ལྟར་བྱེད་ཐུབ་བམ། ལས་དང་པོ་བ་རྣམས་ཆོས་ཚོགས་སུ་སླེབས་མ་ཐག་དགེ་རྒན་དེ་སངས་རྒྱས་སུ་བལྟ་དགོས་ཟེར་བ་ཡིན་ནམ། ནུབ་ཕྱོགས་ནས་ཕེབས་པའི་ལས་དང་པོ་བ་རྣམས་ལམ་རིམ་གྱི་ཆེད་དུ་བྱ་བའི་གདུལ་བྱ་མིན་པ་གསལ་པོ་རེད། དགེ་རྒན་སངས་རྒྱས་སུ་བལྟ་སྐོར་ཐད་གོ་བསྡུར་བྱེད་པས་ག་རེ་གསུང་གི་ཡོད་ཅེ་ན། ལམ་རིམ་གྱི་གཞུང་ནང་། དཔེར་ན། “རྡེ་རྗེ་འཆང་གིས། འདི་དང་འདི་གསུངས།” ཞེས་སྔགས་ཀྱི་ལུང་དྲངས་ཡོད། སྐབས་དོན་གང་གི་ནང་ཡོད་པ་དེ་ང་ཚོས་ཤེས་རྟོགས་དགོས་ཀྱི་ཡོད།

ཆོས་འདི་རྣམས་ཐོག་མར་གནས་གང་དུ་གསུངས་པ་དང་སྐབས་དོན་གྱི་བརྗོད་བྱ་གང་ཡིན་ནམ། ཆོས་ཉན་པ་པོ་ནི་ནང་ཆོས་ལ་རྩེ་གཅིག་དུ་དད་པའི་སྡོམ་ལྡན་གྱི་རབ་བྱུང་ཤ་སྟག་ཡིན། ཁོང་ཚོ་ནི་སྔགས་ཀྱི་དབང་ཞུ་བར་གྲ་སྒྲིག་ཡོངས་སུ་ཟིན། སྔགས་ཀྱི་དབང་ཞུ་བར་ཐོག་མར་མདོ་ཕྱོགས་ཀྱི་ལམ་ལ་བསྐྱར་ཞིབ་སྔོན་དུ་འགྲོ་དགོས་ཤིང་། དེ་ནི་སྔགས་ཉམས་ལེན་གྱི་གཞི་རྟེན་ཆགས་ཡོད། དེར་བརྟེན་ལམ་རིམ་ནི་མདོའི་གཞི་རྩའི་བསླབ་པ་ཁག་བསྐྱར་ཞིབ་ཀྱི་ཚུལ་དུ་སྔགས་ཀྱི་དབང་ཞུ་མཁན་རབ་བྱུང་དེ་དག་ལ་གནང་གི་ཡོད། གཞན་ཡང་ཆོས་ཞུ་བ་མང་ཚོགས་སྐྱེ་བ་ཕྱི་བ་ཁས་ལེན་པའི་རིག་གཞུང་གི་རྒྱབ་ལྗོངས་ཤིག་ནས་སླེབས་ཤིང་། ཁོང་ཚོར་བཤེས་གཉེན་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་དང་། དགེ་རྒན་དེའི་དྲུང་ནས་སྔགས་ཀྱི་དབང་ཞུ་རྒྱུའི་གྲ་སྒྲིག་བྱས་ཟིན་པ་ཡིན་ན། སྐབས་དོན་དེ་འདྲའི་སྐབས་བཤེས་གཉེན་སྟེན་ཚུལ་གྱི་གོ་བ་དོན་གོ་ཆོད་པ་ཆགས་ཀྱི་ཡོད། དེ་བཞིན་སྔོན་འགྲོའི་ཆོས་རྣམས་ཀྱིས་ཀྱང་དོན་གོ་ཆོད་ཀྱི་ཡོད་པ་གསལ་པོ་རེད། གང་ཡིན་ཞེ་ན། ཁོང་ཚོ་རབ་བྱུང་བ་ཡིན་ཞིང་ཆོ་ག་དེ་དག་རྒྱུན་དུ་བྱེད་ཀྱི་ཡོད།

གོ་བ་གཞན་ཞིག་ཡོད་པ་ནི་རྗེ་ཙོང་ཁ་པ་ཆེན་པོས་བཤེས་གཉེན་སྟེན་ཚུལ་ནི་ “ལམ་གྱི་རྩ་བ་” ཡིན་པར་གསུངས་ཡོད། རྩི་ཤིང་ལྟ་བུ་ཞིག་ལ་མཚོན་ན་དང་པོ་སྐྱེ་བ་ནི་དེའི་རྩ་བ་མིན་པར་ས་བོན་ཡིན། ཁོང་གི་བཤེས་གཉེན་སྟེན་ཚུལ་ལ་ “ལམ་གྱི་ས་བོན་” ཞེས་གསུང་གི་མེད། ཆོས་ཤིག་སྔོན་ཚུད་ནས་སྐྱེས་ཟིན་ན། རྩ་བས་དེ་ལ་རྒྱབ་རྟེན་བྱེད་པ་དང་ཡུན་གནས་ཐུབ་པར་ཕན། དགེ་བའི་བཤེས་གཉེན་ནི་ལམ་ཡོངས་རྫོགས་འབྱུང་ས་དེ་མིན། དེར་བརྟེན་རྗེ་ཙོང་ཁ་པ་ཆེན་པའི་གཞུང་ནང་བཤེས་གཉེན་སྟེན་ཚུལ་དེ་ཐོག་མར་བསྟན་ཡོད་ཀྱང་། ལས་དང་པོ་བ་རྣམས་ལ་དེ་ཐོག་མར་བརྒྱུད་དགོས་པའི་དོན་མིན། རྗེ་ཙོང་ཁ་པས་སྔོན་ཚུད་ནས་ལམ་ལ་ཞུགས་ཟིན་པ་རྣམས་ལ་ལམ་སྟོན་གྱི་ཡོད། མི་དེ་དག་ལ་སྔོན་ཚུད་ནས་ཡོད་པའི་བཤེས་གཉེན་སྟེན་ཚུལ་གྱིས་ལམ་གོང་འཕེལ་འགྲོ་བར་རྒྱབ་རྟེན་བྱེད་པ་དང་ཡུན་གནས་ཐུབ་པར་ཕན་ཐོགས་ཀྱི་ཡོད། དེར་བརྟེན་དེ་དང་པོ་གསུངས་ཡོད།

དེ་དག་ནི་ལམ་རིམ་གྱི་སྒྲོམ་གཞིའི་ཐད་ང་ཚོས་གང་ཤེས་རྟོགས་དགོས་པའི་ཐད་ངའི་ཐོག་མའི་བསམ་ཚུལ་རྣམས་ཡིན། དཔེར་ན། ལམ་གྱི་རིམ་པ་དེ་ལྟར་བཞག་པའི་དགོས་པ་ཅི་ཡིན་པ་དང་། སྲོལ་རྒྱུན་གྱི་ལམ་གྱི་རིམ་པ་གསུམ་གྱི་སྔོན་དུ་རིམ་པ་ཞིག་ཡོད་སྲིད་པ། སྲོལ་རྒྱུན་གྱི་རིམ་པ་གསུམ་པོ་སྒྲིག་སྟངས་དེས་སྔོན་འགྲོའི་རིམ་པ་དེ་ཁ་སྣོན་བྱེད་འཇུག་གི་ཡོད་པ། དེ་བཞིན་སྒྲོམ་གཞི་དེས་བཤེས་གཉེན་སྟེན་ཚུལ་དང་སྔོན་འགྲོའི་ཐོག་ནས་ང་ཚོར་གང་གསུང་གི་ཡོད་པ་བཅས་སོ།།

སྲོལ་རྒྱུན་ལྟར་ལམ་རིམ་གྱི་རིམ་པ་ཐོག་མར་འཇུག་པའི་སྔོན་དུ་ཆ་རྐྱེན་གང་དགོས་སམ།

ལམ་རིམ་གྱི་རིམ་པ་ཐོག་མའམ་སྐྱེ་བོ་ཆུང་ངུའི་བསམ་པར་འཇུག་པའི་སྔོན་ལ་ང་ཚོར་གོ་རྟོགས་དང་ཉམས་ལེན་གང་དགོས་སམ།

ས་སྐྱའི་ཆོས་བརྒྱུད་སྲོལ་གཏོད་པ་པོ་ས་ཆེན་གོང་མ་ལྔ་ལས་གཅིག་ནི་བསོད་ནམས་རྩེ་མོ་ཡིན་པ་རེད། ཁོང་གིས་ཆོས་ལ་འཇུག་པའི་སྔོན་འགྲོའི་ཆོས་གསུམ་གསུངས། དང་པོ་ནི། སྡུག་བསྔལ་ངོས་བཟུང་བ། གཉིས་པ་ནི། སྡུག་བསྔལ་སྤོང་རུང་ཡིན་པར་ངེས་ཤེས། གསུམ་པ་ནི། ཆོས་ལ་བརྟེན་ནས་སྤོང་དགོས་པ་བཅས་ཡིན། ང་ཚོས་དེ་ལ་བསམ་བློ་བཏང་ན། དོན་རླབས་ཆེན་ཞིག་རྙེད་ཐུབ། གལ་ཏེ་ང་ཚོས་སོ་སོའི་མི་ཚེའི་ནང་དཀའ་ངལ་ཅི་ཡང་མེད་པ་མཐོང་ན། ང་ཚོས་ཆོས་ལ་ཐོས་བསམ་བྱེད་ཀྱི་མ་རེད། ཅི་སྟེ་ཆོས་ཀྱིས་དཀའ་ངལ་སེལ་བའི་ཐབས་ཤིག་སྤྲོད་ཀྱི་ཡོད་པ་མ་བསམས་ན། ཡང་ཆོས་ལ་འཇུག་འདོད་སྐྱེ་གི་མེད། གནད་དོན་དེ་གསུམ་པོ་ནི་དོན་དངོས་སུ་ང་ཚོ་ནང་ཆོས་ལ་འཇུག་པར་རྒྱུད་སྐུལ་བྱེད་མཁན་ཡིན། དོན་ཚན་གསུམ་པའི་བསྟན་དོན་ནི། ང་ཚོར་ནང་ཆོས་ཀྱིས་ལག་བསྟར་རུང་བའི་ཐབས་ཤིག་སྟོན་གྱི་ཡོད་པར་ཤེས་བྱེད་དུ་དང་པོ་ང་ཚོས་ཆོས་ལ་སློབ་སྦྱོང་བྱེད་དགོས་པ་སྟོན་གྱི་ཡོད། དེར་བརྟེན་ཆོས་ལ་སེམས་ཡོངས་སུ་མ་གཏད་ནས་ཡིད་ཆེས་མ་བྱས་པའི་སྔོན་དུ་དེ་ལ་སློབ་སྦྱོང་བྱེད་རྒྱུ་ཤིན་ཏུ་གནད་འགག་ཆེན་པོ་ཡིན།

བཤེས་གཉེན་སྟེན་ཚུལ་དང་འབྲེལ་བའི་ས་བོན་དང་རྩ་བའི་དཔེ་ཡི་སྐོར་ཅུང་ཟད་རྒྱས་བཤད་གནང་རོགས། ས་བོན་ཞེས་པ་གང་རེད་དམ། དེ་རྩ་བའི་ངོ་བོར་ཇི་ལྟར་འགྱུར་རམ། གལ་ཏེ་ཁྱེད་ཀྱིས་ཆོས་ལ་བློ་ཁ་མ་ཕྱོགས་སྔོན་དེ་གང་ཡིན་མིན་སྐོར་ཏོག་ཙམ་ཤེས་དགོས་གསུངས་ན། ཐོག་མར་རྒྱུས་མངའ་མེད་པའི་སྐབས་ང་ཚོས་བཤེས་གཉེན་ཇི་ལྟར་སྟེན་དགོས་སམ།

དཔེ་མཚོན་ཞིག་ཞུས་ན། རྗེ་བཙུན་བསོད་ནམས་རྩེ་མོས་གསུངས་པའི་དོན་ཚན་གསུམ་པོ་ནི་ས་བོན་དང་འདྲ། ནང་ཆོས་ལ་འཇུག་པ་དེ་ནས་ཡོང་གི་ཡོད། འོན་ཀྱང་ས་བོན་དེ་ལས་རྩ་བ་ཇི་ལྟར་སྐྱེ་ཚུལ་ཤེས་པར། ཁོང་གིས་གསུངས་པའི་དོན་ཚན་གསུམ་པ་དེར་བསམ་དགོས་པ་སྟེ། ཆོས་ལ་དོན་གཉེར་དང་། ང་ཚོའི་མི་ཚེའི་ནང་གི་དཀའ་ངལ་སེལ་བའི་ནུས་པ་ཆོས་ལ་ཡོད་པ་ཡིད་ཆེས་ཡོད་དགོས།

ང་རང་སྒེར་གྱི་ཉམས་མྱོང་ལ་གཞིགས་ན། གཙུག་ལག་སློབ་ཁང་ཆེན་མོའི་ནང་ངས་མི་ལོ་བདུན་རིང་ནང་ཆོས་སློབ་གཉེར་བྱས་པ་དང་ཧ་ཅང་ཆེད་ལས་དོན་གཉེར་གྱི་སྒོ་ནས་གནའ་རབས་ཀྱི་སྐད་རིགས་ཆེ་ཁག་ལ་ཐོས་བསམ་བྱས་པ་ཡིན། ང་རང་ལ་དེ་ནི་ཁ་ཕྱོགས་ཡང་དག་པ་ཞིག་ཡིན་པའི་ཚོར་བ་ལྷན་སྐྱེས་ཤིག་བྱུང་། དེ་ནི་ང་རང་རྒྱ་གར་དུ་ཕྱིན་ནས་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་བ་ཉག་ཅིག་ལས་བྱུང་། དེ་རྗེས་མགོན་པོ་གང་གི་སློབ་དཔོན་ཁ་ཤས་དང་མཇལ་བྱུང་། དེར་བརྟེན་ངས་ནང་ཆོས་ནི་ད་དུང་གསོན་པོར་གནས་པའི་སྲོལ་རྒྱུན་ཞིག་ཡིན་པ་ཤེས་རྟོགས་བྱུང་། དེ་ནི་གཞུང་ཁག་གི་ནང་ཡོད་པའི་བེད་མེད་ཀྱི་སློབ་ཚན་ཞིག་ཏུ་གྱུར་ནས་མགོ་རྙོག་ཅན་གྱི་དྲི་བ་ཞིག་ལྟར་མཁས་དབང་སློབ་དཔོན་རྣམས་ཀྱིས་ཤེས་ཐབས་བྱེད་ཀྱི་ཡོད་པ་ཞིག་མ་ཡིན། དེ་ནི་ལོ་རབས་དྲུག་བཅུ་རེ་གྲངས་ནང་གི་ལངས་ཕྱོགས་དེ་རེད། འདིར་འཚོ་ཞིང་བཞུགས་པའི་སློབ་དཔོན་ཞིག་དང་གསོན་པོར་གནས་པའི་ཆོས་ཤིག་ཡོད། དེ་དག་གི་རྗེས་སུ་འབྲངས་ན་ངོ་ཐོག་ཏུ་འབྲས་བུ་བཟང་པོ་ཞིག་སྨིན་ཐུབ། ང་ལ་མྱོང་ཚོར་གང་བྱུང་བ་ནི། སྲོལ་རྒྱུན་གྱི་གཞུང་ནང་གསལ་བ་བཞིན་སློབ་དཔོན་ཞིག་གི་རྩ་བའི་དམིགས་ཡུལ་དང་བྱེད་ལས་དེ་ཡིན། དེ་ཡང་གཞན་སེམས་ཤུགས་དང་བློ་སྟོབས་སྤེལ་རྒྱུ་དེ་རེད། ནང་པའི་ཉམས་ལེན་ནི་སྒྲུབ་རུང་བ་དང་གསོན་པོ་ཞིག་མཐོང་བ་ནི་ང་རང་དངོས་སུ་ནང་ཆོས་ལ་བློ་གཏད་བཅོལ་ཏེ་ཐོས་བསམ་བྱ་རྒྱུའི་འདུན་མ་བྱུང་།

