མི་ལུས་རིན་ཆེན་དང་། འཆི་བ། སྐྱབས་འགྲོ།

མི་ལུས་རིན་ཆེན།

ང་ཚོར་བྱ་བའི་རྟེན་གཞི་ལྟ་བུའི་མི་ལུས་རིན་ཆེན་ཞིག་ཐོབ་ཡོད་པའི་བདེན་དོན་འདི་ལ་རྗེས་སུ་ཡི་རང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། འདིས་དཀའ་ངལ་ཅན་གྱི་གནས་སྟངས་ཡོད་དོ་ཅོག་ལས་ཉམས་ལེན་གྱི་སྐབས་མེད་པར་དལ་བ་སྣ་ཚོགས་པར་ལོངས་སུ་སྤྱོད་ཀྱི་ཡོད་པ་མ་ཟད། མི་ལུས་རིན་ཆེན་འདི་ལ་རང་ཉིད་ཡར་རྒྱས་གཏོང་བའི་གོ་སྐབས་སྣ་ཚོགས་ཀྱི་ལེགས་པའི་ཆ་རྐྱེན་ཀུན་ཚང་བ་ཡོད། དེ་ལྟ་བུ་ཞིག་ལ་གཞི་རྩ་བཟུང་ནས་ང་ཚོས་བཟང་སྤྱོད་ཀྱི་རྣམ་གཞག་ཉམས་ལེན་དང་རྟག་ཏུ་དགེ་བའི་ལས་བརྩམ་ཐུབ། གང་ཡིན་ཞེ་ན། གལ་ཏེ་ང་ཚོ་དུད་འགྲོར་སྐྱེ་བ་བླངས་ཡོད་ན། བཟང་སྤྱོད་ཀྱི་རྣམ་གཞག་གང་ལའང་འཇུག་ཐུབ་པའི་ཐབས་མེད། ང་ཚོར་ཡོད་པའི་མི་ལུས་འདི་ནི་ཁྱེད་རང་ཕྱི་ལོགས་ཀྱི་ཚོང་ཁང་ཞིག་ཏུ་ཕྱིན་ཏེ་ཉོ་མི་ཐུབ་ལ་ཁྱེད་ཀྱིས་ཉིན་རེ་བཞིན་དུ་རང་གི་ལས་ཀར་འབད་བརྩོན་བྱེད་པ་བརྒྱུད་གླ་ཆ་གང་ཡོད་བསགས་ནས་ཉོ་ཐུབ་པ་ཞིག་མིན།

མིའི་ལུས་རྟེན་དུ་སྐྱེ་བ་དང་དལ་འབྱོར་གྱི་མི་ལུས་རིན་ཆེན་ཞིག་ཐོབ་པར། རྒྱུ་ཞིག་དགོས་པ་དང་རྒྱུ་དེ་ཡང་བཟང་སྤྱོད་ཀྱི་ཁྲིམས་རང་བསྲུང་ངམ་ཚུལ་ཁྲིམས་བསྲུང་རྒྱུ་དེ་ཡིན། ང་ཚོར་ད་ལྟ་མིའི་ལུས་པོ་ཞིག་ཡོད་པའི་བདེན་དོན་ནི། ང་ཚོས་སྐྱེ་བ་སྔོན་མར་བཟང་སྤྱོད་ཀྱི་ཚུལ་ཁྲིམས་དང་ལྡན་པའི་སྒོ་ནས་ལས་བརྩམས་ཡོད་པའི་རྟགས་ཡིན། དེར་བརྟེན་ཚེ་འདིའི་ནང་ད་གཟོད་ང་ཚོར་ཆོས་ཀྱི་སྔོན་འགོག་གི་ཐབས་ལམ་འདི་དག་ཐམས་ཅད་དང་ལྡན་པ་སོང་ཙང་། བཟང་སྤྱོད་ཀྱི་ཚུལ་ཁྲིམས་རྣམ་པར་དག་པ་རྒྱུན་སྐྱོང་བྱ་རྒྱུ་ཤིན་ཏུ་ནི་གལ་ཆེ། དེའི་སྒང་ལ་སྦྱིན་པ་དང་། བཟོད་པ། དགེ་བར་བརྩོན་འགྲུས། ཏིང་ངེ་འཛིན། ཤེས་རབ་བཅས་ལའང་མུ་མཐུད་དེ་ཉམས་ལེན་བྱེད་དགོས་གལ་ཡིན།

གལ་ཏེ་ང་ཚོས་རང་གིས་རང་ལ་བལྟས་ན། སྦྱིན་པ་དང་གཏོང་ཕོད་ཅན་གྱི་ཚབ་ལ་ང་ཚོ་ནི་དེའི་ལྡོག་ཕྱོགས་སུ་འགྱུར་བའི་སེར་སྣ་ཅན་ཡིན་པ་དང་། སྤྲོ་ཐུང་དང་བྲལ་ཞིང་བཟོད་བསྒོམ་ཅན་གྱི་ཚབ་ལ་ང་ཚོ་ནི་ཁོང་ཁྲོ་ཟ་ཆོག་ཆོག་ཡིན་པ་དང་བཟོད་སྒོམ་རྩ་ནས་མེད་པ་ཤེས་ཀྱི་རེད།
 
ཆ་རྐྱེན་དེ་དག་གི་སྟེང་ལ་རྒྱུ་གཞན་གྱི་ཚུལ་དུ་མི་ལུས་རིན་ཆེན་ཞིག་འཐོབ་པའི་ཆེད་སྨོན་ལམ་རྣམ་པར་དག་པ་བཏབ་པ་ཞིག་དགོས། འོན་ཀྱང་ང་ཚོས་རང་གིས་རང་ལ་བལྟས་ན། སྨོན་ལམ་འདེབས་རྒྱུ་ཧ་ཅང་ཁག་པོ་ཡིན་པ་དང་། ཐ་ན་ང་ཚོས་སྨོན་འདེབས་པའི་དབང་དུ་བཏང་ནའང་། ཚེ་འདི་ཁོ་ནའི་དོན་དུ་འདེབ་ཀྱི་ཡོད། དཔེར་ན། རང་ཉིད་འཕྲོད་བསྟེན་ཡག་པོ་ཡོང་ཕྱིར་དང་། ནད་ན་ཚ་མི་ཡོང་བའི་ཕྱིར། རང་ཉིད་མི་ཚེ་རིང་པོར་གནས་པ་སོགས་ཀྱི་ཆེད་དུ་སྨོན་ལམ་འདེབ་ཀྱི་ཡོད། སླར་ཡང་འདིས་མ་འོངས་སྐྱེ་བ་ཕྱི་མའི་ནང་མི་ལུས་རིན་ཆེན་གཞན་ཞིག་འཐོབ་རྒྱུ་ག་ཚོད་ཀྱིས་དཀའ་བ་ཡིན་པ་སྟོན་གྱི་ཡོད།
 
ཆོས་ཕྱོགས་ལ་གོམས་འདྲིས་ཡོད་པའི་མི་ཞིག་རྙེད་རྒྱུ་ཧ་ཅང་དཀོན་པོ་ཡོད། དེ་ཡང་ཆོས་ཉམས་ལེན་ཟེར་བ་བའི་གོ་དོན་ཆ་ཚང་གི་ནང་གང་འཚུད་པ་སྟེ། མི་ཞིག་སོ་སོའི་སྐྱེ་བ་ཕྱི་མར་ཕན་པའི་ཆེད་དུ་དོ་དབྱིངས་ཡོད་པ་ལྟ་བུ་རེད། གལ་ཏེ་ཁྱེད་ཀྱིས་འདིར་ཡོད་པའི་ས་ཁུལ་ཁག་ལ་བལྟས་ན། ཐ་ན་མི་ག་ཚོད་ཙམ་ཞིག་གནད་དོན་འདི་དག་ལ་དོ་དབྱིངས་ཡོད་དམ། གལ་ཏེ་ཁྱེད་ཀྱིས་གྲངས་ཀ་བརྩིས་ན། ས་ཁུལ་འདིའི་ཉེ་འཁོར་གང་སར་གནས་པའི་མི་ཚང་མ་ལས་བཅུ་བཞིའམ་བཅོ་ལྔ་ཙམ་ཞིག་ལས་དངོས་སུ་ཆོས་ཁྲིད་འདི་དག་ལ་བཅར་མཁན་མེད།

དེར་བརྟེན་ང་ཚོས་ད་བར་དུ་ག་རེ་གྲུབ་འབྲས་ཐོན་པར་བལྟས་ན། ང་ཚོར་ད་གཟོད་མི་ལུས་རིན་ཆེན་འདི་ཡོད་པ་ཤེས་ཀྱི་རེད། འདི་ནི་སྐྱེ་བ་སྔོན་མ་ང་ཚོས་འབད་བརྩོན་རླབས་པོ་ཆེ་བྱས་པའི་འབྲས་བུ་ཉག་གཅིག་རེད། དེའི་ཆེད་དུ་ང་ཚོས་གཅིག་མ་བྱས་ན། མི་ལུས་རིན་ཆེན་འདི་མ་འོངས་སྐྱེ་བ་ཕྱི་མར་སླར་ཡང་འཐོབ་རྒྱུ་ནི་ཤིན་ཁག་པོ་རེད། གལ་ཏེ་ང་ཚོས་འབད་བརྩོན་ཧ་ཅང་ཆེན་པོ་བྱས་ན། མ་འོངས་སྐྱེ་བ་ཕྱི་མའི་ནང་དལ་འབྱོར་གྱི་མི་ལུས་རིན་ཆེན་འདི་ལྟ་བུ་ཞིག་མུ་མཐུད་འཐོབ་པའི་རྒྱུ་རྣམས་གྲ་སྒྲིག་ཨང་བསར་བྱེད་ཐུབ། གལ་ཏེ་ང་ཚོས་དེའི་ཐད་ཅི་གང་མ་བྱས་ནས་བསྡད་ན། མ་འོངས་སྐྱེ་བ་ཕྱི་མའི་ནང་ང་ཚོས་གོ་སྐབས་བཟང་པོ་འདི་འདྲ་ཞིག་ཡང་བསྐྱར་འཐོབ་རྒྱུ་ཤིན་ཏུ་ནི་ཁག་པོ་ཡིན།
 
གཞན་ཡང་ང་ཚོར་ཡོད་པའི་མི་ལུས་རིན་ཆེན་འདི་ལ་བརྟེན་ནས་གྲུབ་འབྲས་རྦད་དེ་མང་བ་ཐོན་ཐུབ། གང་ཡིན་ཟེར་ན། དོན་ངོ་མར་ང་ཚོ་སེམས་ཡོངས་སུ་གསལ་བ་དང་ཡོན་ཏན་མཐར་ཕྱིན་པ་ཞིག་ཆགས་ནས་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྒོ་ནས་གཞན་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་རང་གི་ནུས་པ་ཡོངས་སུ་རྫོགས་པ་བཀོལ་སྤྱོད་བྱེད་ཐུབ་པ་ཡིན། གལ་ཏེ་ང་ཚོས། “འོ་ན། དེ་འདྲ་ཞིག་སུས་བྱས་ཡོད་དམ།” ཞེས་དྲིས་ན། དེ་ལ་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་ལྟ་བུའི་དཔེ་མཚོན་ཡོད།

ང་ཚོར་ཐོབ་པའི་མིའི་ལུས་རྟེན་འདི་དང་ཁྱད་པར་མེད་པའི་བྱ་བའི་རྟེན་གཞིར་གྱུར་བའི་མི་ལུས་ཞིག་རྗེ་བཙུན་མི་ལ་རས་པ་ལའང་ཐོབ་ཡོད། འོན་ཀྱང་རྗེ་བཙུན་མི་ལ་རས་པ་ལྟ་བུ་ནི། ཚེ་འདི་ལ་གཙོ་བོ་ནན་བརྗོད་གནང་མཁན་ཞིག་མིན་པར། སྐྱེ་བ་ཕྱི་མར་གཙོ་བོར་ནན་བརྗོད་གནང་མཁན་ཞིག་ཡིན་པ་དང་། རང་འདོད་དོན་གཉེར་དང་གཞན་དོན་དོན་གཉེར་གཉིས་ལས་ཁོང་གིས་གཞན་གྱི་དོན་བསྒྲུབ་ཕྱིར་འབད་བརྩོན་གནང་མཁན་ཞིག་ཡིན། དེ་བཞིན་ཆོས་དང་འཇིག་རྟེན་གྱི་དབང་དུ་བྱས་ན། ཁོང་གིས་ཆོས་ཀྱི་གནད་དོན་ལ་ཐུགས་འཁུར་དང་ནན་བརྗོད་གནང་ཡོད། དེ་དག་གི་ཐོག་ལ་གལ་ཆེན་དོན་ཆེན་དུ་བཟུང་ནས་ཁོང་ཚེ་གཅིག་གི་ནང་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་བྱུང་ཡོད།

ཁོང་རང་གི་བླ་མའམ་དགེ་བའི་བཤེས་གཉེན་སྒྲ་བསྒྱུར་ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་སྐུ་མདུན་དུ་བྱོན་པ་དང་། དགུང་ལོ་བཞི་བཅུ་སོན་པ་དང་གཞི་ནས་སློབ་གཉེར་དང་ཉམས་ལེན་འགོ་བཙུགས་ནས་མུ་མཐུད་དེ་འབད་བརྩོན་གནང་ཡོད། གལ་ཏེ་ང་ཚོས་རྗེ་བཙུན་མི་ལའི་དཔེ་མཚོན་ལ་བསམ་བློ་བཏང་ན། ང་ཚོ་ཚང་མར་འབད་བརྩོན་བྱེད་ཐུབ་པའི་ནུས་པ་དང་ལྡན་ཡོད་ཅིང་། དེ་ལ་ཁག་དཀྲི་ས་དང་གཡོལ་ས་མེད་པ་རེད། རྗེ་བཙུན་མི་ལ་ནང་བཞིན་ང་ཚོ་ཚང་མས་སངས་རྒྱས་ཀྱི་གོ་འཕང་གཅིག་པ་འཐོབ་ཐུབ་པ་དང་། ང་ཚོ་ཚང་མས་ཚེ་འདི་རང་གི་ནང་འཚང་རྒྱ་ཐུབ། དེ་དག་ཐམས་ཅད་ནི་མི་ལུས་རིན་ཆེན་ཞིག་ཡོད་པར་གཞི་བྱས་ཏེ་ང་ཚོས་ལེགས་པར་བསྒྲུབ་ཐུབ། 

བརྙན་པར། མི་འགྱུར་རིན་པོ་ཆེ། “རང་མཐོང་དམའ་བ་ལ་འདོང་ལེན་བྱེད་པ།” 

ང་ཚོས་གོང་དུ་བཤད་པའི་གནད་དོན་དེ་དག་མི་དགེ་བའི་ལས་བཅུ་པོ་ནམ་ཡང་མི་བྱ་ཞིང་སྤོང་བ་དང་། རྟག་ཏུ་དགེ་བའི་ལས་ལམ་བཅུ་པོ་བྱ་རྒྱུ་འབད་བརྩོན་བྱེད་པ། བཟང་སྤྱོད་ཀྱི་རིགས་དེ་དག་བསྲུང་བ། མི་ལུས་རིན་ཆེན་འདི་ལས་ཁེ་བཟང་ཆ་ཚང་ལེན་པ་བཅས་དང་འབྲེལ་བའི་སྒོ་ནས་ཁྱེད་རང་ཚོས་བསམ་བློ་གཏོང་དགོས། དེ་ཡང་རིམ་པ་གཅིག་རྩེག་གཉིས་རྩེག་ལ་འབད་བརྩོན་བྱེད་པའི་སྒོ་ནས་རྨང་གཞི་དེ་ལ་བརྟེན་ནས་ཁྱེད་ཀྱིས་སངས་རྒྱས་ཀྱི་གོ་འཕང་དངོས་སུ་འཐོབ་ཐུབ།

འཆི་བ་ངེས་པ་དེ་དྲན་དགོས་པ།

གལ་ཏེ་ང་ཚོའི་མིའི་ལུས་རྟེན་གྱི་ཕུལ་དུ་བྱུང་བའི་བྱ་བའི་རྟེན་གཞི་དེ་དུས་ཡུན་ཧ་ཅང་རིང་པོ་གནས་རྒྱུ་དེ་ཡིན་ན། དེ་ནས་ང་ཚོས་ཅི་གང་མ་བྱས་ནས་ལྷོད་ལྷོད་སྡོད་ཆོག །འོན་ཀྱང་གནས་སྟངས་དེ་འདྲ་མིན་ཙང་། མི་ལུས་རིན་ཆེན་དེ་ལས་ཁེ་བཟང་ལེན་པར་འབད་བརྩོན་ཆེན་པོ་བྱེད་དགོས་གལ་རེད། གཞན་ཡང་གལ་ཏེ་ལུས་པོ་འདི་རྩ་ནས་འཆི་རྒྱུ་མེད་པ་དེ་འདྲ་ཡིན་ན། དེ་ནས་མ་འོངས་པའི་ཆེད་ཆོས་ཉམས་ལེན་བྱེད་པའི་སྔོན་འགོག་གི་ཐབས་ལམ་གང་ལའང་བསྟེན་མི་དགོས་ཤིང་། གལ་ཏེ་ཁྱེད་ཀྱིས་སྔོན་འགོག་གི་ཐབས་ལམ་འགའ་ཞིག་བསྟེན་ནའང་། རང་གི་འདོད་པ་ལྟར་ཁྱེད་ཀྱིས་བྱེད་ཆོག །ཡིན་ནའང་ང་ཚོས་གོང་དུ་གྲོས་བསྡུར་བྱས་ཟིན་པ་ལྟར། སངས་རྒྱས་ཉིད་ནས་ཀྱང་སྐུ་མྱ་ངན་ལས་འདའ་ཚུལ་བསྟན་མཛད་ཡོད། གལ་ཏེ་ཁྱེད་ཀྱིས་སྔོན་བྱོན་གྱི་མཁས་པ་པཎྜི་ཏ། གྲུབ་ཆེན། རྟོགས་པ་བརྙེས་པའི་རྒྱ་གར་གྱི་སློབ་དཔོན་རྣམས། བོད་དུ་ས་དགེ་བཀའ་རྙིང་སོགས་ཆོས་ལུགས་རིས་སུ་མ་ཆད་པའི་བླ་མ་སྐྱེས་ཆེན་དམ་པ་ནམ་མཁའི་སྐར་ཚོགས་ཀྱི་གྲངས་དང་མཉམ་པ་བྱོན་ཡོད་ནའང་། དེ་དག་ལས་གཅིག་ཀྱང་འདས་གྲོངས་སུ་ཕྱིན་མེད་པའམ་སྐུ་མྱ་ངན་ལས་འདས་མེད་པའི་ལོ་རྒྱུས་ཐོས་རྒྱུ་མེད། ང་ཚོ་སོ་སྐྱེ་ཕལ་པ་རྣམས་ལ་གཞིགས་ནའང་། སྔོན་བྱོན་གྱི་ལོ་རྒྱུས་ལྡན་པའི་རྒྱལ་པོ་ལ་སོགས་པའི་མི་སྣ་སྟོང་ཕྲག་མང་པོ་བྱུང་ཡོད་ཀྱང་། དེ་དག་ལས་སུ་གཅིག་ཀྱང་མ་ཤི་བར་གནས་མེད། ཁྱེད་རང་སྐྱེས་ཚར་བའི་རྗེས་ལ་འཆི་རྒྱུ་ངེས་པ་རེད། སྐྱེས་ནས་ཤི་མེད་པའི་ལོ་རྒྱུས་ཤིག་ནམ་ཡང་ཐོས་རྒྱུ་མེད།

གནད་དོན་དེ་དག་གི་ཐད་ལ་ཁྱེད་ཀྱིས་བསམ་མནོ་གཏོང་དགོས། ཁྱེད་རང་ཡུལ་ཞིག་གི་སྟེང་ལ་སྒོམ་རྒྱག་འདོད་ཡོད་ན། དེ་དག་གི་སྟེང་ལ་སྒོམ་རྒྱག་དགོས། ཁྱེད་ཀྱིས་ཆོས་གང་འདྲ་ཞིག་ཡིན་ནའང་རྟག་པ་དང་བརྟན་པ་མེད་པ་དང་། དམིགས་བསལ་སོ་སོའི་མི་ཚེ་ཚུད་པའི་ཆོས་ཐམས་ཅད་མི་རྟག་པ་ཡིན་པའི་ཐོག་ལ་ཡང་ནས་ཡང་དུ་བསམ་བློ་བཏང་ནས་སེམས་ཀྱི་ཕན་ཐོགས་ཅན་གྱི་གོམས་གཤིས་སྐྲུན་དགོས།
 
