འཕགས་པའི་བདེན་པ་བཞི་ལྟར་བསྒྲིགས་པའི་ལམ་རིམ།

བདེན་དོན་བཞིའམ་བདེན་པ་བཞི།

སྟོན་པ་བཅོམ་ལྡན་འདས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་མཛད་པ་བསྟན་པའི་རྗེས། གང་གིས་རང་ཅག་རྣམས་ཀྱི་ཆེད་དེ་ལྟ་བུའི་གོ་འཕང་འཐོབ་སླད་ལམ་གྱི་རིམ་པ་མང་དག་ཅིག་བསྟན། གཞི་རྩའི་ཐབས་ནི་སྔོན་འགོག་གི་ཐབས་ལམ་བསྟེན་སྟངས་དང་། ཕྱོགས་གཞན་ཞིག་ནས། ཆོས་ཉམས་སུ་ལེན་རྒྱུ་དེ་ཡིན་པ་རེད། དེ་ཡང་དང་པོ། མི་ཚང་མར་འཕྲད་བཞིན་པའི་སྡུག་བསྔལ་གྱི་བདེན་པ་དང་། གཉིས་པ། དེ་དག་གི་རྒྱུ་ཀུན་འབྱུང་བདེན་པ། དེ་ལྟར་ནའང་། གསུམ་པ། ང་ཚོས་དེ་དག་གི་རྒྱུ་བཀག་སྟེ་སྡུག་བསྔལ་སྤངས་པའི་འགོག་བདེན་ཐོབ་ཐུབ་པ། བཞི་པ། དེ་འཐོབ་པར་བྱེད་པ་ལ་ང་ཚོས་ལམ་གྱི་བདེན་པ་སྐྱེད་དགོས་པ་བཅས་ཡིན།

སྐྱེས་བུ་ཆུང་ངུའི་རིམ་པ།

བདེན་པ་བཞི་ནི་རིམ་པ་ཁ་ཤས་བརྒྱུད་ནས་ཤེས་རྟོགས་ཐུབ། ཐོག་མའི་རིམ་པར་ངན་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྡུག་བསྔལ་རྣམས་ཡིན། གལ་ཏེ་ང་ཚོ་ན་བ་དང་། ལྟོགས་པ། སྐོམ་པ། ཡང་ན་རྟག་ཏུ་སྡུག་བསྔལ་གྱིས་མནར་བའི་གནས་སྟངས་ཡ་ང་བ་དང་ཚད་ལས་འདས་པ་མྱོང་བཞིན་ཡོད་ན། དེའི་སྐབས་སུ་ང་ཚོར་ཆོས་ཉམས་ལེན་བྱེད་པའི་དུས་ཚོད་མེད་པའམ་ཡང་ན་བྱེད་ཐུབ་པ་མི་སྲིད། དེའི་རྒྱུ་མཚན་ནི་ང་ཚོའི་སེམས་འདི་ཧ་ཅང་དཀའ་ངལ་དང་སྡུག་བསྔལ་གྱི་རྦད་དེ་མནར་བའི་རྐྱེན་གྱིས་ཡིན།

དེ་སྡུག་བསྔལ་གྱིས་མནར་བའི་རྒྱུ་དངོས་སམ་ཀུན་འབྱུང་བདེན་པ་ནི། མི་དགེ་བའི་ལས་བརྩམས་པ་ལ་བརྟེན་ནས་བྱུང་བ་ཡིན། དེ་ཡང་ཇི་ལྟར་སངས་རྒྱས་ཀྱིས། གལ་ཏེ་སྡུག་བསྔལ་དང་དཀའ་ངལ་རྣམས་སོ་སོས་བཟོས་ན། དེའི་འབྲས་བུ་དེ་སོ་སོ་རང་ཉིད་ནས་ངེས་པར་དུ་མྱོང་དགོས་ཞེས་གསུངས། ཕྱོགས་གཞན་ཞིག་ནས། གལ་སྲིད་ང་ཚོས་ལས་དགེ་བ་བྱས་པ་དང་། བདེ་བ་བསྐྲུན་ན། མཐར་བདེ་བ་དེ་སོ་སོ་རང་ཉིད་ནས་མྱོང་གི་རེད། དེར་བརྟེན། གལ་ཏེ་ང་ཚོས་དངོས་གནས་སྡུག་བསྔལ་སྤངས་པའི་བྲལ་བ་འགོག་བདེན་འཐོབ་འདོད་ན། དེའི་ཐབས་ང་ཚོས་ངེས་པར་དུ་མི་དགེ་བའི་ལས་སྤོང་བའི་ལམ་གྱི་བདེན་པ་ཉམས་ལེན་བྱེད་དགོས།

