ཕྲག་དོག་ལ་ཞིབ་ཕྲར་དཔྱད་པ། སྟོང་པ་ཉིད་རྟོགས་པ།

ཕྲག་དོག་དང་ཉོན་མོངས་གཞན་རྣམས་ནི་དཀའ་ངལ་རྒྱ་ཆེ་བ་ཞིག་གི་རྟགས་མཚན་རེད། དེ་ཡང་ཆོས་རྣམས་དོན་ངོ་མར་ཇི་ལྟར་གནས་ཡོད་པར་རྨོངས་པའི་གཞི་རྩའི་མ་རིག་པ་དེ་རེད། འདིར་ང་ཚོས་ཀུན་རྫོབ་དང་། སྡེ་ཚན། ཆོས་རྣམས་ཇི་ལྟར་གནས་ཡོད་པ། ཕྲག་དོག་ལས་ཐར་བའི་ཆེད་ང་ཚོས་དེ་དག་ཐམས་ཅད་ཀྱི་གོ་རྟོགས་ཤིག་བཀོལ་སྤྱོད་ཇི་ལྟར་བྱེད་ཐུབ་པ། དཀའ་ངལ་རྣམས་ལ་གདོང་ལེན་བྱ་ཚུལ། མི་ཚེའི་ནང་མདུན་སྐྱོད་བྱེད་ཚུལ་བཅས་ཀྱི་ཐད་ལ་གཏིང་ཟབ་ཏུ་བལྟ་དགོས་ཀྱི་ཡོད།

བསྐྱར་ཞིབ་མདོར་བསྡུས།

ང་ཚོས་ཕྲག་དོག་བརྗོད་གཞིར་བཟུང་ནས་སེམས་ཚོར་གྱི་དཀའ་ངལ་སྐོར་བཤད་དང་ཤོད་མུས་རེད། དེ་དག་ཐམས་ཅད་ཀྱི་རྨང་གཞིར་གྱུར་བ་ནི་དངོས་པོའི་གནས་ལུགས་དང་། མི་རྣམས་ཇི་ལྟར་ཡོད་པ། གཞན་དང་རང་ཉིད་ཇི་ལྟར་ཡོད་པའི་ཐད་ལ་གཞི་རྩའི་རྨོངས་པ་ཞིག་ཡོད་པ་ང་ཚོས་མཐོང་ཡོད། 

རྨོངས་པ་འདིའི་རྣམ་པ་གཅིག་ནི། དཔེར་ན། ང་ཚོ་ནི་རྟག་ཏུ་རྒྱལ་ཁ་ཐོབ་མཁན་ནམ་ཡང་ན་ཕམ་མཁན་དེ་ཡིན་པའི་སྡེ་ཚན་ཚུགས་ཐུབ་ཅིག་གི་ནང་ཡོད་པར་བསམ་གྱི་ཡོད་པ་དེ་རེད། ང་ཚོས་སོ་སོ་རང་ཉིད་དང་གཞན་རྣམས་མཐའ་སྐོར་ལ་ཐིག་མཚམས་ཡོད་པའི་རྡོག་རྡོག་ཚུགས་ཐུབ་ཀྱི་ངོ་བོར་ཡོད་པ་དང་། ང་རྡོག་རྡོག་དེ་ང་ཚོས་རྡོག་རྡོག་ཚུགས་ཐུབ་ཀྱི་ “ཕམ་མཁན་” གྱི་སྒམ་ནང་སྦྱར་བ་དང་ཚུགས་ཐུབ་ཏུ་གྲུབ་པ་གཞན་རྣམས་ནི་ “རྒྱལ་ཁ་ཐོབ་མཁན་” གྱི་སྒམ་ནང་སྦྱར་གྱི་ཡོད་ཅེས་བསམ་བློ་འཁོར་གྱི་ཡོད། དེ་ནས་ང་ཚོས་དེ་དག་ཐམས་ཅད་འཁྱགས་སྒམ་ནང་འཁྱགས་རེངས་གཏོང་གི་ཡོད། 

“ང་” དང་ “ཁྱོད་” ལ་བརྟེན་ནས་གང་ལྟར་ཡང་། ང་ཚོས་ཀུ་ཤུ་དང་ཚ་ལུ་མ་ལྟ་བུ་སྤྱིར་བཏང་གི་སྡེ་ཚན་སྐོར་ཤོད་ཀྱིན་མེད། “ང་” དང་ “ཁྱོད་” ནི་སྡེ་ཚན་ཡིན་པ་སོང་ཙང་། དེ་ནི་རྨོངས་པ་ཆེ་བ་ཡོད། མི་ཚང་མས་སོ་སོ་རང་ཉིད་ “ང་” དང་གཞན་རྣམས་ “ཁྱོད་” ཡིན་པར་བསམ་གྱི་ཡོད། འདིར་ངས་སྒེར་གྱི་ “ང་” དང་སྒེར་གྱི་ “ཁྱོད་” ཅེས་ལ་གོ་བར་བྱས་ཡོད། 