འདི་དང་འབྲེལ་བའི་ཐོག་རྟག་ཏུ་སྒོམ་རྒྱག་པ་དང་མི་རྟག་པ་དྲན་པའི་སེམས་ཀྱི་གོམས་གཤིས་ཤིག་སྐྲུན་དགོས་པའི་དོན་དག་གང་རེད་དམ། དེའི་དོན་དག་ནི། གལ་ཏེ་ཁྱེད་ཀྱིས་བསགས་པའི་མི་དགེ་བའི་ནུས་པ་ཚང་མའི་སྐོར་བསམ་བློ་བཏང་ནས་དེ་དག་ལས་འབྱུང་ངེས་པའི་རྗེས་འབྲས་ངན་པ་ལ་རང་ཉིད་དག་སྦྱོང་གི་ཆེད་དུ་གཉེན་པོའི་སྟོབས་སྣ་ཚོགས་པ་བརྟེན་ན། རང་ཉིད་དངོས་སུ་འཆི་བའི་དུས་སླེབས་སྐབས། ཁྱེད་ལ་འཇིགས་སྐྲག་ཡོང་གི་མ་རེད། ཁྱེད་ཀྱི་དུས་ཚོད་རྫོགས་ནས་ཁྱེད་རང་དངོས་གནས་ཤི་བའི་དུས་ཚོད་དེ་སླེབས་ཡོད་ན། སྨན་ཁང་ཡག་པོ་ག་ཚོད་ཡོད་ནའང་དེས་ཕན་ཐོགས་གང་ཡང་མེད། ཁྱེད་རང་རྒྱ་གར་ལ་ཡོད་པ་དང་ནུབ་ཕྱོགས་སུ་ཚུར་སྨན་བཅོས་ཆེད་ལོག་འདོད་ཡོད་ནའང་འདྲ། ནུབ་ཕྱོགས་ཀྱི་སྨན་ཁང་ལ་འགྲོ་ནའང་འདྲ། བོད་པའི་སྨན་པ་ཞིག་ལ་བསྟེན་ནའང་འདྲ་སྟེ། དེ་དག་གང་གིས་ཀྱང་མི་ཕན། གང་ཡིན་ཟེར་ན། ཁྱེད་རང་འཆི་བའི་དུས་ཚོད་སླེབས་ནས་ཚེ་རྫོགས་ཚར་ན། རྫོགས་ཚར་བ་རེད། སྨན་ཁང་གང་གིས་ཀྱང་ཕན་གྱི་མེད། ཁྱེད་རང་ལ་གྲོགས་པོ་དང་། གཉེན་ཉེ་འདུ་ག་ཚོད་མང་པོ་ཡོད་ནའང་མི་ཕན། ཐ་ན་ཁྱེད་རང་རྒྱལ་པོ་ཞིག་ཡིན་པ་དང་། ཁྱེད་ཀྱི་མངའ་འོག་ཏུ་འཁོར་འབངས་ཧ་ཅང་མང་པོ་ཡོད་ནའང་མི་ཕན། ཁྱེད་རང་རྒྱལ་པོ་དང་དབང་སྒྱུར་མཁན་ཞིག་ཡིན་པའི་ཆ་ནས་ཁྱེད་ལ་མཐའ་སྐོར་ཚང་མ་རང་གི་དམག་མིས་བསྐོར་ཡོད་ནའང་། དེས་ཁྱད་པར་གང་ཡང་བཟོ་གི་མེད། ཁྱེད་རང་འཆི་བའི་དུས་ཚོད་སླེབས་དུས། ཐ་ན་ཁྱེད་ཀྱིས་མི་གཅིག་ཀྱང་མཉམ་དུ་འཁྲིད་མི་ཐུབ།
 
བྱས་ཙང་། ཁྱེད་ཀྱིས་དེ་དག་ཐམས་ཅད་ནི། “ད་ངས་སྔོན་འགོག་གི་ཐབས་ལམ་འགའ་ཞིག་ལ་བསྟེན་ནས་ཆོས་ཉམས་ལེན་བྱེད་དགོས་ཀྱི་འདུག །དེ་ལས་གཞན་པའི་ཡོང་འགྱུར་གྱི་འཆི་བ་ལ་གདོང་ལེན་བྱེད་ཐབས་མེད།” ཅེས་བསམ་བློ་གཏོང་སྐབས། མཇུག་སྡོམ་དེ་འདྲ་ཞིག་ལ་སླེབས་ཀྱི་ཡོད་ན། དེ་ནི་ཧ་ཅང་ཡག་པོ་ཡིན་པ་དང་ཁྱེད་ཀྱིས་ཡར་རྒྱས་གང་འཚམ་བཏང་ཡོད། གལ་ཏེ་ཁྱེད་ཀྱིས་རང་ཉིད་འཆི་བར་སྔོན་འགོག་གི་ཐབས་ལམ་འགའ་ཞིག་སང་ཉིན་དང་། བདུན་ཕྲག་རྗེས་མ། ལོ་རྗེས་མའི་ནང་བྱེད་ཀྱི་ཡིན་ཞེས་ཕར་འགྱང་གཏོང་དགོས་བསམས་ན། ཁྱེད་ཀྱིས་ཕར་འགྱང་གཏོང་མི་ཐུབ། གང་ཡིན་ཞེ་ན། ཁྱེད་རང་དུས་ཚོག་ཏག་ཏག་ག་དུས་འཆི་རྒྱུ་ཡིན་པའི་ངེས་པ་རྩ་ནས་མེད།
 
འཆི་བ་ཡོང་བའི་སྐབས་ག་དུས་འཆི་རྒྱུ་ཡིན་པའི་དུས་ཚོད་ལ་ངེས་པ་ཞིག་མེད། ཁྱེད་རང་ལང་ཚོ་དར་ལ་བབ་པའི་སྐབས་སུའང་ལས་སླ་པོའི་སྒོ་ནས་གློ་བུར་དུ་མོ་ཊ་བརྡབ་སྐྱོན་ཤོར་ནས་འཆི་སྲིད། འཆི་བ་ནི་གློ་བུར་ཐོག་རྒྱག་ཏུ་ག་དུས་ཡིན་ནའང་སོང་སྲིད། དཔེར་ན། ཁར་རྩང་གསོན་པོར་གནས་པའི་མི་རྣམས་དེ་རིང་ཤི་བ་ཡོད། ཞོགས་པ་གསོན་པོར་གནས་པའི་མི་རྣམས་ཕྱི་དྲོ་ཤི་བ་ཡོད། འཆི་རྐྱེན་མང་ལ་འཆི་རྒྱུ་སླ་ཞིང་། འཆི་བ་ད་གུས་ཐོག་ཏུ་འབབ་མིན་ནམ་ཡང་ཤོད་མི་ཐུབ།

གལ་ཏེ་ཁྱེད་ཀྱིས། ང་ནི་ཧ་ཅང་གཞོན་གཞོན་ཡིན། ལང་ཚོ་དར་ལ་བབ་པའི་སྐབས་ཡིན་པས། མ་འོངས་པའི་ཆེད་དུ་སྔོན་འགོག་གི་ཐབས་ལམ་བསྟེན་དགོས་གལ་མིན། དུས་ཚོད་རྗེས་མ་ཞིག་གི་བར་དུ་ཕར་འགྱང་བཏང་ན་ཆོག་བསམས་ན། དེ་ནི་ཁྱེད་ཀྱིས་ནོར་འཁྲུལ་ཆེན་པོ་ཞིག་བཟོ་གིན་ཡོད། ཁྱེད་རང་གཞོན་དུས་སུ་འཆི་སྲིད་པ་མ་ཟད། ཁྱེད་ཀྱི་མི་ཚེའི་སྨད་ཙམ་ལ་སྨྱོན་པ་འདྲ་པོ་ཆགས་ནས་སེམས་ནད་ཀྱི་བསྟི་གནས་ཁང་དུ་སྡོད་སྲིད་ལ། ཡང་ན་ཁྱེད་ལ་ནད་རིགས་ཞེད་སྣང་ཚ་པོ་ཕོགས་ནས་སྨན་ཁང་དུའང་ལྷག་སྲིད། དེ་འདྲའི་གནས་སྟངས་ལ་ཁྱེད་ཀྱིས་རྩ་ནས་གདོང་ལེན་བྱེད་མི་ཐུབ་པ་ཆགས་ཀྱི་རེད། བྱས་ཙང་། ཁྱེད་ཀྱི་ཆོས་ཀྱི་སྔོན་འགོག་གི་ཐབས་ལམ་དེ་དག་དང་དུ་ལེན་རྒྱུའི་ཐད་བསམ་བློ་གཏོང་བའི་སྐབས། དེ་ནི་ད་ལྟ་ཉིད་དུ་ལམ་སེང་བྱེད་དགོས་གལ་ཞིག་ཡིན།
 
གལ་ཏེ་ང་ཚོའི་ལུས་པོ་འདི་རྡོ་རྗེ་ཕ་ལམ་ལྟ་བུ་ཤུགས་ཆེ་ལ་རྡོ་ལྟ་བུའི་མཁྲེགས་པོ་ཡོད་ན། དེ་ནི་གནད་དོན་གཞན་ཞིག་ཆགས་ཀྱི་རེད། འོན་ཀྱང་གལ་ཏེ་ཁྱེད་ཀྱིས་དེའི་སྐོར་ལ་བསམ་བློ་བཏང་ན། ང་ཚོའི་ལུས་པོ་ནི་ཤ་ཁྲག་རུས་གསུམ་ལས་གྲུབ་ཅིང་། ལུས་པོའི་ནང་ཁྲོལ་ནི་ཧ་ཅང་གས་ཆག་སླ་བའི་ཆུ་ཚོད་ཅིག་དང་འདྲ་ཞིང་། བརྡབ་འཁྲུག་ཅུང་ཟད་ཙམ་གྱིས་ཆག་སྲིད་པ་ཡིན། བྱས་ཙང་། སོ་སོའི་ལུས་པོ་ནང་དུ་ཡོད་པའི་ཚོར་ཤེས་དབང་པོའི་རྟེན་ཏེ། སྙིང་དང་། གློ་བ། མཆིན་པ། སྡོད་རྩ་དང་འཕར་རྩ་སྣ་ཚོགས་པ། དབང་རྩའི་མ་ལག་ལ་སོགས་པ་ཧ་ཅང་གས་ཆག་སླ་བའི་ཆུ་ཚོད་ཅིག་དང་འདྲ་བ་ཇི་ལྟར་ཡིན་པའི་སྐོར་བསམ་བློ་གཏོང་དགོས།

དེར་མ་ཟད། འཆི་བའི་རྐྱེན་ཧ་ཅང་མང་པོ་ཡོད་པ་དང་འཚོ་བའི་རྐྱེན་ཧ་ཅང་དཀོན་ལ་ཉུང་ངུ་ལས་མེད་པའི་ཐད་ལའང་བསམ་ཞིབ་བྱེད་དགོས། གལ་ཏེ་ཁྱེད་རང་ནད་པ་ཆགས་ནས་སྨན་ཁང་དུ་ཕྱིན་ན། སྨན་གྱིས་ཕལ་ཆེར་ཁྱེད་རང་གསོན་པོར་གནས་པར་བྱེད་ཐུབ་ནའང་། ཛ་དྲག་གི་ན་ཚ་བཅོས་ཐབས་ཀྱི་རྒྱུད་རིམ་ནི་ཧ་ཅང་རིང་པོ་དང་དཀའ་ལས་ཁག་པོ་རེད། ཡང་གལ་ཏེ་ཁྱེད་ཀྱིས་འཆི་བའི་རྒྱུ་གང་གིས་བྱེད་སྲིད་པའི་སྐོར་བསམ་བློ་བཏང་ན། དཔེར་ན། ཁ་ལག་ལྟ་བུ་ནི་ནམ་རྒྱུན་ང་ཚོས་འཚོ་བའི་བཅུད་དུ་འཛིན་གྱི་ཡོད་ནའང་། ཟས་བཟའ་སྟངས་ཅུང་ཟད་ནོར་བའམ་བཟའ་རྒྱུ་ཁ་ལག་ནོར་ནས་བཟས་པ་ཙམ་གྱིས་རང་ཉིད་ཀྱི་སྲོག་ཤོར་སྲིད། རྒྱ་གར་ནང་ངས་ངོ་ཤེས་པའི་ཞོ་ཁོག་འདེབས་མཁན་གྱི་ཞིང་པ་ཞིག་གིས་ཚལ་སླང་ནང་སྣུམ་བླུགས་ནས་བག་ལེབ་དུབ་བུ་གཅིག་ཁོའི་གུང་ཚིགས་ཀྱི་ཆེད་དུ་རྔོད་བཞིན་ཡོད། བག་ལེབ་བརྔོས་རྗེས་དུས་ཚོད་ཏོག་ཙམ་གྱི་རིང་ཕྱི་རུ་ཐོན་མ་ཐག་མར་རིལ་ནས་འདས་གྲོངས་སུ་ཕྱིན་པ་རེད།
 
བྱས་ཙང་། གནས་སྟངས་ལ་དེ་འདྲའི་སྒོ་ནས་བསམ་བློ་གཏོང་དུས་ཁྱེད་ཀྱིས་གང་ཡང་མི་བྱེད་པར་མར་རིལ་ནས་ཇི་ལྟར་ཤི་སྲིད་དམ། ཁྱེད་ཀྱིས་དེ་ལ་ཐག་གཅོད་བརྟན་པོ་ཞིག་ད་ལྟ་རང་བྱེད་དགོས། ཆོས་ཀྱི་སྔོན་འགོག་གི་ཐབས་ལམ་དེ་དག་འགོ་འཛུགས་བྱེད་དགོས་ཤིང་། ཆོས་ཉམས་ལེན་བྱེད་འགོ་བཙུག་དགོས། འདིར་ཉམས་ལེན་ཟེར་བ་ནི། ད་ནས་བཟུང་སྟེ་ང་རང་མི་བཟང་སྤྱོད་དང་ལྡན་པ་ཞིག་བྱེད་ཀྱི་ཡིན་ཞེས་པའི་དོན་ཡིན། ངས་སྡིག་པ་མི་དགེ་བའི་ལས་བརྩམ་རྒྱུ་སྤོང་གི་ཡིན། ངས་གང་བྱེད་པ་དང་། བཤད་པ། བསམ་པ་ཡིན་ནའང་ཚང་མ་གང་ཐུབ་ཅི་ཐུབ་ཀྱིས་དགེ་བའི་ལས་བྱེད་ཀྱི་ཡིན། སེམས་པ་བཟང་བའི་མི་ཞིག་ཆགས་ཐབས་བྱེད་ཀྱི་ཡིན། ཉམས་ལེན་བྱེད་པ་དང་སྔོན་འགོག་གི་ཐབས་ལམ་ལག་བསྟར་བྱེད་པ་ཞེས་པ་ནི། ངོམ་འདོད་ཆེ་བའི་གདུག་སྟངས་འདྲ་ཆགས་པོའི་སྒོམ་རྒྱག་ཁུལ་བྱེད་པའི་དོན་མིན། དེ་ལས་ལྡོག་སྟེ། རང་ཉིད་མི་གང་འདྲ་ཞིག་ཡིན་པ་དེ་ལ་བཟང་ཕྱོགས་ཀྱི་འགྱུར་བ་བཏང་ནས་རང་རྒྱུད་འཇམ་ཞིང་སེམས་པ་བཟང་པོ་ཞིག་བྱ་རྒྱུ་དེ་ཡིན།

དཔེར་ན། ང་ཚོ་ཚང་མ་དམག་འཁྲུག་ཆེན་པོ་ཞིག་འབྱུང་བའི་ཉེན་ཁ་ལ་ཞེད་སྣང་སྐྱེ་གི་ཡོད་པའི་དབང་དུ་བཏང་ནས། ཁྱེད་ཀྱིས་དེའི་སྐོར་བསམ་བློ་གཏོང་བའི་སྐབས། འཛམ་གླིང་དམག་ཆེན་རྗེས་མ་དེ་འབྱུང་རྒྱུ་ཡིན་དང་མིན་གྱི་ཐད་ལ་ངེས་པ་ཞིག་རྩ་ནས་མེད། ཁྱེད་ཀྱི་འཆི་བ་ནི་དེ་འདྲ་ཞིག་མིན་པར། དེ་ནི་དངོས་གནས་འབྱུང་ངེས་པ་ཞིག་ཡིན། དེ་ནི་འཛམ་གླིང་གི་དམག་ཆེན་རྗེས་མའི་ནང་འཛམ་གླིང་སྟོང་གི་ཡོད་མེད་ཐད་བསམ་བློ་གཏོང་བ་དང་ཚོད་དཔག་བྱེད་པའི་གནད་དོན་ཞིག་མིན། ཁྱེད་རང་འཆི་བདག་ལ་ལྐོག་རྔན་སོགས་སྤྲད་ནས་ཐར་ས་ཞིག་མེད། ཁྱེད་རང་འཆི་རྒྱུ་ནི་ངེས་པ་རེད། བྱས་ཙང་། ཁྱེད་ཀྱིས་སྔོན་འགོག་གི་ཐབས་ལམ་བསྟེན་དང་མི་བསྟེན་དེ་རེད། དེ་ལྟར་བསྟེན་ཐུབ་ན། ཁྱེད་རང་འཇིགས་སྐྲག་གིས་ཁེངས་ནས་མི་འཆི་བར། ཞི་བདེའི་ངང་ཡང་དག་པར་འཆི་ཐུབ་པའི་ཁྱད་པར་ཡོད། དེར་བརྟེན་ད་ལྟ་ནས་བཟུང་སྟེ། ཁྱེད་ཀྱིས་དུས་ཚོད་རྩ་ནས་འཕྲོ་བརླག་མི་གཏོང་བར་སྔོན་འགོག་གི་ཐབས་ལམ་ལག་བསྟར་བྱ་རྒྱུ་འགོ་འཛུགས་དང་ཆོས་ཉམས་ལེན་བྱ་རྒྱུའི་ཐག་གཅོད་བརྟན་པོ་བྱེད་དགོས།

འཆི་བ་ཐོག་ཏུ་བབས་དུས་ཁྱེད་ཀྱིས་རང་གི་ལུས་པོ་འདི་བཞག་ནས་འགྲོ་དགོས། ཁྱེད་ཀྱིས་ཕྱི་དངོས་པོའི་རྒྱུ་ནོར་ལོངས་སྤྱོད་གང་ཡོད་ཐམས་ཅད་བཞག་ནས་འགྲོ་དགོས་ཤིང་། རང་གི་གྲོགས་པོ་དང་གཉེན་ཉེ་འདུ་ཡོད་དོ་ཅོག་བཞག་ནས་འགྲོ་དགོས། ཐ་ན་ཁྱེད་ལ་སྒོར་མོའམ་ཌོ་ལར་ཁྲི་ཕྲག་འབུམ་ཕྲག་ག་ཚོད་ཡོད་ཀྱང་། ཁྱེད་དང་མཉམ་དུ་ཊམ་གཅིག་འཁྱེར་མི་ཐུབ། ཁྱེད་རང་འཆི་བའི་དུས་རང་དང་མཉམ་དུ་འཁྱེར་ཐུབ་པ་གཅིག་ཁོ་ན་ཡོད་པ་ནི། ཁྱེད་ཀྱིས་དགེ་བའི་ལས་བརྩམས་པ་ལས་བྱུང་བའི་དགེ་བའི་ནུས་པ་དང་། མི་དགེ་བའི་ལས་བརྩམས་པ་ལས་བྱུང་བའི་མི་དགེ་བའམ་སྡིག་པའི་ནུས་པ་དེ་རེད དེ་དག་ཁྱེད་ཀྱིས་འཁྱེར་ཐུབ། བྱས་ཙང་། ཁྱེད་ཀྱིས་བསགས་པའི་དགེ་མི་དགེ་བའི་ནུས་པ་ཁོ་ན་ཁྱེད་དང་མཉམ་དུ་ཡོང་གི་རེད། ཆོས་ཀྱི་སྔོན་འགོག་གི་ཐབས་ལམ་ལག་བསྟར་བྱེད་པ་ནི། དགེ་བའི་ནུས་པ་གསོག་པའི་ཐབས་ཤིག་ཡིན་པས། ཁྱེད་ཀྱིས་དེའི་ཆེད་དུ་དུས་ཚོད་དང་ནུས་པ་ཡོངས་སུ་རྫོགས་པ་གཏོང་དགོས་པ་སྟེ། ཆོས་ཉམས་ལེན་གྱི་སྒོ་ནས་དགེ་བའི་ནུས་པའམ་ཚོགས་གསོག་རྒྱུ་དང་། འཇིག་རྟེན་ཆོས་བརྒྱད་ཀྱི་མི་ཚེ་ཁོ་ནའི་དོན་དུ་དུས་ཚོད་ཆུད་ཟོས་སུ་མི་གཏོང་བའི་དམ་བཅའ་བརྟན་པོ་བྱེད་དགོས།
 
ཐ་ན་ཁྱེད་ཀྱིས་མི་ཚེ་གང་པོར་ཆོས་ཉམས་ལེན་ཆེད་དུ་འབད་བརྩོན་བྱ་རྒྱུའི་ཐག་གཅོད་བྱེད་སྲིད་ནའང་། ཁྱེད་རང་ཚོ་འགའ་ཞིག་ལ་ནི་སྐྱེ་བ་སྔོན་མའི་ནང་དགེ་བའི་ནུས་པ་བསགས་པའི་འབྲས་བུ་ལ་བརྟེན་ནས་ཚེ་འདིར་རྒྱུ་ནོར་ལོངས་སྤྱོད་ཧ་ཅང་ཆེན་པོ་ཐོབ་ཡོད་སྲིད། གལ་ཏེ་ཁྱེད་རང་ཧ་ཅང་ཕྱུག་པོ་ཞིག་ཡིན་ན། ཁྱེད་ཀྱིས་ཆོས་ཉམས་ལེན་བྱེད་པར། རྒྱུ་ནོར་ལོངས་སྤྱོད་དེ་དག་ཐམས་ཅད་ཆུ་ནང་གཡུག་དགོས་ཞེས་བསམ་སྲིད། འོན་ཀྱང་དེ་འདྲ་བྱེད་དགོས་དོན་མེད། དེ་ནི་བྱེད་སྟངས་ཡང་དག་པ་ཞིག་རྩ་ནས་མིན། ཁྱེད་ཀྱིས་སྐྱེ་བ་སྔོན་མའི་ནང་བསགས་པའི་དགེ་བའི་ནུས་པའམ་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་ཚེ་འདིར་དངུལ་ག་ཚོད་ཡོད་ནའང་། དེ་དག་འཕྲོ་བརླག་མི་གཏོང་བར་བེད་སྤྱོད་ཡང་དག་པ་གཏོང་དགོས། ཁྱེད་ཀྱིས་དངུལ་དེ་དབུལ་ཕོངས་ཀྱི་སྡུག་བསྔལ་སེལ་ཆེད་བེད་སྤྱོད་གཏོང་བའམ། ཡང་ན་དཀོན་མཆོག་གསུམ་ལ་མཆོད་པ་འབུལ་དགོས་ཤིང་། དམིགས་བསལ་སེར་སྣ་རྩ་ནས་བྱ་རྒྱུ་མེད། སོ་སོའི་ཆོས་ཕྱོགས་ཀྱི་བྱེད་སྒོ་གོང་ནས་གོང་དུ་སྤེལ་ཕྱིར། རང་ལ་ཡོད་པའི་རྒྱུ་ནོར་དེ་དག་ལ་རྣམ་དཔྱོད་དང་བློ་གྲོས་ལྡན་པའི་སྒོ་ནས་ཡང་དག་པའི་ཁེ་བཟང་ལེན་དགོས།