དང་པོ། ང་ཚོས་སོ་སོར་ཤིན་ཏུ་རྙེད་དཀའ་བའི་དལ་འབྱོར་མིའི་ལུས་རྟེན་འདི་ཐོབ་པ་ཤེས་དགོས། དེར་བརྟེན་ད་ལྟ་ང་ཚོར་རང་གི་སེམས་རྒྱུད་ཡར་རྒྱས་གཏོང་རྒྱུ་དང་ཆོས་ཉམས་ལེན་བྱ་རྒྱུའི་གོ་སྐབས་ཚང་མ་ཡོད་པ་ལས། བཙོན་པའི་གསོག་སྒར་དང་མུ་གེའི་སྡུག་བསྔལ་མྱོང་བཞིན་ཡོད་པ་ལྟ་བུ་མ་ཡིན། འོན་ཀྱང་གོ་སྐབས་དེ་དག་གཏན་དུ་མི་གནས་ཤིང་དུས་ངེས་ཅན་ཞིག་གི་ནང་ང་ཚོ་ཚང་མ་འཆི་བར་ངེས་པ་དང་མི་ལུས་རིན་ཆེན་འདི་བརླག་འགྲོ་རྒྱུ་རེད། འཆི་བ་དེ་ག་དུས་འབྱུང་མིན་རྩ་བ་ནས་ངེས་གཏན་མེད། དུས་ངེས་མེད་ཅིག་གི་ནང་ཕྱི་ལོགས་སུ་འགྲོ་བའི་སྐབས་རླངས་འཁོར་ལྟ་བུར་བརྡབ་སྐྱོན་ཤོར་ནས་འཆི་སྲིད་པ་ཡིན། གལ་ཏེ་ང་ཚོ་ད་ལྟ་འཆི་དགོས་ཐུག་པ་དང་། མི་དགེ་བའི་ལས་རྐྱང་རྐྱང་བྱས་ཡོད་ན། སྐྱེ་བ་ཕྱི་མར་ངན་སོང་གི་གནས་སུ་ལྷུང་རྒྱུ་རེད། དེ་བཞིན་ང་ཚོས་མི་དགེ་བའི་ལས་ངན་པ་བསགས་པའི་འབྲས་བུ་སྡུག་བསྔལ་མྱོང་དགོས་པའི་གནས་ཞིག་ཏུ་སྐྱེ་ངེས་རེད། དེར་བརྟེན། མ་འོངས་པར་འཇིགས་ནས་སྡོད་རྒྱུའི་ཚབ་ལ། དེ་ལས་ཐར་བའི་ཐབས་ཤེས་ཤིག་འདུག་མི་འདུག་འཚོལ་ཞིབ་བྱེད་དགོས་ཤིང་། དེ་ཡང་ང་ཚོས་སངས་རྒྱས་རང་ལ་བལྟ་དགོས།

སངས་རྒྱས་རྣམས་ནི་སྤྲོས་པའམ་མི་དགེ་བའི་ཆོས་ཀྱི་དྲི་མ་མཐའ་དག་ལས་བྲལ་ཞིང་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་བླ་ན་མེད་པ་དང་ཡོངས་སུ་སངས་བའི་གང་ཟག་རྣམས་ཡིན། སངས་རྒྱས་རྣམས་ཀྱི་ཐུགས་ནི་ཁོང་ཁྲོ་དང་། ཆགས་ཞེན། རྨོངས་ཞེན་སོགས་ཉོན་མོངས་ཀྱི་རིགས་ཐམས་ཅད་ལས་འདས་ཤིང་། བྱིང་རྨུགས་སམ་གཡེང་བའི་ཡུལ་ལས་འདས་པ་ཡིན། དེ་བཞིན་རང་འདོད་དོན་གཉེར་དང་ཕྱོགས་རིས་རྩ་བ་ནས་མེད་པའི་གཞན་ཕན་ཁོ་ནའི་སེམས་དང་ལྡན་པ། ཁོང་རྣམ་པའི་ངག་ནི་གཞན་དང་འབྲེལ་གཏུགས་བྱེད་པར་ཉེས་སྐྱོན་ཀུན་གྱི་དྲི་མས་མ་བགོས་པ་དང་། སྐུ་ནི་འཕྲིན་ལས་ཀྱི་ནུས་པ་མཐའ་མེད་པ་ལྟ་བུ་རེད། དེ་ལྟའི་ལམ་ནས། སྐུ་དང་གསུང་ཐུགས་བཅས་ཀྱི་རང་བཞིན་ནི་ཡོངས་སུ་དག་པ་མ་ཟད། སངས་རྒྱས་རྣམས་ཀྱིས་རང་གི་ནུས་པ་ཡོངས་སུ་རྫོགས་པ་རྟོགས་པ་དང་། མཐར་ཕྱིན་པའི་ཡོན་ཏན་དང་ལྡན་ཅིང་བླ་ན་མེད་པའི་གོ་འཕང་ཐོབ་ཡོད།

