ནང་ཆོས་ཀྱི་ལོ་ཙཱ་བ་ཞིག་ཆགས་པར་སྦྱོང་བརྡར་དགོས་པའི་བསླབ་བྱ།

སྐད་ཡིག་གཞན།
དྲི་བ། ཡིག་སྒྱུར་གྱི་ལྟ་གྲུབ་དང་ལག་ལེན་གྱི་གོ་དོན་གང་རེད་དམ།

འབུམ་རམས་པ་བྷར་ཛིན། ཡིག་སྒྱུར་གྱི་ལྟ་གྲུབ་རྣམ་གཞག་ནི་བརྡ་སྤྲོད་པའི་ལམ་ལུགས་དང་འབྲེལ་བ་ཞིག་དང་སྐད་ཡིག་གཅིག་ནས་གཞན་དུ་ཆད་ལྷག་དང་ཁ་སྣོན་གང་ཡང་མེད་པར་ཇི་ལྟར་སྒྱུར་བའི་ཚུལ་དང་འབྲེལ་བ་ཞིག་དགོས། གཞུང་གང་འདྲ་ཞིག་ཡིན་རུང་གལ་ཏེ་གཞུང་དེའི་ནང་བག་ཡངས་ཀྱི་དགོད་བྲོས་ཁེངས་པའམ། ཡང་ན་དེ་དགོད་བྲོའི་ཉམས་དང་ལྡན་པ་ཞིག་བཟོ་བ་དང་། གལ་ཏེ་གཞུང་དེ་ཧ་ཅང་ལྟ་ན་སྡུག་པ་ཞིག་ཡོད་པའམ། ཡང་ན་དེ་ལྟ་ན་སྡུག་པ་ཞིག་བཟོས་ཡོད་ན། གཞུང་དེའི་འགྲོས་དང་འགྲོ་སྟངས་ལ་ཡིད་རྟོན་བྱ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད། དཀའ་ངལ་ཆེ་ཤོས་དེ་གང་རེད་དམ་ཞེ་ན། གལ་ཏེ་གཞུང་དེ་གསལ་ཁ་དེ་ཙམ་མེད་ན། གསལ་ཁ་མེད་པ་དེ་རང་སོར་འཇོག་དགོས་པ་དེ་རེད། 

ཡིག་སྒྱུར་གྱི་ལག་ལེན་ནི་ཉམས་མྱོང་ལ་བརྟེན་ནས་ཡིག་སྒྱུར་གྱི་འགྲོས་དང་ཐབས་ཚུལ་ཇི་ལྟར་ཡར་རྒྱས་གཏོང་ཚུལ་དང་འབྲེལ་བ་ཞིག་རེད། ཡར་རྒྱས་གཏོང་བར། ཧ་ཅང་སྟབས་བསྟུན་བདེ་བའི་རང་བཞིན་དང་སྙེམ་ཆུང་གི་རང་བཞིན་ལྡན་དགོས། ང་ཚོར་རྒྱུ་མཚན་དང་ལྡན་པའི་ཚད་ལྡན་གྱི་སྐྱོན་བརྗོད་བྱེད་པའི་སྐབས། དེ་ལ་ཁས་ལེན་བྱེད་དགོས་པ་དང་རང་གིས་རང་སྲུང་སྐྱོབ་བྱ་རྒྱུ་མེད། ནོར་བཅོས་བྱེད་པ་ལ་ངོས་ལེན་བྱ་རྒྱུའི་འདུན་སེམས་དེ་ང་ཚོར་དགོས། དེར་མ་ཟད། གཞན་དག་གིས་ཐ་སྙད་སྒྱུར་སྟངས་ཐད་གུ་ཡངས་ཀྱི་བློ་སྒོ་ཞིག་འབྱེད་ཤེས་པ་དགོས་ཤིང་། གལ་ཏེ་ཁོང་ཚོའི་སྒྱུར་སྟངས་དེ་ཡག་ག་དང་དོན་གོ་ཆེ་བ་ཡོད་ན། དེ་ལ་ངོས་ལེན་བྱས་ནས་ལག་བསྟར་བྱེད་དགོས། 

དུས་རྟག་ཏུ་མང་ཚོགས་ཀློག་པ་པོ་རྣམས་སེམས་ནང་བཅང་དགོས། ཁྱེད་ཀྱིས་འབྲེལ་བ་བྱ་རྒྱུའི་ཐབས་ཤེས་བྱེད་བཞིན་པ་དེ་སུ་རེད་དམ། འཛམ་གླིང་ཁྱོན་ཡོངས་ཀྱི་ཆེད་མཁས་མི་སྣ་བཅུ་ཙམ་གྱིས་ཀློག་ཐུབ་པ་ཞིག་ཁྱེད་ཀྱིས་སྒྱུར་ཐབས་བྱེད་ཀྱིན་ཡོད་དམ། ཡང་ན་ཁྱེད་ཀྱིས་དེ་སོ་སོའི་ཨ་མའི་ཆེད་དུ་སྒྱུར་ཐབས་བྱེད་ཀྱིན་ཡོད་དམ། དེ་དག་ནི་ཡིག་སྒྱུར་དང་འབྲེལ་བའི་ལྟ་གྲུབ་རྣམ་གཞག་དང་ལག་ལེན་དངོས་དབར་གྱི་ཁྱད་པར་འགའ་ཞིག་རེད། 