རྒྱུ་མཚན་དེའི་ཕྱིར། དགེ་བའི་བཤེས་གཉེན་ནི་ཆོས་ཚུལ་བཞིན་དུ་རྟོགས་པར་ཕན་རླབས་ཆེ་བ་དང་དགོས་ངེས་ཅན་ཞིག་རེད་འདུག དེབ་སོགས་བཀླགས་པ་ལ་བརྟེན་སེམས་ཤུགས་ཅུང་ཟད་འཕར་ཏེ་ནང་ཆོས་ལ་འཇུག་པ་ཡོང་སྲིད་ཀྱང་། ཆོས་ཀྱི་སྐོར་དཔེ་དེབ་བཀླགས་པ་ཙམ་གྱིས་ཁ་ཕྱོགས་དེར་བགྲོད་པ་དང་ནང་ཆོས་ལ་སེམས་སྐུལ་ཅུང་ཐེབ་སྲིད་ཀྱང་། སེམས་ཡོངས་སུ་གཏད་དེ་ཆོས་ཉམས་ལེན་ལ་འཇུག་ཐུབ་ཀྱི་རེད་ངས་བསམ་གྱི་མི་འདུག །བློ་སྟོབས་དང་སེམས་སྐུལ་ཤུགས་ཆེ་ཤོས་ནི་འཚོ་ཞིང་བཞུགས་པའི་བཤེས་གཉེན་ཞིག་དངོས་སུ་བསྟེན་ནས་ཡོང་དགོས། དགེ་རྒན་ཞིག་གི་དྲུང་ནས་སྦྱོང་ (རྗེ་བཙུན་བསོད་ནམས་རྩེ་མོའི་དོན་ཚན་གསུམ་པ།) བ་ན། ས་བོན་དེ་རྩ་བའི་ངོ་བོར་འགྱུར་གྱི་ཡོད། གང་ཡིན་ཞེ་ན། དགེ་བའི་བཤེས་གཉེན་གྱི་དྲུང་ནས་ཐོབ་པའི་སེམས་ཤུགས་དེས་ལམ་གྱི་ཐོག་མཐའ་བར་གསུམ་དུ་ང་ཚོའི་ཉམས་ལེན་ལ་གསོན་ཤུགས་སྦྱིན་གྱི་ཡོད། འོན་ཀྱང་ས་བོན་དེ་རྩ་བར་འགྱུར་བར་ལམ་སྟོན་གཁན་གྱི་བཤེས་གཉེན་དེ་ངེས་པར་དུ་མཚན་ཉིད་ཚང་བ་ཞིག་དགོས་པ་ལས། ཡིད་དབང་འགུགས་ནུས་ཀྱི་ཁྱད་ཆོས་དང་ལྡན་པའི་ཟོག་རྫུ་བྱེད་མཁན་ཞིག་གིས་མི་རུང་།

གལ་ཏེ་ནང་ཆོས་ལ་རྒྱུས་མངའ་ཅི་ཡང་མེད་པར་ང་ཚོའི་ཡིད་དབང་མེད་དུ་འཕྲོག་འཇུག་མཁན་གྱི་མཚན་ཉིད་མ་ཚང་བའི་དགེ་རྒན་ཞིག་དང་འཕྲད་ཚེ། ལམ་ལ་འཇུག་པར་ཕན་ཐོགས་ཡོད་དམ་ཞེ་ན། ཕན་ཐོགས་ཅི་ཡང་མེད་ཅེས་བརྗོད་རྒྱུ་ཡིན། དགེ་བའི་བཤེས་གཉེན་ཞིག་ལ་དངོས་སུ་མ་བསྟེན་པར་ནང་ཆོས་སྐོར་དཔེ་དེབ་ཀློག་པ་ཙམ་གྱིས་དེར་འཇུག་པའི་ཁ་ཕྱོགས་སུ་འཁྲིད་ཐུབ་པ་དང་ང་ཚོར་སེམས་ཤུགས་སྦྱིན་ནུས་པ་ནང་བཞིན་མཚན་ཉིད་མ་ཚང་བའི་དགེ་བའི་བཤེས་གཉེན་ཞིག་འཕྲད་པ་ཡིན་ནའང་དེ་ཡོང་ཐུབ། འོན་ཀྱང་དཔེ་དེབ་བམ་དགེ་རྒན་གྱི་དྲུང་ནས་སློབ་སྦྱོང་བྱས་ན་མ་གཏོགས་སེམས་སྐུལ་ཁོ་ནས་ཁ་ཕྱོགས་དེར་འགྲོ་བ་ནི་བརྟན་པོ་ཞིག་མི་ཡོང་།

ནང་ཆོས་སྐོར་དེབ་བཀླགས་ནས་འགོ་འཛུགས་པ་དང་ཆོས་ཀྱི་དགེ་རྒན་ཞིག་གིས་སེམས་སྐུལ་བྱས་ནས་འགོ་འཛུགས་པ་གཉིས་གང་ཉེན་ཁ་ཆེ་བ་ཡོད་དམ། དེ་གཉིས་ཀ་ལ་སོ་སོའི་ཉེན་ཁ་ཡོད། གལ་ཏེ་ང་ཚོས་དཔེ་དེབ་ཙམ་བཀླགས་ན། ང་ཚོས་སོ་སོའི་གོ་རྟོགས་ལ་གཞི་བཞག་ནས་འཇུག་པ་ལས་ཆོས་དངོས་ཀྱི་དོན་ལ་འབྲེལ་བ་དེ་ཙམ་མེད་པར་འགྱུར་སྲིད། དེ་བཞིན་དགེ་རྒན་ཙམ་ལ་བརྟེན་ན། དེའི་བསླུ་བྲིད་འོག་འཚུད་སྲིད་ཅིང་དངོས་གནས་ཚད་དང་ལྡན་པ་ཞིག་ཁག་པོ་རེད། ང་ཚོ་ལམ་ལོག་པར་འཁྲིད་སྲིད། ཐ་ན་དགེ་རྒན་དེ་ཚད་ལྡན་ཞིག་ཡིན་ཀྱང་། ང་ཚོས་རྣམ་རྟོག་གི་སྤྲོས་པའི་དབང་དུ་སོང་ནས་ལམ་ནོར་བར་ཁྲིད་ཀྱི་འདུག་ཅེས་སོ་སོའི་རྣམ་རྟོག་གི་གཞན་དབང་དུ་འགྲོ་གི་ཡོད།

ང་ཚོས་འགོ་ཇི་ལྟར་འཛུགས་མིན་ལ་མ་ལྟོས་པར། ང་ཚོར་སློབ་སྦྱོང་དང་སེམས་སྐུལ་གཉིས་ཀ་ལག་ལེན་དུ་འགེལ་རྒྱུ་གལ་ཆེན་པོ་ཡིན། ཐོག་མར་དགེ་རྒན་ཞིག་གི་དྲུང་ནས་སེམས་སྐུལ་ཐེབས་པ་ནི་བཤེས་གཉེན་སྟེན་ཚུལ་ཡང་དག་པ་ཞིག་དང་གཅིག་པ་མིན། དེ་ནི་ལམ་ལ་ཡིད་ཆེས་པ་དང་དགེ་རྒན་ལ་བརྟག་དཔྱད་བྱས་ཏེ་ངེས་པ་རྙེད་པའི་རྗེས་སུ་ཡོང་དགོས། གཞུང་ནང་དུ་ཐོག་མར་འགྲོ་ལུགས་ལྟར་གྱི་བཤེས་གཉེན་སྟེན་ཚུལ་གང་གིས་མཚོན་པར་བྱེད་ཅེ་ན། དེ་ནི་སོ་ཐར་དང་། བྱང་ཆུབ་སེམས་དཔའ། སྔགས་བཅས་ཀྱི་སྡོམ་པ་གང་ཡིན་ཡང་དགེ་རྒན་གྱི་དྲུང་ནས་ལེན་པས་མཚོན་ཞེས་གསུངས། གནས་ཚད་དེར་སླེབ་པར་སྔོན་ལ་ཡར་རྒྱས་ངེས་ཅན་ཞིག་གཏོང་དགོས། དེ་འདྲ་བྱུང་ན་མི་གཞན་གྱི་གནོན་ཤུགས་དང་ཡང་ན་དབང་རྩ་འཁྲུགས་པའི་རྒྱུ་མཚན་གྱིས་ང་ཚོས་སྡོམ་པ་ལེན་གྱི་མེད། དེར་བརྟེན་སྡོམ་པ་ལེན་པའི་སྐབས་ཆོ་གའི་ནང་དོན་མི་ཤེས་པར་སྡོམ་པ་ལེན་པའང་ཡོང་གི་མེད། ང་ཚོ་དེ་ལྟ་བུའི་ཆོད་སེམས་ཤིག་རྒྱུད་ལ་སྐྱེ་ཐུབ་ཚེ། སྲོལ་རྒྱུན་གྱི་གཞུང་ལུགས་ནང་གསུང་པ་བཞིན་བཤེས་གཉེན་སྟེན་ཚུལ་སྐོར་གླེང་སློང་བྱས་ན་འགྲིགས། ལམ་དུ་ཞུགས་པའི་སྐབས་ཐོག་མཐའ་བར་གསུམ་དུ་བཤེས་གཉེན་སྟེན་རྒྱུ་ནི་གལ་ཆེ་བར་གསུངས་ཡོད། འོན་ཀྱང་རིམ་པ་དེ་དག་རེ་རེའི་སྐབས་དོན་ཚུལ་བཞིན་དུ་ཤེས་པ་བྱེད་དགོས། ལམ་ཐོག་མར་འགོ་བཙུགས་དུས་ནས་བླ་མ་སངས་རྒྱས་སུ་བལྟ་དགོས་ཟེར་གྱི་མེད།

མི་ལུས་རིན་ཆེན་ལ་དགའ་བ་སྒོམ་པ།

འདིར་ལམ་རིམ་གྱི་གནད་དོན་རེ་རེ་བཞིན་ཞིབ་ཏུ་ཤོད་རྒྱུ་ང་ཚོར་དུས་ཚོད་མེད། དེའི་ཚབ་ཏུ་ལམ་རིམ་གྱི་སྤྱིའི་བཀོད་པའམ་སྒྲོམ་གཞིའི་ཐོག་གླེང་སློང་བྱེད་ཀྱི་ཡིན། དེ་ཡང་ང་ཚོས་རིམ་པ་དེ་དག་ལ་འཇུག་པའི་ཐབས་གཉིས་ཏེ། ཆོས་ཡངས་པའི་ཐབས་ནི་ང་ཚོ་མང་ཆེ་བས་འཇུག་སྟངས་དེ་ཡིན། དེ་ནས་ཆོས་ངོ་མའི་ཐབས་ལ་བརྟེན་ནས་འཇུག་ཚུལ་སྐོར་གླེང་སློང་བྱ་རྒྱུ་ཡིན།

ཐོག་མར་ང་ཚོར་ཡོད་པའི་མི་ལུས་རིན་ཆེན་ལ་དགའ་བ་སྒོམ་པའི་ཐོག་ནས་འགོ་འཛུགས་རྒྱུ་ཡིན། བོད་པའི་སྐད་ནང་རིན་ཆེན་ཞེས་པ་ནི་དཀོན་མཆོག་གསུམ་ཞེས་བརྗོད་པའི་སྐབས་ཀྱི་དཀོན་ཞེས་པ་དང་འདྲ། དེའི་ཐུན་མིན་གྱི་གོ་དོན་ནི་དལ་བ་དང་འབྱོར་བ་ཡོངས་སུ་ཚང་བའི་མི་ལུས་ནི་རིན་ཆེན་ལྟར་ཡིན་པ་མ་ཟད་དེ་ཧ་ཅང་དཀོན་པོ་ཡིན་པར་སྟོན་གྱི་ཡོད། གལ་སྲིད་ང་ཚོའི་གནས་སྟངས་ལ་བསམ་བློ་བཏང་ན། ཧང་སངས་ཡག་གི་ཡག་པོ་རེད། ད་ལྟ་ལས་གནས་སྟངས་ཐབས་སྐྱོ་བ་ཆགས་སྲིད་པ་ཡིན། ང་ཚོ་ནང་སེམས་ཀྱི་ཐོག་ནས་འཚར་ལོངས་མི་ཐུབ་པ་དང་། ལྟ་ན་མི་སྡུག་པ། ཆ་མ་ཚང་བ། རིག་འཚོ་མ་ཟིན་པ་སོགས་མིན་པ་ནི་ངོ་མཚར་ཆེ་བ་ཞིག་ཡིན། དེ་བཞིན་ང་ཚོ་འཇིགས་སུ་རུང་བའི་གཡུལ་ས་དང་། བཀྲེས་སྐོམ་གྱིས་མནར་བའི་ཡུལ། བཙོན་པའི་གསོག་སྒར་སོགས་ཀྱི་ནང་མནར་གཅོད་མྱངས་ནས་མེད། མི་མང་པོ་ཞིག་གནས་སྟངས་ཡ་ང་བ་དེ་འདྲའི་ནང་ཡོད། ང་ཚོ་དེ་ལས་ཐར་བ་ནི་ངོ་མཚར་ཆེ་ཡང་། ད་དུང་ང་ཚོས་ཡིན་ཤག་ཤག་བྱེད་ཀྱི་ཡོད།