སངས་རྒྱས་རྣམས་ཀྱིས་དེ་ལྟར་མཛད་པ་བསྟན་གནང་ཡོད་པ་ཙམ་དུ་མ་ཟད། མཛད་པ་དེ་ལྟར་བསྟན་པའི་ཚུལ་རྣམས་ཀྱང་གསལ་སྟོན་གནང་ཡོད། དེའང་སྔོན་འགོག་གི་ཐབས་ལམ་མམ་ཆོས་ཀྱི་ཉམས་ལེན་ཐོག་ནས་སེམས་ཅན་རྣམས་འཆིང་བྱེད་ཀྱི་མི་དགེ་བའི་བློ་རྣམས་སེལ་ཕྱིར་གསུངས། གང་ཡིན་ཞེ་ན། དེ་ལ་བརྟེན་རང་གཞན་གཉིས་ཀར་དཀའ་ངལ་བཟོ་ངེས་ཡིན། དམིགས་ཡུལ་དེ་ལྟ་བུ་འཐོབ་འདོད་ཀྱི་འདུན་པ་དང་ལྡན་ཞིང་ཚད་མཐོན་པོར་སོན་པའི་དགེ་འདུན་གྱི་སྡེའང་ཡོད་པ་རེད། དེ་བཞིན་སངས་རྒྱས་དང་། ཆོས། དགེ་འདུན་བཅས་ཀྱི་བླ་ན་མེད་པའི་ཡོན་ཏན་མཐོང་ནས་མི་ཚེ་འདི་སྡུག་བསྔལ་དང་བཅས་ཏེ་སྐྱེལ་བའི་ཕྱོགས་ལ་འགྲོ་མི་འདོད་པར། སངས་རྒྱས་དང་། ཆོས། དགེ་འདུན་བཅས་ཀྱི་རྗེས་སུ་འབྲངས་ན། ང་ཚོས་སྡུག་བསྔལ་དེ་དག་སྤོང་ཐུབ། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོའི་་མི་ཚེའི་ནང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན། དེ་ནི་སྐྱབས་སུ་འགྲོ་བའི་དོན་ཡིན་ཅིང་། ང་ཚོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་ཞིག་འཚོལ་བ་དེ་ཡིན།

ཉེན་མེད་ཀྱི་ཁ་ཕྱོགས་དངོས་སམ་སྐྱབས་འགྲོ་དངོས་ནི་ལས་རྒྱུ་འབྲས་ཀྱི་རྣམ་གཞག་ཉམས་སུ་ལེན་པའི་སྒོ་ནས་ལམ་བསྟན་ཡོད། དེར་བརྟེན་གལ་ཏེ་ང་ཚོས་སོའི་འབྱུང་འགྱུར་གྱི་མི་ཚེའི་ནང་དཀའ་ངལ་ལས་གཡོལ་འདོད་ན། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ། རྫུན་སྨྲ་བ་སོགས་མི་དགེ་བའི་ལས་སྤངས་པའི་ཐོག་ནས་བྱ་བ་ངན་པར་མི་འཇུག་པའི་ཆེད་ལམ་བདེན་སྐྱེད་ཐབས་བྱེད་དགོས། དེས་ན་ང་ཚོས་དགེ་བའི་ལས་སྒྲུབ་ཐུབ། འདི་ནི་བདེན་པ་བཞི་རྟོགས་པའི་ཐོག་མའི་རིམ་པའམ་སྐྱེས་བུ་ཆུང་ངུའི་རིམ་པ་ཞིག་ཡིན།