གལ་ཏེ་ཁྱེད་ཀྱིས་རང་ལ་ཡོད་པའི་རྒྱུ་ནོར་ལོངས་སྤྱོད་སོགས་ལ་བསམ་བློ་བཏང་ན། མཐར་ཐུག་གམ་དོན་དམ་གྱི་རིམ་པའི་དབང་དུ་བྱས་ན། རྒྱུ་ནོར་ལོངས་སྤྱོད་དེ་དག་གིས་མཐར་ཐུག་ཁྱེད་ལ་ཕན་གྱི་མ་རེད། དེ་ལས་ལྡོག་སྟེ། དེ་དག་ནི་ཁྱེད་ལ་དཀའ་ངལ་དང་གནོད་འཚེ་ཆེན་པོ་བྱེད་པའི་རྒྱུ་བྱེད་སྲིད། དཔེར་ན། ཁྱེད་ལ་རྒྱུ་ནོར་ལོངས་སྤྱོད་ཧ་ཅང་མང་པོ་ཡོད་ན། ཁྱེད་ཀྱིས་དེ་དག་ལ་སེམས་ཁྲེལ་ཆེན་པོ་སྐྱེ་དགོས་པས། ཁྱེད་ཀྱིས་བསགས་པའི་རྒྱུ་ནོར་དེ་དག་ལ་བརྟེན་ནས་དཀའ་ངལ་ཐབས་ཅད་འབྱུང་གི་ཡོད། བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་དཔེ་མཚོན་བཞག་ན། ཁོང་རྒྱལ་པོའི་སྲས་སུ་སྐུ་འཁྲུངས་ནའང་། ཁོང་གིས་རྒྱལ་སྲས་དང་རྒྱལ་སྲིད་ཀྱི་འཚོ་བ་དེ་སྤངས་ནས་ཆོས་ཉམས་ལེན་ལ་རྩེ་གཅིག་ཏུ་འབད་བརྩོན་གནང་ཡོད་པ་ལྟ་བུ་རེད།
 
རྗེ་བཙུན་མི་ལ་རས་པ་ལ་ནམ་མཁར་འཕུར་ནུས་པ་སོགས་དགོས་ངེས་ཀྱི་རྟོགས་པ་ཡོངས་སུ་རྫོགས་ཤིང་། རྫུ་འཕྲུལ་གྱི་རིགས་ཚང་མ་མངའ་ནའང་། ཁོང་གིས་དེ་དག་དངུལ་དང་རྒྱུ་ནོར་གསོག་ཕྱིར་བེད་སྤྱོད་བཏང་མཛད་མེད། ཁོང་གིས་དུས་ཚོད་ཡོངས་སུ་རྫོགས་པ་བྲག་ཕུག་སོགས་ཀྱི་ནང་མཚམས་བསྙེན་སྒྲུབ་སོགས་གཟབ་ནན་གྱི་ཉམས་ལེན་གནང་ཡོད། ཁྱེད་ཀྱིས་ཁོང་གི་སྐུ་པར་མཇལ་བ་ལྟར། ཁོང་གི་སྐུ་གཟུགས་ནི་སྔོ་ལྗང་གི་མདོག་ཏུ་གྱུར་ཡོད། གང་ཡིན་ཞེ་ན། ཁོང་གི་ཟས་དེ་ཟྭ་ཚོད་དང་ཟྭ་ཐུག་ལ་བརྟེན་ནས་འཚོ་བ་བསྐྱལ་གནང་ཡོད་པས་རེད། ཟྭ་ཐུག་དེའི་ནང་ཚྭ་ཞིག་ཀྱང་བླུག་རྒྱུ་མེད་ལ། ཤ་དང་ཚིལ་སོགས་ཞིམ་ཟས་གང་ཡང་མེད། འོན་ཀྱང་ཁོང་ཟྭ་ཐུག་འབའ་ཞིག་ལ་བརྟེན་ནས་སྒོམ་སྒྲུབ་གཟབ་ནན་མཛད་ཡོད། བྱས་ཙང་། འཆི་བ་དང་མི་རྟག་པའི་སྐོར་སློབ་སྦྱོང་བྱེད་པ་དང་སྒོམ་རྒྱག་རྒྱུ་དེ་ཁྱེད་ཀྱིས་དཔེ་དེབ་ཁག་ནས་སྦྱོང་དགོས་པ་ཞིག་མིན་ལ། གཞུང་ཆེན་མོ་དག་གི་ཉམས་མྱོང་དང་གོ་རྟོགས་འཐོབ་པ་ལ་བརྟེན་དགོས་པ་ཞིག་མིན་པར། ཁྱེད་ཀྱིས་སོ་སོའི་གཡས་གཡོན་ཉེ་འཁོར་གང་སར་ལྟོས་དང་། དཔེར་ན། ཁྱེད་རང་ཉེ་འཁོར་དུ་སྐྱོད་བཞིན་པའི་སྐབས། དུར་ཁྲོད་ཅིག་མཐོང་ན། ང་ཚོ་ཚང་མ་དུར་ཁྲོད་དེར་མ་འགྲོ་གོང་ལ་དུས་ཚོད་སྔ་ཕྱི་ཙམ་གྱི་ཁྱད་པར་ལས་དེར་འགྲོ་ངེས་ཡིན་པའི་ཐད་ལ་བསམ་བློ་གཏོང་དགོས།
 
དེ་འདྲ་བསམ་བློ་གཏོང་བ་ལ་བརྟེན་ནས་ཁྱེད་ལ་འཆི་བར་འཇིགས་སྐྲག་ཆེན་པོ་ཞིག་སྐྱེ་སྲིད། དེ་ནི་བཟང་ཕྱོགས་ཀྱི་གནད་དོན་ཡག་པོ་ཞིག་རེད། གང་ཡིན་ཟེར་ན། དེས་ཁྱེད་ཀྱིས་སྔོན་འགོག་གི་ཐབས་ལམ་བསྟེན་དགོས་པ་དང་ཆོས་ཉམས་ལེན་བྱེད་དགོས་པའི་སེམས་སྐུལ་སྦྱིན་གྱི་རེད། གལ་ཏེ་ཁྱེད་ཀྱིས་རྗེ་བཙུན་མི་ལ་རས་པའི་སྐུ་པར་ལ་བལྟས་ན། ཁོང་ལ་ལྷུང་བཟེད་ཀྱི་ཚབ་ལ་ཀ་པཱ་ལའམ་ཐོད་པ་ཞིག་ཡོད་པ་དང་། དེ་ཁོང་གི་ཕྱག་ཏུ་བསྣམས་ནས་དེ་ལས་ཞལ་ལག་མཆོད་ཀྱི་ཡོད། དེ་ལྟར་གནང་དགོས་པའི་རྒྱུ་མཚན་ནི། དུས་རྟག་ཏུ་འཆི་བ་དང་མི་རྟག་པར་དྲན་དགོས་པར་མཚོན་གྱི་ཡོད། གལ་ཏེ་ཁྱེད་ཀྱིས་རྟག་ཏུ་འཆི་བ་དང་མི་རྟག་པའི་བདེན་དོན་དེ་སེམས་ནང་བཞག་ནས། ཁྱེད་རང་ག་དུས་ཡིན་ནའང་འཆི་སྲིད་པ་དང་། སྐབས་འདིར་ཁྱེད་ལ་མི་ལུས་རིན་ཆེན་འདི་ཐོབ་ཡོད་ཀྱང་། དེ་ནི་ཤོར་རྒྱུ་རེད་ཅེས་བསམ་བློ་གཏོང་དགོས། དེ་དག་ནི་ཧ་ཅང་གནད་འགགས་ཆེ་བའི་རྨང་གཞི་ཁག་རེད། གང་ཡིན་ཞེ་ན། དེ་དག་གིས་ཁྱེད་ལ་དངོས་སུ་འབད་བརྩོན་བྱེད་དགོས་པ་དང་། ཆོས་ཉམས་ལེན་བྱེད་དགོས་པའི་སྐུལ་མ་གཏོང་གི་རེད།  

སུ་དང་གང་གིས་ང་ཚོར་སྐྱབས་སམ་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་སྟོན་ཐུབ་བམ།

གལ་ཏེ་ང་ཚོས་སྐྱེ་བ་ཕྱི་མ་ངན་སོང་དུ་སྐྱེ་བའི་ཉེན་ཁ་ལས་ཐར་བའི་ཆེད་མི་དགེ་བའི་ནུས་པ་གང་ཡང་མ་བསགས་པར་མི་ཚེ་བསྐྱལ་ཡོད་ན། དེ་ནས་ང་ཚོ་འཆི་རྒྱུར་ཞེད་སྣང་བྱེད་དགོས་པའི་རྒྱུ་མཚན་མེད་པ་རེད། འོན་ཀྱང་ང་ཚོའི་མི་ཚེའི་ནང་མང་ཆེ་བ་མི་དགེ་བའི་ལས་བྱས་ནས་སྡིག་པ་བསགས་ཡོད་ན། ང་ཚོ་འཆི་བའི་སྐབས། སྐྱེ་བ་ཕྱི་མ་ངན་སོང་གི་གནས་གང་རུང་ཞིག་ཏུ་སྐྱེ་རྒྱུ་པ་དེས་བསྒུགས་ནས་ཡོད་སྲིད་པ་རེད། དེ་འདྲའི་གནས་སྟངས་ཀྱི་སྐབས། ང་ཚོར་ད་ལྟ་ཡོད་པ་ནང་བཞིན་གྱི་མི་ལུས་རིན་ཆེན་ཞིག་སླར་ཡང་འཐོབ་རྒྱུ་ཤིན་ཏུ་གི་དཀའ་བ་ཡིན། ངན་སོང་གི་གནས་ཤིག་ཏུ་སྐྱེ་བ་ལེན་རྒྱུ་དེ་ཧ་ཅང་ཐག་རིང་པོ་དེ་འདྲ་མིན་པར། དེ་ནི་ཁྱེད་ཀྱིས་དབུགས་ཕྱིར་ཕྱུངས་བ་དང་དབུགས་ནང་དུ་རྔུབ་མ་ཐུབ་པའི་བར་ལའང་འབྱུང་སྲིད་པ་ཞིག་རེད། དེའི་སྐབས་སུ་ཁྱེད་རང་ཤི་ནས་ངན་སོང་དུ་སྐྱེ་གི་ཡོད། བྱས་ཙང་། དེ་ནི་ཐག་རིང་པོར་ཡོད་པ་ཞིག་རྩ་ནས་མིན་པར། ཁྱེད་རང་ངན་སོང་དུ་ལྷུང་ཆོག་ཆོག་བསྡད་ཡོད།

དམྱལ་བ་དང་ཡི་དྭགས་ཀྱིས་བཟོད་བསྲན་བྱེད་པའི་སྡུག་བསྔལ་དང་འཇིགས་སྐྲག་གི་རིགས་ང་ཚོས་མཐོང་མི་ཐུབ་ལ་དེ་དག་ལ་བཟོད་སྒོམ་བྱེད་པར་ཡི་རང་བྱེད་མི་ཐུབ་ཀྱང་། ང་ཚོས་དུད་འགྲོ་སེམས་ཅན་རྣམས་ཀྱིས་གང་མྱོང་བའི་དཀའ་སྡུག་ཡོངས་སུ་རྫོགས་པ་མཐོང་ཐུབ། དེ་དག་ནི་ཧ་ཅང་གསལ་ཞིང་ང་ཚོའི་མིག་མཐོང་ལག་ཟིན་རེད། གལ་ཏེ་ང་ཚོ་དུད་འགྲོར་སྐྱེ་བ་བླངས་ནས་དཀའ་སྡུག་དེ་དག་མྱོང་དགོས་ན་ཅི་འདྲའི་འཇིགས་སུ་རུང་བ་ཞིག་ཡིན་པའི་ཐད་བསམ་བློ་གཏོང་དགོས། བྱས་ཙང་། དེ་དག་ཉམས་སུ་མ་མྱོང་བ་ལས་ང་ཚོར་སུ་དང་གང་གིས་སྐྱབས་པའམ་ཡང་ན་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་སྟོན་ཐུབ་ཀྱི་ཡོད་པར་བལྟ་དགོས། དཀོན་མཆོག་གསུམ་ ༼སངས་རྒྱས་དང་། སྔོན་འགོག་གི་ཐབས་ལམ་སྟེ། ཁོང་རྣམས་ཀྱིས་གསུངས་པའི་ཆོས། དེའི་འཁོར་དུ་གྱུར་བའི་དགེ་འདུན་གྱི་སྡེ་༽ ལས་གཞན་གང་གིས་ཀྱང་དེ་ལྟར་འབྱུང་བ་ལས་ང་ཚོར་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་ཞིག་སྟོན་མི་ཐུབ།

ཉན་ཐོས་རྣམས་ལ་བསམ་བློ་གཏོང་དང་། ཁོང་ཚོས་རང་གི་ཉོན་མོངས་པ་ཚང་མ་སྤངས་ཟིན་ནས་རགས་པའི་ཕུང་པོ་ལས་འདས་པའི་རྫུ་འཕྲུལ་སོགས་ཀྱི་སྟོབས་ཐོབ་ཡོད་ནའང་། ཁོང་ཚོས་ང་ཚོ་མཐར་ཐུག་གི་དཀའ་སྡུག་གི་གནས་སྟངས་ལས་ཐར་བ་བྱེད་མི་ཐུབ། ཉན་ཐོས་དགྲ་བཅོམ་པ་མཽ་གལ་གྱི་བུའི་ཨ་མ་དམྱལ་བའི་ཁམས་སུ་སྐྱེ་བ་བླངས་པ་རེད། མཽ་གལ་གྱི་བུ་ད་དུང་ཡང་ཚད་བཀག་ཅན་གྱི་སེམས་དང་ལྡན་པ་ཞིག་ཡིན་པ་ལས་ཡོངས་སུ་འཚང་རྒྱ་ཟིན་པ་ཞིག་མིན་པ་སོང་ཙང་། ཁོང་གི་ནུས་མཐུ་ཡང་ཚད་བཀག་ཅན་ཡིན་པ་རེད། ཁོང་ལ་ཚད་ལས་འདས་པའི་དབང་པོའི་ཤེས་པ་མངའ་ནའང་། རང་གི་ཨ་མ་དམྱལ་བ་གང་དུ་སྐྱེ་བ་བླངས་ཡོད་པའི་འཇིག་རྟེན་གྱི་ཁམས་ཧ་ཅང་ཐག་རིང་བ་དེ་མཐོང་ཐུབ་ཀྱི་མེད། ཡིན་ནའང་སངས་རྒྱས་ཀྱི་ཁྱད་པར་དུ་འཕགས་པའི་རྫུལ་འཕྲུལ་མངོན་ཤེས་སྟོབས་ཀྱིས་དེ་གང་དུ་སྐྱེས་ཡོད་པ་རྩོལ་མེད་ངང་མཁྱེན་ཐུབ་ཀྱི་ཡོད།

མཽ་གལ་གྱི་བུས་སོ་སོའི་ཨ་མ་གང་དུ་སྐྱེ་བ་བླངས་ཡོད་པ་མཐོང་ཐུབ་ཀྱི་མེད་པས། སངས་རྒྱས་ལ་ཞུས་པ་རེད། སངས་རྒྱས་ཀྱིས། “ཁྱེད་ཀྱི་ཨ་མ་དམྱལ་བའི་ནང་སྐྱེ་བ་བླངས་ཡོད་པ་དང་། དེའི་འོག་ཏུ་ཧ་ཅང་རྒྱང་ཐག་རིང་བའི་འཇིག་རྟེན་གྱི་ཁམས་ཤིག་ཏུ་སྐྱེས་ཡོད།” ཅེས་གསུངས། ཧ་ཅང་རྒྱང་ཐག་རིང་བའི་འོག་གི་དམྱལ་བའི་ཁམས་དེའི་ནང་། ཨ་མ་ཁང་པ་ཞིག་གི་ནང་དུ་ཡོད་པ་དང་། ཁང་པ་དེ་ཡང་ཁང་པ་གཞན་ཞིག་གི་ནང་དུ་ཡོད། ད་དུང་ཁང་པ་དེ་ཡང་བསྐྱར་ཁང་པ་གཞན་ཞིག་གི་ནང་ལོགས་སུ་ཡོད། ཁང་པ་དེ་དག་ཐམས་ཅད་སྒོ་དང་སྒེའུ་གང་ཡང་མེད་པ་དང་། ཁང་པ་དེ་དག་མེ་ལྕེ་འབར་བའི་ལྕགས་དམར་ཚ་པོས་བཟོས་ཡོད། མཽ་གལ་གྱི་བུས་རང་གི་རྫུ་འཕྲུལ་གྱི་སྟོབས་སྤྱད་ནས་དེར་འཕུར་ནས་ས་ཆ་དེར་གཟིགས་ཀྱང་། ཨ་མ་ཐར་ཐབས་ཀྱི་ཐབས་ཤེས་གང་ཡང་རྙེད་ཐུབ་མེད། ཁོང་ཚུར་རང་འཇགས་ཕེབས་ནས་སངས་རྒྱས་ལ། གང་བྱེད་དགོས་ཞེས་ཞུས་པས། སངས་རྒྱས་ཀྱིས་ཁོང་གི་དགེ་འདུན་པ་ཞིག་གི་བེར་ཀ་ལ་ཕྱག་མཛུབ་སྟོན་མཛད་ནས། “གལ་ཏེ་ཁྱེད་རང་ཡང་བསྐྱར་ཕྱིན་ན། བེར་ཀ་འདི་ཁྱེར་ནས་སའི་སྟེང་ལ་ཐེངས་མ་གསུམ་བརྡུང་དགོས། དེ་ནས་ཁྱེད་ཀྱིས་གནས་སྟངས་ལ་སྟངས་འཛིན་བྱེད་ཐུབ་ཀྱི་རེད།” ཅེས་གསུངས། མཽ་གལ་གྱི་བུ་རང་བསྐྱར་བེར་ཀ་ཁྱེར་ནས་ཕྱིན་པ་དང་། སའི་སྟེང་ལ་བེར་ཀ་དེ་ཐེངས་མ་གསུམ་བརྡུང་བ་དང་ཁོང་གི་ཨ་མ་ཚུད་ནས་ཡོད་སའི་ཁང་པ་དེ་མར་ཉིལ་བ་རེད། བྱས་ཙང་། སངས་རྒྱས་ལ་གནས་སྟངས་གང་འདྲ་ཞིག་ཡིན་ནའང་ཇི་ལྟར་སྟངས་འཛིན་བྱེད་དགོས་པ་དང་ཆོས་ཐམས་ཅད་གཟིགས་པའི་ནུས་པ་ཁྱད་པར་ཅན་ཞིག་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་སངས་རྒྱས་ཁོ་ནས་ང་ཚོའི་མི་ཚེའི་ནང་སྐྱབས་དང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་སྟོན་ཐུབ་པ་དང་། ཡང་དག་པ་ཡོངས་སུ་རྫོགས་པའི་སངས་རྒྱས་ཁོ་ནས་ང་ཚོ་སྐྱབས་ཐུབ། དེ་ག་ནང་བཞིན་ང་ཚོ་ཡང་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་པ་དང་། ང་ཚོར་འཐོབ་པར་འགྱུར་བའི་སངས་རྒྱས་ཀྱི་གོ་འཕང་དེའང་ང་ཚོའི་སྐྱབས་ཡུལ་དང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོར་ཆགས་ཀྱི་ཡོད།
 