ད་ལྟའི་འཛམ་གླིང་གི་གནས་སྟངས་ནི་དོན་དངོས་སུ་མི་ལུས་རིན་ཆེན་གྱི་གནད་རྟོགས་པར་ཕན་ཐོགས་ཆེན་པོ་ཡོད། དེ་རྟོགས་པའི་ཐབས་ནི་ང་ཚོས་སྟབས་བདེ་པོ་ཡོད་ཅིང་ང་ཚོས་ངོ་ཐོག་ཏུ་དེའི་སྐོར་སྦྱོང་རྒྱུ་དང་ཉམས་ལེན་ནང་སྒྲིལ་རྒྱུར་དགའ་མོས་བྱེད་ཀྱི་ཡོད། ཐབས་དེ་དག་འབེལ་པོ་ཡོད་ཀྱང་མི་མང་ཆེ་བས་དེ་ལ་དོ་སྣང་བྱེད་ཀྱི་མེད། དེ་བཞིན་ཐབས་དེ་དག་འབེལ་པོ་མེད་པའི་མི་ཡང་མང་པོ་ཡོད། ང་ཚོར་དེ་དག་ཉམས་ལེན་བྱ་རྒྱུའི་དོ་དབྱིངས་ཡོད་པའི་ཁར་སློབ་སྦྱོང་དང་ཉམས་ལེན་བྱེད་རྒྱུའི་གོ་སྐབས་ཡག་པོ་ཡོད་པ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན། ང་ཚོའི་གནས་སྟངས་དང་འཛམ་གླིང་ནང་གི་ས་ཁུལ་གཞན་གྱི་གནས་སྟངས་དང་བསྡུར་ན། འབྱུང་འགྱུར་དེ་ལས་ཁ་ཐབས་སྐྱོ་བ་ཆགས་སྲིད་པ་མཐོང་ཐུབ།

ང་ཚོས་མི་ལུས་རིན་ཆེན་འདིའི་ཐོག་ནས་རང་ཉིད་ཡར་རྒྱས་གཏོང་བར་གོ་སྐབས་རྩ་ཆེན་ཞིག་ཡོད་པ་ཤེས་པའི་སྐབས། དེ་ལས་ཚུལ་བཞིན་དུ་ཁེ་ཕན་ལེན་དགོས་པའི་སྐུལ་མ་དང་སེམས་ཤུགས་སྤར་གྱི་ཡོད། གོ་སྐབས་འདི་འདྲ་ནམ་ཡང་ཆུད་ཟོས་སུ་གཏོང་མི་ཉན། དེ་ལ་རྐྱེན་ངན་འཕྲད་སླ་ཞིང་ཧ་ཅང་དཀོན་པོ་ཡོད། ང་ཚོའི་དུས་ཚོད་མང་ཆེ་བ་ཆང་ཁང་དང་། ལྟད་མོ་བལྟ་བ་སོགས་བཏང་ནས་འཕྲོ་བརླག་གཏོང་བ་ནི་ཧ་ཅང་བློ་ཕམ་དགོས་པ་ཞིག་ཡིན། སོ་སོའི་མི་ཚེའི་ནང་རང་གཞན་གཉིས་ཀ་ལ་ཕན་པའི་བྱ་བ་བཟང་པོ་སྒྲུབ་རྒྱུའི་གོ་སྐབས་ང་ཚོར་ཡོད་པ་ནི་བསོད་ནམས་རེད། ང་ཚོ་ཚང་མར་དངུལ་ཕྲན་བུ་ཡོད། ང་ཚོ་བྲན་གཡོག་མིན། ང་ཚོར་ལུས་འཚོ་ཐབས་ཀྱི་ནུས་པ་ཡོད། ང་ཚོ་ཧ་ཅང་སྐལ་བ་བཟང་པོ་རེད། ང་ཚོས་ཆོས་ཡངས་པ་དང་ཆོས་ངོ་མ་གང་ལ་འཇུག་ཀྱང་། དམིགས་དོན་ནི་གཅིག་པ་ཡིན།

དེ་ནི་འགོ་འཛུགས་ས་ཞིག་ཡིན་ཅིང་། ལམ་རིམ་གྱི་བསམ་པ་དངོས་ཀྱི་སྔོན་དུ་ཡོང་གི་ཡོད། མ་གཞི་ང་ཚོས་ལམ་གཞན་རྣམས་སློབ་སྦྱོང་བྱེད་ཐུབ་ཀྱང། གནད་དོན་དེ་དག་ང་ཚོའི་སེམས་ནང་འཆར་མི་ཐུབ་པ་དང་མྱོང་ཚོར་ནང་གཏིང་ཚུགས་མ་ཐུབ་ན། ཡར་རྒྱས་དངོས་གནས་ཤིག་ཡོང་རྒྱུ་ཁག་པོ་རེད། དེ་བཞིན་གནད་དོན་འདི་ཁ་ཞེ་གཉིས་མེད་དང་བཅོས་མིན་ཞིག་མ་ཡིན་ན། ལམ་གྱི་ཉམས་ལེན་ཚང་མ་རྩེད་མོ་ནང་བཞིན་ཆགས་རྒྱུ་ཡིན་ཅིང་། སྒྲིལ་རྩེད་སྤོ་ལོ་གཡུག་པ་དང་ལུས་རྩལ་སྦྱོང་བའི་བྱེད་སྒོ་ཙམ་ཞིག་དང་འདྲ། མ་ཟད་ང་ཚོས་དེ་མི་ཚེ་དང་འབྲེལ་བ་གཏིང་ཟབ་ཡོད་པ་ཤེས་རྟོགས་མི་ཐུབ། འོན་ཀྱང་དེ་ལྟར་འབད་བརྩོན་བྱེད་པར་ལུས་རྟེན་འདི་དགོས་པ་ཡིན།

འོན་ཀྱང་དེས་མི་ལུས་རིན་ཆེན་ཐོབ་པར་དགའ་བ་མ་སྒོམ་བར་དུ་ལམ་རིམ་ཐོག་སློབ་སྦྱོང་གང་ཡང་མི་བྱེད་པའམ་དེར་མཚམས་འཇོག་དགོས་པའི་དོན་སྟོན་གྱི་མེད། སེམས་གཏིང་ནས་དགའ་བ་སྐྱེ་བར་ལོ་ཤས་འགོར་གྱི་ཡོད། གནད་དོན་ནི་དེ་གལ་ཆུང་ཆུང་བཟོ་ཆེད་མ་ཡིན། ང་ཚོས་དལ་འབྱོར་གྱི་མི་ལུས་ཐོབ་པའི་ཁེ་ཕན་ལེན་པ་དང་བེད་སྤྱོད་ཚུལ་བཞིན་དུ་གཏོང་དགོས་ནའང་། ཆོས་ལ་རྨོངས་ཞེན་ཅན་མ་ཆགས་པ་བྱེད་དགོས། དེར་ལམ་ལྷོང་བྱུང་མེད། དེར་བརྟེན་ལྷོད་པོ་ཡོང་ཐབས་བྱེད་དགོས།

ང་ཚོར་རྩ་ཆེའི་གོ་སྐབས་དེ་ཡོད་ཅིང་དལ་འབྱོར་གྱི་མི་ལུས་ཐོབ་ཡོད། གལ་སྲིད་ང་ཚོར་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་དང་དགེ་བའི་བཤེས་གཉེན་མཚན་ཉིད་ཚང་བ་ཞིག་ཕྲད་ཡོད་ན། གོ་སྐབས་དེ་གནད་དུ་སྨིན་པ་བྱུང་ཡོད་ཤག་རེད། ང་ཚོས་གོ་སྐབས་ཆུད་ཟོས་སུ་ཇི་ལྟར་གཏོང་ནུས་སམ། ལུས་རྟེན་འདིའི་ཐོག་ནས་སློབ་སྦྱོང་བྱེད་རྒྱུ་དང་བཤེས་གཉེན་དང་འཕྲད་རྒྱུའི་གོ་སྐབས་དམིགས་བསལ་ཡོད།

སྐྱེ་བ་ཕྱི་མ་བཟང་པོ་ཞིག་ཡོང་བར་དམིགས་པ།

སྐྱེ་བོ་ཆུང་ངུའི་བསམ་པ་ནི་ངན་འགྲོའི་གནས་སུ་མི་སྐྱེ་བ་དང་སྐྱེ་བ་ཕྱི་མར་གནས་སྟངས་བཟང་པོ་ཞིག་ཡོང་བའི་ཐོག་ནས་བསམ་བློ་གཏོང་བ་དེ་ཡིན། དེ་ཡང་མི་མ་ཡིན་པའི་སེམས་ཅན་མང་པོ་ཡོད་པས་གང་ཡང་རུང་བ་ཞིག་ཏུ་སྐྱེ་བ་ལེན་སྲིད་ཚུལ་ལའང་བསམ་དགོས། འོན་ཀྱང་ལྷ་གནས་སུ་སྐྱེ་བ་དང་དམྱལ་བའི་གནས་ལས་ཐར་བ་ནི་མཐར་ཐུག་གི་དམིགས་ཡུལ་མ་ཡིན། དེ་དག་མཐར་ཐུག་གི་དམིགས་ཡུལ་དུ་བྱས་ན་ནང་ཆོས་མ་ཡིན།

སྐད་ཆ་དྲང་པོར་བཤད་ན། སྐྱེ་བ་གཅིག་གི་ནང་ང་ཚོས་དམིགས་ཡུལ་ག་ཚོད་ཙམ་ཞིག་སྒྲུབ་ཀྱི་ཡོད་དམ། ཚང་མ་མི་ཚེ་གཅིག་གི་ནང་སྒྲུབ་ཐབས་བྱེད་ཀྱི་མེད། ནང་པའི་ས་ལམ་གྱི་ཐོག་ནས་ཡར་རྒྱས་ཤིག་འགྲོ་བར་དུས་ཚོད་ཧ་ཅང་རིང་པོ་འགོར་བས། དལ་འབྱོར་གྱི་མི་ལུས་མུ་མཐུད་ལེན་དགོས་ཀྱི་ཡོད། བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཐབས་སུ་གྱུར་བའི་གོ་སྐབས་དེ་དག་མུ་མཐུད་དགོས་པ་ཡིན། དེར་བརྟེན་སྐྱེ་བ་ཕྱི་མ་ཡག་པོ་ཞིག་ཡོང་བ་དེའང་དལ་འབྱོར་མི་ལུས་ལ་གཞི་རྟེན་བྱས་ཡོད། ང་ཚོར་ད་ལྟ་མི་ལུས་ཐོབ་ཡོད་པས་མ་འོངས་པར་ཡང་འཐོབ་ཐབས་བྱེད་དགོས།

ལྷ་ཡུལ་དང་དམྱལ་ཁམས་ལྟ་བུ་ལྐོག་གྱུར་གྱི་སྐྱེ་གནས་ཕར་ཞོག །གལ་ཏེ་ང་ཚོས་སྐྱེ་བ་ཕྱི་མ་མི་ཤེས་པའམ་དེ་ལ་ཡིད་ཆེས་མེད་ན། ཆོས་ཡངས་པའི་ལྟ་ཚུལ་ནི། ང་ཚོས་མི་རབས་ཕྱི་མ་རྣམས་ལ་ཁེ་ཕན་སྐྲུན་འདོད་པ་དེ་ཡིན་སྲིད། ང་ཚོས་སོ་སོའི་ཁྱིམ་ཚང་ངམ་དེ་ལས་ལྷག་པ་གང་ལ་དམིགས་ཀྱང་། སོ་སོར་དལ་འབྱོར་གྱི་མི་ལུས་ཐོབ་པ་བཞིན་མི་རབས་ཕྱི་མ་ལའང་ལུས་རྟེན་འདི་འཐོབ་ན་བསམ་གྱི་ཡོད། མི་རབས་ཕྱི་མ་རྣམས་ལ་ཕན་འདོགས་པའི་བསམ་པ་འདི་དོན་དངོས་སུ་ནང་པའི་གཞུང་ནང་གསལ་ཁ་མེད་ཀྱང་ནང་ཆོས་དང་ཧ་ཅང་མཐུན་པོ་ཡོད། བྱས་ཙང་། ནུབ་ཕྱོགས་པ་ཞིག་གི་ངོས་ནས་ལྟ་ཚུལ་དེ་ལྟའི་ཐོག་ནས་འཇུག་ཐུབ་ཀྱི་རེད་བསམ་གྱི་འདུག །གང་ལྟར་ནང་ཆོས་ནས་གང་གསུང་པ་ལ་ཁས་ལེན་དང་མི་ལེན་ལ་མ་ལྟོས་པར། སྐྱེ་བ་ཕྱི་མར་ཕན་ཐོགས་ཆེ་བའི་དེ་ལྟའི་དམིགས་ཡུལ་བཟུང་བ་ནི་ཡང་དག་པ་ཞིག་དང་ཕན་ཐོགས་ཆེན་པོ་ཞིག་ཡིན།

དེ་ནས་འཆི་བ་དྲན་རྒྱུ་དེ་ཡིན། ང་ཚོས་འཆི་བ་ལ་དོ་གལ་དུ་འཛིན་དགོས་ཀྱི་ཡོད། ང་ཚོ་ངེས་པར་དུ་འཆི་དགོས་ཀྱི་ཡོད། སྐྱེ་བའི་མཐའ་མ་འཆི་བ་དང་ནམ་འཆིར་ངེས་པ་མེད། འཆི་བའི་སྐོར་བསམ་བློ་གཏོང་བ་ཙམ་ལས་གཞན་གང་ཡང་མེད་པར་བལྟ་ན་ངལ་བ་ཙམ་གྱི་རྒྱུར་ཟད། ཆོས་ངོ་མའི་གནད་དོན་ནི་འཆི་བའི་རྗེས་སྐྱེ་བ་ཡོད་པ་དེ་ཡིན། བྱས་ཙང། ང་ཚོ་དེ་ལ་གྲ་སྒྲིག་ཡོད་དམ། ཅི་སྟེ་ང་ཚོ་ད་ལྟ་འཆི་རྒྱུ་ཡིན་ནའང་། ཕྱིས་སུ་གང་འབྱུང་མིན་ཐད་གྲ་སྒྲིག་ཨང་བསར་ཞིག་ཡོད་དམ། འདས་ཟིན་པའི་མི་ཚེའི་ནང་ང་ཚོས་འགྱོད་པ་སྐྱེ་དགོས་པའི་ལས་བརྩམས་འདུག་གམ། དུས་ཚོད་འཕྲོ་བརླག་བཏང་འདུག་གམ། གལ་ཏེ་གནས་སྐབས་འདི་ང་ཚོའི་དུས་ཀྱི་མཐའ་མ་ཡིན་ན། ང་ཚོས་སོ་སོའི་བྱས་རྗེས་བསམས་ནས་སེམས་སྐྱིད་པོའི་ངང་གནས་པ་ཡོང་ཐུབ་བམ། དེ་དང་དེ་ལྟ་བུའི་བསམ་བློ་གཏོང་དགོས་པའི་གནད་དོན་མང་དག་ཡོད་པ་རེད།