ཆོས་ཤིག་ཡོད་པར་གང་གིས་སྒྲུབ་བམ།

སྟོང་པ་ཉིད་ནི་གཞི་རྩའི་ཆ་ནས་ཆོས་ཤིག་ཡོད་པར་གང་གིས་སྒྲུབ་པའི་སྐོར་ཤོད་ཀྱིན་ཡོད་པ་ང་ཚོས་མཐོང་ཡོད། ནང་ཆོས་ཀྱི་ནང་འདིའི་ཐུན་མིན་གྱི་ཐ་སྙད་ནི་ “སྒྲུབ་པ་” ཟེར་བ་དེ་རེད། དཔེར་ན། “ཆོས་ཤིག་ཡོད་པར་གང་གིས་སྒྲུབ་བམ།” འདི་ནི་གནད་འགག་ཅན་གྱི་ཚིག་ཅིག་རེད། གང་ཡིན་ཞེ་ན། འདིས་ཆོས་ཤིག་བདེན་པ་གང་གིས་བཟོ་བ་དང་གང་གིས་སྒྲུབ་པར་བྱེད་པ་སྟེ། དེ་ནི་ཆོས་ཤིག་སྒྲུབ་ཡོད་པའམ་ཡང་ན་དེ་བདེན་པ་ཡིན་པར་སྒྲུབ་ཀྱི་ཡོད། སྒྲུབ་པའམ་ཁུངས་སྐྱེལ་བྱེད་པ་ནི་སྐབས་འདིའི་གོ་དོན་ངོ་མ་དེ་ཡིན་པ་དང་། ཆོས་ཤིག་སྒྲུབ་པའི་ཆེད་དུ་བོད་ཀྱི་སྐབས་དོན་ནང་ཚིག་དེ་གཅིག་པ་བེད་སྤྱོད་བྱས་ཡོད།  

ཆོས་གང་ཞིག་ཡོད་པའི་མཚན་ཉིད་ནི་ཆོས་གང་ཞིག་ཚད་མའི་སྒོ་ནས་ཤེས་པ་དེ་རེད། དེ་ནི་ཆ་ཚད་ལྔ་པའི་ཁམས་ནས་འོང་བའི་བཙན་འཛུལ་བྱེད་པོ་ལྟ་བུ་མ་རེད། གང་ཡིན་ཞེ་ན། དེ་དག་ཚད་མའི་སྒོ་ནས་ཤེས་རུང་མ་རེད། ང་ཚོར་སྲོག་ཆགས་དེ་དག་ལ་རྟོག་འཆར་དེའི་རིགས་ཡོད་སྲིད་ནའང་། དེ་འདྲའི་ཆོས་ཤིག་མེད། ཚད་མའི་སེམས་ཀྱིས་དེ་དག་མཐོང་ངེས་མ་རེད། དེ་ནི་འཁྲུལ་སྣང་ཞིག་ཡིན་པ་དང་འཁྲུལ་སྨྱོ་འདྲ་བའི་སེམས་ནད་ཀྱི་འཆར་སྣང་ཞིག་རེད། 

ང་ཚོས་དེ་སོ་སོའི་མི་ཚེ་ལ་ལག་བསྟར་བྱེད་པའི་སྐབས། གནད་དོན་དེ་གང་རེད་ཅེ་ན། “ང་ནི་ཕམ་མཁན་ཞིག་དང་ཁྱོད་ནི་རྒྱལ་ཁ་ཐོབ་མཁན་དེ་ཡིན་” པ་ང་ཚོས་ཇི་ལྟར་ཤེས་སམ། གནད་དོན་ངོ་མ་ནི་ང་ཚོས་ཇི་ལྟར་ཤེས་ཚུལ་དེ་མིན་པར། ང་ཚོས་ཇི་ལྟར་ཁུངས་སྐྱེལ་བྱེད་ཚུལ་དེ་རེད། གང་གིས་ཁུངས་སྐྱེལ་བྱེད་དམ། འདི་ནི་དྲི་བ་དོ་སྣང་བྱ་འོས་ཤིག་རེད། གང་ཡིན་ཞེ་ན། གལ་ཏེ་ང་ཚོ་བློ་ཕམ་བྱུང་ན། བློ་ཕམ་བྱུང་བ་དེ་ལ་གཞི་བྱས་ཏེ། བརྗོད་དོན་དེ་བདེན་པ་ཡིན་པར་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོས་ “ང་ནི་ཕམ་མཁན་དེ་རེད་” ཅེས་པ་དེ་དངོས་པོའི་གནས་ལུགས་དང་མཐུན་པར་དངོས་གནས་ཡིད་ཆེས་བྱེད་ཀྱི་ཡོད། འོན་ཀྱང་དེ་ནི་རྟོག་པའི་འཆར་སྣང་ཞིག་རེད་དམ། མི་གཞན་ཚང་མ་རྒྱལ་ཁ་ཐོབ་མཁན་དེ་ཡིན་ནའང་། ང་ཚོ་མིན། དེ་འདྲ་ཞིག་ཚོར་གྱི་ཡོད། དེ་ནི་གང་ཧ་ཅང་འཇིགས་སུ་རུང་བ་དེ་རེད། དེ་འདྲ་ཞིག་ཚོར་བ་དང་ང་ཚོས་དེ་ལ་དངོས་གནས་ཡིད་ཆེས་བྱེད་ཀྱི་ཡོད། རྨོངས་པ་འདི་དང་རྟོག་འཆར་འདི་རང་ཤུགས་ཀྱིས་བསླེབ་ཀྱི་ཡོད། གང་ཡིན་ཞེ་ན། དེ་ནི་ང་ཚོས་ “ཕམ་མཁན་དེ་ཚིག་མཛོད་ནང་བལྟ་རྒྱུ་ཡིན་ཞེས་པའམ། ཡང་ན་དེ་ལས་སྡུག་པ་ཞིག་ལ་དགོས་རྒུའི་ནང་འཚོལ་གྱི་ཡིན། ཨ། རེད། དེ་ང་རེད་” ཅེས་དེའི་ཐད་ལ་བསམ་བློ་གཏོང་བ་དང་ཐག་གཅོད་བྱེད་པ་ལྟ་བུ་མིན། གལ་ཏེ་ཁྱེད་རང་སྨན་པ་ཞིག་གམ་སློབ་སྟོན་པ་ཞིག་གི་མདུན་དུ་ཕྱིན་ནས་དེ་དག་གིས་ཁྱེད་ལ་ཤོག་བུ་ཞིག་གི་སྟེང་དུ་ང་ཚོ་ཕམ་མཁན་དེ་རེད་ཅེས་ངོས་སྦྱོར་བྱས་ན། དེ་ནི་གང་ལ་གང་འཚམ་གྱི་གད་མོ་བྲོ་པོ་ཡིན་ངེས་རེད། 