འཆི་བ་དང་མི་རྟག་པ། དེ་བཞིན་གནས་སྟངས་དེ་དག་གི་ནང་སྐྱེ་བ་ལེན་སྲིད་པའི་སྐོར་ལ་བསམ་བློ་གཏོང་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། དེ་ལྟར་འབྱུང་བ་ལ་འཇིགས་སྐྲག་ཤུགས་ཆེན་ཞིག་སྐྱེད་དགོས། དེ་ལྟར་འཇིགས་པ་སྐྱེ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། གང་ཡིན་ཞེ་ན། འཇིགས་པ་ལ་བརྟེན་ནས་ཁྱེད་རང་སྐྱབས་སུ་འགྲོ་བའམ་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་བསྟེན་པ་དང་། དེས་འཇིགས་སུ་རུང་བའི་སྐྱེ་བ་དེ་དག་མྱོང་བ་ལས་བསྐྱབ་ཀྱི་རེད། ཁྱེད་ཀྱིས་བརྟག་ཞིབ་བྱེད་པའི་སྐབས། སངས་རྒྱས་དང་། ཆོས། དགེ་འདུན་བཅས་དཀོན་མཆོག་གསུམ་ཁོ་ན་ལ་རང་ཉིད་སྐྱབས་སུ་འགྲོ་བའི་ནུས་པ་དང་སྟོབས་དེ་མངའ་བ་དང་། ཁྱེད་ལ་དེ་དག་གིས་བསྐྱབ་ཐུབ་ཀྱི་ཡོད་པ་ཤེས་ཀྱི་རེད། བྱས་ཙང་། ཁོང་ཚོར་དེ་འདྲ་སྐྱབས་པའི་ནུས་པ་ཇི་ལྟར་ཡོད་པའི་ཚུལ་ལ་བསམ་བློ་བཏང་ནས་རང་རྒྱུད་ལ་གདེང་ཚོད་དང་ཡིད་ཆེས་ཀྱི་ཚོར་བ་ཤུགས་ཆེན་ཞིག་སྐྱེད་པ་དང་། དེ་དག་གི་ཕྱོགས་སུ་བློ་ཁ་བསྒྱུར་ནས་དེ་དག་གིས་རང་ཉིད་ལ་དོན་ངོ་མའི་སྐྱབས་དང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་ཞིག་སྦྱིན་ཐུབ་པ་ཡིན།
 
དེའི་སྒང་ལ་སྐྱབས་འགྲོ་དེ་སོ་སོ་ཁོ་ནའི་དོན་དུ་མིན་པར། མི་ཚང་མར་སོ་སོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་དགོས་ཀྱི་ཡོད་པའམ་ཚང་མར་སྐྱབས་འགྲོ་དགོས་ཀྱི་ཡོད་པའི་ཐད་བསམ་བློ་གཏོང་དགོས། དེ་ལྟར་ཁྱེད་ལ་འདི་དག་ཐམས་ཅད་རྒྱུ་ལྟ་བུ་ཡོད་པ་དང་། དེ་དག་ནི་རྒྱ་ཆེ་བའི་ཐེག་པ་ཆེན་པོའི་སྐྱབས་སུ་འགྲོ་ཚུལ་གྱི་རྒྱུ་རྣམས་ཡིན་པས། ཁྱེད་ཀྱི་སེམས་ཡོངས་སུ་རྫོགས་པ་ཁོང་ཚོས་མཁོ་སྤྲོད་བྱེད་ཅིང་། ཁོང་ཚོས་བསྟན་པའི་ཁ་ཕྱོགས་སུ་བསྒྱུར་དགོས། དེ་ནི་སྐྱབས་སུ་འགྲོ་བ་ཞེས་པའམ་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་ཞིག་དང་དུ་ལེན་པ་ཞེས་སུ་གྲགས་པ་དེ་རེད།

སངས་རྒྱས་ཀྱི་ཡོན་ཏན།

དེ་ཡང་སངས་རྒྱས་ཀྱི་ཡོན་ཏན་ལ་ཆ་བཞག་ན། སེམས་ཡོངས་སུ་གསལ་བ་དང་ཡོན་ཏན་མཐར་ཕྱིན་པའི་གང་ཟག་ཅིག་ཡིན་པ་དང་། དེ་དག་ནི་ཁོང་གི་སྐུའི་ཡོན་ཏན་ལ་མཚོན་ན། སྐུའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་མངོན་པར་རབ་ཏུ་བརྒྱན་པ་དཔེར་ན། ཁོང་གི་སྤྱི་བོར་གཙུག་ཏོར་ཆེན་པོ་ཞིག་ཡོད་པ་དང་། ཁོང་ལ་སྨིན་མཚམས་ནས་འཁྲུངས་པའི་དབུ་སྐྲ་འཁྱིལ་བ་དེ་འཐེན་ན་འཛད་མཐའ་མེད་པར་འཐེན་རྒྱུ་ཡོད་པ། ཁོང་གི་ཕྱག་གི་མཐིལ་དང་ཞབས་མཐིལ་ལ་འཁོར་ལོའི་རྗེས་ཡོད་པ་ ༼ཕྱག་ཞབས་འཁོར་ལོས་མཚན་པ་༽ ལ་སོགས་པའི་སྐུའི་ཡོན་ཏན་ཁྱད་པར་དུ་འཕགས་པ་མང་པོ་ཡོད།

སངས་རྒྱས་ཀྱི་གསུང་གི་ཡོན་ཏན་ལ་ཆ་བཞག་ན། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ་སྟེ། དཔེར་ན། ཁྱེད་རང་སངས་རྒྱས་ཀྱི་སྐུའི་ཉེ་འགྲམ་དུ་ཡོད་རུང་ཡང་ན་རྒྱང་ཐག་ཧ་ཅང་རིང་པོར་ཡོད་རུང་ཁྱད་པར་མེད་པར། གསུང་གཅིག་ཉིད་དུ་གསུངས་ནའང་། དུ་མ་ཉིད་དུ་སོ་སོར་གོ། ཞེས་གསུངས་པ་ལྟར། ཁོང་གི་གསུང་དེ་ཚང་མས་སྐད་ཤུགས་སྙོམས་པར་ཐོས་ཐུབ་པ་མ་ཟད། སངས་རྒྱས་ཀྱི་གསུང་པའི་སྐད་ཡིག་དེ་ཚང་མས་རྟོགས་ཐུབ་པ་དང་གོ་ཐུབ་ཀྱི་ཡོད། སྐད་རིགས་ཐམས་ཅད་མཁྱེན་པའི་ཡོན་ཏན་དང་ལྡན་པ་ཡིན།

སངས་རྒྱས་ཀྱི་ཐུགས་ཀྱི་ཡོན་ཏན་ལ་ཆ་བཞག་ན། ཆོས་གང་འདྲ་ཞིག་ཡིན་ནའང་ཐམས་ཅད་མཁྱེན་པའི་ཡོན་ཏན་དང་ལྡན་པ་ཡིན། བྱས་ཙང་། ང་ཚོའི་ལག་མཐིལ་དུ་སྤུ་ཉག་མ་གཅིག་ཡོད་ན། དེ་མཐོང་ཐུབ་པ་ནང་བཞིན་སངས་རྒྱས་ཀྱིས་ཆོས་ཐམས་ཅད་གསལ་བར་གཟིགས་ཐུབ།
 
སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དེ་དག་ཐམས་ཅད་ཀྱང་རྒྱུ་ལ་བརྟེན་ནས་བྱུང་བ་ཡིན། སངས་རྒྱས་ཉིད་ཀྱང་མཛད་རྣམ་ལོ་རྒྱུས་སྣ་ཚོགས་པའི་ནང་། ཁོང་སློབ་མ་ལམ་གྱི་གནས་སྐབས་སུ་མ་དག་པའི་ལུས་ཀྱི་སྟེང་ལ་མ་དག་པའི་སྐྱེ་བ་ལྔ་བརྒྱ་དང་དག་པའི་སྐྱེ་བ་ལྔ་བརྒྱ་བཞེས་པ་དང་། སྐུ་ཚེ་དེ་དག་གི་རིང་ལ་ཁོང་གིས་ཉམས་ལེན་གནང་ནས་དགེ་བའི་ནུས་པ་དཔག་ཏུ་མེད་པ་ཇི་ལྟར་བསགས་པའི་སྐོར་བཤད་ཡོད། དཔེར་ན། ང་ཚོས་སྔ་དྲོའི་ཆོས་ཐུན་སྐབས། སྐྱེ་བ་སྔོན་མའི་ནང་སངས་རྒྱས་མི་རྒོད་ཆེན་པོ་ཞིག་ཏུ་སྐྱེ་བ་བཞེས་ནས། ཇི་ལྟར་དུད་འགྲོ་སྲོག་ཆགས་རྣམས་རྒྱུག་ཆུ་བརྒལ་ཕྱིར་རང་གི་ལུས་ཟམ་པ་ལྟ་བུར་བཀོལ་སྤྱོད་གནང་བའི་སྐོར་བཤད་ཡོད། དེ་ག་ནང་བཞིན་སངས་རྒྱས་ཀྱིས་རང་གི་སྐུ་ལུས་ཀྱི་ཆ་ཤས་སྣ་ཚོགས་པས་སྦྱིན་པ་བཏང་བའི་སྐྱེས་རབས་ལོ་རྒྱུས་དུ་མ་ཡོད། ཁོང་ནས་རང་གི་དབུ་སྦྱིན་པ་བཏང་ཡོད་པ་དང་། མགྲིན་པ་གཤགས་པ། སྤྱན་ཟུང་སྦྱིན་པ་ལ་སོགས་པ་གང་གནང་བ་ཐམས་ཅད་ནི་སེམས་ཅན་ལ་ཕན་པ་ཁོ་ནའི་ཆེད་དུ་ཡིན། དེའི་འབྲས་བུར། ཁོང་གི་སེམས་ཡོངས་སུ་གསལ་ཞིང་ཡོན་ཏན་མཐར་ཕྱིན་པར་གྱུར་ནས་སངས་རྒྱས་པ་རེད།
 
དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱོགས་ཞེན་བྲལ་བའི་སྒོ་ནས་ཁོང་གིས་ཉམས་ལེན་གནང་ཡོད། ཁོང་གིས་གྲོགས་པོ་དང་གཉེན་ཉེ་འདུ་ལ་ཆགས་སེམས་དང་། དགྲ་བོར་ཞེ་སྡང་དང་ཁོང་ཁྲོ། ཆ་རྒྱུས་མེད་པ་རྣམས་ལ་སྣང་མེད་རྒྱ་ཡན་དང་གཏི་མུག་གི་སྒོ་ནས་ཉམས་ལེན་གནང་མེད། ཁོང་གིས་སྦྱིན་པ་མཐར་ཕྱིན་པའི་ཉམས་ལེན་དང་བཅས་ཀུན་ལ་མཉམ་པར་སྦྱིན་ཞིང་། སྦྱིན་པ་དང་ཚུལ་ཁྲིམས་ཡང་དག་པར་ཉམས་སུ་བླངས་ཡོད། དེའི་འབྲས་བུར། སྐྱོན་ཀུན་ཟད་ཅིང་ཡོན་ཏན་ཀུན་དང་ལྡན་པར་གྱུར་ནས་རང་ལ་ཡོད་པའི་འཇིགས་པ་ཀུན་ལས་ཐར་ནས་སངས་རྒྱས་པ་རེད། ང་ཚོར་སྐྱབས་དང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་སྟོན་ཕྱིར། དེ་ལྟ་བུའི་གང་ཟག་ཅིག་ལ་ང་ཚོ་ངེས་པར་དུ་འགྱུར་ཐབས་བྱེད་དགོས། དེ་ལྟ་བུའི་ང་ཚོར་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་ཞིག་སྟོན་ཐུབ།
 
གཞན་ཡང་སངས་རྒྱས་འཇིགས་པ་ཀུན་ལས་ཐར་བ་མ་ཟད། གཞན་ཐམས་ཀྱང་འཇིགས་པ་ཀུན་ལས་ཐར་བར་བྱེད་ཐུབ་ཅིང་བསྐྱབ་ཐུབ་པ་དང་། དེའི་སྒང་ལ་ཚང་མ་འཇིགས་པ་ལས་ཐར་བའི་ཐབས་ལམ་ཡོད་དོ་ཅོག་དང་ལྡན་པ་ཡིན། སྐྱེ་བ་སྔོན་མ་སངས་རྒྱས་སེང་གེའི་ལུས་རྟེན་ལྟ་བུར་སྐྱེ་བ་བཞེས་ཤིང་། དེའི་ལུས་ཀྱི་བ་སྤུ་རེ་རེ་ནས་འཚེར་མདངས་རབ་ཏུ་བཀྲ་བའི་འོད་འཕྲོ་བཞིན་ཡོད། ཐེངས་ཤིང་ཁོང་ཤིང་ནགས་སྟུག་པོའི་ནང་ཡོད་པའི་སྐབས། མི་ཞིག་གཡང་ས་ནས་ལྷུངས་ནས་གནས་སྟངས་ཧ་ཅང་ཁག་པོའི་ནང་ཡོད་པ་དང་། ས་ཐག་རིང་ལ་ཤིང་ནགས་སྟུག་པའི་དབང་གིས་རོགས་བྱེད་མཁན་མེད་པ་དང་། གཡང་དེ་ལ་ཡར་འཛེགས་ཀྱང་མི་ཐུབ་མཁན་ཞིག་གཟིགས་པ་རེད། ཤིང་ནགས་ནང་གི་རི་སྐྱེས་དུད་འགྲོ་དེ་སྐྱེ་བ་སྔོན་མ་སངས་རྒྱས་ཡིན་པ་དང་། ཁོང་གིས་གང་ཟག་དེ་ལ་གཏིང་ཟབ་པའི་བྱམས་པ་དང་སེམས་འཁུར་ཡོད་པ་སོང་ཙང་། གཡང་ས་དེའི་འོག་ཏུ་འགྲོ་ལམ་འགགས་ནས་ཡོད་པའི་མི་དེ་བསྐྱབ་པའི་ཆེད་ལམ་སེང་མཆོངས་ནས་རོགས་བྱས་པ་རེད། འོན་ཀྱང་སེང་གེ་ལ་ཐོག་མར་མི་དེ་ཡར་ཁྱེར་ནས་ཡོང་བར་ནུས་ཤུགས་མེད། བྱས་ཙང་། ཁོས་རང་གི་རྒྱབ་ལ་རྡོ་ཁྱེར་ནས་སྦྱོང་བརྡར་བྱས་པ་རེད། ཐོག་མར་ཁོས་རྡོ་ཆུང་ཆུང་རིགས་ཁྱེར་བ་དང་། དེ་ནས་རྡོ་ཆེ་རུ་ཆེ་རུ་བཏང་ནས་མི་དེ་རང་གི་རྒྱབ་ཏུ་ཁྱེར་ཐུབ་པའི་ནུས་ཤུགས་མ་སྐྱེས་བར་དུ་སྦྱོང་བརྡར་བྱས་ཤིང་། དེ་ལྟར་རང་གིས་རང་ལ་སྦྱོང་བརྡར་སྤྲད་ནས་མི་དེ་བརྐྱབས་པ་རེད། སྦྱོང་བརྡར་ཚར་བ་དང་ཁོས་མི་དེ་ཁྱེར་ཐུབ་པ་བྱུང་ནས་ཡར་ཁྱེར་བ་རེད། བྱས་ཙང་། སེང་གེས་མི་དེ་ལ་བྱམས་དང་སྙིང་རྗེ་ཆེན་པོ་སྐྱེས་ནས་མཆོངས་ཏེ། མི་དེ་རྒྱབ་ལ་ཁྱེར་ནས་ཡར་འཛེགས་པ་རེད། མི་དེ་བསྐྱབས་པའི་རྗེས་སུ་སེང་གེས་མི་དེ་ལ། “ང་ཤིང་ནགས་འདིའི་ནང་འདུག་ཅེས་སུ་ལའང་མ་ཤོད་ཨང་།” ཞེས་བརྗོད་པ་རེད།
 
དེ་ག་ནང་བཞིན་ཤིང་ནགས་དེའི་ཉེ་འགྲམ་གྱི་རྒྱལ་སྲིད་སྐྱོང་མཁན་གྱི་རྒྱལ་པོས་མཚན་ཞིག་ལ་ཤིང་ནགས་ནང་དུད་འགྲོ་ངོ་མཚར་ཅན་འགའ་ཞིག་ཡོད་པ་རྨི་ལམ་རྨིས་པ་དང་། རྒྱལ་པོས་རང་གི་རྔོན་པ་ཚང་མ་སྐད་བཏང་ནས་དུད་འགྲོ་དེ་དག་རག་པར་བྱོས་ཞེས་བཀའ་མངགས་བཏང་། འོན་ཀྱང་རྔོན་པ་ཚོས་དུད་འགྲོ་དེ་འཛིན་བཟུང་བྱས་ཐུབ་མེད། དེ་ནས་རྒྱལ་པོས་ས་ཆ་གང་སར་བརྡ་ཁྱབ་སྦྱར་ནས། གལ་ཏེ་སུས་དུད་འགྲོ་དེ་འཛིན་བཟུང་ཐུབ་ན། དེ་ལ་བྱ་དགའ་ཆེན་པོ་སྤྲོད་ཀྱི་ཡིན་ཞེས་ཁྱབ་བསྒྲགས་བྱས། སེང་གེས་བསྐྱབས་པའི་མི་དེས་དུད་འགྲོ་དེ་མཐོང་ཡོད་པ་སོང་ཙང་། ཁོ་རང་བྱ་དགའ་ཆེན་པོ་ལ་འདོད་རྔམ་ཆེ་བས། ཁོས་རྒྱལ་པོར་དུད་འགྲོ་དེ་མཐོང་སོང་ཞེས་ཞུས། རྔོན་པ་ཚོས་མི་དེའི་ལམ་སྟོན་ལྟར་དུད་འགྲོ་དེ་འཚོལ་དུ་ཕྱིན་ནས་སེང་གེ་དེ་བསད་པ་དང་། དེའི་པགས་པ་རྒྱལ་པོའི་མདུན་དུ་ཁྱེར་བ་རེད། འདི་ནི་སངས་རྒྱས་ཀྱིས་སྐྱེ་བ་སྔོན་མ་མང་པོའི་ནང་གཞན་དོན་ཇི་ལྟར་བསྒྲུབས་ཡོད་པ་དང་། ཐ་ན་རང་ཉིད་ལ་བཀའ་དྲིན་བསམ་ཤེས་རྩ་ནས་མེད་མཁན་ཚོ་ལའང་ཕན་བཏགས་པའི་སྐོར་རེད།

དེ་དག་གི་སངས་རྒྱས་བཅོམ་ལྡན་འདས་སངས་མ་རྒྱས་གོང་གི་སྐྱེས་རབས་ལོ་རྒྱུས་རྣམས་རེད། ཁོང་སངས་རྒྱས་ཟིན་པའི་རྗེས་སུ་ཁོང་གིས་རང་ཉིད་ལ་གང་བྱས་ཡོད་མེད་ལ་མ་བལྟོས་པར། ཀུན་ལ་མཉམ་པར་སྔར་ལས་ལྷག་པའི་གཞན་དོན་བསྒྲུབས་ཡོད། སྔོན་ཁྱིམ་ཚང་ཕྱུག་པོ་ཞིག་ཡོད་པ་དང་དེའི་ནང་ཕྲུ་གུ་ཧ་ཅང་མདོག་ཉེས་ལ་ལྟ་ན་མི་སྡུག་པ་ཞིག་ཡོད། ཕྲུ་གུ་དེ་ཏོག་ཙམ་ཚར་ལོངས་བྱུང་བའི་སྐབས། ཁྱིམ་ཚང་གི་ནང་མིས་ཕྲུ་གུ་དེ་ཕྱི་རུ་ཁྱེར་ཕྱིན་ནས་ཤིང་ནགས་དཀྱིལ་དུ་བསྐྱུར་བཞག་པ་རེད། ཕྲུ་གུ་ཆུང་ཆུང་དེ་ཤིང་ནགས་དཀྱིལ་དུ་སེམས་ཧ་ཅང་ཞུམ་ནས་བསྡད་པ་རེད། གང་ཡིན་ཞེ་ན། ཁོ་རང་ཧ་ཅང་མདོག་ཉེས་པོ་ཞིག་ཡོད་པ་སོང་ཙང་། སོ་སོའི་ནང་མིས་ཀྱང་ཉར་འདོད་མེད་པ་དང་གཞན་སུས་ཀྱང་གསོ་སྐྱོང་བྱེད་འདོད་མེད། ཁོ་རང་འགྲོ་བ་མི་ཞིག་ཡིན་ནའང་། ཁོང་གི་ལུས་པོ་གང་དུ་བལྟས་ཀྱང་མདོག་ཉེ་ལ་ཞེ་ལོག་དགོས་པ་ཞིག་ཡོད། བྱས་ཙང་། ཁོ་རང་ཤིང་ནགས་དཀྱིལ་དུ་བསྡད་པ་དང་། ཉིན་གཅིག་ཁོ་རང་ཤིང་ནགས་སུ་སྐྱོད་བཞིན་པའི་སྐབས། ཁོ་རང་ལས་རྦད་དེ་མདོག་ཉེས་པའི་མི་ཞིག་དང་ཐུག་པ་རེད། དེ་ལྟར་ཁོ་རང་འཛམ་གླིང་ནང་གི་མདོག་ཉེས་ཤོས་དེ་མིན་པ་སོང་ཙང་། ཏོག་ཙམ་དགའ་པོ་དང་སྐྱིད་པོ་བྱུང་བ་རེད། བྱས་ཙང་། ཁོས་མི་གཞན་དེ་ལ་དབང་ཡོད་ལྟ་བུ་བྱས་ནས་རང་གི་གཡོག་པོར་བསྐོས་པ་རེད། ཁོ་རང་ལས་མདོག་ཉེས་པའི་མི་དེ་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པ་དང་། ཁོ་རང་ལ་ཕན་ཕྱིར་གཡོག་པོ་བྱས་པ་རེད། དེ་ལྟར་དུས་ཚོད་འགྲོ་བཞིན་དུ་སངས་རྒྱས་ག་ལེར་མཛེ་སྡུག་ལྡན་པ་དང་གཟུགས་བྱད་ཡག་ཏུ་ཕྱིན་པ་དང་། བུ་དེ་ལ་གདམས་ངག་གནང་ནས་མཐར་བུ་དེ་ཡང་རང་གི་ལུས་པོ་འགྱུར་བ་ཕྱིན་ནས་སྔོན་དང་འདྲ་བའི་མདོག་ཉེས་དེ་མེད་པ་ཆགས་པ་རེད།
 