ཆོས་ཡངས་པའི་ལྟ་ཚུལ་ནང་ནམ་འཆི་ངེས་མེད་ཀྱི་དོན་དངོས་ཐོག་བསམ་བློ་ཞིབ་ཏུ་གཏོང་རྒྱུ་གནད་འགག་ཆགས་ཡོད། དེང་སང་འཛམ་གླིང་གི་གནས་སྟངས་ནང་། ནམ་འཆི་ངེས་མེད་ཐོག་བསམ་བློ་གཏོང་རྒྱུ་དེ་བས་ཀྱང་དོན་དང་ལྡན་པར་གྱུར་ཡོད། ང་ཚོས་སོ་སོའི་ཤུལ་དུ་ནོར་སྐལ་གང་ཞིག་མི་རབས་རྗེས་མར་འཇོག་གི་ཡོད་དམ། ང་ཚོས་གང་བྱས་ཡོད་དམ། ང་ཚོས་དཔལ་འབྱོར་དང་སེམས་ཚོར་གྱི་རྙོག་འཛིངས་ཛར་ཛོར་ཞིག་རྒྱབ་ཏུ་འཇོག་གི་ཡོད་དམ། ཡང་ན་བཟང་ཕྱོགས་ཀྱི་བྱས་རྗེས་ཤིག་འཇོག་གི་ཡོད། མི་རྣམས་ཀྱིས་ང་ཚོ་ཇི་ལྟར་ཡིད་ལ་དྲན་ངེས་ཡིན་ནམ།

འཆི་བའི་ཐོག་བསམ་བློ་བཏང་རྗེས། འཆི་བའི་རྗེས་སུ་གང་ཡོང་མིན་བསམ་བློ་གཏོང་དགོས་པ་དང་། ངན་འགྲོའི་སྐྱེ་བའི་ཐད་བསམ་བློ་གཏོང་དགོས། ང་ཚོ་འབུ་ཞུ་ལུ་མའི་སྐྱེ་བ་ལེན་འདོད་དམ། དེར་བླངས་ན་མི་ཚང་མས་མཐོང་བ་དང་རྡོག་བརྫིས་གཏོང་འདོད་བྱེད་ཀྱི་ཡོད། ང་ཚོས་ངན་འགྲོའི་གནས་སུ་སྐྱེ་བ་ལས་ལྷག་པ་ཞིག་བསམ་བློ་གཏོང་ཐུབ། དེ་ནི་དུད་འགྲོ་ཙམ་ཡིན་མི་དགོས་པར། ཕྱོགས་ལྷུང་གི་ཡུལ་དུ་གྱུར་བ་དང་གོ་སྐབས་མེད་པ་སོགས་མིའི་སྐྱེ་བར་སྦྱར་ནས་ཀྱང་བསམ་བློ་གཏོང་ཆོག །ང་ཚོར་ད་ལྟ་རང་ཉིད་འདི་ལྟ་བུའི་དལ་འབྱོར་གྱི་མི་ལུས་ཐོབ་པའི་སྐལ་བ་བཟང་པོ་ཡིན་པ་ཤེས་པ་དང་། མ་འོངས་པར་འདི་ལྟའི་གོ་སྐབས་མི་ཐོབ་པར་བསམ་བློ་གཏོང་བའི་སྐབས། སེམས་ནང་དངངས་སྐྲག་ཡོང་བ་བརྗོད་མི་དགོས། ང་ཚོར་དེ་འདྲ་ཞིག་རྩ་ནས་འབྱུང་འདོད་མེད་པ་རེད། དེ་ལྟར་བསམ་བློ་བཏང་ན། མ་འོངས་པའི་སླད་དུ་ང་ཚོས་ཧུར་བརྩོན་ཆེན་པོས་གྲ་སྒྲིག་སྒོ་གང་ས་ནས་བྱེད་ངེས་ཡིན། ང་ཚོས་གནས་སྟངས་གྲ་འགྲིག་པོ་དང་བཀྲ་ཤིས་ལོ་ལེགས་ངང་ཡོང་འགྱུར་འབད་བརྩོན་བྱེད་དགོས།

བསམ་ཚུལ་དེ་ནི་ནུབ་ཕྱོགས་པ་ཕལ་ཆེ་བར་ཅུང་དཀའ་ལས་ཁག་པོ་ཡོད། གང་ཡིན་ཟེར་ན། ང་ཚོར་སྐྱེ་བ་ཕྱི་མ་ཞེས་པའི་དོན་ལ་རྒྱུས་མངའ་མེད། གལ་སྲིད་ང་ཚོར་རྒྱུས་མངའ་ཡོད་ན། ནང་པ་རྣམས་ཀྱིས་དོ་ནན་ངང་མི་བརྗོད་པའི་བསམ་ཚུལ་སླ་པོ་ཞིག་ཡིན་པར་བརྩི་འཇོག་བྱེད་སྲིད། བཅོས་མིན་གྱི་རིམ་པ་ཞིག་གི་ཐོག་ནས་བསམ་བློ་གཏོང་རྒྱུ་དེ་དཀའ་ངལ་ཆགས་ཡོད་ཅིང་ཁག་པོ་ཡིན། ཆོས་ཡངས་པའི་ལྟ་ཚུལ་ལྟར་ན། ངས་བརྗོད་པ་བཞིན་མི་རབས་ཕྱི་མ་ཚོར་བསམ་བློ་གཏོང་གི་ཡོད། ད་དུང་ང་ཚོས་ཚེ་འདིའི་མཇུག་ཏུ་གནས་སྟངས་ཇེ་སྡུག་ཏུ་འགྱུར་སྲིད་པའི་གནད་དོན་ལས་གཡོལ་འདོད་ཡོད་པ་གཞི་ལ་བཞག་ནས་བསམ་བློ་གཏོང་ཐུབ། ང་ཚོས་རྒ་བའི་སྡུག་བསྔལ་ལ་གཉེན་པོ་སྟེན་མི་ཐུབ་པར་མི་ཚེ་གང་པོ་འདི་རྒས་གསོ་ཁང་ཞིག་གི་ནང་རྐུབ་སྟེགས་འཁོར་ལོ་ཅན་གྱི་སྟེང་བསྡད་ནས་མི་ཚེའི་ནང་དོན་སྙིང་ལྡན་པ་གང་ཡང་བྱེད་མི་ཐུབ་པར། ཡིད་ཞུམ་པ་དང་ཁེར་རྐྱང་། རྒ་བའི་སྡུག་བསྔལ་ལ་གདོང་ལེན་བྱེད་པའི་ནུས་པ་དང་བྲལ་བའི་ངང་མཇུག་རྫོགས་འདོད་ཡོད་དམ། དེའི་སྐོར་བསམ་བློ་བཏང་ན་དངོས་གནས་ཞེད་སྣང་ཚ་པོ་རེད། ང་ཚོས་སེམས་ཚོར་གྱི་གཞི་རྟེན་དང་གོ་རྟོགས་ཤིག་བསྐྲུན་ཐུབ་ན། (སང་ཉིན་འཆི་ནའང་) ད་གཟོད་གཡོལ་ཐབས་མེད་པའི་ན་བ་དང་། དྲན་པ་ཉམས་པ། ལུས་ཚོར་ཉམས་པ། ནང་ཁྲོལ་སྟངས་འཛིན་བྱེད་ཤུགས་ཟད་པ། གཞན་དབང་དུ་གྱུར་བ། འཆི་བ་སོགས་ལ་གདོང་ལེན་བྱེད་ཐུབ་པ་ཡོང་གི་ཡོད། ང་ཚོས་ཡིད་ཞུམ་ནས་མ་བསྡད་པར་སོ་སོའི་ཆེ་མཐོང་སྲུང་སྟེ་དེ་དག་ལ་གདོང་ལེན་ཇི་ལྟར་བྱེད་ཐུབ་བམ། མི་མང་ཆེ་བས་ཡིད་ཞུམ་ནས་ཆེ་མཐོང་ཉམས་འགྲོ་གི་ཡོད། ང་ཚོས་དོ་གལ་ཆེན་པོའི་དེར་བསམ་བློ་ཞིབ་ཚགས་བཏང་ནས་སྣང་མེད་གཏོང་རྒྱུ་མེད། སྣང་མེད་བྱེད་པས་ཅི་ཡང་མི་ཕན། དེ་ཧ་ཅང་གལ་ཆེན་པོ་རེད། ཆོས་ནི་ཕྱིའི་དངོས་པོ་ཡིད་དུ་འོང་བ་རྐྱང་རྐྱང་ལ་བལྟ་རྒྱུ་དེ་མ་རེད། ང་ཚོས་ཤིན་ཏུ་ཡིད་དུ་མི་འོང་བ་རྣམས་ལ་བལྟས་ནས་སྡུག་བསྔལ་སྤོང་ཐབས་བྱེད་པའམ་ཡང་ན་སྡུག་བསྔལ་དེ་ཉུང་དུ་གཏོང་ཕྱིར་དེ་ལ་གདོང་ལེན་བྱེད་ཐབས་བྱེད་ཀྱི་ཡོད།

དེ་རྗེས་སྐྱབས་སུ་འགྲོ་བ་ཡིན། གང་ལྟར་ང་ཚོས་ཚེ་འདིའི་མཐའ་མཇུག་ཏུའམ་སྐྱེ་བ་ཕྱི་མར་ངན་འགྲོའི་སྐྱེ་བའམ་ཡང་ན་ཡིད་དུ་མི་འོང་བའི་ཆོས་དང་འཕྲད་པ་ལས་གཡོལ་འདོད་ཡོད་མེད་ལ་མ་ལྟོས་པར། སངས་རྒྱས་དང་། ཆོས། དགེ་འདུན་གསུམ་གྱིས་དེ་ལྟའི་ལམ་སྟོན་པ་ཤེས་ཀྱི་ཡོད། སངས་རྒྱས་ཀྱིས་ཉོན་མོངས་དང་སྡུག་བསྔལ་ཐམས་ཅད་སྤངས་ཟིན་པ་དང་། ཐར་པ་ཐོབ་པའི་དགྲ་བཅོམ་པ་དང་འཕགས་པའི་གང་ཟག་རྣམས་ཀྱི་ཕྱོགས་ཙམ་ཞིག་སྤངས་ཡོད། ང་ཚོས་དམིགས་ཡུལ་དེའི་ཕྱིར་འབད་བརྩོན་བྱེད་ཀྱི་ཡོད། དེའང་ཐར་པའམ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རྒྱུ་དེ་ཡིན། གལ་ཏེ་ང་ཚོས་སྐྱེ་བ་ཕྱི་མ་དོན་གཉེར་གྱི་དབང་གིས་དཀའ་ལས་རྒྱག་དགོས་ན། སྐྱབས་འགྲོས་དེར་ཇི་ལྟར་འཇུག་པའི་ཚུལ་སྟོན་ཞིང་། དེ་ལ་བརྟེན་ནས་ཚེ་རབས་མང་པོའི་རིང་དཀའ་ལས་བརྒྱབ་སྟེ་མཐར་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་ཐུབ། ལས་སླ་པོར་བཤད་ན་སྐྱབས་སུ་འགྲོ་ཚུལ་དེའམ་ཁ་ཕྱོགས་དེ་ནི་རང་ཉིད་ཡར་རྒྱས་གཏོང་བ་དེ་རེད།

ཆོས་ཡངས་པའི་ལྟ་ཚུལ་ཞིག་གི་ནང་། ང་ཚོས་དམིགས་ཡུལ་སྒྲུབ་པའི་ཐབས་སུ་མི་ཚེ་འདིའི་ནང་ཁ་ཕྱོགས་དེར་བསྐྱོད་དེ་ལས་དོན་སྒྲུབ་དགོས། རྨོངས་པའི་ཆ་ཐམས་ཅད་བསལ་ནས་དགེ་བའི་ནུས་པའི་ཆ་ཡོངས་རྫོགས་རྟོགས་ཐུབ་རྒྱུ་ཁ་ཚོན་ཆོད་པའི་ངེས་ཤེས་ཤིག་དངོས་གནས་ཁག་པོ་རེད། ཐ་ན་ང་ཚོས་དེའི་དོན་ཡང་མི་ཤེས། དམིགས་ཡུལ་དེའི་ཕྱོགས་སུ་སྐྱོད་པར་ང་ཚོས་དེ་ཤེས་དགོས་ལ་ཐར་པ་དང་ཐམས་ཅད་མཁྱེན་པ་འཐོབ་རུང་བར་ཡིད་ཆེས་རྙེད་པ་དགོས། དེར་བརྟེན་ཆོས་ཡངས་པའི་ལྟ་ཚུལ་བཞིན་ང་ཚོས་མ་རིག་རྨོངས་པ་དང་ཉོན་མོངས་ཚང་མ་སྤོང་ཐུབ་པ་སྲིད་པའི་སྐོར་ལ་ཤེས་ཐབས་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་མ་མཐར་ཡང་ང་ཚོས་ཁ་ཕྱོགས་དེའི་ཕྱོགས་སུ་འགྲོ་ཐུབ། ང་ཚོས་ཐར་པའི་ལམ་དུ་སྐྱོད་ཐུབ་མིན་ལ་མ་ལྟོས་པར། དེར་སྐྱོད་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་པ་ཤེས་ཀྱི་ཡོད།

ད་ང་ཚོར་མི་ཚེའི་ནང་དོན་དང་ཁ་ཕྱོགས་ཤིག་ཡོད། དེ་འདྲ་སོང་ཙང་། སྐྱབས་སུ་འགྲོ་བའི་ཐད་ལ་ཧ་ལས་པའི་དོ་ནན་དང་ནན་བཤད་བྱེད་ཀྱི་ཡོད། ཆོས་ཡངས་པ་དང་ཆོས་ངོ་མ་གང་ཞིག་ཉམས་ལེན་བྱེད་ཀྱང་སྐྱབས་སུ་སོང་ན་ཁྱད་པར་ཆེན་པོ་བཟོ་གི་ཡོད། ང་ཚོས་སོ་སོས་གང་བྱེད་པ་དེ་ཤེས་ནས་སེམས་ནང་ཚོར་ཐུབ་པ་ནི་མི་ཚེའི་ནང་གི་ཐབས་ཤིག་ཡིན། དེས་བདེ་འཇགས་དང་། ཉེན་སྲུང་ཡོད་པ། སྨིན་ཚད་ལོངས་པའི་ཚོར་སྣང་སྟོབས་ཤུགས་ཆེན་པོ་ཞིག་སྦྱིན། ང་ཚོས་སྨིན་ཚད་མ་ལོངས་པའི་བསམ་ཕྱོགས་ཤིག་ཁྱེར་ནས། སོ་སོའི་ངོས་ནས་ཅི་ཡང་མ་བྱས་པར། “སངས་རྒྱས་གཟིགས་སུ་གསོལ། ང་སྐྱོབས་གནང་རོགས།” ཞེས་བརྗོད་རྒྱུ་མེད། དེ་ནི་ནང་ཆོས་ཀྱི་ཉམས་ལེན་མ་ཡིན།