བྱས་ཙང་། ང་ཚོར་རྒྱལ་ཁ་ཐོབ་མཁན་དང་ཕམ་མཁན་གྱི་སྡེ་ཚན་དེ་དག་ཡོད་པ་དང་། སྡེ་ཚན་དེ་དག་གང་གིས་བཟོས་ཡོད་པ་ང་ཚོས་བརྟག་དཔྱད་བྱེད་དགོས། དེ་དག་ནི་ཚིག་གིས་མིང་དུ་བཏགས་ཡོད་པ་ང་ཚོས་མཐོང་གི་རེད། སྡེ་ཚན་རྣམས་ནི་མཚན་ཉིད་ལ་གཞི་བྱས་ཡོད་པ་དང་མཚན་ཉིད་དེ་དག་ནི་ང་ཚོའི་སེམས་ནས་ཡོང་གི་ཡོད། 

མྱོང་བའི་སྐད་ཅིག་གི་གོ་དོན་སྟོན་པ། དཔེ་མཚོན་དང་། མཚན་ཉིད། བློའི་འདོགས་ཚུལ།

ད་ང་ཚོས་མི་ཚེ་ལ་སྤྱིར་བཏང་གི་ཆ་ནས་བལྟ་ཆོག །ཧ་ཅང་སྟབས་བདེ་བའི་སྒོ་ནས་མི་ཚེ་ནི་གྲངས་མེད་པའི་སེམས་ཅན་སྒེར་གྱི་མྱོང་བའི་སྐད་ཅིག་གིས་བསྐྲུན་ཡོད། དུད་འགྲོ་དང་། འབུ་སྲིན། འགྲོ་བ་མི། དེ་བཞིན་ཚང་མས་བྱུང་རྐྱེན་ལ་གཞིགས་ནས་སོ་སོའི་མི་ཚེའི་སྐད་ཅིག་རེ་རེ་ཉམས་སུ་མྱོང་བཞིན་ཡོད། གནད་དོན་རྣམས་འབྱུང་བཞིན་པ་རེད། དེ་ནི་རྟག་ཏུ་ཧ་ཅང་འཁྲུག་ཆ་དོད་པོ་ཞིག་མེད། གང་ཡིན་ཞེ་ན། བྱུང་རྐྱེན་དེ་ད་ག་སེ་ཡར་ལངས་པ་དང་སོ་སོའི་མགོ་བོ་སྦར་ཤད་རྒྱག་པ་ཙམ་ཡིན་སྲིད། འདི་ནི་སྐད་ཅིག་སྐད་ཅིག་གི་མི་ཚེའི་སྐོར་དེ་རེད། མ་རེད་དམ། འདི་ནི་མི་ཚེའི་ནང་དོན་དེ་རེད། 

བྱུང་རྐྱེན་རེ་རེ་ནི་མི་འདྲ་བ་ཡིན་པ་དང་མི་སྒེར་སུ་འདྲ་ཞིག་ལ་གོ་རྒྱུ་ཡོད་པའི་བྱུང་རྐྱེན་གྱི་རྒྱུན་ཞིག་ཡོད། དེ་དག་གཅིག་རྗེས་གཉིས་མཐུད་ཐོག་ཡོང་གི་ཡོད་པ་དང་དེ་དག་ངེས་མེད་ཀྱི་སྒོ་ནས་ཕན་ཚུན་འབྲེལ་མེད་ཀྱི་སྐད་ཅིག་ཙམ་མ་རེད། དེ་གང་འདྲ་ཡོད་པ་ནང་བཞིན་གློག་བརྙན་སྟོན་པ་དེ་ང་ཚོ་གཅིག་པུ་མིན། སེམས་ཅན་གྲངས་མེད་པ་དང་བྱུང་རྐྱེན་ཉམས་སུ་མྱོང་བའི་སྐད་ཅིག་གྲངས་མེད་པ་ཡོད། དཔེར་ན། གལ་ཏེ་ང་ཚོས་ཕོར་པ་ཞིག་ལྕོག་ཙེ་གཅིག་གི་སྟེང་ནས་གཞན་ཞིག་ལ་འཇོག་པའི་གཡོ་འགུལ་ལ་བལྟས་ན། དེ་ནི་སྐད་ཅིག་སོ་སོ་དེ་དག་གིས་བཟོས་ཡོད། ང་ཚོས་ཕོར་པ་དེ་ཡར་བླངས་བ་ནས་བཟུང་སྟེ། དེ་ཁྱེར་ནས་ལྕོག་ཙེའི་སྒང་ལ་མ་བཞག་གི་བར་དུ་སྐད་ཅིག་དེ་དག་རེ་རེ་ནི་བྱུང་རྐྱེན་མི་འདྲ་བ་རེད། དེ་ནི་སྐད་ཅིག་ཚང་མ་ལ་དེ་དང་འདྲ་བ་རེད། 