སྐྱེས་བུ་འབྲིང་གི་རིམ་པ།

སྐྱེས་བུ་འབྲིང་གི་རིམ་པ་འདིར། སྐྱེ་གནས་གང་དུ་ང་ཚོ་སྐྱེ་བ་བླངས་མིན་ལ་མ་ལྟོས་པར། ང་ཚོས་སྐྱེ་བ་དང་། ན་བ། རྒ་བ། འཆི་བ་བཅས་ཀྱི་སྡུག་བསྔལ་རྣམས་དངོས་སུ་མྱོང་གི་ཡོད། ད་དུང་ང་ཚོར་གང་དགོས་པ་དེ་ཐོབ་ཐབས་བྱས་ཀྱང་མ་ཐོབ་པའི་སྡུག་བསྔལ་དང་། ང་ཚོར་འབྱུང་འདོད་མེད་པ་དང་མི་དགོས་པའི་དཀའ་ངལ་གྱི་རིགས་དང་འཕྲད་པ། དེ་ག་ནང་བཞིན་ང་ཚོར་རྟག་ཏུ་གཞན་དང་འབྲེལ་ལམ་ཡག་པོ་མེད་པའི་སུན་སྣང་སྐྱེ་བ་ལྟ་བུའི་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་དཀའ་ངལ་དང་འཕྲད་ཀྱི་ཡོད། དེ་དག་གི་རྒྱུ་རྐྱེན་ངོ་མ་ནི། ང་ཚོ་སུ་ཡིན་པ་དང་ཇི་ལྟར་གནས་ཡོད་པའི་དངོས་པོའི་གནས་ལུགས་ལ་གོ་རྟོགས་མེད་པའི་དབང་གིས་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་རང་གཅེས་འཛིན་གྱི་བློ་སྐྱེ་གི་ཡོད། འོན་ཀྱང་ང་ཚོས་དེར་ཉེན་སྲུང་མེད་པ་ཚོར་གྱི་ཡོད། དེའི་རྗེ་འབྲས་སུ་རང་གཅེས་འཛིན་ལ་རྒྱབ་རྟེན་དང་བདེན་པ་དག་སྐྱེལ་བྱེད་པའི་སྐབས། ང་ཚོའི་སེམས་ནང་འདོད་ཆགས་དང་། ཁོང་ཁྲོ། གཏི་མུག །ང་རྒྱལ། ཕྲག་དོག །ཐེ་ཚོམ་སོགས་ཉོན་མོངས་ཀྱིས་ཁེངས་ཀྱི་ཡོད། དེ་དག་གཞི་ལ་བཞག་པའི་ཐོག་ནས་ང་ཚོའི་སེམས་རྒྱུད་ལ་སྐུལ་སློང་གི་རྣམ་པའི་སྒོ་ནས་བྱས་པའི་ལས་སྣ་ཚོགས་པ་གསོག་གི་ཡོད། དེ་དག་ཀྱང་ང་ཚོས་རང་གཅེས་འཛིན་དེ་ཉིད་ཉེན་སྲུང་ཡོད་པ་བཟོ་འདོད་པ་ལས་ཡོང་གི་ཡོད། དཔེར་ན། རྒྱུ་ནོར་གང་མང་མང་གསོག་ཐབས་བྱེད་པ་དང་། ཕྱི་དངོས་པོ་དང་གྲོགས་པོ་གང་མང་ཐོབ་ཐབས་བྱེད་པ། ཡང་ན་ང་ཚོར་མི་དགོས་པ་དང་མི་དགའ་བའི་དངོས་པོ་དང་གང་ཟག་སུ་ཡིན་རུང་མེད་པ་བཟོ་བའམ་གཏོར་བཤིག་གཏོང་ཐབས་བྱེད་པ་ལྟ་བུ་རེད། ང་ཚོས་ཕན་ཚུན་དབར་སྐད་ལོག་རྒྱག་པ་དང་རྩུབ་སྤྱོད་སྟོན་རེས་བྱེད་པ་སོགས་སེམས་ཀྱི་ངར་ཤུགས་སམ་སྐུལ་སློང་གི་སྒོ་ནས་བྱ་སྤྱོད་དེ་ལྟར་སྤེལ་བའི་སྐབས། དེས་ང་ཚོར་དཀའ་ངལ་ངོ་མ་བཟོ་གི་ཡོད།