དཀོན་མཆོག་གསུམ་ལ་སྐྱབས་སུ་ཡང་དག་པ་འགྲོ་བར། ང་ཚོས་ལས་རྒྱུ་འབྲས་ཤེས་དགོས་པ་དང་དེ་མཚུངས་སོ་སོའི་སྤྱོད་ལམ་ལ་འགྱུར་བ་གཏོང་དགོས། གལ་ཏེ་སོ་སོས་མི་དགེ་བའི་ལས་བསགས་ན། དེ་ངོས་འཛིན་བྱས་ཏེ་ཟློག་ཐབས་བྱེད་དགོས་ཤིང་། དགེ་བའི་ལས་མང་ཙམ་སྒྲུབ་དགོས། ང་ཚོའི་བྱ་བ་བྱེད་སྟངས་ལ་བརྟེན་ནས་སོ་སོས་གང་ཉམས་སུ་མྱོང་བ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། གལ་སྲིད་ལྐུགས་རྟགས་ཚ་བའི་ལས་ཤིག་བྱས་ན། མི་རྣམས་ཀྱི་སོ་སོ་ལྐུགས་པ་ལྟ་བུ་བརྩི་གི་རེད། གལ་ཏེ་སོ་སོ་མི་ངན་ཡིན་ན། མི་རྣམས་ཀྱིས་སོ་སོར་ཡག་པོ་བྱ་རྒྱུ་རེ་སྒུག་བྱེད་དམ། ང་ཚོས་གཞན་ལ་སྡུག་ཅག་དང་། གནོད་འཚེ། མགོ་སྐོར་སོགས་བཏང་ན། གཞན་གྱིས་ཀྱང་གཅིག་མཚུངས་ཡ་ལན་སློག་ངེས་ཡིན། ཅི་སྟེ་ང་ཚོས་གཞན་དང་རང་གི་ནང་མི་ཚོ་ལ་སེམས་པ་བཟང་པོ་བྱས་ན། གནས་སྟངས་གྲ་འགྲིག་པོ་དང་བཀྲ་ཤིས་ལོ་ལེགས་ཡོང་གི་རེད།

ཆོས་ཡངས་པའི་ཉམས་ལེན་ལྟར་བྱས་ན། ང་ཚོས་སོ་སོའི་བྱ་སྤྱོད་ཀྱིས་ཚེ་འདིའི་ནང་རང་གི་མྱོང་བ་ལ་ཤུགས་རྐྱེན་བྱེད་སྟངས་ཐད་བསམ་བློ་བཏང་ན་འགྲིགས། འོན་ཀྱང་གནས་སྟངས་དེ་འདྲ་ཡིན་པ་གསལ་པོ་ཞེ་དྲགས་མེད། ང་ཚོས་རང་གི་ནང་མིར་ཧ་ཅང་ཡག་པོ་བྱེད་ཐུབ་ནའང་ད་དུང་དཀའ་རྙོག་དང་དཀའ་ཚེགས་མང་པོ་ཡོད། ཡང་ན་ང་ཚོ་ལྐོག་ཟ་རུལ་སུངས་བྱེད་མཁན་ཆགས་ནས། ཕྱུག་པོ་ཆགས་ཏེ་འཛིན་བཟུང་མི་ཐུབ་པ་ཐར་བ་དེ་འདྲ་ཡོང་གི་ཡོད། དེར་བརྟེན་སྤྱིར་བཏང་ནས་ཡག་པོ་བྱས་ན་ཡག་པོ་དང་སྡུག་ཅག་བྱས་ན་སྡུག་ཅག་ཡོང་གི་ཡོད་ཅས་བརྗོད་ཀྱི་ཡོད། འོན་ཀྱང་དེ་ལ་མཐའ་གཅིག་ཏུ་ངེས་བརྟན་མེད། ཆོས་ངོ་མའི་ཉམས་ལེན་སྐབས་སུ་སྐྱེ་བ་སྔ་ཕྱི་དང་འབྲེལ་ནས་བསམ་བློ་གཏོང་དགོས་པ་གསུང་གི་ཡོད། གང་ཡིན་ཟེར་ན། འབྲས་བུ་མང་པོ་ཞིག་ཚེ་འདིར་སྨིན་གྱི་མེད་པ་དང་། ཚེ་འདིར་གང་སྨིན་པ་རྣམས་མང་ཆེ་བ་ཚེ་འདིར་གང་བྱས་པ་ལས་བྱུང་བའི་འབྲས་བུ་མིན།

ལས་ཀྱི་སྐོར་ལ་ཆོས་ཡངས་པའི་ལྟ་ཚུལ་ནས་གསུང་སྟངས་གཞན་ཞིག་ཡོད་པ་ནི། གཞན་ལ་ཕན་འདོགས་ཐབས་དང་གནོད་པ་མི་སྐྱེལ་བར་འབད་བརྩོན་སྟེན་དགོས་ཚུལ་གསུང་གི་ཡོད། དེ་ནི་ཆོས་དང་མཐུན་པ་ཞིག་ཡིན་ནའང་། ལས་ཀྱི་འབྲས་བུ་དེ་ག་འདྲ་ཞིག་མྱོང་མིན་ང་ཚོས་ཇི་ལྟར་ཤེས་སམ། ང་ཚོས་གཞན་ཞིག་སེམས་དགའ་བའི་ཆེད་ཟས་ཞིམ་པོ་ཞིག་བཟོས་ནའང་། རུས་པ་ཞིག་གིས་རྐྱེན་བྱས་ཏེ་དབུགས་སུབ་ཐེབས་ནས་ཤི་བའང་སྲིད་པ་ཡིན། སོ་སོའི་མྱོང་བ་དངོས་ཀྱི་ཐོག་ནས་རང་གི་ལས་ཀྱི་འབྲས་བུ་སོ་སོ་རང་ཉིད་ཀྱི་ཐོག་ཏུ་མྱོང་བ་ངེས་པ་ཡིན། དེ་ནི་ལས་ཀྱི་སྐོར་བརྗོད་སྐབས་གནད་དོན་དེ་རེད།

འདི་དག་ཚང་སྐྱེ་བ་ཕྱི་མ་དང་འབྲེལ་ཅིང་སྐྱོན་ཆ་རྣམས་གཡོལ་འདོད་པ་དང་སྒོ་བསྟུན་ནས་གླེང་གི་ཡོད། དེར་བརྟེན་དལ་འབྱོར་མི་ལུས་བླངས་པའི་སྐབས་རེ་རེར་ང་ཚོས་ཐར་པ་དང་ཐམས་ཅད་མཁྱེན་པ་འཐོབ་ཆེད་ཡར་རྒྱས་གཏོང་ཐུབ།

སྐྱེས་བུ་འབྲིང་གི་བསམ་པ།

སྐྱེས་བུ་འབྲིང་གི་བསམ་པའི་ཐོག་ནས་ང་ཚོས་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བའི་རྒྱུན་བཅད་དེ་ཐར་པ་འཐོབ་པར་དམིགས་ཀྱི་ཡོད། གལ་ཏེ་ང་ཚོས་སྐྱེ་བ་ཕྱི་མ་མི་ཤེས་པའམ་དེར་ཡིད་ཆེས་མེད་ན། དེ་ལས་ཐར་བའི་ཐར་པ་ཇི་ལྟར་འཐོབ་ཐུབ། དེ་ནི་བཞད་གད་ཙམ་དུ་ཟད། ཆོས་ཡངས་པ་ལྟར་ན། ཚེ་འདིའི་སྡུག་བསྔལ་མཐའ་དག་ལས་ཐར་པའི་ཐར་པ་དོན་གཉེར་བྱེད་ཀྱང་། དེ་ནི་གསལ་ཁ་མེད་པ་རེད། ཆོས་ངོ་མའི་ཉམས་ལེན་ལྟར་བྱས་ན། ཐོག་མའི་རིམ་པའི་སྐབས་སྡུག་བསྔལ་རགས་པ་རྣམས་སྤོང་བར་བསམ་པ་དང་། ལྷག་པར་དུ་ངན་སོང་གི་སྡུག་བསྔལ་སྤོང་ཐབས་བྱེད། འདིར་སྐྱེ་བོ་འབྲིང་གི་བསམ་པའི་སྐབས། མངོན་མཐོ་དང་ངེས་ལེགས་སྐབས་སུ་སྡུག་བསྔལ་དུ་འགྲེལ་བརྗོད་བྱས་པའི་བདེ་བ་ཉི་ཚེ་བའམ་ཟག་བཅས་ཀྱི་བདེ་བའི་དཀའ་ངལ་ལ་བསམ་གྱི་ཡོད། ཐ་ན་ལྷ་དང་མིའི་སྐྱེ་གནས་སུའང་སྡུག་བསྔལ་སྣ་ཚོགས་ཡོད། དེ་བཞིན་སྡུག་བསྔལ་གྱི་རིགས་ཀུན་ཏེ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་འཁོར་བའི་ནང་གི་སྡུག་བསྔལ་སྤྱི་ལ་ལྟ་གི་ཡོད། དཔེར་ན། སྐྱེ་བ་གང་ཞིག་བླངས་ཀྱང་མ་རིག་རྨོངས་པའི་རྐྱེན་བྱས་པ་དང་། རྨོངས་པས་གྲོགས་བྱས་ཤིང་། རྨོངས་པ་དེ་ལས་ཀྱང་མང་བ་རྒྱུན་སྲིང་བར་བྱེད་ཀྱི་ཡོད། འོན་ཀྱང་ཆོས་ཡངས་པའི་ཐོག་ནས་ང་ཚོས་སྤྱིར་བཏང་སྡུག་བསྔལ་གྱི་རིགས་གཉིས་ལ་བསམ་བློ་གཏོང་ཐུབ། དེར་བརྟེན་སྡུག་བསྔལ་དེ་དག་ཚེ་འདིའི་ནང་དུའང་ཚུད་པར་བྱེད་ཀྱི་ཡོད།

ང་ཚོར་ཡོད་པའི་བདེ་བ་ཉི་ཚེ་བའི་རིགས་ཀྱིས་འདང་གི་མེད། རྒྱུ་མཚན་གང་ཡིན་ནམ་ཞེ་ན། དེ་དག་གིས་ནམ་ཡང་འདོད་པ་ཚིམ་གྱི་མེད། ང་ཚོར་དུས་ནམ་ཡང་འདང་ངེས་ཤིག་མེད། ང་ཚོས་འཁྲིག་སྤྱོད་ཀྱི་བྱ་བ་ཐེངས་གཅིག་ཙམ་གྱི་ཚིམ་གྱི་མེད། དེ་བཞིན་ཟས་ཐེངས་གཅིག་བཟས་པ་ཙམ་གྱིས་མི་འགྲིགས་པར། ཡང་བསྐྱར་ནས་ཡང་བསྐྱར་བཟའ་དགོས་ཀྱི་ཡོད། ག་རེ་ཞེད་སྣང་ཚ་པོ་ཡོད་རེད་ཟེར་ན། སྐབས་རེ་ང་ཚོས་ཐ་ན་སོ་སོས་དགའ་ཤོས་བྱེད་སའི་ཅ་ལག་ལའང་དགའ་གི་མེད། ཟས་གཅིག་རང་ཉིན་ལྟར་བཟའ་རྒྱུ་དང་རྟག་པར་འཁྲིག་སྤྱོད་བྱེད་རྒྱུར་དགའ་པོ་བྱེད་པར་ངེས་བརྟན་མེད། དེ་བཞིན་སྐད་ཅིག་གཉིས་པ་དེར་གང་ཞིག་འབྱུང་མིན་ཐད་ང་ཚོར་དེ་བས་ངེས་བརྟན་མེད་པས། ཞེད་སྣང་སྐྱེ་དགོས་པ་ཞིག་ཡོད། སྐད་ཅིག་ཙམ་དུ་ང་ཚོའི་རྣམ་འགྱུར་ཡག་པོ་ཡོད་ཀྱང་སྐད་ཅིག་གཉིས་པ་དེར་ཧ་ཅང་སྡུག་ཅག་དུ་འགྱུར་འགྲོ་གི་ཡོད། དེ་ནི་དངོས་གནས་འདོད་པ་མི་ཚིམས་པ་ཞིག་ཡིན།

ཐབས་གང་ལ་བརྟེན་ནས་བདེ་བ་གང་ཞིག་འཐོབ་ཐབས་བྱེད་པའི་ང་ཚོའི་བསམ་བློ་གནས་ཚད་ལས་བརྒལ་ཏེ་སྐྱོད་དགོས། སྤྱིར་བཏང་ཟས་དང་། འཁྲིག་སྤྱོད། གྲོགས་འདྲིས། དངུལ་སོགས་ལས་འཐོབ་ཐབས་བྱེད་པའི་བདེ་སྐྱིད་ཀྱི་རྒྱབ་ཏུ་གནས་པ་ནི་རྟོག་སྒྲུང་དང་རྣམ་རྟོག་གི་སྤྲོས་པ་ཡིན། འོན་ཀྱང་དེ་ལྟ་བུའི་ཡིད་ཆེས་ནི་ང་ཚོས་དགོས་འདོད་བྱེད་པའི་རྒྱུ་དངོས་དང་མཉམ་དུ་རྨོངས་པ་ལས་འབྱུང་བ་ཡིན། དེ་དག་གིས་ང་ཚོ་འདོད་པ་ཚིམ་གྱི་མེད་པ་དེ་དངོས་སུ་མྱོང་བའི་སྐབས། དེས་རྨོངས་པ་དེ་བས་ཀྱང་མང་བ་རྒྱུན་སྲིང་བར་བྱེད་ཀྱི་ཡོད། ད་དུང་ཕྱིས་སུ་དེ་དག་འཐོབ་ན་བཅོས་མིན་གྱི་བདེ་བ་ཞིག་འཐོབ་ཀྱི་རེད་བསམ་ཤས་ཆེ། ང་ཚོས་ངེས་འབྱུང་ཞེས་བརྗོད་བཞིན་དོན་དེར་སླེབ་པ་བྱེད་དགོས། རྒྱུན་མར་འཁོར་ནས་ཡོད་པའི་ང་ཞེས་པ་ལས་ཐར་པའི་འདོད་པ་ཙམ་མིན་པར། དེ་དག་ཐམས་ཅད་ལ་ཉོབ་སྣང་དང་ཞེན་ལོག་སྐྱེ་དགོས་པའི་ཐོག་གཞི་བཞག་ཡོད། སོ་སོའི་མགོ་གྱང་ལ་བརྡབས་ནས་བདེ་སྐྱིད་འཚོལ་ཐབས་བྱེད་པ་ནི་གླེན་རྟགས་རང་ཡིན། ངེས་འབྱུང་ལ་བརྟེན་ནས་ང་ཚོས་འཁོར་བ་ལས་ཐར་འདོད་ཤུགས་དྲག་པོ་སྐྱེས་ཤིང་དེ་ཡང་ཐར་པ་འཐོབ་རྒྱུ་ཡོད་པའི་སྐོར་གོ་རྟོགས་དང་བཅས་བརྩོན་པ་སྟེན་གྱི་ཡོད། དེར་ཐབས་གཞན་ཞིག་ཡོད་པ་རེད།