ང་ཚོས་ཉམས་མྱོང་གི་སྐད་ཅིག་དེ་དག་གོ་རྒྱུ་ཡོད་པ་ཇི་ལྟར་བཟོ་ཐུབ་བམ། ང་ཚོས་སྡེ་ཚན་དུ་དབྱེ་བར་རོགས་བྱེད་པའི་དཔེ་དང་མཚན་ཉིད་ལ་བལྟ་བ་དང་། གང་འབྱུང་བཞིན་པའི་སྡེ་ཚན་ཆེ་བ་ཞིག་གི་ནང་དེ་དག་རན་འཚམས་སུ་འཇོག་པའི་སྒོ་ནས་བྱུང་རྐྱེན་དེ་རྟོགས་པ་དང་འབྲེལ་བ་བྱེད་ཀྱི་ཡོད། ང་ཚོས་སྡེ་ཚན་དུ་ཇི་ལྟར་དབྱེ་བ་ཕྱེ་གི་ཡོད་དམ། ང་ཚོས་དེ་ནི་སྡེ་ཚན་གྱི་མཚན་ཉིད་ལ་བརྟེན་ནས་དབྱེ་བ་འབྱེད་པ་དང་མཚན་ཉིད་དེ་དག་ནི་ཧ་ཅང་མི་འདྲ་བ་ཡོང་སྲིད། 

འདིའི་ཐུན་མིན་གྱི་ཐ་སྙད་ནི་ “བློའི་འདོགས་ཚུལ་” ཟེར་བ་དེ་ཡིན་པ་དང་ང་ཚོས་སྐྲུན་པའི་བློའི་འདོགས་ཚུལ་མང་པོ་ནི་ཚད་མ་དང་ཏག་ཏག་ཡིན་སྲིད།

ང་ཚོས་ཇ་འཐུང་བའི་དཔེ་བཞག་ནས་ཁ་གསལ་འགྲེལ་བརྗོད་བྱེད་ཐུབ། ངས་བྱུང་རྐྱེན་འདི་སྡེ་ཚན་གང་གི་ཁོངས་སུ་ཐེ་བར་བྱེད་ཐུབ་བམ། སྡེ་ཚན་དང་པོ་ནི་ངའི་ལག་པ་གཡོ་འགུལ་བྱེད་པ་དེ་རེད། ངས་ཀྱང་ཇ་འཐུང་ཡོད། ཕལ་ཆེར་ང་རང་ཁ་སྐོམ་ཡོད་སྲིད། ཡང་མིན་ན་ང་རང་གཉིད་མ་ཡུར་བར་གྲུང་པོར་སྡོད་འདོད་ཡོད་སྲིད། ཕོར་པ་དེ་ཞ་ལའི་སྒང་ལ་ཟག་མེད། བྱས་ཙང་། ངས་ཕོར་པ་མར་བཞག་ཡིན། དེ་དང་དུས་མཉམ་དུ་ངས་དབུགས་གཏོང་བཞིན་ཡོད་དམ། ང་ས་ཆ་ངེས་ཅན་ཞིག་གི་ནང་ཡོད་དམ། བྱུང་རྐྱེན་དེ་ཏག་ཏག་ཇི་བཞིན་དུ་འགྲེལ་བརྗོད་བྱེད་ཐུབ་པའི་གནད་དོན་དང་སྡེ་ཚན་ཧ་ཅང་མང་པོ་ཡོད། 

ང་ཚོས་བྱུང་རྐྱེན་དེ་རྟོགས་པའི་ཆེད་བེད་སྤྱོད་བྱེད་པའི་བྱེད་སྒོ་དེ་དག་གི་སྡེ་ཚན་རེ་རེ་ནི་མཚན་ཉིད་ངེས་ཅན་ལ་གཞི་བྱས་ཡོད། ཚིག་རྣམས་ལ་མཚན་ཉིད་ཡོད། དྲི་བ་དེ་གང་རེད་ཅེ་ན། གང་འབྱུང་བཞིན་པ་དེ་སྡེ་ཚན་ངེས་ཅན་ཞིག་གི་ནང་རན་འཚམས་ཡོད་པ་གང་གིས་སྒྲུབ་ཀྱི་ཡོད་དམ། 

ས་མཚམས་དེ་གང་གིས་སྐྲུན་གྱི་ཡོད་དམ།

ངས་གོང་དུ་བྱུང་རྐྱེན་དེ་རན་འཚམས་སུ་འཇོག་ཐུབ་པའི་སྡེ་ཚན་ནང་གི་གཅིག་ལ་བཏུང་བ་དཔེ་རུ་བཞག་ཡིན་ཞེས་བཤད་ཡོད། བྱུང་རྐྱེན་འགོ་བཙུགས་པ་དང་མཇུག་རྫོགས་པའི་ས་མཚམས་དེ་གང་དུ་ཡོད་དམ།

ང་ཚོས་མྱོང་བ་ངེས་ཅན་ཞིག་གི་ནང་དུ་བར་མ་ཆད་པའི་རྒྱུན་ཞིག་དུམ་བུར་བགོ་བ་ནི་རང་སྣང་གང་དྲན་རེད། དཔེ་མཚོན་འདིའི་ནང་། “སོ་སོའི་ལག་པ་ཕོར་པའི་ཕྱོགས་སུ་འགུལ་བ་” སོགས་དུམ་བུར་གཏུབ་ཆོག་པ་དེའང་ང་ཚོས་མཐོང་ཡོད། འོན་ཀྱང་དོན་ངོ་མར་བཏུང་བ་ནི་ངའི་ཁའི་ནང་ཡོད་པའི་སྐབས་ཙམ་དེ་རེད། དེ་ནི་བྱུང་རྐྱེན་གྱི་ཆ་ཤས་ཆུང་ངུ་ཞིག་རེད། ང་ཚོས་ད་དུང་ཤེལ་ཕོར་དེ་ལྕོག་ཙེའི་སྒང་ལ་རང་འཇགས་འཇོག་པ་དེའང་འཚུད་པར་བྱེད་ཆོག་པའམ་ཡང་ན་འཛིན་གྲྭ་འདི་ལ་སློབ་ཁྲིད་བྱེད་པའི་རྒྱུན་དེ་འཚུད་པར་བྱེད་ཆོག །འོན་ཀྱང་དེ་ནི་ཚད་བཀག་གི་དུས་སྐབས་ཤིག་རེད། ངས་དུས་རྟག་ཏུ་བསླབ་ཀྱི་མེད་པ་སོང་ཙང་། ང་ཚོས་དེ་དབུགས་ཀྱི་ཆ་ཤས་ཆེ་བ་ཞིག་གི་ནང་དུ་རན་འཚམས་འཇོག་ཆོག །བྱུང་རྐྱེན་དེ་ནི་དབུགས་གཏོང་བཞིན་པ་དང་། དབུགས་གཏོང་བཞིན་པའི་སྐབས་དེར་ངས་ཇ་ཕོར་པ་གང་འཐུང་ཡིན། ང་ཚོས་རྒྱུན་དེ་ཇི་ལྟར་དུམ་བུར་བགོ་ཚུལ་དེ་ནི་མཐའ་གཅིག་ཏུ་རང་སྣང་གང་དྲན་རེད། 