གལ་ཏེ་ང་ཚོར་དངོས་གནས་སྡུག་བསྔལ་དེ་དག་བཀག་པའི་འགོག་བདེན་དངོས་དེ་འཐོབ་འདོད་ན། ལམ་དངོས་སམ་ལམ་གྱི་བདེན་པ་ཉམས་སུ་ལེན་དགོས། དེ་ཡང་ཐོག་མར་རང་ཉིད་སྡུག་བསྔལ་ལས་ཐར་བར་བྱེད་ཀྱི་ཡིན་ཞེས་པའི་ཆོད་སེམས་བརྟན་པོ་ཡོད་པའི་ཐོག་ནས་ཀུན་སློང་ཡང་དག་པར་བཅོས་དགོས། དེ་ལ་སྐབས་རེ་ངེས་འབྱུང་ཞེས་ཀྱང་ཟེར། ཀུན་སློང་དེ་ཡོད་པའི་ངང་དངོས་པོའི་གནས་ལུགས་སམ་སྟོང་ཉིད་རྟོགས་པའི་ཤེས་རབ་གོང་འཕེལ་གཏོང་དགོས། དེ་ལྟ་བུའི་ཤེས་རབ་འཐོབ་པར། ང་ཚོར་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དགོས། དེ་བཞིན་ང་ཚོའི་སེམས་ལ་སྟངས་འཛིན་དེ་ལྟར་ཡོང་བར། ལུས་ངག་གི་མི་དགེ་བའི་ལས་རགས་པ་རྣམས་ལ་སྟངས་འཛིན་བྱེད་དགོས། དེར་བརྟེན་ང་ཚོར་བཟང་སྤྱོད་ཀྱི་ཁྲིམས་རང་སྲུང་ངམ་ཚུལ་ཁྲིམས་དགོས་པ་ཡིན། དེ་ལྟར་ལྷག་པའི་བསླབ་པ་གསུམ་སྟེ། ལྷག་པའི་བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ཏིང་ངེ་འཛིན། ཤེས་རབ་བཅས་ཉམས་སུ་བླངས་ནས། ཐབས་ལམ་གང་གིས་ཆ་ནས་ཡོད་པ་མི་སྲིད་པས་སྟོང་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་མངོན་དུ་བྱེད་ཐུབ།

ང་ཚོས་དངོས་པོའི་གནས་ལུགས་མ་རྟོགས་པ་དང་། ང་ཚོ་རང་ཉིད་སུ་ཡིན་པ་དང་། ང་ཚོ་དང་ང་ཚོའི་འཛམ་གླིང་འདིའི་གནས་ལུགས་མི་ཤེས་པའི་དབང་གིས། ང་ཚོས་དེ་དག་ཡིན་པ་མི་སྲིད་པའི་ཚུལ་དུ་བདེན་པར་གྲུབ་པར་འཛིན་གྱི་ཡོད། དཔེར་ན། ཐམས་ཅད་ཚུགས་ཐུབ་དང་རང་དབང་དུ་གྲུབ་པར་བསམ་གྱི་ཡོད། འོན་ཀྱང་དེ་ལྟར་ཡིན་པ་མི་སྲིད་པའི་རྟོག་པས་གྲུབ་པའི་ཆོས་གཅིག་ཀྱང་མེད། ཆོས་ཐམས་ཅད་ཡིན་པ་མི་སྲིད་པ་དང་རང་དབང་གིས་གྲུབ་པས་སྟོང་པ་ཡིན། ཡིན་ནའང་། ཆོས་ཅི་ཡང་གཞི་གྲུབ་མེད་པར་བརྗོད་ཀྱི་མེད། གཞི་གྲུབ་པ་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒོ་ནས་གྲུབ་ཅིང་། ཚང་མ་རྟོག་པས་བཏགས་ནས་རང་རང་གི་རྒྱུ་རྐྱེན་དང་ཆ་ཤས་ལས་འབྱུང་བའམ། ཡང་ན་སེམས་དང་བློའི་གདོགས་ཚུལ་གྱི་རྒྱུད་རིམ་དང་འབྲེལ་བ་བཅས་ལ་བརྟེན་ནས་འབྱུང་བ་ཡིན། དེ་ལྟར་རྟོགས་པའི་ལམ་གྱི་བདེན་པ་ལ་བརྟེན་ནས། ང་ཚོས་སེམས་ཀྱི་སྒྲིབ་པའམ་སེམས་ཀྱི་འགོག་རྐྱེན་ཏེ། ཉོན་མོངས་པའི་སྒྲིབ་པ་མེད་པ་བཟོས་ནས་ཐར་པའི་གོ་འཕང་ཐོབ་ཐུབ། དེ་ནི་བདེན་པ་བཞི་རྟོགས་པའི་སྐྱེས་བུ་འབྲིང་གི་རིམ་པ་ཡིན།