ངེས་འབྱུང་གི་བསམ་པ་སྐྱེས་ན། འཇིག་རྟེན་འདིའི་ནང་ང་ཚོས་དངོས་གནས་འགྲོ་འདོད་ཡོད་སའི་ས་ཆ་གཅིག་ཀྱང་མེད་པ་ཤེས་རྟོགས་ཐུབ། ས་ཆ་ཚང་མ་ཧ་ལམ་གཅིག་པ་ཡིན། ས་ཆ་འགའ་ཞིག་ཅུང་སྐྱིད་པ་མཐོང་ནའང་། དེ་ཡང་བེད་མེད་སྡུག་བསྔལ་གྱི་གནས་རང་ཡིན། བདེ་སྐྱིད་འཐོབ་པར་ང་ཚོས་བློ་གཏད་བཅོལ་སའི་ཆོས་ཚོགས་ཤིག་མེད། ཡང་དག་པ་དང་ཕུལ་དུ་བྱུང་བའི་ཆོས་ཚོགས་གཅིག་ཀྱང་མེད་པ་དང་ཆོས་ཚོགས་ག་འདྲ་ཞིག་ཡིན་རུང་ནང་ནང་ཁུལ་དུ་ཆབ་སྲིད་ཀྱི་དཀའ་རྙོག་ཡོད་ངེས་པ་རེད། དེ་བཞིན་ཡིད་རྟོན་འཕེར་བའི་དགོན་པའང་མེད། དེའི་ནང་དུའང་ནང་ཁུལ་དུ་ཆབ་སྲིད་དང་འབྲེལ་བའི་རྙོག་དྲ་ཡོད་ངེས་རེད། ང་ཚོས་རྒྱུན་སྐྱོང་བྱེད་དགོས་པའི་གྲོགས་འདྲིས་དམིགས་བསལ་དེ་འདྲའང་མེད། གང་ཡིན་ཟེར་ན། གྲོགས་འདྲིས་ག་འདྲ་ཞིག་ཡིན་རུང་དེ་དག་གི་ཁྲོད་དུའང་དཀའ་སྡུག་གིས་ཁེངས་ནས་ཡོད་ངེས་རེད།

འོན་ཀྱང་དེའི་དོན་ནི་ཐམས་ཅད་ཧ་ཅང་ཡིད་ཞུམ་དགོས་པ་ཞིག་ཡིན་པའི་རྐྱེན་གྱིས་ང་ཚོས་རང་ཉིད་ལ་མི་དགའ་བ་བྱས་ཏེ་རང་གིས་རང་སྲོག་གཅོད་དགོས་ཟེར་གྱི་མེད། གང་ཡིན་ཞེ་ན། གྲུབ་མི་སྲིད་པ་ཞིག་ལ་ང་ཚོ་ཡིད་འཕྲོག་གི་མེད་ཅིང་། ནང་པའི་ཆོས་ཚོགས་དང་། དགོན་པ། གྲོགས་འདྲིས། འདུག་གནས། ལས་ཀ། བཟའ་ཟླ་སོགས་ཡང་དག་པ་ཞིག་རྙེད་པའི་བསམ་ཚུལ་ཡ་མ་ཟུང་དེ་འདྲ་ང་ཚོར་མེད། རྒྱུ་མཚན་ནི་ང་ཚོས་དེའི་གནས་ལུགས་ཤེས་ཀྱི་ཡོད། དེ་ལས་ལྡོག་སྟེ། ཐར་པ་འཐོབ་ཆེད་ཀྱི་ལམ་ཡར་རྒྱས་གཏོང་བར་ཕན་རླབས་ཆེ་བའི་གནས་སྟངས་མཁོ་སྤྲོད་བྱེད་མཁན་གྱི་ཆོས་ཚོགས་དང་། དགོན་པ། གྲོགས་པོ་སོགས་ང་ཚོས་དོན་གཉེར་བྱེད་ཀྱི་ཡོད། ཚད་གཞི་དེའི་ཐོག་ནས་ང་ཚོས་འཛམ་གླིང་ནང་ངོ་མཚར་ཆེ་ཤོས་རེད་ཅེས་སྒྲོ་འདོགས་མ་བྱས་པར་ཆོས་ཚོགས་དང་། དགོན་པ། འདུག་གནས་སོགས་འདམ་གྱི་ཡོད། དེ་དག་ཚང་མ་ཡང་དག་པ་ཞིག་མིན་ཅིང་། འཁོར་བའི་གནས་ཆགས་ཡོད། འཁོར་བའི་གནས་སྟངས་ཀྱིས་འདོད་པ་ནམ་ཡང་སྐོང་མི་ཐུབ་ཅིང་ཡང་དག་པ་ཞིག་མིན། དུས་ནས་དུས་སུ་དགའ་སྐྱོ་འཕེལ་འགྲིབ་འགྲོ་གི་ཡོད། དེ་ལྟའི་ཐོག་ནས་ང་ཚོས་ངེས་འབྱུང་གི་གནད་ཤེས་དགོས།

ཆོས་ཡངས་པའི་ངེས་འབྱུང་ནི་ཚེ་འདི་སྣང་གི་སྡུག་བསྔལ་ལས་ཐར་འདོད་ཀྱི་སེམས་ཤིག་ཡིན། ཆོས་ངོ་མའི་ངེས་འབྱུང་ནི་ཚེ་འདི་ཙམ་མ་ཟད་སྐྱེ་བ་ཕྱི་མ་ཕན་ཆད་ལ་བསམ་བློ་གཏོང་གི་ཡོད། ང་ཚོས་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བའི་རྒྱུན་འདི་ཟློག་ཐབས་མ་བྱས་ན། སྐྱེ་བ་གྲངས་མེད་པར་སྡུག་བསྔལ་གསུམ་གྱིས་མནར་རྒྱུ་ཡིན་པ་ངེས།

འདིར་ང་ཚོས་ནང་ཆོས་གོ་བ་ནི་མགོ་རྙོག་གི་དྲི་བ་དུམ་བུ་ཞིག་ལམ་འདྲ་མིན་ཐོག་ནས་དུམ་བུ་གཞན་དང་མཉམ་དུ་བསྡེབས་ཏེ་གོ་བ་ལེན་པ་ལྟར་ཡིན་པ་ཤེས་ཐུབ། དཔེར་ན། གལ་ཏེ་ང་ཚོས་དལ་འབྱོར་གྱི་མི་ལུས་ཀྱི་མགོ་རྙོག་དྲི་བ་འདི་ངེས་འབྱུང་གི་བསམ་པ་དང་མཉམ་སྡེབ་མ་བཏང་ན། གནས་ཐམས་ཅད་ཤིན་ཏུ་མདོག་ཉེས་པོ་མཐོང་བའི་མཚམས་ཤིག་ལ་སླེབས་སྲིད་ཅིང་། གང་དུའང་འགྲོ་མི་འདོད་པ་དང་། གནས་ཐམས་ཅད་གད་སྙིགས་ཀྱིས་ཁེངས་པ་ལྟ་བུར་མཐོང་བ་མ་ཟད། གང་ཡང་བྱེད་མི་འདོད་པ་ཡོང་གི་ཡོད། དེ་ནི་ངེས་འབྱུང་གི་གོ་བ་མིན། ངེས་འབྱུང་གིས་དལ་འབྱོར་གྱི་མི་ལུས་འདི་བེད་སྤྱོད་ཚུལ་བཞིན་དུ་བཏང་ནས་དེ་ལས་ཁེ་ཕན་ལེན་པར་ང་ཚོར་རོགས་རམ་བྱེད་ཀྱི་ཡོད།

དེ་ནས་སྐྱེ་བོ་འབྲིང་གི་བསམ་པའི་སྐབས་གང་དོན་གཉེར་བྱེད་དགོས་པ་ནི་སྡུག་བསྔལ་དང་། དཀའ་ངལ། ཉོན་མོངས་དེ་དག་གི་རྒྱུ་ངོས་འཛིན་དགོས་པ་ཡིན། དེ་དག་ཚང་མ་མ་རིག་པ་ལས་བྱུང་། ཆོས་ཀྱིས་དེའི་གནས་སྟངས་དང་འབྱུང་སྟངས་འགྲེལ་བཤད་ཞིབ་ཕྲ་བྱེད་ཀྱི་ཡོད། དཔེ་མཚོན་ལས་སླ་པོ་ཞིག་ཞུས་ན། རྟ་དཀར་པོ་བཞོན་པའི་སྲས་དང་སྲས་མོའི་ཡིད་དུ་འོང་བའི་སྒྲུང་གིས་ང་ཚོར་མི་གཞན་གྱི་སྟེང་ཁྱད་ཆོས་མཛེས་པོ་སྣ་ཚོགས་ཤིག་ཡིད་ལ་ཤར་འཇུག་གི་ཡོད། དེ་ནས་དེ་ལ་ཆགས་པ་སྐྱེ་བ་དང་། རང་གི་རེ་འདོད་དང་མི་མཐུན་ན་དེ་ལ་ཁོང་ཁྲོ་ཟ་གི་ཡོད། ཡང་ན་རང་གི་སྲས་སམ་སྲས་མོ་དེ་གཞན་ཞིག་གིས་འཕྲོག་པ་སོང་ཙང་། དེ་ལ་ཕྲག་དོག་སྐྱེ་བ་ཡིན། ནང་ཆོས་ཀྱིས་དེ་ལྟའི་ཉོན་མོངས་རྣམས་གང་ནས་འབྱུང་མིན་རྩད་གཅོད་མཐིལ་ཕྱིན་པ་བྱེད་ཀྱི་ཡོད། དེ་ནི་དཔེ་མི་སྲིད་པའི་ཡག་པོ་རེད།

ཆོས་ཡངས་པའི་ལྟ་ཚུལ་གཞི་ལ་བཞག་ནས་ཚེ་འདི་སྣང་གི་སྡུག་བསྔལ་གྱི་རྒྱུ་ཇི་ཡིན་ཙམ་དཔྱོད་པ་དང་། ཧ་ལམ་འདས་པའི་མི་རབས་ལས་བྱུང་བའི་ཤུགས་རྐྱེན་གྱི་རྒྱུ་རྐྱེན་ལའང་དཔྱོད་ཀྱི་ཡོད། དེར་བརྟེན་ཆོས་ཡངས་པའི་ལྟ་ཚུལ་གྱིས་གཏིང་ཟབ་པོ་དེ་ཙམ་མེད་པའི་སེམས་ཁམས་ཀྱི་དཔྱད་པ་བྱེད་པར་ཁ་ཕྱོགས་ཀྱི་ཡོད། ཆོས་ངོ་མའི་ལྟ་ཚུལ་གཞི་ལ་བཞག་ནས་སྐྱེ་བ་སྔོན་མ་ནས་བརྒྱུད་པའི་སྡུག་བསྔལ་རྒྱུ་དང་བཅས་པར་བརྟག་དཔྱད་བྱེད་ཀྱི་ཡོད། དེ་ལ་བསམས་ན་ཚེ་འདིའི་ནང་གང་བྱུང་མིན་སྐོར་བརྟག་པ་ཙམ་ནི་ནང་ཆོས་གོ་བ་ཆ་ཚང་བ་འགྲེལ་བཤད་བྱེད་མི་ཐུབ། དེ་ནི་ཕྱོགས་རེ་བ་ཙམ་དུ་གྱུར།

ལམ་རིམ་གྱི་བརྗོད་བྱ་རྗེས་མ་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྐོར་ཡིན། དེ་ནི་ཧ་ཅང་གཏིང་ཟབ་པོ་ཞིག་ཡིན་ཞིང་། སྐྱེ་བ་ལེན་ཚུལ་དང་ལས་ཉོན་གཉིས་ཀྱི་གཞན་དབང་དུ་གྱུར་ནས་སྐྱེ་བ་གང་ཞིག་ལེན་ཚུལ་དང་སྐྱེ་བ་འདྲ་མིན་དུ་གཤིས་སྤྱོད་ཐ་དད་པའི་ངོ་བོར་བག་ཆགས་རྣམས་བསྐྱར་དུ་འབྱུང་ཚུལ་སོགས་འགྲེལ་བརྗོད་བྱེད་ཀྱི་ཡོད། རྟེན་འབྲེལ་ཡན་ལག་བཅིུས་ཀྱི་རི་མོ་ཡོངས་སུ་རྫོགས་པ་ཤེས་པའི་རྗེས་ང་ཚོས་འཁོར་བའི་སྐྱེ་བ་འདི་ནི་ཡིད་དུ་མི་འོང་བ་དང་ཆོ་མེད་པ་ཞིག་ཡིན་པའི་གོ་བ་རྙེད་ཐུབ། ཆོས་ཡངས་པའི་ལྟ་ཚུལ་ཐོག་ནས་ང་ཚོས་ཚེ་འདིའི་སྐྱེ་བའི་གནས་སྟངས་ཇི་ལྟར་ཡོང་གི་ཡོད་མེད་སྐོར་ཤེས་རྟོགས་ཕྲན་བུ་ཐུབ་ཀྱང་། ཆོས་ངོ་མའི་ལྟ་ཚུལ་གྱིས་སྐྱེ་བ་ཇི་ལྟར་ལེན་པ་དང་ལས་ཇི་ལྟར་གསོག་ཕྱོགས་སྐོར་ཤོད་ཀྱི་ཡོད། དེ་ནི་སྐབས་འདིར་གཏིང་ཟབ་པའི་རང་བཞིན་ངོ་མ་ཆགས་ཡོད།