ཚད་ལས་བརྒལ་བའི་གནད་དོན་བཟོ་བ། 

ང་ཚོས་རྒྱུན་འདིའི་ཆ་ཆུང་ངུ་གཏུབ་ཚུལ་དེ་ནི་ནམ་རྒྱུན་དཀའ་ངལ་ཆེན་པོ་བཟོ་གི་ཡོད། ང་ཚོས་སོ་སོའི་མི་ཚེའི་ནང་གི་བྱུང་རྐྱེན་ཆུང་ངུ་ཞིག་ལ་དམིགས་པ་གཏད་ནས་དེ་ལ་ཚད་བརྒལ་གྱི་འུད་ཤོབ་རྒྱག་གི་ཡོད། དཔེར་ན། ང་ཚོས་ “ངའི་ལས་ཀ་ཤོར་སོང་” ཞེས་དང་། ཡང་ན་ “མི་དེས་ང་ལ་སྐད་ལོག་རྒྱག་སོང་” ཞེས་པར་དམིགས་ཏེ། དེ་ནི་སོ་སོའི་མི་ཚེའི་ནང་གི་བྱུང་རྐྱེན་ཆེ་ཤོས་སུ་བཟོ་གི་ཡོད། ང་ཚོའི་མི་ཚེའི་ཉམས་མྱོང་ཡོངས་སུ་རྫོགས་པའི་རྒྱུན་ཆེན་པོ་དེའི་གོ་དོན་དེ་བརླག་གི་ཡོད། དེ་ཡང་གལ་ཏེ་ང་ཚོའི་སེམས་ནང་ཉར་ན། གང་འབྱུང་བ་དེ་ནི་བྱུང་རྐྱེན་ཆུང་ངུ་ཙམ་ཞིག་ཆགས་ཀྱི་རེད། དེ་ནི་ང་ཚོ་ལོ་ན་གཉིས་ཡིན་པའི་སྐབས་སར་ལྷུངས་ནས་རང་གི་ལག་པ་རྨས་པ་ལྟ་བུ་རེད། དེའི་སྐབས་སུ་དེ་ནི་འཛམ་གླིང་ནང་གི་གནས་སྟངས་ཞེད་སྣང་ཚ་ཤོས་ལྟ་བུར་སྣང་གི་ཡོད། འོན་ཀྱང་ང་ཚོའི་མི་ཚེ་གང་པོ་ཕར་ཞོག །ང་ཚོ་ཆུང་བྱིས་པའི་ལྟ་ཚུལ་ལ། དེ་ནི་དངོས་གནས་གནས་ཚུལ་ཆེན་པོ་མ་རེད། 

སྡེ་ཚན་ཞིག་གི་ནང་གནད་དོན་ཞིག་རན་འཚམས་གང་གིས་བཟོ་གི་ཡོད་དམ། 

ང་ཚོའི་བཏུང་བའི་མཚན་ཉིད་ཀྱི་ནང་གང་རན་འཚམས་ཆགས་ཀྱི་ཡོད་དམ། དེའི་ནང་ངས་ཕོར་པ་དེ་ལེན་པར་ལག་པ་འགུལ་སྐྱོད་མ་བྱས་སྔོན་ནས་འཐུང་འདོད་ཀྱི་ཀུན་སློང་དང་འདོད་འདུན་དེ་འཚུད་ཀྱི་ཡོད་དམ། ཇ་དེ་ངའི་ཁའི་ནང་བླུགས་པའི་རྗེས་སུ་དེ་མཇུག་རྫོགས་པ་རེད་དམ། ཡང་ན་དེ་མུ་མཐུད་དེ་ངའི་གྲོད་ཁོག་ནང་དུ་མ་སོང་བར་དུ་རེད། ངའི་གྲོད་ཁོག་ནས་ཇ་དེ་ཕྱིན་ན་ག་རེ་ཆགས་སམ། དེ་ནི་ད་དུང་ཡང་ “ཇ་ཕོར་པ་གང་འཐུང་བའི་” ནང་ཡོད་དམ། ཐ་ན་བཏུང་བའི་ས་མཚམས་རྣམས་ཀྱང་རང་སྣང་གང་དྲན་ཡིན་པ་རེད། འདི་ལ་བརྟེན་ནས་ངས་འདི་ནི་རྙོག་ཟིང་ཅན་རེད་ཟེར་གྱི་མེད། ཡིན་ནའང་དེ་ནི་ཐབས་ལམ་མི་འདྲ་བའི་སྒོ་ནས་གཏན་འབེབས་བྱེད་ཆོག