སྐྱེས་བུ་ཆེན་པོའི་རིམ་པ།

སྐྱེས་བུ་ཆེན་པོའི་རིམ་པ་འདིར། ང་ཚོས་སོ་སོ་རང་ཉིད་ཙམ་དུ་མ་ཟད་གཞན་སེམས་ཅན་ཐམས་ཅད་ལའང་རང་དང་འདྲ་བར་སྡུག་བསྔལ་གྱིས་མནར་ཚུལ་དེ་མཐོང་གི་ཡོད། དེར་བརྟེན། རིམ་པ་འདིའི་སྐབས་སུ་སྡུག་བསྔལ་གྱི་བདེན་པ་ནི་རང་དང་གཞན་ཐམས་ཅད་ལ་འཕྲད་པའི་དཀའ་སྡུག་དག་ཡིན་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་གཅིག་མཚུངས་སུ་མྱོང་གི་ཡོད། དེར་མ་ཟད། འདིའི་སྐབས་སུ་དཀའ་ངལ་ངོ་མ་གཅིག་ནི་ང་ཚོས་གཞན་སེམས་ཅན་རྣམས་སྡུག་བསྔལ་ལས་ཐར་བར་རོགས་པ་བྱེད་མི་ཐུབ་པ་དེ་ཡིན། སྡུག་བསྔལ་དེ་དག་གི་རྒྱུ་ངོ་མ་ནི། དང་པོ། རང་ཉིད་འབའ་ཞིག་གི་དོན་ལ་བསམ་པའི་རང་འདོད་དོན་གཉེར་དང་གཞན་གྱི་བདེ་དོན་ལ་སྣང་མེད་བྱེད་པ་དེ་ཡིན། དེ་ནས་གཞན་དོན་སྒྲུབ་པའི་ཐབས་རྣམས་ཤེས་པར་འགོག་རྐྱེན་བྱེད་པའི་སེམས་ཀྱི་སྒྲིབ་པ་སྟེ། ཤེས་བྱའི་སྒྲིབ་པ་ཡོད་པ་རེད། དེས་ང་ཚོ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་འགོག་རྐྱེན་བྱེད་ཀྱི་ཡོད། དེ་ལྟར་སྡུག་བསྔལ་བཀག་པའི་འགོག་བདེན་ནི། ང་ཚོའི་དཀའ་ངལ་ཁོ་ན་ལས་ཐར་རྒྱུ་ཙམ་མིན་པར། དེ་ལས་འདས་ཏེ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་རྒྱུ་དེ་ཡིན། དེ་ལྟ་ན་ང་ཚོས་མི་ཤེས་པའི་རྨོངས་པ་ཐམས་ཅད་ལས་ཡོངས་སུ་ཐར་བའི་སྤངས་པ་ཕུན་སུམ་ཚོགས་པ་དང་རང་གི་ནུས་པ་ཡོད་ཚད་རྟོགས་པའི་རྟོགས་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཐོག་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་རླབས་ཆེན་སྒྲུབ་ཐུབ་པ་ཡིན།

ཐམས་ཅད་མཁྱེན་པའི་ས་ལ་འགོད་པར་བྱེད་པའི་ལམ་གྱི་བདེན་པ་ནི། དང་པོ་བྱང་ཆུབ་ཀྱི་སེམས་སྐྱེད་པ་སྟེ། རང་གི་སེམས་སམ་བསམ་པ་རྒྱ་ཆེ་བ་དེ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་དང་ཚང་མར་ཕན་པ་རླབས་ཆེན་སྒྲུབ་ཐུབ་པའི་ཆེད་སངས་རྒྱས་ཀྱི་སའི་བར་དུ་རྒྱ་སྐྱེད་བཏང་ནས་བློ་ཡངས་པར་འབྱེད་པ་དེ་ཡིན། ང་ཚོའི་ཀུན་སློང་དེ་འདྲ་ཞིག་བཅངས་པའི་སྒོ་ནས། རྒྱ་ཆེ་ལ་ཕུགས་རྒྱང་རིང་བའི་བསམ་ཕྱོགས་ཡང་ན་ཕ་རོལ་ཏུ་ཕྱིན་པ་ཉམས་ལེན་བྱེད་དགོས། དེ་དག་ཚང་མ་བྱམས་པ་དང་སྙིང་རྗེ་ལ་གཞི་བཅོལ་ཡོད་ཅིང་། དེ་དག་ཀྱང་སྦྱིན་པ་དང་། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་བཅས་ཕར་ཕྱིན་དྲུག་གི་སྤྱོད་པ་ཡིན། ཤེས་རབ་ལ་བརྟེན་ནས་ང་ཚོས་ཉོན་མོངས་ལས་རྣམ་པར་རྒྱལ་བ་དང་ཐར་པ་འཐོབ་ཆེད་དངོས་པོའི་གནས་ལུགས་སམ་སྟོང་ཉིད་མཐོང་ཐུབ། འོན་ཀྱང་བྱང་ཆུབ་སེམས་ཀྱི་སྟོབས་དེ་ང་ཚོའི་ཀུན་སློང་ཡིན་དུས་དེ་ནི་སྡུག་བསྔལ་ལས་འབྲལ་འདོད་ཀྱི་ཆོད་སེམས་ལས་ཀྱང་ཤུགས་ཆེ་བ་ཡོད་པ་དང་དེ་ལྟ་བུའི་གོ་རྟོགས་ལ་ནུས་པ་ཆེ་བ་ཡོད།