དྲན་པ་དང་དོ་སྣང་ཡར་རྒྱས་གཏོང་བའི་ཐབས་ཇུས་རྣམས་གང་རེད་དམ།

ཧ་ཅང་ཕན་ཐོགས་ཅན་ཞིག་དེ་གང་རེད་ཟེར་ན། ངའི་དགེ་བའི་བཤེས་གཉེན་ཆེན་པོ་༧སྐྱབས་རྗེ་མཚན་ཞབས་སེར་ཀོང་རིན་པོ་ཆེས་ང་ལ་གཟིགས་ཚུལ་དང་མཛད་སྤྱོད་གནང་སྟངས་དེ་རེད། ང་རང་ཁོང་དང་མཉམ་དུ་ག་དུས་ཡོད་པའི་སྐབས། ཁོང་གིས་ང་ལ། “ངས་ད་ལྟ་རང་གང་བཤད་སོང་” ཞེས་གསུང་ངེས་རེད། དེ་ལ་ངོས་ནས་བསྐྱར་ཟློས་བྱེད་དགོས་ཀྱི་ཡོད། ཡང་ན་ངས་ད་ལྟ་རང་གང་བཤད་པ་དེ་ཡང་བསྐྱར་བརྗོད་དགོས་ངེས་རེད། གལ་ཏེ་ངས་དེ་ལྟར་བྱེད་མ་ཐུབ་ན། ཁོང་གིས་ང་ལ་བཀའ་བཀྱོན་གནང་བ་དང་ཁྱེད་རང་གླེན་པ་རེད་ཅེས་གསུང་ངེས་རེད། དགེ་བའི་བཤེས་གཉེན་དང་མཉམ་དུ་འབྲེལ་ལམ་འདི་ནི་ནང་ཆོས་ཉམས་ལེན་གྱི་ནང་ཧ་ཅང་ནན་བརྗོད་བྱས་ཡོད་པ་ཞིག་རེད། གང་ཡིན་ཞེ་ན། ང་རང་དགེ་བའི་བཤེས་གཉེན་ཁོང་ལ་ཧ་ཅང་གུས་ཞབས་དང་། འཚེར་སྣང་། གང་ལྟར་ཧ་ཅང་ཞེད་སྣང་ཡོད་པ་དང་། ངས་རྟག་ཏུ་ཁོང་གི་མདུན་ལ་གླེན་རྟགས་ཅན་མི་བྱ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད། 

ངས་ཐེངས་ཤིག་ཁོང་ལ་ཚིག་ཅིག་གི་དོན་དག་གང་ཡིན་པའི་སྐོར་བཀའ་འདྲི་ཞུས་པ་དྲན་གྱི་འདུག །དེ་ལ་བཀའ་ལན་དུ་ཁོང་གིས། “ངས་ཚིག་དེའི་དོན་དག་ལོ་བདུན་གྱི་གོང་ནས་འགྲེལ་བརྗོད་བྱས་ཟིན་པ་དང་། ངས་ཚིག་དེ་ཁྱེད་ལ་འགྲེལ་བརྗོད་བྱེད་བཞིན་པ་དེ་དྲན་གྱི་འདུག །ཁྱེད་ཀྱིས་ཅིའི་ཕྱིར་དྲན་གྱི་མི་འདུག་གམ” ཞེས་གསུང་གནང་གི་རེད། དེར་བརྟེན་ཁྱེད་རང་ཧ་ཅང་གུས་ཞབས་ཡོད་པའི་གང་ཟག་ཅིག་དང་མཉམ་དུ་ལས་ཀ་བྱ་རྒྱུ་དེ་སོ་སོའི་དྲན་ཤེས་ཡར་རྒྱས་གཏོང་ཐུབ་པར་སྐུལ་རྐྱེན་ཆེན་པོ་ཞིག་རེད་བསམ་གྱི་འདུག

འོན་ཀྱང་ཐ་ན་ཁོང་ལྟ་བུ་ཞིག་ང་ཚོར་དགེ་བའི་བཤེས་གཉེན་མེད་ནའང་། ང་ཚོས་ཕན་ཚུན་ཉམས་ལེན་བྱེད་ཆོག །གསུང་ཆོས་སྒྲ་འཇུག་བྱས་པ་ཧ་ཅང་མང་པོ་ཡོད་པས། དེ་དག་ཉན་པ་དང་དེ་དག་གི་ཆ་ཤས་དུམ་ཚན་རིང་པོ་རྣམས་ལ་ཉན་ན་ཆོག །ང་ཚོས་གང་ཐོས་པ་དང་གང་སྒྱུར་བ་དེ་དྲན་ཐབས་བྱེད་དགོས། དེས་ང་ཚོའི་དྲན་ཤེས་རྒྱས་པའམ་གོང་དུ་འཕེལ་བར་ཕན་གྱི་རེད། གང་ཡིན་ཞེ་ན། ནམ་རྒྱུན་དགེ་བའི་བཤེས་གཉེན་རྣམས་ཀྱིས་སྐར་མ་ལྔའམ་དེ་ལས་རིང་བའི་ཆོས་གསུང་གི་ཡོད་པས། ང་ཚོས་དེ་དྲན་དགོས་ཀྱི་ཡོད། 