མཚན་ཉིད་དེ་ཏག་ཏག་ཡིན་པ་ང་ཚོས་ཇི་ལྟར་རྟོགས་ཐུབ་བམ།

བྱུང་རྐྱེན་ཞིག་སྡེ་ཚན་གང་རུང་གི་ནང་རན་འཚམས་ཡོད་པ་གང་གིས་བཟོ་གི་ཡོད་པ་དེ་ང་ཚོས་ཇི་ལྟར་ཤེས་ཐུབ་བམ། དེ་ནི་སྡེ་ཚན་གྱི་ནང་ཡོད་པ་གང་གིས་སྒྲུབ་ཀྱི་ཡོད་དམ། ང་ཚོས་སྡེ་ཚན་གཏན་ལ་ཕབ་ཡོད་པ་དང་མྱོང་བ་ལ་མཚན་ཉིད་དེ་རན་འཚམས་ཡོད། འོ་ན་དེ་གང་གིས་སྒྲུབ་པའམ་ཁུངས་སྐྱེལ་བྱེད་དམ།

ང་ཚོས་མཚན་ཉིད་ཀྱི་ཐད་ལ་མོས་མཐུན་བྱས་པ་དང་སྡེ་ཚན་གཏན་ལ་ཕབ་ཡོད། འོན་ཀྱང་ཡུལ་རང་ངོས་ལ་དེ་ལ་ཡང་དག་པར་མིང་འདོགས་སུ་འཇུག་མཁན་ཞིག་ཡོད་དམ། ང་ཚོས་ “ཇ་ཕོར་པ་གང་འཐུང་བ་” ཞེས་ཁྱེད་ཀྱིས་བརྗོད་པ་དེ་ “ངའི་མགོ་བོ་སྦར་ཤད་རྒྱག་པ་” ནང་བཞིན་མིང་དུ་འདོགས་པའི་ཐག་གཅོད་བྱེད་ཆོག 

དེ་ནས་ང་ཚོས་སྐད་ཡིག་འགྱུར་བ་བཏང་ཡོད། 

ཡང་ན་ང་ཚོས་དོན་དག་འགྱུར་བ་བཏང་ཡོད་དམ།

དེ་ནི་དེ་ལ་བརྟེན་ནས་ང་ཚོས་ “ཇ་ཕོར་པ་གང་འཐུང་བ་” དང་ “ངའི་མགོ་བོ་སྦར་ཤད་རྒྱག་པ་” ཞེས་བརྗོད་པ་དེ་ཚད་ལྡན་མིན་ཞེས་བརྗོད་ཆོག་པའི་སྐད་ཡིག་གཅིག་པ་ཡོད་པའི་རྒྱུ་མཚན་གྱིས་རེད་དམ།

ཡག་པོ་རེད། འདི་ནི་གནད་དོན་གལ་ཆེན་ཞིག་རེད། ང་ཚོས་སྐད་ཡིག་གཅིག་པའི་ནང་སྐད་ཆ་ཤོད་པ་དང་ཚིག་གི་མཚན་ཉིད་དང་དེ་དག་གང་ལ་གོ་བའི་ཐོག་ལ་མོས་མཐུན་བྱས་ཡོད། འོན་ཀྱང་མཚན་ཉིད་གང་ཞིག་འགྲེལ་བརྗོད་དེ་དག་དང་མཐུན་པ་ཞིག་བྱུང་རྐྱེན་གྱི་ཕྱོགས་སུ་རྙེད་དུ་ཡོད་དམ། གལ་ཏེ་རང་མཚན་དེ་དག་གིས་ང་ཚོའི་བྱུང་རྐྱེན་དེ་ང་ཚོའམ་ཚིག་མཛོད་བཟོ་མཁན་འགའ་ཞིག་གིས་ཐག་གཅོད་བྱས་པའི་ཚིག་དང་མཚན་ཉིད་ཀྱིས་འབོད་པའི་སྡེ་ཚན་མ་ནོར་བ་ཞིག་གི་ནང་ལ་འཇུག་ཐུབ་པར་བྱས་ཡོད་ན། རང་མཚན་དེ་དག་གང་དུ་ཡོད་དམ། བྱུང་རྐྱེན་ནི་རྒྱུན་ཞིག་ཡིན་པ་དང་སྐད་ཅིག་རེ་རེ་ནི་མི་འདྲ་བ་ཡིན་ནའང་། དེ་དག་ཕན་ཚུན་འབྲེལ་ནས་ཡོད་པ་དེ་དྲན་དགོས། 

འདིར་ང་ཚོས་བྱུང་རྐྱེན་ཞིག་གམ་བྱ་བ་ཞེས་བྱ་བའི་ “འཐུང་བ་” དང་། “དབུགས་གཏོང་བ།” ཡང་མིན་ན་ “རང་གི་ལག་པ་གཡོ་འགུལ་གཏོང་བའི་” སྐོར་ཤོད་སྐབས། གནད་དོན་ཞིག་གི་ཐད་ལ་ཏོག་ཙམ་ཁ་གསལ་བ་ཤོད་ཀྱིན་ཡོད། ང་ཚོས་ཡུལ་ཞིག་ལ་བལྟ་བའི་སྐབས། དེ་ནི་ཏོག་ཙམ་མགོ་རྙོག་ཚ་རུ་འགྲོ་གི་ཡོད། ཡིན་ནའང་བྱ་བ་ཞིག་གམ་བྱུང་རྐྱེན་ཞིག་ལ་བརྟེན་ནས་དེ་ནི་ཏོག་ཙམ་ཁ་གསལ་བ་ཡོད། དེའི་སྐོར་ལ་བསམ་བློ་གཏོང་རོགས་ཞུ། 

(སྒོམ་གྱི་བར་མཚམས།)