གལ་སྲིད་ང་ཚོར་སོ་སོའི་སྡུག་བསྔལ་ལས་འབྲལ་འདོད་ཀྱི་ཆོད་སེམས་ཙམ་ཞིག་ཡོད་ན། དེས་དངོས་པོའི་གནས་ལུགས་རྟོགས་པའི་ཐད་ལ་ནུས་པ་ཚད་ངེས་ཅན་ཞིག་ལས་མི་སྟེར། འོན་ཀྱང་གལ་ཏེ་དངོས་པོའི་གནས་ལུགས་རྟོགས་པའི་ཀུན་སློང་དེ་སེམས་ཅན་ཐམས་ཅད་ལ་ཕན་འདོགས་ཐུབ་པའི་ཆེད་དུ་ཡིན་ན། དེས་ནུས་པ་ཆེན་པོ་ཁ་སྣོན་བྱེད་པ་དང་ཕན་རླབས་ཆེ་བ་ཡོད། དེས་ན་ང་ཚོའི་གོ་རྟོགས་ནི་སྒྲིབ་པ་གཉིས་ཀ་སྤོང་ཐུབ་པ་དགོས། དེ་ཡང་ཉོན་སྒྲིབ་ཙམ་མ་ཟད་ཤེས་སྒྲིབ་ཀྱི་རྒྱུན་ཡང་གཅོད་ཐུབ་པ་དགོས།

དཔེ་ཞིག་བཞག་ན། དུག་སྦྲུལ་གྱི་སོ་བརྒྱབ་པའི་ནད་བཅོས་ཐབས་སུ་སྨན་པ་ཞིག་གི་གཏམ་བཤད་སྤེལ་གྱི་ཡོད་པར་ཆ་ཞོག །གལ་སྲིད་སློབ་ཕྲུག་གཅིག་གིས་རང་ཉིད་སྨན་པ་ཁོ་ན་ཆགས་འདོད་ཀྱི་ཀུན་ནས་བསླངས་ཏེ། དངུལ་མང་པོ་གསོག་ཕྱིར་དང་རང་ཉིད་ལ་ཡོད་པའི་དཔལ་འབྱོར་དཀའ་ངལ་སེལ་བའི་ཕྱིར་གཏམ་བཤད་དེ་ལ་བཅར་བ་ཡིན་ན། སློབ་ཕྲུག་དེས་གཏམ་བཤད་དེར་ཉན་འཇོག་བྱེད་སྐབས་ནུས་པ་ཚད་ངེས་ཅན་ཞིག་ལས་བེད་སྤྱོད་གཏོང་མི་ཐུབ། ཡང་ཕྱོགས་གཞན་ཞིག་ནས་གལ་ཏེ་ཨ་མ་ཞིག་ཕྲུ་གུར་དུག་སྦྲུལ་གྱིས་སོ་བཏབ་ན། ཨ་མ་དེ་ལམ་སེང་འཛིན་ཁང་དུ་རྒྱུག་ཕྱིན་ནས་གཏམ་བཤད་ལ་ཉན་གྱི་རེད། དེ་གང་ཡིན་ཞེ་ན། རང་གི་ཕྲུ་གུ་དེ་དྲག་སྐྱེད་ཡོང་ཕྱིར་སེམས་འཁུར་ཧ་ཅང་ཆེན་པོ་ཡོད་པ་སོང་ཙང་། དོ་སྣང་དང་སྦྱང་འདོད་ཀྱི་ངར་ཤུགས་དེ་ལས་ཆེ་བའི་སྒོ་ནས་དུག་སྦྲུལ་གྱིས་སོ་བརྒྱབ་པ་ལས་བཅོས་ཐབས་ཤེས་འདོད་བྱེད་པ་ནང་བཞིན་རེད། དེ་ག་ནང་བཞིན་དངོས་པོའི་གནས་ལུགས་རྟོགས་པའི་སྟེང་བྱང་ཆུབ་སེམས་ཀྱིས་ཟིན་པའི་ཀུན་སློང་ཞིག་ཡོད་ན། རང་གི་རྩོལ་བར་མཐུན་པའི་རྐྱེན་ཤུགས་ཆེ་རུ་ཕྱིན་ནས། རང་རྒྱུད་ཀྱི་སྒྲིབ་པ་ཐམས་ཅད་རྩད་ནས་གཅོད་ཐུབ་པ་ཡིན།