འཇིགས་སྣང་ཚ་བའི་འཁོར་བའི་རྒྱུན་དེ་ལས་ཐར་བར། ང་ཚོས་ཚུལ་ཁྲིམས་དང་། བསམ་གཏན། ཤེས་རབ་བཅས་ལྷག་པའི་བསླབ་པ་གསུམ་ཉམས་ལེན་བྱེད་དགོས། འདིར་ཚུལ་ཁྲིམས་ཀྱི་བསླབ་པ་ནི་སྐྱ་སེར་གང་ཡིན་ཀྱང་སོ་ཐར་གྱི་སྡོམ་པ་ལེན་པར་གོ་དགོས། ང་ཚོར་འཁོར་བ་ལས་འགྲོལ་འདོད་ཡོད་སྟབས། ཐར་པ་འཐོབ་པའི་གེགས་བྱེད་ལས་ངན་གསོག་རྒྱུ་མཚམས་འཇོག་བྱེད་དགོས། སྡོམ་པ་བླང་ཚུལ་སྐོར་ང་ཚོས་འདིར་གོ་སྡུར་ལྷུག་པོ་བྱེད་དགོས་དོན་མེད། སོ་ཐར་གྱི་སྡོམ་པས་ཐར་པ་འཐོབ་རུང་ཡིན་པ་བསྟན་པ་དང་དེའི་ཕྱིར་མི་དགེ་བའི་ལས་སྤོང་རྒྱུའི་ཆོད་སེམས་བརྟན་པོ་ཞིག་སྐྱེ་དགོས། དེས་ཐར་པའི་ལམ་དུ་འཁྲིད་པར་བྱེད་ཀྱི་ཡོད། དེ་ཡང་ངེས་འབྱུང་གི་བསམ་པ་སྐྱེ་བ་དང་མི་དགེ་བའི་ལས་སྤོང་བར་རག་ལས་ཡོད། གང་ཡིན་ཟེར་ན། ལུས་དང་ངག་ཡིད་གསུམ་གྱི་ཐོག་ནས་མི་དགེ་བའི་ལས་བྱས་ན་ཐར་པའི་ཕྱོགས་སུ་འགྲོ་བ་ལས་ཟློག་པར་བྱེད།

སྡོམ་པ་ལེན་ཕྱོགས་ཐད་བགྲོ་གླེང་ཟིན་རྗེས་ཉོན་མོངས་ཀྱི་སྐོར་གོ་སྡུར་བྱེད་པའི་དོན་ནི། ང་ཚོས་དབང་རྩ་འཁྲུགས་པའི་རྒྱུ་མཚན་ལ་བརྟེན་ནས་སྡོམ་པ་ལེན་གྱི་མེད། དཔེར་ན། “ང་མི་བཟང་པོ་ཞིག་བྱེད་འདོད་འདུག” ཅེས་དང་། “ངའི་དགེ་རྒན་སྐྱིད་པོ་བཟོ་འདོད་འདུག” །ཅེས་པ་སོགས་ཀྱི་ཆེད་དུ་སྡོམ་པ་ལེན་གྱི་མེད། སྡོམ་པ་ལེན་པའི་སྐབས། ཐར་པ་འཐོབ་རུང་ཡིན་པ་ཤེས་པའི་ཐོག་ནས་ལེན་གྱི་ཡོད་ཅིང་། སྡོམ་པས་དམིགས་ཡུལ་སྒྲུབ་ཆེད་བྱེད་རུང་བ་དང་མི་རུང་བའི་མཚམས་གཏན་འབེབས་བྱེད་ཀྱི་ཡོད། ང་ཚོར་བྱ་སྤྱོད་ཇི་ལྟར་སྤེལ་དགོས་མིན་ཐད་ཐག་ཆོད་མི་ཐུབ་པའི་ཐེ་ཚོམ་མེད་པ་རེད། དཔེར་ན། ཆང་བཏུང་ན་སེམས་སྒྲིབ་སྟེ་བསམ་གཏན་ལ་གནས་མི་ཐུབ་པ་དེ་ང་ཚོས་ཤེས་ནས་ཆང་འཐུང་གི་མེད། ང་ཚོས་མཚམས་ཤིག་བཟོ་དགོས། དེ་ནི་ཁ་ལ་ཉན་མི་ཉན་དང་འབྲེལ་བ་མེད། སྡོམ་པའི་ཆོ་གའི་ཐོག་ནས་ཤེས་རབ་ཀྱི་གྲོགས་དང་བཅས་པའི་སྡོམ་པ་དེ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། དེ་ནས་ཚུལ་ཁྲིམས་ཀྱི་བསླབ་པར་གཞི་བཞག་སྟེ། བསམ་གཏན་རྒྱུད་ལ་སྐྱེ་དགོས་ཤིང་། ཤེས་རབ་ཀྱི་ཐོག་ནས་ལྟ་བའི་མཐར་ཐུག་སྟོང་ཉིད་ཀྱི་ལྟ་བར་དམིགས་པ་གཏད་ནས་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བའི་རྒྱུན་གྱི་རྒྱུར་གྱུར་བའི་རྨོངས་པའམ་མ་རིག་པ་རྩད་ནས་གཅོད་ཀྱི་ཡོད། སྐྱེ་བོ་འབྲིང་གི་བསམ་པའི་སྐབས་སྟོང་ཉིད་དང་བསམ་གཏན་སྐོར་དེ་ཙམ་རྒྱས་པོ་བཤད་ཀྱི་མེད། མདོར་ཙམ་བསྟན་ཡོད།

སྐྱེས་བུ་ཆེན་པོའི་བསམ་པ།

སྐྱེ་བོ་ཆེན་པོའི་བསམ་པས་སངས་རྒྱས་ཀྱི་གོ་འཕང་འཐོབ་ཕྱིར་འབད་དགོས་པ་དེ་ཡིན། འཁོར་བའི་སྐྱེ་རྒྱུན་གཅོད་པར་ནམ་ཞིག་ཐར་པ་འཐོབ་བྱེད་ཀྱི་ལམ་དུ་སླེབས་པའི་མཚམས་ལ་ང་ཚོས་སྔར་བས་ལྷག་པ་རང་རྒྱུད་ཡར་རྒྱས་གཏོང་ཆེད་འབད་ན་རང་གཞན་ཚང་མར་ཕན་འདོགས་ཐུབ་པ་ཡོང་གི་ཡོད། ཆོས་ཡངས་པའི་ནང་བསམ་པ་འདི་ནི་མི་ཚང་མར་ཡག་པོ་བྱེད་པ་དང་རོགས་རམ་བྱེད་པ་དེ་ཡིན། འདིར་ང་ཚོས་དེ་ཙམ་གྱི་སྐོར་ཤོད་ཀྱི་མེད། སེམས་ཅན་དེ་དག་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བར་སྐྱེ་བའི་རྒྱུན་གཅོད་པར་རོགས་རམ་བྱེད་དགོས། དེ་ནི་བཟང་པོ་ཙམ་བྱེད་པ་ལས་ལྷག་པ་ཡིན།

སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བསམ་གཏན་དང་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་སྟེང་དུ་ནུས་པ་གཞན་ལྷག་པོ་གཅིག་དགོས་ཤིང་། དེ་ནི་བྱང་ཆུབ་ཀྱི་སེམས་ལས་འབྱུང་བ་ཡིན། སྟབས་བདེ་པོར་བརྗོད་ན། བྱང་ཆུབ་སེམས་ནི། “གལ་ཏེ་སེམས་ཅན་གཞན་ལ་ཕན་འདོགས་འདོད་ན། སྔོན་ལ་རང་ཉིད་སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས་ཀྱི་འདུག །དེར་བརྟེན་ངས་ཀྱང་དེ་འཐོབ་པར་དམིགས་ཀྱི་ཡིན།” ཞེས་པའི་བསམ་བློ་དེ་ཡིན།

ང་ཚོའི་སེམས་དང་ལུས་གཉིས་ཚད་ཅན་ཡིན། དེ་ནི་ང་ཚོས་མཚོ་འོག་ཏུ་བཀོལ་བའི་ཁོར་མྱུལ་རྒྱང་ཤེལ་བརྒྱུད་བལྟ་བ་དང་མཚུངས། ང་ཚོས་གང་མཐོང་བ་ནི་སོ་སོའི་མིག་གི་མདུན་དུ་གང་ཡོད་པ་གཅིག་པུ་ཡིན་ཞིང་། ཆོས་ཐམས་ཅད་གཅིག་ལ་གཅིག་རྟེན་པའི་སྒོ་ནས་གནས་པའམ་གནས་རྒྱུ་ཡིན་པ་ཤེས་ཀྱི་མེད། ང་ཚོས་གཞན་ལ་བལྟ་བའི་ཚེ། གཞན་གྱི་ད་ལྟའི་སེམས་ཀྱི་གནས་སྟངས་ལ་འགྲོ་བ་མི་དང་དུད་འགྲོ་དང་། ལོ་རྒྱུས། དཔལ་འབྱོར། སྤྱི་ཚོགས་སོགས་ཀྱིས་ཤུགས་རྐྱེན་བྱིན་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད། སེམས་ཅད་དེ་དག་ལ་རན་པའི་ཆོས་ཡང་དག་པ་ཞིག་འདམ་ཆེད་ང་ཚོས་དེ་དག་ཐམས་ཅད་ཤེས་དགོས། དེ་བཞིན་ཆོས་དེ་ལ་བརྟེན་ཉན་པ་པོར་འབྲས་བུ་ཅི་ཞིག་འཐོབ་མིན་དང་ཤུགས་རྐྱེན་ཇི་ཙམ་སྦྱིན་མིན་ཡང་ཤེས་ཀྱི་མེད། བསམ་བློ་ཐོངས་དང་། ང་ཚོས་ཁོར་མྱུལ་རྒྱང་ཤེལ་བརྒྱུད་དེ་མཐོང་བ་ལས་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ཤེས་ཀྱི་མེད། ལྷག་པར་དུ་སྐྱེ་བ་སྔ་ཕྱིར་རྒྱུས་མངའ་མེད། དེ་དག་ཚང་མ་མ་ཤེས་ན། གང་ཞིག་ལ་བསྟན་བྱའི་ཆོས་དེ་རན་ཤོས་ཡིན་མིན་ཇི་ལྟར་ཤེས་ཐུབ་བམ།

ཆོས་ཡངས་པའི་ལྟ་ཚུལ་ལ་གཞིགས་ན། མི་ཚང་མར་མི་ཚེ་གཅིག་ཡོད་པ་བསམ་བློ་གཏོང་གི་ཡོད། དེར་བརྟེན་ཚེ་འདི་པ་ཙམ་གྱི་རྒྱུ་འབྲས་ལ་བསམ་བློ་གཏོང་གི་ཡོད། འོན་ཀྱང་ཆོས་ངོ་མའི་ལྟ་ཚུལ་ལ་གཞིགས་ན། མི་ཚང་མའི་སྐྱེ་བ་གྲངས་མེད་པའི་ཚུལ་ལ་བསམ་བློ་གཏོང་གི་ཡོད་སྟབས་རྦད་དེ་གཏིང་ཟབ་པ་དང་མགོ་རྙོག་ཚ་བ་ཆགས་ཀྱི་ཡོད། གཞན་སེམས་ཅན་ཐམས་ཅད་ལ་གང་ཐུབ་ཐུབ་ཀྱིས་ཕན་འདོགས་པའི་ཚུལ་ཤེས་པར། ང་ཚོས་དེ་ལྟའི་གླེན་རྟགས་ཅན་གྱི་ཁོར་མྱུལ་རྒྱང་ཤེལ་དེ་མེད་པ་བཟོ་དགོས། དེའི་དོན་ནི་སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས་པར་ཟེར། ཐ་ན་ང་ཚོ་འཁོར་བ་ལས་ཐར་བའི་སྐབས་སུའང་། ད་དུང་ང་ཚོས་ཁོར་མྱུལ་རྒྱང་ཤེལ་དེ་བལྟ་ནས་བསྡད་ཡོད། གནས་སྐབས་དེ་དུས་ང་ཚོ་བསླུ་བྲིད་བྱས་མེད་ཀྱང་། ཆོས་རྣམས་ཇི་ལྟར་སྣང་བ་ལྟར་གྲུབ་པར་ཡིད་ཆེས་བྱེད་ཀྱི་མེད། ང་ཚོས་རྒྱང་ཤེལ་དེ་མེད་པ་བཟོས་མཚམས་ང་ཚོ་འཁོར་བའི་ནང་ལུས་པའི་ཆུ་འོག་ཏུ་གནས་པའི་སེམས་ཅན་མ་ཡིན། བླ་ན་མེད་པའི་བྱང་ཆུབ་ཅེས་པའི་དོན་རོབ་ཙམ་ཡང་མི་ཤེས་པར་དེ་འཐོབ་པར་ཅིའི་ཕྱིར་བརྩོན། ང་ཚོས་བྱང་ཆུབ་ཀྱི་སེམས་སྐྱེད་ཐབས་ཅིའི་ཕྱིར་བྱེད། དེ་ནི་ང་ཚོས་འབད་བརྩོན་བྱེད་པ་དེ་ཡིན།

ཆོས་ཡངས་པའི་ལྟ་ཚུལ་དེ། “ཨོའོ། སངས་རྒྱས་ཀྱི་གོ་འཕང་དེ་ངོ་མཚར་ཅན་ཞིག་འདུག་པས་ང་རང་འཐོབ་འདོད་འདུག །དེ་ནི་བླ་ན་མེད་པ་ཞིག་ཡིན། ངས་གཞན་དོན་སྒྲུབ་ཐུབ།” ཅེས་པ་ཡིན་ཤས་ཆེ། དེ་ནི་ལྷ་སྒྲུང་ལྟ་བུ་རེད། ང་ཚོས་དེ་ལྟར་འགོ་འཛུགས་ཆོག་ཀྱང་། དེ་ཙམ་མ་ཡིན་པར་དེ་ལས་ལྷག་པ་དང་གཏིང་ཟབ་པའི་དམིགས་ཡུལ་སྒྲུབ་རྒྱུ་ཡོད་པ་ཤེས་དགོས།

དེ་རྗེས་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་གྱི་ཡོད། དེས་སྤོང་དགོས་པའི་ལས་དང་བློའི་ཁེར་སོ་དང་། གཞན་ལ་ཕན་འདོགས་ཕྱིར་སངས་རྒྱས་ཀྱི་གོ་འཕང་འཐོབ་ཆེད་བྱ་བ་བྱེད་དགོས་པ་སྟོན་གྱི་ཡོད། དེ་ནི་ངོ་མཚར་རྨད་དུ་བྱུང་བ་ཞིག་རེད། དེ་འཐོབ་བྱེད་ཀྱི་ལམ་ལ་གང་གིས་གེགས་བྱེད་ངེས་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། དེར་བརྟེན་ང་ཚོས་དེ་དག་སྤོང་དགོས།