“བཏུང་བ་” ཞེས་པའི་སྡེ་ཚན་གྱི་ནང་དེ་དག་རེ་རེ་རན་འཚམ་ཡོད་པར་བཟོ་མཁན་གྱི་སྐད་ཅིག་རེ་རེའི་བརྗོད་དོན་གྱི་ངོས་སུ་གཅིག་ཡོད་དམ། ང་ཚོས་ “འཐུང་བ་” ཞེས་བརྗོད་པའི་གོ་རིམ་བཟོ་མཁན་གྱི་སྐད་ཅིག་རེ་རེའི་ནང་གནད་དོན་གཅིག་མཚུངས་བརྗོད་པ་ཞིག་ཡོད་དམ། “བཏུང་བ་” ཞེས་པའི་སྡེ་ཚན་གྱི་ཆ་ཤས་སུ་བཟོས་པའི་གནད་དོན་དེ་གཅིག་པ་ཞིག་བརྗོད་དགོས་ངེས་རེད། ང་ཚོས་འདི་ཚང་མ་དང་མཉམ་དུ་བྱེད་ཆོག །དཔེར་ན། ང་ཚོའི་ལག་པ་གཡོ་འགུལ་བྱེད་པ་ནས་བཟུང་སྟེ། རང་གི་མགོ་བོ་སྦར་ཤད་རྒྱག་པའི་བར་དང་ས་ཆ་ངེས་ཅན་ཞིག་གི་ནང་ཡོད་པའི་བར་དུ་བྱེད་ཆོག །བྱུང་རྐྱེན་དེ་རང་ངོས་ནས་གནད་དོན་གྱིས་ཐུམ་སྒྲིལ་བྱས་ཡོད་ངེས་རེད། མ་རེད་དམ། 

གལ་ཏེ་བྱུང་རྐྱེན་ལ་བརྟག་ཞིབ་བྱེད་བཞིན་པའི་སྐད་རིགས་སྣ་མང་རྒྱག་མཁན་གྱི་མི་རྣམས་ང་ཚོར་ཡོད་ན། དེ་ནི་ཚིག་མི་འདྲ་བ་སྣ་ཚོགས་པས་ཐུམ་སྒྲིལ་བྱེད་ངེས་རེད་དམ། ང་ཚོས་ཚིག་ཅིག་དོན་དང་འབྲེལ་བ་ཡོད་པ་ཇི་ལྟར་རྟོགས་སམ། དེ་ནི་བྱུང་རྐྱེན་དེའི་ཕྱོགས་ནས་ཡོད་པ་རེད་དམ། དོན་གྱི་ཕྱོགས་ནས་རེད་དམ། ཡང་ན་ཚིག་དེའི་ཕྱོགས་ནས་རེད་དམ། ག་ནས་རེད་དམ། 

རྒྱུ་དང་འབྲས་བུས་མྱོང་བ་རེ་རེ་ལ་ཤུགས་རྐྱེན་བྱེད་ཀྱི་ཡོད། 

ང་ཚོས་བྱུང་རྐྱེན་རྣམས་གང་ནས་ཀྱང་འོང་བཞིན་མེད་པ་དང་གང་དུའང་འགྲོ་གི་མེད་པ་ལྟ་བུའི་རྒྱུན་ཆད་མེད་པའི་བརྒྱུད་པ་འདྲ་པོ་ཞིག་གི་སྐོར་ཤོད་ཀྱི་ཡོད། དེའི་སྔོན་ལ་ཁྱེད་ཀྱིས་ཀུན་སློང་དང་དམིགས་ཡུལ་སྐོར་བཤད་སོང་། བྱུང་རྐྱེན་གྱི་བརྒྱུད་པ་དེ་ཀུན་སློང་དང་དམིགས་ཡུལ་ལ་འབྲེལ་བ་ཆགས་པ་ཞིག་མིན་ནམ། 

དེ་ནི་ཀུན་སློང་དང་དམིགས་ཡུལ་ལ་འབྲེལ་བ་ཆགས་ཀྱི་ཡོད་པ་ཙམ་དུ་མ་ཟད། རྒྱུ་ཚང་མ་དང་འབྲེལ་བ་ཡང་ཆགས་ཀྱི་ཡོད། ཇ་འཐུང་བ་ལ་མཚོན་ན། དེའི་རྒྱུའི་ཁོངས་སུ་ཇ་བཟོ་མཁན་དེ་དང་། ཇ་འཚོང་མཁན་གྱི་ཚོང་ཁང་། ཇ་འདེབས་ལས་བྱེད་མཁན་གྱི་ཞིང་པ་སོགས་ཚུད་ཡོད། དེ་སྒང་ལ་ཇ་འཐུང་བ་ལས་འབྱུང་བའི་རྗེས་འབྲས་ཚང་མ་ཡོད་པ་རེད། དཔེར་ན། ཁ་ཧ་ཅང་མི་སྐོམ་པའམ་ཡང་ན་ཆོས་ཁྲིད་མུ་མཐུད་ནས་བྱེད་མི་ཐུབ་པ་ལྟ་བུ་རེད། ང་ཚོས་གང་བྱེད་དམ་ཞེ་ན། ཐིག་མཚམས་ཤིག་བྲིས་ཏེ་དེའི་ཆ་ཤས་ངེས་ཅན་ཞིག་གི་སྐོར་ལ་སྐད་ཆ་ཤོད་རྒྱུ་དེ་རེད། 