འདི་ནི་སངས་རྒྱས་གཞན་གྱི་དཀའ་ངལ་དང་འཇིགས་པ་ལས་བསྐྱབ་པའི་ཐབས་ལ་མཁས་པོ་གང་འདྲ་ཡིན་པའི་དཔེ་མཚོན་ཞིག་རེད། འདི་མཚོན་པར་བྱེད་པའི་དཔེ་དང་ལོ་རྒྱུས་མང་པོ་ཡོད། སངས་རྒྱས་ཀྱིས་ཕ་རོལ་པོ་དེས་སངས་རྒྱས་ལ་རོགས་བྱས་ཡོད་མེད་ལ་མི་བལྟོས་པར། འགྲོ་བ་སེམས་ཅན་ཀུན་ལ་མཉམ་པར་རོགས་གནང་གི་ཡོད་པས། སངས་རྒྱས་ཀྱིས་རང་ལ་རོགས་བྱེད་མཁན་གཅིག་པུ་ལ་རོགས་བྱེད་པ་དང་གཞན་རང་ཉིད་ལ་གང་ཡང་བྱས་མེད་པ་རྣམས་སྣང་མེད་ཀྱིས་འདོར་མཛད་པ་དེ་འདྲ་མིན། དེར་མ་ཟད། སངས་རྒྱས་ལ་དགའ་ཞེན་དང་ཕྱོགས་ཞེན་མི་མངའ་ཞིང་། རང་གི་གྲོགས་དང་སྤུན་སོགས་ལ་ཉེ་དགའ་དང་། རང་དང་ཐག་རིང་བ་རྣམས་དྲན་པ་བརྗེད་ནས་སྣང་མེད་མཛད་པའི་ཕྱོགས་ཞེན་ཀྱང་མི་མངའ་བ་ཡིན། དེ་འདྲ་ཞིག་མིན། ཁོང་ལ་ང་ཚོ་མི་ཕལ་པ་ནང་བཞིན་དགའ་ཤོས་ཀྱི་རིགས་དེ་འདྲ་མེད་པར། སེམས་ཅན་ཐམས་ཅད་ལ་གཅིག་མཚུངས་སུ་ཐུགས་རྗེས་གཟིགས་གནང་གི་ཡོད།

དཔེ་ཆ་བཞག་ན། སངས་རྒྱས་ཉིད་ཀྱི་ཚ་བོ་ལྷས་སྦྱིན་ལྟ་བུར་མཚོན་ན། ཁོང་ནི་རྟག་ཏུ་སངས་རྒྱས་ལ་ཕྲག་དོག་ཟ་བ་དང་། འགྲན་སེམས་བྱེད་པ། རང་ཉིད་ཁ་གཏད་དུ་ལངས་ནས་ཆོས་ཁྲིད་བྱེད་པ་དང་སློབ་མ་འདུ་ཐབས་བྱེད་ཀྱི་ཡོད། དེ་ག་ནང་བཞིན་རྒྱལ་པོ་མ་སྐྱེས་དགྲ་ཞེས་བྱ་བ་ཞིག་ཀྱང་ཡོད་པ་དང་། ཁོས་རྒྱལ་སྲིད་ལ་དབང་བསྒྱུར་བྱེད་ཆེད་རང་གི་ཕ་ལྐོག་གསོད་བྱས་པ་རེད། ལྷས་སྦྱིན་དང་རྒྱལ་པོ་མ་སྐྱེས་དགྲ་གཉིས་ཀྱིས་རྟག་ཏུ་སངས་རྒྱས་ལ་གནོད་པའི་རིགས་བྱ་རྒྱུའི་འཆར་གཞི་སྒྲིག་གི་ཡོད། དཔེར་ན། སྒྱོགས་རྡོ་འཕེན་བྱེད་ཀྱི་ཡོ་བྱད་སོགས་ཡོ་ཆས་ཀྱི་རིགས་ཚང་མ་བེད་སྤྱོད་བྱས་ནས་སངས་རྒྱས་ལ་རྡོ་གཡུག་པའམ་ཕ་བོང་གཡུགས་ནས་དེང་སང་གི་མེ་སྒྱོགས་ལྟ་བུ་དངོས་པོ་ཤུགས་ཀྱིས་འཕེན་ཐུབ་པའི་ཡོ་ཆས་བེད་སྤྱོད་བྱེད་ཀྱི་ཡོད། དེ་བཞིན་དུ་སངས་རྒྱས་ལ་གནོད་པའི་ཐབས་ཤེས་སྣ་ཚོགས་བྱས་ཀྱང་། སངས་རྒྱས་ནི་ཐམས་ཅད་མཁྱེན་པ་ཡིན་ཙང་། ཐབས་ཤེས་གང་གིས་ཀྱང་གནོད་མ་ཐུབ་པ་རེད། སངས་རྒྱས་ཀྱིས་ཐ་ན་དེ་ལྟ་བུའི་ཁེངས་དྲེགས་ཅན་དེ་དག་ཐེ་བའི་སེམས་ཅན་ཀུན་ལ་མཉམ་པར་བརྩེ་བས་བསྐྱངས་ཡོད།
 
སངས་རྒྱས་ཀྱི་སྐུ་ནི་ཤིན་ཏུ་སྟོབས་ཆེ་ཞིང་། ཁོང་གི་ཕྱག་མཛུབ་གྱིས་ཐུག་ཙམ་གནང་ནས་གླང་པོ་ཆེ་ཞིག་ཀྱང་སར་སྒྱེལ་ཐུབ་པའི་ནུས་ཤུགས་དང་ལྡན་པ་ཡིན། རྒྱལ་ཁམས་དེར་གླང་ཆེན་ཧ་ཅང་ཆེན་པོ་ཞིག་ཡོད་པ་དང་། གླང་ཆེན་དེ་ཤི་བའི་སྐབས། དེའི་ཕུང་པོ་སུས་ཀྱང་འདོར་ཐུབ་ཀྱི་མེད། གང་ཡིན་ཞེ་ན། དེའི་ཚེ་དེའི་དུས་སུ་དེང་སང་ནང་བཞིན་གླང་ཆེན་གྱི་རོ་དེ་ཕྱིར་འདྲུད་ནས་འདོར་བའི་ཆེད་འཕྲུལ་ཆས་དང་འདྲུད་འཐེན་སྣུམ་འཁོར་གྱི་རིགས་དེ་འདྲ་མེད། གླང་ཆེན་ཤི་རོ་དེ་རུལ་ནས་དྲི་མ་ཧ་ཅང་ངན་པ་ཁ་བ་དང་། གཡས་གཡོན་གང་སར་ནད་ཡམས་འབྱུང་རྐྱེན་བྱེད་ཀྱི་ཡོད། དེའི་སྐབས་སངས་རྒྱས་བྱོན་ནས་ཁོང་གི་ཞབས་ཐུག་ཙམ་མཛད་ནས་གླང་ཆེན་ཤི་རོ་དེ་རྒྱག་ཐག་རིང་བའི་ས་ཁུལ་དུ་འཕངས་པ་ལྟ་བུ་རེད།

སངས་རྒྱས་ཞལ་བཞུགས་པའི་སྐབས། སྨན་པ་ཧ་ཅང་སྐད་གྲགས་ཅན་དེ་འདྲ་ཡོད་པ་དང་། དེ་དག་གི་སངས་རྒྱས་ལ་སྨན་འགའ་ཞིག་སྤྱན་འབུལ་ཞུས་ཤིང་། སངས་རྒྱས་ལ་སྐུའི་ནུས་སྟོབས་བླ་ན་མེད་པ་ཡོད་ཙང་། སྨན་པ་དེ་ཚོས་སངས་རྒྱས་ལ་སྨན་ཧ་ཅང་བཅུད་དང་ནུས་མཐུ་ཆེན་པོ་ཕུལ་གྱི་ཡོད། ལྷས་སྦྱིན་གྱིས་རྟག་ཏུ་སངས་རྒྱས་ལ་འགྲན་བསྡུར་བྱེད་ཀྱི་ཡོད་སྟབས། ཁོ་ལའང་སངས་རྒྱས་ལ་སྤྲད་པ་དེ་དང་གཅིག་པ་གཅིག་རྐྱང་སྨན་ཐུན་ཞིག་དགོས། སངས་རྒྱས་ཀྱིས་ག་ཚོད་ནུས་མཐུ་ཆེ་བའི་སྨན་བཞེས་ཐུབ་པ་ནང་བཞིན་ང་རང་ཡང་བཟའ་འདོད་ཡོད་ཅེས་ཨུ་ཚུགས་བྱས་པས། སྨན་པ་ཚོས་ལྷས་སྦྱིན་ལ་སངས་རྒྱས་ནི་སྟོབས་དང་ནུས་པ་བསམ་གྱིས་མི་ཁྱབ་པ་སོང་ཙང་། ཁོང་གིས་བཞེས་ཐུབ། འོན་ཀྱང་ཁྱེད་དེ་ལྟའི་ནུས་ཤུགས་རྩ་ནས་མེད་པས་བཞེས་མི་ཐུབ་ཅེས་བརྗོད།

དེ་ལ་ལྷས་སྦྱིན་སྤྲོ་ལངས་ཏེ་རྩ་ནས་མ་ཉན་པར། སྨན་ཐུན་དེ་ཁོས་བཟའ་ཐུབ་ཅེས་ཨུ་ཚུགས་མུ་མཐུད་བྱས་པས། སྨན་པ་ཚོས་མཐར་ནམ་རྒྱུན་མི་དཀྱུས་མ་ཚོར་སྤྲོད་པའི་སྨན་ཐུན་ལས་ནུས་མཐུ་ཆེ་བའི་སྨན་ཐུན་ཞིག་མ་སྤྲད་ཀ་མེད་ཆགས་པ་རེད། ལྷས་སྦྱིན་གྱིས་དེ་བཟས་པས་སྨན་ཧ་ཅང་ཤུགས་ཆེ་དྲགས་པའི་རྐྱེན་གྱིས་ཉེན་ཚབས་ཅན་གྱི་ནད་ཀྱིས་མནར་ནས་ཤི་ལ་ཐུག་པ་རེད། ལྷས་སྦྱིན་ནད་རོ་ལྟ་བུར་གྱུར་ནས་མར་ཉལ་ནས་སྒྲེ་ལོག་རྒྱག་པ་དང་འཁུན་སྒྲ་འདོན་བཞིན་ཡོད། ལྷས་སྦྱིན་ཕར་གཅུ་ཚུར་གཅུ་བྱེད་ས་དེར་སངས་རྒྱས་ཕེབས་ནས། “གལ་ཏེ་ངས་ང་རང་གི་བུ་སྒྲ་གཅན་འཛིན་དང་ཁྱེད་གཉིས་ཀྱི་བར་ལ་ཚོར་བའི་ཐོག་ནས་ཁྱད་པར་རྩ་ནས་བྱེད་ཀྱི་མེད་ན། ཁྱེད་ཀྱིས་རྟག་ཏུ་ང་ལ་གནོད་ཐབས་དང་འགྲན་ཐབས་བྱེད་ཀྱི་ཡོད་པ་དང་། རྟག་ཏུ་གནོད་འཚེ་ཅན་ཞིག་རེད། གལ་ཏེ་ངས་ང་རང་གི་བུ་སྒྲ་གཅན་འཛིན་དང་ཁྱེད་གཉིས་ཀྱི་བར་ལ་བསམ་བློའི་ཁྱེར་ཕྱོགས་ཀྱི་ཐོག་ནས་ཁྱད་པར་རྩ་ནས་མེད་ན། ཁྱེད་རང་དྲག་པ་ཤོག” །ཅེས་གསུངས་ནས་ཕྱག་ལྷས་སྦྱིན་གྱི་མགོ་བོའི་སྟེང་དུ་བཞག་པས། ལྷས་སྦྱིན་ནད་ལས་དྲགས་པ་རེད། ནད་ལས་དྲགས་པ་དང་ཁོས་མིག་གིས་སངས་རྒྱས་ལ་ཡར་བལྟས་ནས། ད་དུང་ཡང་ཁོས། “ཁྱེད་ཀྱི་ལག་པ་བཙོག་པ་དེ་ངའི་མགོ་བོའི་སྟེང་ཕར་ཁྱེར་དང་” ཞེས་བརྗོད་པ་དེ་རེད།
 
བྱས་ཙང་། སངས་རྒྱས་ལ་ཉེ་དགའ་ཕྱོགས་ཞེན་མེད་ཅིང་། གཞན་གྱིས་རང་ལ་ག་ཚོད་གནོད་འཚེ་བྱས་ཡོད་ནའང་། ད་དུང་ཁོང་གིས་གཞན་དོན་བསྒྲུབ་ཀྱི་ཡོད། དེ་ལྟ་བུའི་གང་ཟག་སངས་རྒྱས་ཀྱི་གོ་འཕང་བརྙེས་པ་ཁོ་ནས་ཁྱེད་ལ་མི་ཚེའི་ནང་སྐྱབས་གནས་ཡང་དག་དང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་ཞིག་སྟོན་གྱི་ཡོད། དེར་བརྟེན་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད། ཁྱེད་ཀྱིས་དེ་དག་གི་སྐོར་ལ་གཞུང་སྣ་ཚོགས་པར་སློབ་གཉེར་བྱས་ནས་ཤེས་ཐུབ། ཁྱེད་ཀྱིས་དེ་དག་གི་སྐོར་ལ་ཇི་ཙམ་གྱིས་མང་བ་ཤེས་པ་དེའི་ཚོད་ཀྱིས་ཁྱེད་ཀྱི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་དངོས་སུ་སྟོན་མཁན་གྱི་སངས་རྒྱས་ལ་ཡིད་ཆེས་པའི་དད་པ་དང་གུས་ཞབས་སྐྱེ་གི་རེད།

སངས་རྒྱས་ཀྱི་སྐུ་མི་འདྲ་བ་སྣ་ཚོགས་པ་ཡོད་པ་ལས། ང་ཚོས་ཆོས་ཀྱི་སྐུ་དང་། གཟུགས་སྐུ་སྣ་ཚོགས་པ། ལོངས་སྐུ། དེ་བཞིན་སྤྲུལ་སྐུ་སྣ་ཚོགས་པའི་སྐོར་བཤད་ཟིན་པ་རེད། དེ་དག་གི་སྐོར་ཡང་བསྐྱར་ཤོད་མི་དགོས། ཁྱེད་ཀྱིས་སངས་རྒྱས་ཟེར་བ་དེ་གང་ཡིན་པ་དངོས་གནས་ངོ་ཤེས་ཐུབ་སྟེ། དཔེར་ན། ༧གོང་ས་༧སྐྱབས་མགོན་ཆེན་པོ་ལྟ་བུ་ལ་བསམ་བློ་བཏང་ནས་ངོ་འཕྲོད་པར་བྱེད་ཐུབ།

གཞན་ཡང་སངས་རྒྱས་ཀྱི་མཚོན་དོན་སྣ་ཚོགས་པ་ཚང་མ་ངོས་འཛིན་དང་དེ་དག་ལ་བལྟ་དགོས་རྒྱུ་གལ་ཆེ་སྟེ། དཔེར་ན། རི་མོར་བྲིས་པའི་སྐུ་དང་། སྐུ་འདྲ་སོགས་ལ་གུས་ཞབས་ཆེན་པོའི་སྒོ་ནས་ངོས་འཛིན་བྱེད་དགོས། ཐ་ན་ཁྱེད་ཀྱི་སེན་མོ་ཙམ་གྱི་སྐུ་འདྲ་ཆུང་ངུ་ཞིག་ཡིན་ནའང་། དེ་ལ་སངས་རྒྱས་དངོས་སུ་འདུ་ཤེས་དང་བཅས་ཚོར་དགོས། གང་ཡིན་ཟེར་ན། ཁྱེད་ཀྱིས་ཆོས་ཀྱི་ལམ་དངོས་སུ་རང་རྒྱུད་ལ་སྐྱེད་པའི་སྐབས། ཁོང་ཚོས་ཁྱེད་ལ་གསུང་བྱོན་གྱི་རེད། སེམས་ཀྱི་ལམ་དེ་ལ་དབྱེ་བ་ལྔ་ཡོད་དེ། དེ་དག་ལས་དང་པོ་ནི། ཚོགས་ལམ་སྟེ། འདི་ལ་ནང་གསེས་དབྱེ་ན་གསུམ་སྟེ། ཚོགས་ལམ་ཆེ་འབྲིང་ཆུང་གསུམ་རེད། ཁྱེད་ཀྱིས་ཚོགས་ལམ་ཆེན་པོ་ཐོབ་པའི་སྐབས། དེའི་ཚེ་ཁྱེད་ཀྱིས་སངས་རྒྱས་ཡིན་པར་དངོས་སུ་ངོས་འཛིན་བྱས་པའི་སངས་རྒྱས་ཀྱི་མཚོན་དོན་སྣ་ཚོགས་པ་དེ་དག་ཐམས་ཅད་ནས་ཆོས་འཐོབ་ཐུབ་པ་ཡོང་གི་ཡོད། ཁོང་ཚོས་དངོས་སུ་གསུང་བྱོན་གནང་གི་ཡོད། དེར་བརྟེན་མཚོན་དོན་དེ་དག་ཐམས་ཅད་སངས་རྒྱས་དངོས་ཡིན་པའི་འདུ་ཤེས་དང་ངོས་འཛིན་སྐྱེད་དགོས་རྒྱུ་གལ་ཆེན་པོ་ཡིན། ཁྱེད་ཀྱིས་སངས་རྒྱས་སུ་ངོས་བཟུང་བའི་མཚོན་དོན་སྣ་ཚོགས་པ་དེ་དག་དང་མཇལ་བ་དེ་སངས་རྒྱས་སྐུ་དངོས་སུ་མཇལ་བ་ལས་ཀྱང་ཕན་ཡོན་ཆེ་བ་ཡོད་ཅེས་གསུངས་ཡོད།

ཆོས་དཀོན་མཆོག་དང་དགེ་འདུན་དཀོན་མཆོག

དེ་ཡང་། ཆོས་དཀོན་མཆོག་ལ་མཚོན་ན། དེ་ནི་སངས་རྒྱས་ཀྱི་ཐུགས་རྒྱུད་དུ་མངའ་བའི་ཡོན་ཏན་དངོས་རྣམས་ཡིན་པ་དང་། དེ་དག་ནི་ཆོས་ལ་སྐྱབས་སུ་འགྲོ་བའམ་ཆོས་དཀོན་མཆོག་ཅེས་ཟེར། ཁྱེད་རང་ཉམས་ལེན་བྱེད་བཞིན་པའི་སྐབས་སུ་དཔེ་ཆ་སྣ་ཚོགས་པར་བལྟ་ཀློག་བྱེད་ཆོག །དེ་དག་ཐམས་ཅད་ཐུགས་ཀྱི་ཡོན་ཏན་དེ་དག་ལས་ཆོས་དཀོན་མཆོག་གི་ཚུལ་དུ་བྱུང་བ་ཡིན།
 
དགེ་འདུན་དཀོན་མཆོག་ལ་མཚོན་ན། དེ་ནི་དགེ་འདུན་གྱི་སྡེ་སྟེ། དོན་ངོ་མར་འཕགས་པའི་དགེ་འདུན་རྣམས་ལ་གོ་དགོས། འཕགས་པ་རྣམས་ནི་ཐར་པའི་གོ་འཕང་ཐོབ་ནས་དངོས་པོའི་གནས་ལུགས་མཐོང་མཁན་རྣམས་ཡིན། ཐ་ན་དངོས་པོའི་གནས་ལུགས་དེ་རྟོག་མེད་ཀྱི་སྒོ་ནས་རྟོགས་མཁན་གྱི་ཁྱིམ་པ་ཞིག་ཡིན་ནའང་། དེ་ནི་དགེ་འདུན་དཀོན་མཆོག་ཆགས་ཀྱི་ཡོད། གང་ཡིན་ཞེ་ན། གང་ཟག་དེ་ནི་འཕགས་པའི་དགེ་འདུན་གྱི་སྡེའི་རིམ་པའི་ཁོངས་སུ་ཞུགས་པས་ཕྱིར།
 
འཕགས་པའི་དགེ་འདུན་དཀོན་མཆོག་གིས་གང་མཚོན་གྱི་ཡོད་ཅེ་ན། དགེ་འདུན་གྱི་འདུས་སྡེ་ཉུང་མཐའ་ཡང་དགེ་འདུན་བཞིས་དགེ་བའི་དམིགས་ཡུལ་གྱི་ཕྱོགས་སུ་འབད་བརྩོན་བྱེད་བཞིན་པ་དགོས། གལ་ཏེ་དགེ་འདུན་གཅིག་གམ་གཉིས་ལས་མེད་ན། དེ་ནི་དགེ་འདུན་ནམ་འདུས་སྡེ་ལ་ཆ་འཇོག་བྱེད་མི་ཐུབ་པར། དེ་ནི་དགེ་འདུན་གཅིག་གམ་གཉིས་ཁོ་ནར་ཆ་འཇོག་བྱེད་ཐུབ་པ་ཡིན།