དེ་ལྟ་བུའི་ཐབས་ལམ་དེའི་ནང་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་སེམས་ཀྱི་ལམ་གཏོགས་ཡོད། ཡིན་ནའང་། སྐབས་འདིར་མདོའི་ལུགས་ལྟར་ཐབས་ཤེས་གཉིས་ཟུང་དུ་འབྲེལ་ཚུལ་ཐད། དེ་གཉིས་དུས་མཉམ་དུ་ཡོང་ཐུབ་པ་ཞིག་མིན་པར། དེ་གཉིས་ལྟོས་རེས་ཀྱིས་ཡོང་དགོས་པའི་ཐབས་ཤིག་ཡིན། དེས་ན་གཞན་སེམས་ཅན་ལ་ཕན་འདོགས་པ་དང་དེའི་ཕྱིར་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་རྒྱུ་ནི་ང་ཚོའི་ཤེས་རབ་སྟེ་དངོས་པོའི་གནས་ལུགས་རྟོགས་པའམ། ཡང་ན་དེ་གོ་རིམ་ལྡོག་པ་ལ་རག་ལས་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོས་གཞན་སེམས་ཅན་གྱི་དོན་དུ་དམིགས་པ་གཏད་པའི་སྐབས། ང་ཚོས་སེམས་ཀྱི་དམིགས་པ་དེ་དངོས་པོའི་གནས་ལུགས་རྟོགས་པར་རྒྱ་སྐྱེད་གཏོང་བ་དང་སྐབས་དོན་འབྲེལ་ནས་ཡོད། ང་ཚོས་གནས་ལུགས་རྟོགས་པར་དམིགས་པའི་སྐབས། རང་གི་སེམས་དེ་གཞན་སེམས་ཅན་ཐམས་ཅད་ལ་དམིགས་ཀྱི་ཡོད། དེ་ལྟར་གཅིག་དེ་གཞན་གྱི་སྐབས་དོན་དང་འབྲེལ་ནས་ཡོད་པ་མ་གཏོགས་སངས་མ་རྒྱས་བར་དུ་ང་ཚོའི་སེམས་གཅིག་གི་རྒྱུད་ལ་དེ་གཉིས་དུས་མཉམ་དུ་མངོན་དུ་འགྱུར་མི་ཐུབ།

ཐབས་དང་ཤེས་རབ་གཉིས་ཟུང་སྦྲེལ་བྱེད་སྟངས་འདི་ལ་བརྟེན་ནས་ང་ཚོས་སྒྲིབ་གཉིས་ཀྱི་རྒྱུན་རྩ་བ་ནས་གཅོད་པར་དུས་ཚོད་ཧ་ཅང་རིང་པོ་འགོར་གྱི་ཡོད། དོན་ངོར་མར་ཇི་ལྟར་གསུངས་པ་བཞིན་སྐལ་ཆེན་གྲངས་མེད་གསུམ་གྱི་རིང་དཀའ་ལས་རྒྱག་དགོས། གྲངས་མེད་ཅེས་པ་ནི་ཚད་ཡོད་ཀྱི་གྲངས་འབོར་ཆེ་ཤོས་ཏེ་གྲངས་བཅུའི་རྗེས་སུ་ཀླད་ཀོར་དྲུག་བཅུ་ཡོད་པ་རེད། དེ་ནི་ཧ་ཅང་དུས་ཡུན་རིང་པོ་ཡིན། དེ་ལ་ང་ཚོས་ཧ་ཅང་གྲངས་མང་བས་གྲངས་མེད་ཅེས་ཟེར། དུས་ཡུན་ཧ་ཅང་རིང་བས་ང་ཚོའི་རྒྱུད་ཀྱི་ཉོན་མོངས་རྣམས་སྤངས་ནས་གཞན་དོན་སྒྲུབ་པར་གཞན་རྣམས་ཀྱིས་དེ་ལྟར་སྒུག་མི་ཐུབ། དེས་ན་སྐབས་འདིར་གསང་སྔགས་ཀྱི་ཉམས་ལེན་དང་འབྲེལ་བ་གནད་དུ་འཁེལ་བ་ཞིག་ཆགས་ཀྱི་ཡོད། གསང་སྔགས་ནི་གཞན་སེམས་ཅན་གྱི་དོན་དུ་གང་ཐུབ་ཅི་ཐུབ་དང་མྱུར་བ་ཉིད་དུ་སྒྲུབ་པའི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་མྱུར་ཤོས་དང་གནད་ལ་སྨིན་ཤོས་འཐོབ་ཐུབ་པའི་བསམ་པ་རྒྱ་ཆེ་བ་ཐེག་པ་ཆེན་པོའི་ཉམས་ལེན་ཞིག་ཡིན། དེ་ཡང་གོང་དུ་གྲོས་བསྡུར་བྱས་ཟིན་པའི་བདེན་བཞིའི་ཐབས་ལམ་ཁག་གཞིར་བཞག་ཡོད།།

Top