གལ་ཏེ་ཁྱེད་ཀྱིས་གསུང་སྒྱུར་བྱེད་ཀྱིན་ཡོད་ན། ཁྱེད་ཀྱིས་ཡར་རྒྱས་གཏོང་དགོས་པ་ཞིག་ནི་ཟིན་བྲིས་ཡག་པོ་རྒྱག་དགོས་རྒྱུ་དེ་རེད། འདིའི་དོན་ནི་ཚིག་གཙོ་བོའམ་གནད་འགགས་ཅན་རྣམས་ཟིན་བྲིས་སུ་འགོད་དགོས། དེ་ལ་བརྟེན་ནས་བརྗོད་གཞི་གང་ཡིན་པ་དང་། གོ་རིམ། སྤྱིར་བཏང་གི་གོ་དོན་བཅས་ཁྱེད་ལ་དྲན་གསོ་གཏོང་གི་རེད། ཡིན་ནའང་ཁྱེད་རང་བརྗོད་བྱ་དེ་ལ་ཧ་ཅང་འདྲིས་སུ་ཆགས་པ་ཞིག་དགོས། དེ་ལྟར་བྱུང་ན། ཚིག་གནད་འགགས་ཅན་དེ་དག་ལ་བརྟེན་ནས་ཁྱེད་ཀྱིས་བསྐྱར་དུ་སྒྲིག་བཀོད་བྱེད་ཐུབ། 

ང་རང་ཚུད་པའི་སྐད་སྒྱུར་བ་མང་ཆེ་བ་ལ་དྲན་རྒྱུ་དཀའ་ལས་ཁག་ཤོས་རྣམས་ནི། མིང་དང་གྲངས་འདྲེན་རྣམས་རེད། དམིགས་བསལ་ཁྱེད་ཀྱིས་མིང་དེ་སྔོན་རྩ་ནས་ཐོས་མྱོང་མེད་ན། དེ་ནི་དངོས་གནས་དྲན་དཀའ་བ་ཞིག་ཡོད། དེ་འདྲ་ཡིན་ཙང་། ཁྱེད་ཀྱིས་ཟིན་བྲིས་ངེས་པར་དུ་འགོད་དགོས། དེར་མ་ཟད། ཁྱེད་ཀྱིས་ཟིན་བྲིས་ཧ་ཅང་མགྱོགས་པོ་རྒྱག་ཐུབ་པ་ཞིག་དགོས་ཤིང་། དེ་ཡང་བསྡུས་ཡིག་ནང་ཟིན་བྲིས་འགོད་ཐུབ་པ་དགོས། དེ་འདྲ་བྱུང་ན། ཁྱེད་ཀྱིས་གསུང་བཤད་གནང་མཁན་གྱི་མྱུར་ཚད་དང་བསྟུན་ནས་སྒྱུར་ཐུབ། འདི་དག་ནི་ང་ཚོའི་དྲན་པ་དང་དོ་སྣང་ཡར་རྒྱས་གཏོང་བའི་ཐབས་ལམ་འགའ་ཤིག་རེད། 

དེ་དག་ལས་ཆ་རྐྱེན་གལ་འགངས་ཆེ་ཤོས་དེ་ནི་ཕལ་ཆེར་ཀུན་སློང་རེད་ཅེས་ངས་ནན་བརྗོད་བྱེད་འདོད་བྱུང་། ཁྱེད་ཀྱིས་དོ་སྣང་བྱེད་འདོད་དང་དྲན་འདོད་ངེས་པར་དུ་དགོས། གལ་ཏེ་ཁྱེད་ཀྱིས་གཞན་ལ་ཕན་པ་དང་། ཉན་པ་པོ་ཚང་མ་རང་གི་ཨ་མ་དང་། ཨ་ཕ། གཅེན་པོ། གཅེན་མོ། གྲོགས་པོ་ཡག་ཤོས་ཡིན་པ་དང་དེ་དག་ལ་འགྲེལ་བརྗོད་བྱེད་ཐབས་བྱེད་ཀྱིན་ཡོད་བསམས་ན། ཁྱེད་ཀྱིས་དེ་དག་ལ་འབྲེལ་བ་ཧ་ཅང་ཡག་པོ་ཞིག་བྱེད་འདོད་སྐྱེ་གི་རེད། གང་ཡིན་ཞེ་ན། ཁྱེད་རང་དེ་དག་གི་ཆེད་སེམས་ཁུར་ཧ་ཅང་ཆེན་པོ་ཡོད་པ་རེད། འདིས་ཁྱེད་ཀྱི་དྲན་པ་ཡར་རྒྱས་གཏོང་བར་ཧ་ཅང་ཕན་གྱི་ཡོད།།

Top