དཀོན་མཆོག་གསུམ་པོ་རེ་རེའི་སོ་སོ་བའི་འགན།

སངས་རྒྱས་རྣམས་ནི་ཁྱེད་ཀྱིས་སྐྱབས་སུ་འགྲོ་བའི་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་དངོས་སུ་སྟོན་མཁན་ཡིན། དཔེར་ན། ང་ཚོར་མི་དགེ་བ་བཅུ་སྤོང་དགོས་པ་དང་དགེ་བ་བཅུ་ཉམས་སུ་བླང་དགོས་པའི་གདམས་ངག་གནང་མཁན་དེ་རེད། དེ་ནས་སྐྱབས་འགྲོ་དངོས་ནི། མི་དགེ་བ་བཅུ་སྤོང་དང་དགེ་བ་བཅུ་བསྒྲུབ་པའི་བཟང་སྤྱོད་ཀྱི་ཚུལ་ཁྲིམས་བསྲུང་རྒྱུ་དེ་ཡིན། དེ་ནི་སངས་རྒྱས་ཀྱིས་གང་གསུངས་པ་དེ་ཡིན་པ་དང་། བཟང་སྤྱོད་ཀྱི་ཚུལ་ཁྲིམས་དེ་རང་གི་སེམས་རྒྱུན་དུ་དངོས་སུ་སྐྱེད་པ་ནི་སྐྱབས་འགྲོ་ངོ་མ་དེ་ཡིན། དགེ་འདུན་གྱི་སྡེ་ནི་དེའི་ཟླ་གྲོགས་སུ་འགྱུར་བ་སྟེ། སྐྱབས་སུ་འགྲོ་བར་བརྩོན་པའི་སྐབས་ཁྱེད་ལ་རོགས་བྱེད་མཁན་དེ་རེད།
 
སྔོན་གྱི་དུས་སུ་ལྷའི་བུ་ས྄ཐིར་མ་ཏིའམ་བློ་གྲོས་བརྟན་པ་ཟེར་བ་ཞིག་གི་ལོ་རྒྱུས་ཤིག་ཡོད། དེས་ཁྱེད་རྣམས་ཀྱིས་དཀོན་མཆོག་གསུམ་པོའི་དབར་གྱི་ཁྱད་པར་དེ་རྟོགས་པར་ཕན་གྱི་རེད། ཐེངས་ཤིག་སུམ་ཅུ་རྩ་གསུམ་གྱི་ལྷའི་ཡུལ་དུ་ལྷའི་བུ་བློ་གྲོས་བརྟན་པ་ཟེར་བ་ཞིག་ཡོད། ལྷའི་ཡུལ་དེའི་ནང་ས་དང་གཞན་ཐམས་ཅད་རིན་པོ་ཆེ་དང་ནོར་བུ་སྣ་ཚོགས་ཀྱིས་ཁེངས་ནས་ཡོད་པས་ཧང་སངས་དགོས་པའི་མཛེས་ཤིང་ལྟ་ན་སྡུག་པ་ཡོད། བྱས་ཙང་། ལྷའི་བུ་དེ་མི་ཚེ་གང་པོར་མཛེས་ཤིང་ལྟ་ན་སྡུག་ལ་ཡིད་དབང་འཕྲོག་པའི་ནོར་བུ་རིན་པོ་ཆེ་དེ་དག་གིས་བསྐོར་ནས་ཡོད་ཙང་། ཧ་ཅང་སྐྱིད་པོ་དང་སེམས་འཁྲལ་རྩ་ནས་མེད།
 
འོན་ཀྱང་ལྷ་ཡུལ་དུ་འཆི་ཁར་ཁྱེད་རང་འཆི་རྒྱུ་ཡིན་པའི་རྟགས་མཚན་སྣ་ཚོགས་པ་འབྱུང་གི་ཡོད། ཁྱེད་ལ་རྟགས་མཚན་དེ་དག་འབྱུང་བའི་སྐབས། སྡུག་བསྔལ་ཧ་ཅང་ཆེན་པོ་མྱོང་གི་ཡོད། རྟགས་དང་མཚན་མ་དེ་དག་ཇི་ལྟར་འབྱུང་གི་ཡོད་དམ་ཞེ་ན། དཔེར་ན། ལྷ་དེ་དག་ཐམས་ཅད་ཀྱིས་རང་གི་སྐེ་ལ་མེ་ཏོག་གི་ཕྲེང་བ་གྱོན་པ་དང་། མེ་ཏོག་དེ་དག་ཀྱང་རྟག་ཏུ་གསོན་ཉམས་དོད་པོ་དང་དྲི་ཞིམ་པོར་གནས་ཀྱི་ཡོད། འོན་ཀྱང་ཁོང་ཚོ་མ་ཤི་བའི་བདུན་གཅིག་གམ་ཉིན་མ་བདུན་གྱི་སྔོན་ལ་མེ་ཏོག་གི་ཕྲེང་བ་དེ་དག་གློ་བུར་དུ་རྙིད་འགོ་བཙུགས་ནས་དྲི་ངན་ཁ་གི་ཡོད། དེ་ག་ནང་བཞིན་ལྷ་རྣམས་ལ་རྟག་ཏུ་དྲི་ཞིམ་པོ་ཁ་ནའང་། འཆི་ཁར་དྲི་མ་ངན་པ་ཁ་འགོ་བཙུག་གི་ཡོད། དེའི་སྐབས་སུ་ཁྱེད་དང་མཉམ་དུ་ནམ་རྒྱུན་རྩེད་མོ་རྩེ་མཁན་དང་དུས་ཚོད་མཉམ་དུ་སྐྱེལ་མཁན་གྱི་གྲོགས་པོ་ལྷ་དང་ལྷ་མོ་སུས་ཀྱང་ཁྱེད་ལ་ཁ་ཡ་མི་བྱེད་ཅིང་། ཁྱེད་ཀྱི་འགྲམ་དུའང་ཡོང་གི་མེད། ལྷ་རྣམས་ཀྱི་ཁྲོད་དུ་འགའ་ཞིག་ནི་གཞན་ལས་ཏོག་ཙམ་བརྟན་པའི་གྲོགས་པོ་དེ་འདྲ་ཡོད་ཀྱང་། དེ་དག་ཀྱང་མང་ཆེ་བས་ཁྱེད་ལ་ཐག་རིང་པོ་ནས་བལྟས་ཏེ་སྣང་མེད་གཏོང་གི་ཡོད། ཁོང་ཚོས་རོགས་པ་གང་ཡང་བྱེད་ཀྱི་མ་རེད།
 
དེར་མ་ཟད། ཁྱེད་རང་ལྷ་ཡུལ་ཞིག་གི་ནང་འཆི་ཁར་ཁྱེད་ཀྱིས་བསགས་པའི་དགེ་བའི་ནུས་པ་གང་ཡོད་པ་ཐམས་ཅད་འཛད་འགྲོ་བ་དང་། ཁྱེད་ཀྱིས་ད་དུང་སྐྱེ་བ་རྗེས་མ་དེ་གང་དུ་ལྷུང་རྒྱུ་ཡིན་པའང་མཐོང་ཐུབ་ཀྱི་ཡོད། ལྷ་རྣམས་ལ་ཡོད་པའི་སྔ་ལྟས་ཀྱི་མཐོང་ཤུགས་དེ་ལྟ་བུ་ནི་མངོན་ཤེས་དང་འདྲ་པོ་ཡོད། བྱས་ཙང་། ལྷའི་བུ་བློ་གྲོས་བརྟན་པ་ལའང་དེ་ལྟ་བུའི་འཆི་རྒྱུ་ཡིན་པའི་རྟགས་མཚན་རྣམས་བྱུང་ཞིང་། ཁོང་དང་པོ་དམྱལ་བར་སྐྱེ་རྒྱུ་ཡིན་པ་དང་། དེའི་རྗེས་སུ་ཕག་པ་ཞིག་གི་སྐྱེ་བ་ལེན་རྒྱུ་ཡིན་པ་མཐོང་ཐུབ་ཀྱི་ཡོད། དེ་འདྲའི་སྐབས་སུ་མྱོང་བའི་སེམས་ཀྱི་གདུང་བ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡོད། དམྱལ་བའི་ནང་ལུས་ཀྱི་སྡུག་བསྔལ་དང་གདུང་བ་གང་ཡོད་པ་ནི་ལུས་ཀྱི་སྡུག་བསྔལ་ཀུན་ལས་ཆེ་ཤོས་དེ་ཡིན། འོན་ཀྱང་སེམས་ཀྱི་སྡུག་བསྔལ་དང་གདུང་བ་ལ་གཞིགས་ན། ལྷ་རྣམས་མ་ཤི་སྔོན་དུ་ཡོད་པའི་སྔ་ལྟས་ཀྱི་མཐོང་ཤུགས་དེ་འདྲ་ཡོད་པའི་སྐབས། ལྷ་ལས་སྡུག་བསྔལ་ཆེ་བ་སུས་ཀྱང་མྱོང་གི་མེད།
 
བློ་གྲོས་བརྟན་པས་སྡུག་བསྔལ་དེ་དག་བཟོད་མ་ཐུབ་པར། ཁོང་ལྷའི་དབང་པོའི་མདུན་དུ་བཅར་ནས། “ང་རང་ཧ་ཅང་སྡུག་བསྔལ་མྱོང་མཁན་ཞིག་ཡིན། ང་རང་ལ་བསྒུག་བཞིན་པའི་སྐྱེ་བ་མཐོང་དུས་གདུང་བས་མནར་གྱི་འདུག །ཁྱེད་ཀྱིས་རོགས་ཤིག་གནང་ཐུབ་བམ། འདི་ལས་ཐར་བའི་ཐབས་ལམ་ཞིག་ཡོད་དམ། ཐུགས་རྗེས་གཟིགས།” ཞེས་ཞུས་པས། ལྷའི་དབང་པོས། “མེད། ང་ལ་ཐབས་ལམ་གང་ཡང་མེད། ངས་རོགས་བྱེད་མི་ཐུབ། ཡིན་ནའང་ངས་ཁྱེད་རང་སངས་རྒྱས་ཀྱི་མདུན་དུ་འཁྲིད་ཆོག །ཁོང་ལ་བཀའ་འདྲི་ཞུ་ན་འགྲིགས།” ཞེས་བརྗོད། བྱས་ཙང་། ཁོང་གཉིས་སངས་རྒྱས་ཀྱི་མདུན་དུ་བཅར་བ་དང་། སངས་རྒྱས་ཀྱིས་ལྷའི་བུ་བློ་གྲོས་བརྟན་པ་ལ། ཁྱེད་ཀྱིས་ཡི་དམ་གྱི་ལྷ་མོ་རྣམ་རྒྱལ་མ་ཉམས་ལེན་བྱེད་དགོས་ཞེས་གསུངས།

རྣམ་རྒྱལ་མ་ནི་ལྷ་མོ་ཞིག་ཡིན་པ་དང་ཞལ་གསུམ་ཕྱག་བརྒྱད་དང་ལྡན་ཞིང་། ཞལ་དཀྱིལ་དེ་དཀར་པོ་དང་། གཡས་དེ་སེར་པོ། གཡོན་དེ་སྔོན་པོ་ཡིན། ཕྱག་བརྒྱད་ལས་གཅིག་ལ་རྡོ་རྗེ་རྒྱ་གྲམ་འཛིན་པ་དང་གཞན་ལ་ཞགས་པ་འཛིན་པ། དེའི་རྗེས་ཀྱི་ཕྱག་གསུམ་ལས། གཡས་པའི་ནང་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་དང་། དེ་མཚམས་ཀྱི་ཕྱག་ཏུ་མདའ། དེའི་འོག་གི་ཕྱག་གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། ཕྱག་གཡོན་པ་དང་པོས་ཞགས་པ་བསྣམས་ཤིང་། སྙིང་ཁར་སྡིག་འཛུབ་ཀྱི་ཕྱག་རྒྱ་བཅས་པ་དང་། དེའི་རྗེས་ཀྱི་ཕྱག་གཡོན་པའི་དང་པོ་གཞུ་འཛིན་པ། དེ་ནས་མཆོག་སྦྱིན་གྱི་ཕྱག་རྒྱ། དེའི་འོག་གི་གཡོན་ཕྱོགས་ཕྱག་བཞི་པའི་ནང་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པའི་སྟེང་ན་བདུད་རྩིས་གང་བའི་བུམ་པ་དང་བཅས་པ། སངས་རྒྱས་ཀྱིས་ལྷའི་བུ་དེ་ལ་ལྷ་མོ་རྣམ་རྒྱལ་མ་བསྒོམས་ནས་དེའི་ཆོ་གའི་རིགས་ཚང་མ་བྱེད་དགོས་ཞེས་གསུངས།

ཉམས་ལེན་འདིའི་ཆེད་དུ་ཐང་གའི་ནང་གི་ལྷ་གཙོ་བོ་དེའི་གཡས་ཀྱི་ཟླ་སྟེང་དུ་བཞུགས་པ་དེ་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཅན་དང་། ཕྱག་གཡས་སུ་རྔ་ཡབ་དཀར་པོ་བསྣམས་པ་དང་ཕྱག་གཡོན་དུ་པདྨ་དཀར་པོ་བསྣམས་པ། དེའི་གཡོན་གྱི་ཉི་མའི་སྟེང་དུ་ཕྱག་ན་རྡོ་རྗེ་བཞུགས་པ་དང་། ཕྱག་གཡས་སུ་རྔ་ཡབ་བསྣམས་པ་དང་ཕྱག་གཡོན་དུ་ཨུཏྤལ་སྔོན་པོ་རྡོ་རྗེའི་རྟགས་ཅན་ཞིག་བསྣམས་པ། དེའི་ཤར་ཕྱོགས་མདུན་ངོས་སུ་ཁྲོ་བོ་སྐུ་མདོག་སྔོན་པོ་མི་གཡོ་བ་བཞུགས་ཤིང་། ཕྱག་ཏུ་རྡོ་རྗེ་བསྣམས་པ། དེའི་གཡས་ཕྱོགས་ཀྱི་ལྷོ་ངོས་སུ་ཁྲོ་བོའི་ལྷ་འདོད་པའི་རྒྱལ་པོ་ཕྱག་ཏུ་ནོར་བུ་བསྣམས་པ་བཞུགས་ཡོད། དེའི་རྒྱབ་ལ་ཁྲོ་བོའི་ལྷ་གཞན་ཞིག་སྟེ། ཁྲོ་བོ་དབྱུག་པ་སྔོན་པོ་བཞུགས་པ་དང་། ཕྱག་ཏུ་དབྱུག་པ་སྔོན་པོ་འཕྱར་བ། དེའི་བྱང་ངོས་ཀྱི་གཡོན་དུ་ཁྲོ་བོའི་ལྷ་སྟོབས་པོ་ཆེ་བཞུགས་པ། ཕྱག་ཏུ་མདུང་རྩེ་གསུམ་པ་བརྣམས་ཡོད། དེའི་སྒང་གི་ལྷ་གཉིས་ཀྱིས་རིན་པོ་ཆེ་ལས་གྲུབ་པའི་བུམ་པ་བདུད་རྩིས་གང་བ་དེ་མར་བླུགས་ནས་ཁྲུས་གནང་བཞིན་པ་བཅས་དེ་དག་ནི་གཙུག་ཏོར་རྣམ་རྒྱལ་ལྷ་དགུའི་སྐོར་དེ་རེད།
 
ལྷའི་བུ་བློ་གྲོས་བརྟན་པས་གཙུག་ཏོར་རྣམ་རྒྱལ་མའི་ལྷ་དགུའི་ཆོ་ག་ཡོངས་སུ་རྫོགས་པ་བྱས་ནས་སྐྱེ་བ་རྗེས་མ་ཕག་པའི་སྐྱེ་བ་བླང་རྒྱུའི་མི་དགེ་བའི་ནུས་པ་ཚང་མ་དག་པ་རེད། དེར་མ་ཟད། ཁོས་དགེ་བའི་ནུས་པ་རླབས་པོ་ཆེ་བསགས་པས། དེའི་འབྲས་བུར་དགའ་ལྡན་ལྷའི་ཡུལ་དུ་སྐྱེ་བ་བླངས་པ་རེད། དགའ་ལྡན་ནི་སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་ལས་ཀྱང་མཐོ་བ་ཡིན། སྤྱིར་བཏང་ལྷ་རྣམས་ལ་རང་ལས་དམའ་བའི་ཁམས་རྣམས་མཐོང་བའི་མངོན་ཤེས་ཡོད་ནའང་། ཁོང་ཚོ་ལས་མཐོ་བའི་ཁམས་རྣམས་མཐོང་བའི་ནུས་པ་མེད། དེར་བརྟེན་ལྷའི་དབང་པོའམ་རྒྱལ་པོ་དང་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དབང་བསྒྱུར་བྱེད་མཁན་གྱིས་ལྷའི་བུ་དེ་ཁོ་རང་ལས་མཐོ་བའི་དགའ་ལྡན་དུ་སྐྱེ་བ་བླངས་ཡོད་པ་དེ་ཤེས་མ་ཐུབ་པ་རེད། བྱས་ཙང་། ཁོས་སངས་རྒྱས་ལ་ལྷའི་བུ་བློ་གྲོས་བརྟན་པ་དེ་གང་དུ་སྐྱེ་བ་བླངས་ཡོད་ཅེས་བཀའ་འདྲི་ཞུས་པ་སོང་ཙང་། ལྷའི་བུ་དེ་འཚོལ་བར་སངས་རྒྱས་ལ་བརྟེན་དགོས་བྱུང་ཡོད་པ་དང་སངས་རྒྱས་ཀྱིས་མཁྱེན་གྱི་ཡོད།

ཁྱེད་ཀྱིས་དཔེ་མཚོན་འདི་ནས་ཤེས་གསལ་ལྟར། སངས་རྒྱས་ཀྱིས་སེམས་ཅན་མི་འདྲ་བ་སྣ་ཚོགས་པར་ཆོས་གསུང་ཐུབ་པའི་ནུས་པ་དང་ལྡན་ཞིང་། དེ་ལ་བརྟེན་ནས་ང་ཚོས་དམྱལ་བར་མི་སྐྱེ་བ་བྱེད་ཐུབ། དེར་བརྟེན་སངས་རྒྱས་ནི་ང་ཚོར་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་སྟོན་མཁན་ཁོ་ན་དེ་ཡིན་པ་དང་། ཁོང་གིས་དཀའ་སྡུག་ཅན་གྱི་གནས་སྟངས་དེ་དག་ལས་སྐྱབས་ཐུབ་པ་དང་། དཔེ་མཚོན་འདིའི་ནང་བཀོད་པ་ལྟར། ཡི་དམ་གྱི་ལྷ་མོ་གཙུག་ཏོར་རྣམ་རྒྱལ་མའི་ཉམས་ལེན་སྣ་ཚོགས་བྱེད་པ་ལ་བརྟེན་ནས་ལྷའི་བུ་བློ་གྲོས་བརྟན་པ་ལྟ་བུའང་དམྱལ་བར་སྐྱེ་བ་ལས་ཐར་ཐུབ་ཡོད། དགེ་འདུན་གྱི་སྡེ་ལ་མཚོན་ན། སྐྱབས་གྲུབ་པའི་ཟླ་གྲོགས་ཡིན་པའི་ཆ་ནས། དཔེ་མཚོན་དེའི་སྐབས་སུ་ལྷའི་དབང་པོ་ལྟ་བུས་ལྷའི་བུ་དེ་ལ་རོགས་བྱས་པ་སོང་ཙང་། སྐྱབས་གྲུབ་པའི་ཟླ་གྲོགས་རེད། ལྷའི་དབང་པོའི་གྲོགས་ལ་བརྟེན་ནས་སངས་རྒྱས་མཇལ་བ་དང་ཐབས་ལམ་དེ་དག་རྟོགས་ཐུབ་པ་བྱུང་ཡོད།

སྐྱབས་འགྲོ་ཉམས་ལེན།

ཁྱེད་ཀྱིས་སྐྱབས་སུ་འགྲོ་བའི་ཕན་ཐོགས་ཅན་གྱི་གོམས་གཤིས་འདི་རང་རྒྱུད་ལ་སྐྱེད་ཚུལ་ནི། དཔེར་ན། རང་གི་མདུན་དུ་སངས་རྒྱས་ཀྱི་སྐུའི་རྣམ་པ་ཞིག་དམིགས་རྣམ་དུ་བྱས་ནས། “བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །” ཞེས་བསྐྱར་ཟློས་བྱེད་དགོས། དེ་ལྟར་ཐེངས་གསུམ་བསྐྱར་ཟློས་བྱས་ཏེ། ཁྱེད་ཀྱིས་མདུན་དུ་དམིགས་རྣམ་བྱས་པའི་སངས་རྒྱས་དེ་ལས་འོད་ཟེར་དང་བདུད་རྩི་བྱུང་བ་དང་། དེས་ཁྱེད་རང་གཙོས་པའི་འཁོར་དུ་གྱུར་བའི་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དག་པ་བསམ་དགོས། དེ་ནི་ཁྱེད་ཀྱིས་སྐྱབས་འགྲོ་དངོས་ཉམས་ལེན་བྱེད་སྟངས་ཤིག་རེད།