ང་ཚོས་ལམ་ཉམས་སུ་ལེན་པའི་སྐབས། ཕར་ཕྱིན་དྲུག་ཉམས་ལེན་གྱི་སྙིང་པོར་སྒྲིལ་དགོས། དེ་ཡང་ཕྱོགས་གཉིས་ནས་བསམ་བློ་བཏང་ན་ཆོག །དེ་ཡང་གཞན་སེམས་ཅན་ལ་ཕན་འདོགས་པའི་ཆེད་དུ་སྔོན་ལ་རང་ལ་ཕན་འདོགས་པ་དང་། དེ་ནས་དངོས་སུ་གཞན་ལ་ཕན་འདོགས་པ་གཉིས་ཡིན། རང་ལ་གང་ཡོད་པ་ཐམས་ཅད་གཞན་ལ་གཏོང་བའི་བསམ་པ་སྐྱེ་དགོས། དེ་ནི་སྦྱིན་པའི་ཕར་ཕྱིན་ཡིན། བློའི་ཁྱེར་སོ་དེ་ལྟར་མེད་པར་ལམ་དེ་དག་ལ་ཇི་ལྟར་འཇུག་ཐུབ། དེ་ནས་ཚུལ་ཁྲིམས་དགོས། དེ་མིན་ང་ཚོས་སོ་སོའི་ནུས་པ་དང་དུས་ཚོད་ཚུལ་བཞིན་དུ་བེད་སྤྱོད་ཇི་ལྟར་གཏོང་ཐུབ། ཚུལ་ཁྲིམས་ཀྱིས་སྒོམ་དང་ཉམས་ལེན་སོགས་ལ་རྩེ་གཅིག་ཏུ་མུ་མཐུད་ནས་གཞོལ་འཇུག་ཅིང་། ང་ཚོས་དེ་ལ་རིན་ཐང་བརྩི་གི་ཡོད། དེ་ཅུང་ཁག་པོ་ཡོད་པས། ང་ཚོས་བཟོད་པ་སྒོམ་དགོས། དེས་ན་ལམ་རྒྱུད་ལ་སྐྱེད་ཐབས་བྱེད་པའི་སྐབས་ཁོང་ཁྲོ་ཟ་བ་སོགས་ཡོང་གི་མེད། དེ་ནས་སྤྲོ་བའི་བརྩོན་འགྲུས་དགོས། གང་ཡིན་ཞེ་ན། ང་ཚོའི་ཉམས་ལེན་དང་ལམ་སྒོམ་སྐབས་གནས་སྟངས་ལེགས་ཉེས་ཀྱི་འཕེལ་འགྲིབ་སྣ་ཚོགས་ཡོང་གི་ཡོད། དེ་ལྟར་བྱུང་ན། ལམ་དུ་བར་ཆད་དམ་གེགས་ཅི་བྱུང་གིས་གཡོ་འགུལ་མ་ཐེབས་པར་བརྩོན་པ་མུ་མཐུད་སྟེན་ཐུབ་པ་དང་། ཉམས་ལེན་ལ་དབྱིངས་སླེབས་ནས་དེ་དག་གི་ཕན་ཡོན་མཐོང་ཐུབ།

བརྩོན་འགྲུས་གང་དུ་སྟེན་དགོས་ཤེ་ན། དང་པོ་ཏིང་ངེ་འཛིན་སྒོམ་དགོས། འདིར་ཏིང་ངེ་འཛིན་ཞེས་པ་ནི་སེམས་བརྟན་པའི་རང་བཞིན་བསམ་གཏན་ལ་གོ་དགོས། བསམ་གཏན་སྒོམ་པས་ང་ཚོའི་སེམས་ཕྱི་རོལ་དུ་འཕྲོ་བའམ་བྱིངས་བ་ཙམ་མ་ཟད་གློ་བུར་དུ་མྱོང་ཚོར་དྲག་པོ་ཞིག་མངོན་དུ་འགྱུར་སྐབས་དེའི་གཞན་དབང་དུ་མི་འགྲོ་བ་ཡོང་གི་ཡོད། སེམས་དང་སེམས་འབྱུང་གི་གནས་སྟངས་བརྟན་པོ་ཞིག་ཡོང་ཐུབ། དེ་ནས་ང་ཚོ་སེམས་ཚོར་གྱི་གནས་སྟངས་ཁག་པོ་ཞིག་གི་ནང་ཡོད་ཚེ། རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་དམིགས་པ་མི་བརླག་པ་ཡོང་། དེང་དུས་ཀྱི་འཛམ་གླིང་ནང་དངངས་སྐྲག་དང་སེམས་འཚབ་མང་པོ་འབྱུང་བས། དེ་དག་ཡིད་སྐྱོ་དགོས་པ་དང་ཁག་པོ་ཞིག་ཡིན་པ་ངོས་ལེན་ཐུབ་ནའང་། སོ་སོའི་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་དམིགས་པ་དེ་བརླག་འགྲོ་གི་མེད། ང་ཚོས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་དམིགས་པ་འདི་དབུགས་འབྱུང་རྔུབ་ཁོ་ནར་མིན་པར། གནས་ལུགས་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེད་པ་དང་། ཡིན་པ་མི་སྲིད་པའི་གྲུབ་ཚུལ་གྱི་འཆར་སྣང་། རྣམ་རྟོག་གི་སྤྲོས་པ་མེད་པ་བཟོས་ནས་དོན་དངོས་ཀྱི་ཐོག་རིག་པ་སྒྲིམ་པར་བེད་སྤྱོད་གཏོང་དགོས།

གཞན་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་འདོགས་པར་བསམས་ན། གཏོང་སེམས་ཀྱིས་གཞན་ལ་ཕྱི་དངོས་པོ་ཙམ་སྟེར་བ་མིན་པར། གཞན་ལ་གུས་ཞབས་བྱེད་པ་དང་གཞན་གྱི་དྲུང་ནས་བློ་སྐྱེད་ལེན་རྒྱུའི་གོ་སྐབས་སྦྱིན་གྱི་ཡོད། ཆོས་བསྟན་ནས་གཞན་ལ་རོགས་བྱེད་ཐུབ། ང་ཚོས་གཞན་རྣམས་སྣང་མེད་གཏོང་བ་དང་། འདོར་བ། ཁས་ལེན་མི་བྱེད་པ། ཆགས་ཞེན་སྐྱེ་བ་སོགས་ཡོང་སྲིད་བསམ་པའི་ཞེད་སྣང་དེ་གཞན་ལ་མི་ཡོང་བའི་སྤོབས་པ་སྦྱིན་གྱི་ཡོད། ང་ཚོས་གཞན་ལ་བཅོས་མིན་གྱི་བརྩེ་བ་སྤྲོད་པ་དང་གཞན་རྣམས་སྐྱིད་པོ་ཡོང་བར་འདོད་ཀྱི་ཡོད། གཞན་རྣམས་རང་ཉིད་ཀྱི་ཁེ་ཕན་ཆེད་བཀོལ་སྤྱོད་བྱ་མི་ཉན། ང་ཚོས་ཚུལ་ཁྲིམས་ལྡན་པའི་ཐོག་ནས་གང་ཐུབ་ཅི་ཐུབ་ཀྱིས་གཞན་ལ་ཕན་འདོགས་པ་དང་གནོད་མི་སྐྱེལ་བར་བརྩོན་དགོས། ང་ཚོས་གང་ཐུབ་བྱེད་ཀྱི་ཡོད། ང་ཚོས་། “དགོངས་དག །ང་བྲེལ་བ་ཚ་པོ་ཡོད། དེ་རིང་ངས་ཁྱོད་ལ་རོགས་བྱེད་མི་ཐུབ།” ཅེས་བརྗོད་རྒྱུའི་ཚབ་ཏུ་ང་ཚོས་ཐབས་ཤེས་བྱེད་དགོས། གནས་སྟངས་ཁག་པོ་ཞིག་ཡོང་ངེས་པས་ངང་རྒྱུད་རིང་པོ་བྱེད་དགོས། མི་རྣམས་ཀྱིས་ང་ཚོར་དཀའ་ལས་ཁག་པོ་བཟོ་སྲིད། ང་ཚོས་ཁོང་ཁྲོ་མི་ཟ་བར་བཟོད་པ་སྟེན་དགོས། རྒྱུ་མཚན་ནི་ང་ཚོས་དཀོན་མཆོག་ནང་བཞིན་སེ་གོལ་བརྡབས་ནས་གཞན་ཀུན་གྱི་དཀའ་ངལ་སེལ་མི་ཐུབ། མི་རྣམས་ཡར་རྒྱས་འགྲོ་མིན་དང་བདེ་སྡུག་གི་འཕེལ་འགྲིབ་ཇི་ཡོད་གང་ལྟར་ཡང་ང་ཚོས་མུ་མཐུད་འབད་བརྩོན་དང་རོགས་པ་བྱེད་དགོས།

རང་གི་སེམས་འདི་ལ་ཡིད་དབང་འཕྲོག་པ་དང་དེ་ལ་ཞེན་པ་ལོག་པ་སོགས་ལ་ལྟོས་མེད་དུ། རྣམ་གཡེང་གི་དབང་དུ་མི་འགྲོ་བར་གཞན་ལ་མུ་མཐུད་རོགས་རམ་བྱ་ཕྱིར་ང་ཚོས་བསམ་གཏན་ནམ་སེམས་རྩེ་གཅིག་པ་རྒྱུད་ལ་སྦྱོང་དགོས། དེ་ནས་མི་རྣམས་ཀྱི་ཐད་རྟོག་བཟོ་དང་རྣམ་རྟོག་དང་ཁོང་ཚོའི་གནས་ལུགས་དབར་ཁྱད་པར་འབྱེད་ཆེད་ཆོས་རྣམ་པར་འབྱེད་པའི་ཤེས་རབ་དགོས། གང་ཕན་ཐོགས་ཆེ་བ་དང་གང་གནོད་ཚབས་ཆེ་བ་གཉིས་ཀྱི་དབར་དབྱེ་འབྱེད་ཆེད་ཤེས་རབ་དགོས།

ཆོས་ཡངས་པའི་ལྟ་ཚུལ་གྱི་ཐོག་ནས་ང་ཚོས་གཞན་གྱི་ཚེ་འདི་གཅིག་པུར་ཕན་འདོགས་ཆེད་ཉམས་ལེན་བྱེད་ཀྱི་ཡོད། ཆོས་ངོ་མའི་ལྟ་ཚུལ་ནི་ང་ཚོའི་ཚད་ཅན་རྒྱང་ཤེལ་གྱི་འཆར་སྣང་ལས་རྣམ་པར་རྒྱལ་ཆེད་གཞན་ཕན་སྒྲུབ་པ་དང་རང་གི་དགེ་བའི་ནུས་པའམ་བསོད་ནམས་ཀྱི་ཚོགས་རྣམས་གཞན་གྱི་ཆེད་དུ་བསྔོ་བ་བྱེད་ཅིང་། དེ་ལ་བརྟེན་ནས་བརྩེ་བ་དང་། སྙིང་རྗེ་སོགས་ཀྱི་སྒོ་ནས་ང་ཚོས་གཞན་ལ་ཕན་འདོགས་ཐུབ་པ་ཡོང་གི་ཡོད།

བརྙན་པར། མཁའ་འགྲོ་རིན་པོ་ཆེ། “སྙིང་རྗེ་ཟེར་བ་དེ་ག་རེ་ཡིན་ནམ།”

མཇུག་སྡོམ།

དེ་དག་གི་ལམ་རིམ་གྱི་རྩ་བའི་སྒྲོམ་གཞིའི་ཐོག་སྤྱིར་བཏང་གི་གོ་སྡུར་ཞིག་ཡིན། དེའི་ཕྱིར་བརྩོན་འགྲུས་སྟོབས་ཆེན་པོ་དགོས། གལ་ཏེ་ང་ཚོ་ཆོས་ཡངས་པའི་རིམ་པར་ཡོད་ན། ངོ་ཚ་དགོས་པ་དང་སྡུག་དགོས་པ་གང་ཡང་མེད། གང་ཡིན་ཟེར་ན། ང་ཚོ་མང་ཆེ་བ་རིམ་པ་དེར་ཡོད། ཐོག་མར་ཆོས་ཡངས་པ་ལ་བློ་གཏོད་དགོས། གལ་ཏེ་རང་ཉིད་རིམ་པ་དེར་ཡོད་ན་བཅོས་མིན་གྱི་ཉམས་ལེན་བྱེད་དགོས། འོན་ཀྱང་རྟག་ཏུ་དེ་ནི་ཐབས་ལམ་ཞིག་ཏུ་བརྩི་དགོས། དེར་བརྟེན་མཐར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་ཆེད་སྐྱེ་བ་སྔ་ཕྱི་སོགས་ཀྱི་གལ་གནད་རྟོགས་པ་དང་ངོས་ལེན་བྱེད་དགོས། ང་ཚོས་ཆོས་དེ་དག་ལ་སྣང་ཆུང་དང་གལ་གནད་ཆུང་དུ་གཏོང་བ་དང་། སོ་སོའི་ཉམས་རྟོགས་ཀྱི་ཚད་མཐོན་པོར་སླེབས་ཁུལ་རློམ་སེམས་ནམ་ཡང་སྐྱེ་མི་ཉན། རིམ་པ་གང་དུ་སླེབས་ཡོད་ཀྱང་། ང་ཚོས་དུས་རྟག་ཏུ་གཞན་ལ་རོགས་རམ་གང་ཐུབ་བྱ་རྒྱུའི་ཐབས་ཤེས་བྱེད་དགོས།

བསྔོ་བ།

ངས་ཐེངས་མང་པོ་བརྗོད་པ་བཞིན། གལ་སྲིད་བགྲོ་གླེང་འདི་དག་བྱས་པ་ལ་བརྟེན་ནས་གོ་རྟོགས་དང་དགེ་བའི་ལས་ཕྲན་བུ་བསགས་ཡོད་ཚེ། རང་སོར་བཞག་ན་འཁོར་བའི་ནང་རང་འགུལ་གྱིས་ཡར་རྒྱས་འགྲོ་བའི་རྒྱུ་ཙམ་བྱེད་པ་ཡིན། དེ་ཧ་ཅང་ཡག་པོ་རེད། འོན་ཀྱང་དགེ་བའི་ལས་ཀྱི་ནུས་པ་དེ་ལ་བརྟེན་ནས་ང་ཚོས་དེ་ལས་ལྷག་པ་བྱེད་ཐུབ། ང་ཚོས་ལས་དེ་དག་སོ་སོའི་མི་ཚེ་ཡག་པོ་དང་ཏོག་ཙམ་ལས་སླ་པོ་ཡོང་ཆེད་གཅིག་པུར་དམིགས་རྒྱུ་མེད། དེ་ལྟར་བྱས་ན་ཆོས་ཡངས་པའི་ལྟ་ཚུལ་ཆགས་ཀྱི་ཡོད། ང་ཚོས་གང་བྱེད་དགོས་པ་ནི་ལས་དེ་དག་སངས་རྒྱས་ཀྱི་གོ་འཕང་འཐོབ་ཕྱིར་བསྔོ་དགོས། དེ་ཡང་ཉོན་མོངས་ཙམ་སྤོང་ཆེད་མ་ཡིན་པར་ཁོར་མྱུལ་རྒྱང་ཤེལ་ལྟ་བུའི་ཚུལ་དེ་སྤོང་དགོས། དེས་ན་རང་གཞན་ཚང་མར་རོགས་རམ་རླབས་ཆེ་བ་བྱེད་ཐུབ། ཐུགས་རྗེ་ཆེ།།

Top