གལ་ཏེ་ཁྱེད་ཀྱིས་བླ་མའམ་དགེ་བའི་བཤེས་གཉེན་ལ་སྐྱབས་སུ་མཆིའོ། །ཞེས་ཐེངས་བདུན་བསྐྱར་ཟློས་བྱས་པའི་དབང་དུ་བཏང་ན། ཐེངས་བདུན་གྱི་བསྐྱར་ཟློས་ནང་། སངས་རྒྱས་ཀྱི་སྐུ་ལས་འོད་འཕྲོས་ནས་རང་ཉིད་ཀྱི་ལུས་ལ་འཐིམ་པ་དང་། རང་ཉིད་ཀྱི་ལུས་དེ་འོད་ཀྱིས་གང་ནས་སྡིག་པ་ཡོངས་སུ་དག་པ། ལུས་ཀྱི་མི་དགེ་བའི་ལས་གང་བསགས་པ་ལ་བརྟེན་ནས་བྱུང་བའི་མི་དགེ་བའི་ནུས་པ་ཚང་མ་སེལ་བར་བསམ་དགོས། མི་དགེ་བའི་ནུས་པ་དང་། སྒྲིབ་པ། བར་ཆད་སོགས་ཁྱེད་རང་ལས་ཕྱིར་འདོན་བཞིན་པའི་སོལ་བ་ནག་པོ་དང་གཤེར་གཟུགས་ཀྱི་རྣམ་པ་དང་འདྲ་བའི་དུ་དྲེག་མཐའ་དག་མེད་པ་ཆགས་པ་སྟེ། དཔེར་ན། འཐུང་ཆུ་ཧ་ཅང་བཙོག་པ་ལྟ་བུ། ཁྱེད་ཀྱིས་གྱོན་ཆས་ཧ་ཅང་བཙོག་པ་འགའ་ཞིག་བཀྲུས་པའི་རྗེས་སུ་དེ་ལ་ཧ་ཅང་བཙོག་པ་དང་ནག་པོ་ཅན་ལྷག་པ་ནང་བཞིན་རེད། བྱས་ཙང་། མི་དགེ་བའི་ནུས་པ་དེ་དག་ཐམས་ཅད་རྣམ་པ་དེ་འདྲའི་སྒོ་ནས་རང་གི་ལུས་པོ་བཞག་ནས་མེད་པ་ཆགས་ཀྱི་ཡོད་པ་བསམ་དགོས། དེ་ག་ནང་བཞིན་འདས་པའི་དུས་སུ་རང་གིས་མི་དགེ་བའི་བྱ་སྤྱོད་སྣ་ཚོགས་བྱས་པའི་འབྲས་བུ་ལ་བརྟེན་ནས་རང་གི་ལུས་ལ་འབགས་བཙོག་སྣ་ཚོགས་ཡོད་སྲིད་པ་ཐམས་ཅད་བཤང་བ་དང་། གཅིན་པ། སྣབས་ལུད་སོགས་ཀྱི་རྣམ་པས་རང་གི་ལུས་བཞག་ནས་འགྲོ་གི་ཡོད་པ་བསམ་དགོས། མཐར་རང་ཉིད་ལ་ཡོད་སྲིད་པའི་ནད་ཀྱི་རིགས་སྣ་ཚོགས་པ་དང་དཀའ་ངལ་གྱི་རིགས་རྣམས་སྦྲུལ་དང་། སྡིག་པ་ར་ཙ། སྡོམ། སྦལ་པ་བཅས་ཀྱི་རྣམ་པས་རང་གི་ལུས་བཞག་ནས་འགྲོ་གི་ཡོད་པ་བསམ་དགོས།

དེ་ནས་ཁྱེད་ཀྱིས་བསྐྱར་ཟློས་ཐེངས་བདུན་གྱི་གཉིས་པ་དེ་བྱེད་པའི་སྐབས། “བླ་མའམ་དགེ་བའི་བཤེས་གཉེན་རྣམས་ལ་སྐྱབ་སུ་མཆིའོ། །” ཞེས་མུ་མཐུད་དེ་བསྐྱར་ཟློས་བྱེད་དགོས། སླར་ཡང་འོད་འཕྲོས་ནས་རང་རྒྱུད་ལ་ཡོད་པའི་ངག་གི་མི་དགེ་བའི་ནུས་པ་དང་། བར་ཆད། མི་གཙང་བ། ནད་རིགས་སོགས་ཐམས་ཅད་དག་པར་བསམ་དགོས། དེ་དག་ཐམས་ཅད་སོ་སོའི་ལུས་ཀྱི་སྨད་ནས་སྟོད་ཀྱི་གདོང་པའི་བུ་ག་ནས་འབྱུང་གི་ཡོད་པ་བསམ་དགོས།

བསྐྱར་ཟློས་ཐེངས་བདུན་གྱི་ནང་ནས་གསུམ་པའི་སྐབས། སླར་ཡང་འོད་འཕྲོས་ནས་རང་གིས་བསགས་པའི་ཡིད་ཀྱི་མི་དགེ་བའི་ནུས་པ་དཔེར་ན། བརྣབ་སེམས་དང་། གནོད་སེམས། ལོག་ལྟ་སོགས་ཐམས་ཅད་དག་པར་བསམ་དགོས། ཡིད་ཀྱི་མི་དགེ་བའི་ནུས་པ་དེ་དག་ཐམས་ཅད་འཇིགས་སུ་རུང་བའི་རྡོག་རྡོག་ནག་པོ་ཞིག་གི་རྣམ་པར་རང་གི་སེམས་ལ་ཡོད་པར་བསམ་དགོས། འོད་དེ་སེམས་ནང་འཕྲོས་ནས་འཚེར་མདངས་བརྗིད་ཆེན་ཞིག་ལ་བརྟེན་ནས་རྡོག་པོ་ནག་ཅན་དེ་ཡོངས་སུ་རྫོགས་པ་རླངས་པར་སྒྱུར་བ་དང་ཁ་ཐོར་དུ་གཏོང་བར་བསམ་དགོས།
 
བསྐྱར་ཟློས་ཐེངས་བདུན་གྱི་བཞི་པ་འདོན་པའི་སྐབས། ཁྱེད་ཀྱིས་སླར་ཡང་འོད་འཕྲོས་པ་དང་། འདིའི་སྐབས་སུ་དམིགས་རྣམ་གྱི་རིམ་པ་གསུམ་ཀ་དུས་གཅིག་ཏུ་བྱུང་ནས་རང་གི་ལུས་ངག་ཡིད་གསུམ་གྱི་དྲི་མ་མཐའ་དག་སྤོང་བར་བསམ་དགོས། དེའི་མཇུག་སྡོམ་ལ་ཁྱེད་ཀྱིས་དྭངས་ཤེལ་གྱི་བུམ་པ་ཞིག་གཙང་མ་བཟོས་ཚར་ནས་ཧ་ཅང་གཙང་ལ་དག་པ་ཕྱི་གསལ་ནང་གསལ་ཅན་ནང་བཞིན་ཚོར་བ་དང་། དེ་དང་གཅིག་མཚུངས་སུ་ཁྱེད་ཀྱི་ལུས་ཡོངས་སུ་རྫོགས་པ་གཙང་ལ་དག་པ་ཕྱི་གསལ་ནང་གསལ་ཅན་དུ་གྱུར་ཡོད་པ་ཚོར་གྱི་རེད། མཐར་ཁྱེད་ཀྱིས་སླར་ཡང་འོད་འཕྲོས་པ་དང་བདུད་རྩི་བྱུང་ནས་རང་གི་ལུས་ཡོངས་སུ་གང་བ་དང་། ཁྱེད་ཀྱིས་རང་ཉིད་ལ་དགེ་བའི་ནུས་པ་ཀུན་ཚང་བ་དང་། ཚེ་རིང་བ། ཤེས་རབ་དང་ལྡན་པ། ནང་གི་རྟོགས་པ་སོགས་ཐམས་ཅད་དང་ལྡན་པར་བྱེད་ཐུབ་པའི་སེམས་སྐུལ་དང་བྱིན་རླབས་མཐའ་དག་ཐོབ་པར་བསམ་དགོས།
 
ཐེངས་བཞིའི་བར་དུ་ཁྱེད་ཀྱིས་ཚར་བདུན་རེ་བྱེད་ཆོག་པས། དེ་དག་བསྡོམས་ན་བཟླས་བརྗོད་ཚར་ཉི་ཤུ་རྩ་བརྒྱད་ཆགས་ཀྱི་ཡོད། ཡང་ན་རེ་རེ་ཐེངས་གསུམ་རེ་བཏོན་ན། དེས་བསྡོམས་ན་བཅུ་གཉིས་དང་། ཐེངས་མ་བརྒྱ་རེ་བཏོན་ན། དེས་བསྡོམས་ན་བཞི་བརྒྱ་ཆགས་ཀྱི་ཡོད། ཁྱེད་ཀྱིས་ག་ཚོད་བཏོན་ཡོད་མེད་ཀྱི་གྲངས་ཀ་ལ་མ་བལྟོས་པར། འདི་ནི་དེའི་ཁོངས་སུ་གཏོགས་པའི་གཞི་རྩའི་ཉམས་ལེན་གྱི་རིགས་ཤིག་ཡིན། ཁྱེད་ཀྱིས་ཉམས་ལེན་འདི་བྱེད་སྐབས། རང་གི་མདུན་དུ་སངས་རྒྱས་ཀྱི་རྣམ་པ་ཙམ་ཞིག་དམིགས་རྣམ་དུ་བྱས་ན་འགྲིགས། སངས་རྒྱས་ལ་སྐྱབས་འགྲོའི་ཁྱད་རྣམ་ཡོངས་སུ་རྫོགས་པ་གཅིག་ཏུ་བསྡུས་ནས་ཚང་ཡོད་པའི་ཚོར་སྣང་སྐྱེ་དགོས། དེ་ལྟར་རེས་མོས་བྱས་ཏེ་ཁྱེད་ཀྱིས་དམིགས་རྣམ་མུ་མཐུད་ཉམས་སུ་བླངས་ནས་མཐར་དེ་རྒྱ་སྐྱེད་དང་བཅས་བླ་མ་དགེ་བའི་བཤེས་གཉེན་དང་། སངས་རྒྱས། བྱང་ཆུབ་སེམས་དཔའ། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ། ཡི་དམ་གྱི་ལྷ་སོགས་ཀུན་ལ་དམིགས་རྣམ་བྱེད་ན་ཆོག །ཁྱེད་ཀྱིས་ད་དུང་ཡིད་དམ་གྱི་ལྷ་ཧ་ཅང་མང་པོ་ལ་ཤིན་ཏུ་རྒྱས་པའི་ཚུལ་གྱིས་དམིགས་རྣམ་བྱེད་ཆོག་ལ། རང་ཉིད་ལ་རན་འཚམས་སུ་ཡོད་པའི་ཡི་དམ་གྱི་ལྷ་གཅིག་དམིགས་རྣམ་བྱེད་ནའང་འགྲིགས། དེ་ལ་ཁྱད་པར་གང་ཡང་མེད། དེ་ལྟར་བྱེད་པར་ཁྱེད་ཀྱིས་ཉིན་ལན་གསུམ་དང་མཚན་ལན་གསུམ་དུ་སྐྱབས་འགྲོ་ཐེངས་གསུམ་རེ་བྱེད་དགོས་ཤིང་། རང་གི་མི་ཚེའི་ནང་བསྟེན་བཞིན་པའི་ཉེན་མེད་ཀྱི་ཁ་ཕྱོགས་སམ་སྐྱབས་འགྲོ་ལ་སླར་ཡང་ངེས་བརྟན་བཟོ་དགོས།

མཆོད་པ་དང་ཉམས་ལེན་གཞན་ཁག

དེ་དང་མཚུངས་པར་ཁྱེད་ཀྱིས་སངས་རྒྱས་རྣམས་ལ་ཉིན་ལྟར་མཆོད་པ་འབུལ་དགོས། ཁྱེད་ཀྱིས་མཆོད་པ་སྟབས་བདེ་པོའི་སྒོ་ནས་འབུལ་ཆོག་པ་དཔེར་ན། སོ་སོའི་འཚིག་ཇའི་ཕོར་པ་སོགས་གང་རུང་བེད་སྤྱོད་བྱས་ནས། དེའི་ནང་ཆུས་བཀང་སྟེ་མཆོད་པ་འབུལ་བའམ། ཡང་ན་བག་ལེབ་དང་ཁ་ཟས་སོགས་ཁྱེད་ཀྱིས་གང་བཟའ་གི་ཡོད་པ་དེ་ཕུལ་ན་འགྲིགས། ཁྱེད་རང་ཚོ་ཚང་མས་ཉིན་རེར་དུས་གསུམ་གྱི་ཁ་ལག་བཟའ་གི་ཡོད་པས། སོ་སོས་ཁ་ལག་མ་བཟའ་གོང་ལ་མཆོད་པ་འབུལ་དགོས། ཉམས་ལེན་འདི་རིགས་ནི་ཧ་ཅང་བྱེད་སླ་བ་དང་སྟབས་བདེ་པོ་རེད། ཨིན་སྐད་ནང་། “བླ་མ་དང་། སངས་རྒྱས། ཆོས། དགེ་འདུན། ཁྱེད་རྣམས་ཀྱིས་འདི་བཞེས་སུ་གསོལ།” ཞེས་བརྗོད་པ་ཙམ་གྱིས་འགྲིག་པ་རེད། དེ་འདྲའི་སྒོ་ནས་ཁྱེད་ཀྱིས་མཆོད་པ་འབུལ་དགོས། ཁྱེད་ཀྱིས་དེ་ཡ་མཚན་ཅན་གྱི་ཨེ་ཤི་ཡའི་སྐད་ཡིག་ནང་ཀློག་འདོན་བྱས་ནས་མཆོད་པ་འབུལ་མི་དགོས།

ཁྱེད་ལ་སངས་རྒྱས་དང་དཀོན་མཆོག་གསུམ་གྱི་མཚོན་དོན་རི་མོ་དང་སྐུ་འདྲ་སོགས་སྣ་ཚོགས་ཡོད་པའི་སྐབས། དེའི་སྒང་ལ་ཅ་དངོས་འཇོག་མི་རུང་། ཁྱེད་ཀྱི་གྱོན་ཆས་དང་ཕྲེང་བ་ལ་སོགས་པ་གང་ཡང་འཇོག་མི་རུང་། དེ་ནི་མི་གུས་པའི་རྟགས་ཡིན། དེ་བཞིན་ཁྱེད་ཀྱིས་སངས་རྒྱས་ཀྱི་སྐུ་འདྲ་རི་མོར་མཇལ་བའི་སྐབས། སངས་རྒྱས་འདི་ལ་སྤྱན་ཀྱོག་ཀྱོག་འདུག་ཤངས་ཁྱད་མཚར་འདུག་ཅེས་སྐྱོན་བརྗོད་ནམ་ཡང་བྱ་མི་ཉན། དཔེར་ན། ཁྱེད་ཀྱིས་ནོར་འཁྲུལ་དེ་འདྲ་མཐོང་ན། ཁྱེད་ཀྱིས་རི་མོ་བ་དེ་ཡག་པོ་ཞིག་ཡོད་ས་མ་རེད་ཅེས་བརྗོད་ན་འགྲིགས། འོན་ཀྱང་སངས་རྒྱས་ལ་སྤྱན་ཀྱོག་ཀྱོག་དང་མདོག་ཉེས་པོ་འདུག་ཅེས་ནམ་ཡང་བརྗོད་མི་རུང་། གང་ཡིན་ཞེ་ན། དེས་སངས་རྒྱས་ལ་མཐོང་ཆུང་བྱེད་ཀྱི་ཡོད། གཞན་ཡང་ཁྱེད་ཀྱིས་དངུལ་གསོག་སྒྲུབ་ཆེད་དུ་སངས་རྒྱས་ཀྱི་སྐུ་འདྲ་སོགས་ཞར་བྱུང་གི་བུན་གཏོང་ཁེ་ལས་པའི་ཚོང་ཁང་ལྟ་བུ་བེད་སྤྱོད་གཏོང་མི་ཉན།

སྔོན་མི་ཞིག་གིས་སའི་སྟེང་ནས་སངས་རྒྱས་ཀྱི་སྐུ་ས་ལས་གྲུབ་པ་ཆུང་ཆུང་ཞིག་བརྙེད་པའི་ལོ་རྒྱུས་ཡོད་དེ། མི་དེས་སྐུ་འདྲ་ཆུང་ཆུང་དེ་བརྙེད་པ་དང་ཆར་བ་རྒྱག་འགོ་ཚུགས་པ་རེད། མི་དེས་སྐུ་འདྲ་དེ་ཆར་པའི་ནང་འཐིམ་འགྲོ་ཉེན་ཡོད་སྙམ་ནས་ཞེད་སྣང་དང་བཅས་རང་གི་ལྷམ་གོག་ཕུད་ནས་སངས་རྒྱས་ཀྱི་སྐུ་དེའི་སྒང་ལ་གཡོགས་པ་རེད། ཡང་མི་གཞན་ཞིག་སླེབས་ནས་དེ་མཐོང་བ་དང་སངས་རྒྱས་ཀྱི་སྐུའི་སྟེང་ལ་ལྷམ་གོག་བཞག་པ་དེ་རྩ་ནས་འགྲིག་གི་མི་འདུག་བསམས་ནས། ཁོས་ལྷམ་གོག་དེ་ཕར་སེལ་བ་རེད། བྱས་ཙང་། ཁྱེད་ཀྱིས་མི་དེ་གཉིས་ལ་བལྟ་བའི་སྐབས། མི་དེ་གཉིས་ཀས་གང་བྱས་པ་དེ་སེམས་བཟང་པོ་དང་བསམ་པ་རྣམ་དག་ཡིན་པ་ཤེས་ཐུབ། དེར་མ་ཟད། ཁྱེད་ཀྱིས་སྤྱིར་བཏང་གི་བསམ་ཤེས་དང་རྣམ་དཔྱོད་བེད་སྤྱོད་བྱེད་དགོས་ཏེ། དཔེར་ན། ནམ་རྒྱུན་ང་ཚོས་དཔེ་ཆའི་སྒང་ལ་ཕྲེང་བ་འཇོག་རྒྱུ་མེད། འོན་ཀྱང་གལ་ཏེ་རླུང་ཧ་ཅང་ཤུགས་ཆེན་ཞིག་རྒྱག་གིན་ཡོད་ན། ཤོག་ལྷེ་རྣམས་རླུང་གིས་མི་འཁྱེར་བའི་ཆེད་དཔེ་ཆའི་སྟེང་དུ་གཅིག་འཇོག་དགོས་པའི་གནས་སྟངས་སླེབས་སྲིད་པ་ལྟ་བུ་རེད། ནམ་རྒྱུན་མི་ཆོག་ནའང་། དེ་འདྲའི་གནས་སྐབས་སུ་ཁྱེད་ལ་བསམ་པ་རྣམ་དག་དང་རྒྱུ་མཚན་ཡོད་པས། ཁྱེད་ཀྱིས་དཔེ་ཆའི་སྒང་ལ་ཕྲེང་བ་བཞག་ན་འགྲིགས། བྱས་ཙང་། སྤྱིར་བཏང་གི་བསམ་ཤེས་དེ་བེད་སྤྱོད་བྱེད་དགོས།

སྤྱིར་བཏང་ནས་ཁྱེད་ཀྱིས་མི་རུང་བའི་དམིགས་ཡུལ་ངན་པའི་ཆེད་དུ་ཆོས་ཀྱི་ཚིག་དང་ཡི་གེར་བཀོད་པའི་ཤོག་ལྷེ་གང་འདྲ་ཞིག་ཡོད་ནའང་བེད་སྤྱོད་གཏོང་མི་རུང་། དཔེར་ན། གསར་ཤོག་སྒང་ལ་ཆོས་ཀྱི་ཚིག་དང་ཡི་གེ་བྲིས་པ་རྣམས་གད་སྙིགས་འཐུམ་བྱེད་དང་ལྷམ་གོག་འཐུམ་བྱེད་དུ་བེད་སྤྱོད་བྱས་ན་གང་བྲིས་པའི་ཚིག་ལ་གུས་ཞབས་མེད་པ་མཚོན་གྱི་ཡོད། དེ་ག་ནང་བཞིན་དཔེ་དེབ་རྣམས་འོག་ཏུ་རས་སོགས་གང་ཡང་མེད་པར་ཞ་ལའམ་སའི་སྟེང་ལ་བཞག་ན། དེ་ཡང་གུས་ཞབས་མེད་པ་རེད། ཡང་དཔེ་ཆའི་ཤོག་ལྷེ་བརྗེ་པོ་རྒྱག་དུས་ཁྱེད་ཀྱི་མཛུབ་མོ་མཆིལ་མས་རློན་པ་བཟོ་མི་རུང་། གལ་ཏེ་ཁྱེད་ཀྱི་མཛུབ་མོ་རློན་པ་བཟོ་དགོས་ན། ཁྱེད་ལ་ཕོར་པ་ཆུང་ངུའི་ནང་ཆུ་བླུགས་པའམ་ཡང་ན་རས་ཆ་སོབ་སོབ་ཅིག་རང་གི་ཉེ་འཁྲིས་སུ་བཞག་ནས་བེད་སྤྱོད་བྱེད་དགོས་པ་ལས། ཐུ་ལུད་ནམ་ཡང་འདེབ་མི་རུང་། དེ་ག་ནང་བཞིན་དཔེ་ཆའི་རིགས་འཚོང་སྒྱུར་བྱེད་པ་སོགས་ཀྱང་ཡང་དག་པ་ཞིག་མིན། གལ་ཏེ་ཁྱེད་ཀྱིས་དཔེ་སྤྲུན་ཁང་གི་ཚོང་ལས་གཉེར་གྱིན་ཡོད་ན། ཁྱེད་ཀྱིས་དཔེ་དེབ་བཙོང་ནས་བྱུང་བའི་དངུལ་རྣམས་ད་དུང་དཔེ་དེབ་གང་མང་པར་སྐྲུན་བྱེད་ཆེད་བེད་སྤྱོད་བྱས་ན་འགྲིགས་ཀྱང་། དཔེ་དེབ་བཙོང་བའི་ཁེ་བཟང་གི་དངུལ་དེ་སོ་སོ་རང་ཉིད་ཀྱི་ཟས་དང་འཚོ་བའི་ཆེད་བེད་སྤྱོད་བྱས་ན། དེ་ནི་ཡང་དག་པ་ཞིག་མིན།

རང་ཉིད་ལ་ཡོད་པའི་མི་ལུས་རིན་ཆེན་དང་། དེ་ཤོར་སྲིད་པའི་བདེན་དོན། དེ་ཡང་ཤི་ནས་མི་ལུས་འདི་ཤོར་རྒྱུ་ཡིན་པ། གནས་སྟངས་གང་འདྲ་ཞིག་ཡིན་ནའང་རྟག་པ་བརྟན་པོ་མེད་པ། འཆི་བ་ཡོང་ངེས་པ། དེ་ནས་ངན་སོང་གི་གནས་སུ་ལྷུང་སྲིད་པ་སོགས་གནད་དོན་དེ་དག་ཐམས་ཅད་ཀྱི་སྐོར་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཡིན། སོ་སོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་བསྟེན་རྒྱུའམ་སྐྱབས་ཤིག་འཚོལ་བར་སྐུལ་སློང་བྱེད་པའི་ཆེད་དེ་དག་ཐམས་ཅད་བཀོལ་སྤྱོད་བྱེད་དགོས།
 
དཔེ་ཆ་བཞག་ན། གལ་ཏེ་ང་རང་ད་ལྟ་རང་ཤི་ནས་མཐའ་སྐོར་ཡོངས་རྫོགས་མེ་ལྕེས་བསྐོར་བའི་ཚ་དམྱལ་དུ་སྐྱེ་བ་བླངས་ན། དེ་གང་འདྲ་ཞིག་ཡོད་དམ། ཡང་ན་ང་རང་ཁྲོ་ཟངས་ཁོལ་མའི་ནང་སྐྱེ་བ་བླངས་ན། ངས་གང་བྱེད་ངེས་སམ། དེ་འདྲ་ཞིག་སོ་སོ་རང་ཉིད་ལ་དངོས་སུ་འབྱུང་གི་ཡོད་པར་བསམས་ནས་འཇིགས་རྔམ་ཧ་ཅང་ཆེན་པོ་ཞིག་མྱོང་བ་དེས། “བླ་མ་མཁྱེན། བདག་ལ་བསྐྱབ་ཏུ་གསོལ། ཉེན་མེད་ཀྱི་ཁ་ཕྱོགས་སྟོན་རོགས་གནང་།” ཞེས་པའི་བཟླས་བརྗོད་ལ་སྐུལ་མ་གཏོང་ཆེད་བེད་སྤྱོད་བྱེད་པ་དང་། དེ་ལྟར་ཁྱེད་ཀྱིས་ཉམས་ལེན་བྱེད་དགོས།

རིམ་པ་དང་པོ་ནི་རང་ཉིད་དམྱལ་བར་སྐྱེས་ཟིན་པ་དང་དེ་ལས་བསྐྱབ་རོགས་ཞེས་རེ་འབོད་བྱེད་ཀྱི་ཡོད་པར་བསམ་བློ་གཏོང་དགོས། དེའི་རྗེས་ཀྱི་རིམ་པའི་ནང་། ཁྱེད་རང་དམྱལ་བའི་གནས་གང་རུང་ཞིག་ཏུ་སྐྱེ་མེད་ནའང་། སྐྱེ་གྲབས་ཡོད་པ་དང་། ཁྱེད་རང་ཤི་གྲབས་ཡོད་པ་དང་དེ་ནས་དམྱལ་བར་ལྷུང་རྒྱུ་ཡིན་པ་རེད། སླར་ཡང་བཟླས་ནས་དེ་ལས་ཐར་ཕྱིར་སྐྱབས་འཚོལ་གྱི་ཡོད། དེ་ནས་རིམ་པ་གསུམ་པའི་ནང་། ཁྱེད་རང་དམྱལ་བར་སྐྱེས་ཟིན་མེད་ལ་སྐྱེ་གྲབས་ཀྱང་མེད། འོན་ཀྱང་ཁྱེད་རང་དམྱལ་བར་མ་ལྷུང་གོང་ཟླ་བ་གཅིག་ཙམ་ཡོད་པ་རེད། གཞི་རྩ་དེ་དག་གི་ཐོག་ནས་ཁྱེད་ཀྱིས། “ཀྱེ། བླ་མ་དང་དགེ་བའི་བཤེས་གཉེན་རྣམས། འདི་ལས་ཐར་བའི་ཉེན་མེད་ཀྱི་ཁ་ཕྱོགས་སྦྱིན་རོགས་། འདི་ལས་བསྐྱབ་ཏུ་གསོལ།” ཞེས་བསམ་བློ་ཤུགས་ཆེན་གཏོང་གི་རེད། བསམ་བློ་དེ་དག་གིས་ཁྱེད་ལ་སྐུལ་སློང་ཤུགས་ཆེན་ཞིག་སྦྱིན་གྱི་རེད། དེ་ནས་སླར་ཡང་ཁྱེད་ཀྱིས་སྐྱབས་འགྲོ་བསྐྱར་ཟློས་བྱས་ནས་རང་གིས་རང་ལ་ཤུགས་ཀྱིས་སྐུལ་མ་དང་བཅས་སྔོན་འགོག་གི་ཐབས་ལམ་ཆ་ཚང་བསྟེན་དགོས། འདི་ནི་ཁྱེད་ཀྱིས་དངོས་སུ་སྐྱབས་འགྲོ་ཉམས་ལེན་བྱེད་སྟངས་ཤིག་གམ་རང་གི་མི་ཚེའི་ནང་ཁ་ཕྱོགས་དེ་བསྟེན་ནས་བླ་མ་དང་། སངས་རྒྱས། ཆོས། དགེ་འདུན་བཅས་ལ་སྐྱབས་སུ་འགྲོ་ཚུལ་དེ་རེད།

བྱང་ཆུབ་ཀྱི་སེམས་སྐྱེད་ཉམས་ལེན།

དེ་དག་བསྒྲུབས་པའི་རྗེས་ཁྱེད་ཀྱིས་སེམས་ཡོངས་སུ་རྫོགས་པ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཕྱིར་དམིགས་དགོས། ཁྱེད་ཀྱིས་གཞན་དོན་ཁོ་ནར་དམིགས་ནས་དེ་དག་ཕན་ཐོགས་བསྒྲུབ་པའི་ཕྱིར། སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་ཀྱི་རེད། ཕྱོགས་གཞན་ཞིག་ནས་ཁྱེད་ཀྱིས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་རེད། ཉམས་ལེན་བྱེད་ལུགས་བྱེད་སྟངས་དེ་ནི་རང་གི་ཕྱོགས་སུ་འོད་དང་བདུད་རྩི་ཡོང་གི་ཡོད་པ་ལ་བརྟེན་ནས་རིམ་པ་མི་འདྲ་བ་སྣ་ཚོགས་པ་དེ་དག་ལག་བསྟར་བྱེད་དགོས་པ་དང་། མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་བསྟེན་དགོས། དེའི་རྗེས་སུ་རང་གི་སེམས་མཐའ་གཅིག་ཏུ་གཞན་དོན་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཕྱིར་བརྩོན་དགོས། མཇུག་སྡོམ་གྱི་སྐབས་སུ་ཁྱེད་ཀྱི་མདུན་དུ་དམིགས་རྣམ་བྱས་པའི་སངས་རྒྱས་དེ་བྱོན་ནས་རང་ཉིད་ལ་འཐིམས་ནས་རང་ཉིད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བསམ་དགོས། ཁྱེད་རང་དངོས་སུ་སངས་རྒྱས་ཆགས་ནས་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་སྣམ་པར་དམིགས་རྣམ་དུ་བྱེད་དགོས། ཁྱེད་ཀྱིས་འོད་ཟེར་སོགས་སྤྲོས་ནས་ཁྱེད་རང་བརྒྱུད་དེ་སེམས་ཅན་ཐམས་ཅད་ལ་འོད་ཟེར་སྤྲོ་བར་བསམ་དགོས།
 
སྔོན་མ་སྐྱབས་འགྲོ་ཉམས་ལེན་བྱེད་སྐབས། ཁྱེད་ཀྱིས་གཞན་ཐམས་ཅད་ལ་ཕན་ཕྱིར་བྱེད་ཀྱི་ཡོད། དེ་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་སེམས་ཅན་ཐམས་ཅད་ལ་ཕན་ཐུབ་པའི་ཆེད་དུ་སེམས་གཏིང་ནས་འབད་བརྩོན་གནང་ཡོད། ད་གཟོད་ཁྱེད་རང་སངས་རྒྱས་ཟིན་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་པ་དང་། རང་གི་སྐུ་ལུས་ནས་འོད་ཟེར་བྱིན་ནས་གཞན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པ་དང་། དཀའ་སྡུག་ཚང་མ་མེད་པ་བཟོ་གི་ཡོད། དེ་དག་ཚང་མ་སངས་རྒྱས་ཤཱཀྱ་ཐུབ་པར་བསྒྱུར་ནས་ཁྱེད་ཀྱིས་ཚང་མ་དེའི་རྣམ་པར་དམིགས་རྣམ་དུ་བྱེད་དགོས། གལ་ཏེ་ཁྱེད་ཀྱིས་དེ་ལྟ་བུའི་ཉམས་ལེན་གྱི་རིགས་བྱས་ན། ཁྱེད་ཀྱིས་དེ་ཧ་ཅང་ཕན་ཐོགས་ཆེན་པོ་མཐོང་གི་རེད། དྲི་བ་ཡོད་དམ།

འདི་ནི་རིན་པོ་ཆེས་གོང་དུ་ཁྱེད་ཀྱིས་བྱས་པའི་སྔོན་གྱི་དགེ་བའི་ལས་ལ་བརྟེན་ནས་ད་ལྟ་ཁྱེད་རང་དངུལ་དང་ དངོས་པོ་སོགས་གང་རིན་རུང་ཚང་མ་གང་འཚམ་ཡག་པོ་ཡོད་པ་དང་། དེ་དག་སྤོང་བ་ནི་ཡང་དག་པ་ཞིག་མིན་ཞེས་གསུངས་པའི་དོན་དང་འབྲེལ་བ་ཞིག་ཡིན།

འབུམ་རམས་པ་བྷར་ཛིན། རིན་པོ་ཆེས་དེ་དག་ཆུའི་ནང་གཡུག་དགོས་ཞེས་གསུངས་སོང་།

རེད། སངས་རྒྱས་ཀྱི་དཔེ་རུ་དེ་དག་སྤོང་བ་དེ་སེམས་ནང་འཆར་བ་ཙམ་ལས། ཁོང་གིས་དེ་དག་ཆུའི་ནང་གཡུགས་མེད། འོན་ཀྱང་ཁོང་གིས་དེ་དག་སྤངས་ཡོད། ཁོང་མུ་མཐུད་ཕེབས་ནས་དེ་དག་སུ་གཅིག་ལའང་གང་ཡང་གསུངས་མེད་པས། དེས་ང་རང་ཏོག་ཙམ་མགོ་འཐོམས་བཅུག་སོང་། དེར་མ་ཟད། ཉི་ཧོང་དུ་སོ་ཏོ་ཛཻན་ (Soto Zen) དར་སྤེལ་གནང་མཁན་གྱི་ཛཻན་བསམ་གཏན་པའི་སློབ་དཔོན་དོ་གེན་ (Dogen) གྱིས་དཔེ་མཚོན་འདི་བེད་སྤྱོད་བྱས་ནས་ཤིན་ཏུ་བརྟན་པའི་ངེས་འབྱུང་གི་སེམས་དེ་འགྲེལ་བརྗོད་བྱས་ཡོད། དྲང་བདེན་གྱི་ཚོང་པ་ཕྱུག་པོ་ཞིག་ཆོས་ལ་དོ་དབྱིངས་སླེབས་ནས་ཁོང་གི་རིན་ཐང་ཅན་གྱི་རི་མོ་ཚང་མ་ཁྱེར་ནས་ཤིང་རྟ་འཁོར་ལོ་ཆེན་པོ་ཞིག་གི་ནང་བླུགས་པ་དང་། རྒྱ་མཚོའི་ཕྱོགས་སུ་འགྲོ་འགོ་ཚུགས་ཤིང་། དེ་ནི་རྒྱུག་ཆུའི་ནང་གཡུག་པ་དང་གང་ལ་གང་འཚམ་གྱི་འདྲ་པོ་ཡོད། མི་ཞིག་གིས་ཁོ་བཀག་ནས། ཁྱེད་རང་ཧ་ཅང་གླེན་པ་ཡིན་པ་དང་། མི་མང་པོ་ག་ཚོད་ཀྱིས་དེ་བེད་སྤྱོད་གཏོང་ཆོག་པའི་སྐོར་བཤད། དེ་ལ་ཚོང་པ་དེས། “ངས་འདི་དག་ནི་རྡོག་ཁྲེས་ཤིག་ཏུ་བལྟ་གི་ཡོད། ངས་འདི་དག་གཞན་ལ་ཅིའི་ཕྱིར་སྤྲོད་དགོས་སམ།” ཞེས་བརྗོད་པ་རེད། དེ་ནི་ཆོས་ལ་མཐའ་གཅིག་ཏུ་བརྩོན་པའི་དཔེ་ཧ་ཅང་ཡག་པོ་ཞིག་ཡིན་པ་བསྟན་ཡོད།

ཐོག་མར་སངས་རྒྱས་ཀྱིས་ཚང་མ་སྤངས་ནས་ཕེབས་པའི་དཔེ་མཚོན་དང་པོ་ནི། ཁོང་གིས་ནོར་ལོངས་སྤྱོད་ཚང་མ་ཁྱེར་ནས་གད་སྙིགས་ནང་གཡུགས་མེད། འོན་ཀྱང་ཁོང་གིས་དེ་དག་རང་གི་ཆུང་མ་དང་ཕྲུ་གུའི་ཆེད་དུ་བཞག་གནང་ཡོད། དེ་ནི་ཁོང་གིས་རྒྱུ་ནོར་བཞག་ནས་ཇི་ལྟར་ཕེབས་ཚུལ་དེ་རེད། ཁོང་གིས་ཚང་མ་གཡུགས་པའི་དོན་མ་རེད། གང་ཡིན་ཞེ་ན། ཁོང་གིས་ཆུང་མ་དང་ནང་མི་ཁྱིམ་ཚང་ལ་མཁོ་སྤྲོད་གནང་ཡོད། ཁྱེད་ཀྱིས་གསུངས་པའི་ཛཻན་བསམ་གཏན་པའི་སློབ་དཔོན་གྱི་སྐོར་དེས་གནད་དོན་མི་འདྲ་བ་ཞིག་སྟོན་གྱི་ཡོད། ཆོས་ཚུལ་སྣ་ཚོགས་པ་གནད་དོན་དང་གནད་སྙིང་མི་འདྲ་བ་སྐྲུན་ཕྱིར་གསུངས་ཡོད་པ་ཁྱེད་ཀྱིས་ཤེས་ཐབས་བྱེད་དགོས་ཤིང་། དེ་དག་རེ་རེའི་གནད་དོན་རྣམས་གཅིག་མཚུངས་ཀྱི་ཡང་དག་པ་ཡིན་སྲིད། དེ་སྔོན་ངས་བརྗོད་ཐབས་བྱེད་བཞིན་པའི་གནད་དོན་ནི། ཆོས་ཉམས་ལེན་བྱེད་པའི་ཆེད་རང་ཉིད་ལ་དག་པའི་དངོས་པོ་ཆ་ཚང་གད་སྙིགས་ནང་གཡུག་དགོས་ཞེས་བསམ་བློ་གཏོང་མི་རུང་། དེ་ནི་ཕན་ཐོགས་མེད་པ་ཞིག་དང་གནད་དོན་ངོ་མ་དེ་བརླག་གི་ཡོད། ཁྱེད་ལ་དགེ་བའི་གནད་དོན་གང་ཡོད་པ་རྣམས་བེད་སྤྱོད་བྱེད་དགོས་ཤིང་། དེ་ནི་དེའི་ནང་གང་བཤད་པའི་གནད་དོན་དེ་རེད། ཛཻན་གྱི་དཔེ་མཚོན་ནང་གནད་དོན་གཞན་ཞིག་ཤོད་ཀྱིན་ཡོད།

བོད་ནང་ཆ་བཞག་ན། བླ་མ་མི་འདྲ་བ་མང་པོ་ཡོད་པ་དང་དེ་དག་ལ་རང་སོ་སོའི་ཆོས་ཚུལ་མི་འདྲ་བ་ཡོད། དེ་དག་གིས་གནད་དོན་མི་འདྲ་བ་བཟོ་ཕྱིར་ཐབས་ཚུལ་སྣ་ཚོགས་པ་བེད་སྤྱོད་བྱེད་ཀྱི་ཡོད། དཔེར་ན། སྔོན་གྱི་བླ་མ་ཞིག་རིའི་སྟེང་ལ་བཞུགས་ཀྱི་ཡོད། ཁོང་ལ་འབུལ་བ་གང་ཕུལ་བ་དེ་དག་རི་བོའི་སྟེང་ནས་མར་གཤམ་དུ་མི་སུ་གཅིག་མེད་སར་གཡུག་གནང་གི་ཡོད། བླ་མ་དེས་འབུལ་བ་འབུལ་མཁན་གྱི་གང་ཟག་དེ་ལ་ཀུན་སློང་མ་དག་པ་ཞིག་ཡོད་པ་མཁྱེན་ནས་དེ་ལྟ་བུའི་ཀུན་སློང་ངན་པས་ཀུན་ནས་བསླངས་ཏེ་འབུལ་བ་ཕུལ་བ་དེ་ཕན་མེད་དང་བེད་སྤྱོད་མེད་པ་ཡིན་པར་སྟོན་ཆེད་དེ་དག་རིའི་འདབས་སུ་གཡུག་གནང་གི་ཡོད། ཕྱོགས་གཞན་ཞིག་ནས་གོང་དུ་ཞུས་པའི་དཔེ་མཚོན་ནི། ང་ཚོ་ནི་འདིར་སོ་སྐྱེ་ཕལ་པ་ཞིག་ཡིན་པར་ཤོད་ཀྱིན་ཡོད། ང་ཚོས་ཆོས་ཉམས་ལེན་བྱེད་པར། སོ་སོར་གང་ཡོད་པ་ཐམས་ཅད་ཁྱེར་ནས་གད་སྙིགས་ནང་གཡུག་དགོས་ཞེས་བསམ་རྒྱུ་མེད། དེ་ནི་བསམ་ཤེས་ལྡན་པའི་བྱེད་སྟངས་རྩ་ནས་མིན། འོན་ཀྱང་གལ་ཏེ་ཛེན་གྱི་སློབ་དཔོན་ཌོ་གེན་ནང་བཞིན་ཁྱེད་ལ་དཀའ་སྡུག་ཁོ་ན་སྤྲོད་ཀྱི་འདུག་བསམ་པ་ཞིག་གཡུགས་ན། དེ་ཁྱེད་ཀྱིས་གཞན་ཞིག་ལ་སྤྲད་སྲིད་ནའང་། དེས་ཀྱང་དཀའ་སྡུག་ཁོ་ན་སྤྲོད་ངེས་པས། དེ་ནི་གནད་དོན་རྦད་དེ་མི་འདྲ་བ་ཞིག་རེད། དེ་ཡང་ཆོས་ཉམས་ལེན་བྱེད་ཚུལ་ཞིག་ཡིན་པ་དང་། ཆོས་ཀྱི་བསམ་བློའི་ཁྱེར་སོ་ཡང་དག་པ་ཞིག་ཀྱང་ཡིན། འོན་ཀྱང་། གལ་ཏེ་ཁྱེད་ཀྱིས་དཀའ་ངལ་འཕྲད་བཞིན་པའི་དགེ་འདུན་གྱི་སྡེ་ཁག་རྣམས་ལ་ཟས་རག་པ་དང་ཆོས་ཉམས་ལེན་ལ་མཐུན་རྐྱེན་ཡང་དག་ཅིག་ཏུ་འགྱུར་བར་རོགས་སྐྱོར་ཆེད་རྒྱུ་ནོར་བེད་སྤྱོད་བྱས་ན། དེ་ནི་ཁྱེད་ཀྱི་རྒྱུ་ནོར་བེད་སྤྱོད་གཏོང་སྟངས་ཧ་ཅང་ཡག་པོ་ཞིག་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་ངས་གོང་དུ་མི་གཉིས་ཀྱི་ལོ་རྒྱུས་དེ་ཞུས་པ་ཡིན། དེ་ཡང་སྔོན་མ་མི་གཉིས་ཡོད་པ་ལས། གཅིག་གིས་རང་གི་ལྷམ་གོག་ཕུད་ནས་འདམ་ལས་གྲུབ་པའི་སངས་རྒྱས་ཀྱི་སྐུའི་སྒང་ལ་བཞག་པ་དང་། དེ་ནས་ཡང་མི་གཞན་ཞིག་གིས་དེ་མཐོང་ནས་ལྷམ་གོག་དེ་ཕར་སེལ་བ་རེད། མི་དེ་གཉིས་ཀྱི་སེམས་ནང་ཀུན་སློང་དང་གནད་དོན་མི་འདྲ་བ་རེ་ཡོད་ནའང་། གཉིས་ཀས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ཆོས་ཉམས་ལེན་བྱེད་ཀྱིན་ཡོད་པ་ལྟ་བུའོ།།

Top