ང་ཚོས་སོ་སོ་སྒེར་གྱི་ཉམས་མྱོང་དང་འབྲེལ་ནས་ཡོད་པའི་རྒྱུ་དང་འབྲས་བུ་ཁོ་ནའི་སྐོར་ཤོད་ཀྱིན་མེད་པར། མི་གཞན་དག་གི་མྱོང་བའི་ཆ་ཤས་སུ་གྱུར་བའི་རྒྱུ་དང་འབྲས་བུའི་སྐོར་ལའང་སྐད་ཆ་ཤོད་ཀྱིན་ཡོད། དེ་ཡང་ཇ་བཟོ་མཁན་གྱི་གང་ཟག་དེའི་ཀུན་སློང་བཟང་པོ་དེ་ནང་བཞིན་རེད། དེར་མ་ཟད། ཉལ་ཁང་ནང་ཡོད་པའི་མི་ཞིག་གིས་ངས་ཇ་འཐུང་བ་མཐོང་བཞིན་དུ་ཁོང་ཚོའི་སེམས་ནང་ “ཨ་ཙི། ང་ལའང་ཇ་ཕོར་པ་གང་རག་ན་ཅི་མ་རུང་” ཞེས་པའི་བསམ་བློ་འཁོར་བའི་རྐྱེན་ཞིག་ཆགས་ཀྱི་ཡོད། འདིས་མི་གཞན་ཞིག་གི་མི་ཚེའི་སྐད་ཅིག་རྗེས་མའི་ནང་གྲོགས་བྱེད་པར། ཕྲག་དོག་གི་ཉོན་མོངས་ལ་རྐྱེན་བྱེད་སྲིད་པ་ཞིག་རེད། རྒྱུ་དང་འབྲས་བུ་ནི་དུས་ཚོད་ངེས་ཅན་ཞིག་ལ་ཚད་བཀག་བྱས་མེད། དོན་ངོ་མར་དེ་ནི་སྐྱེ་བ་སྔོན་མ་དང་ཕྱི་མ་གཉིས་ཀའི་ཁ་ཕྱོགས་ནང་མཐའ་མེད་པ་རེད། 

ང་ཚོས་ཐིག་མཚམས་དེ་དག་འབྲི་གི་ཡོད། བྱས་ཙང་། ང་ཚོས་མི་ཚེའི་སྐད་ཅིག་རེ་རེ་གོ་རྒྱུ་ཡོད་པ་བཟོ་ཐུབ་པ་དང་། སྡེ་ཚན་དང་སྐད་ཡིག་དེ་དག་ལ་གཞིགས་ནས་ང་ཚོས་རང་བཞིན་གྱིས་དེ་ལ་གོ་རྒྱུ་བཟོ་གི་ཡོད། གཞན་དག་མཉམ་དུ་འབྲེལ་བ་བྱེད་ཐུབ་པ་ནི་མཐའ་གཅིག་ཏུ་འདི་ལ་རག་ལུས་ཡོད། ཐ་ན་ངས་ཇ་ཕོར་པ་གང་འདི་འཐུང་བར་བལྟ་བཞིན་པའི་ཆེས་གཞི་རྩའི་རིམ་པའི་ཐོག་ནས་གལ་ཏེ་ཁྱེད་རང་ཚོ་རེ་རེས་ངའི་འདྲ་པར་རྒྱག་ན། དེ་དག་མི་འདྲ་བ་མཐོང་ངེས་རེད། དེ་གང་ཡིན་ཞེ་ན། ཁྱེད་ཀྱིས་ང་ལ་ལྟ་སྟངས་དང་རྒྱང་ཐག་མི་འདྲ་བ་ནས་མཐོང་གི་ཡོད། རེད། ང་ཚོ་ཚང་མས་ཀུན་རྫོབ་ལ་མོས་མཐུན་ཡོད་པ་དང་དེ་ནི་ཚིག་གཙོ་བོ་དེ་རེད། ཐུན་མོང་གི་སྐད་ཡིག་ཅིག་ཡོད་པར་གཞི་བྱས་ཏེ། ང་ཚོ་ཚང་མས་ངས་ “ཇ་ཕོར་པ་གང་འཐུང་ཡིན་” ཞེས་མོས་མཐུན་བྱེད་ཐུབ། དེ་ནི་གང་ལ་གང་འཚམ་གྱི་ངོ་མཚར་ཅན་ཞིག་རེད། མ་རེད་དམ། 

ཁྱེད་ཀྱིས་འདྲ་པར་རྒྱག་པ་འགའ་ཞིག་ནི་དོ་སྣང་བྱས་ཡོད་པ་དང་འགའ་ཞིག་ནི་དོ་སྣང་བྱས་མེད་པ་ཡིན་སྲིད། ཁྱེད་རང་ཚོ་འགའ་ཤས་ཀྱིས་དོ་སྣང་སྤྲད་མེད་པ་དང་འདྲ་པར་རྒྱག་མེད་སྲིད། བྱས་ཙང་། ང་ཚོས་ངས་ཇ་ཕོར་པ་གང་འཐུང་ཡིན་ཞེས་ཇི་ལྟར་སྒྲུབ་ཐུབ་བམ། ང་ཚོས་འདིའི་སྐོར་ད་དུང་མང་པོ་ཤོད་ཆོག །ཁྱེད་རང་འདིར་ཡོང་ནས་ངའི་གྲོད་ཁོག་ལ་ཞིབ་བཤེར་གྱིས་ཇ་མཐོང་ཐུབ་བམ། དེ་ནི་བཏུང་བ་དེ་རེད་དམ། ཕལ་ཆེར་ངའི་གྲོད་ཁོག་ནང་ཁུ་བ་དེ་མི་འདྲ་བ་ཞིག་གི་ཐོག་ནས་ཕྱིན་ཡོད་སྲིད། ཁྱེད་ཀྱིས་ཇི་ལྟར་ཤེས་ཐུབ་བམ།

ཞིབ་ཕྲར་དཔྱད་པའི་རྒྱུད་རིམ།

ནམ་ཞིག་ཁྱེད་ཀྱིས་ཞིབ་ཕྲར་དཔྱད་པའི་རྒྱུད་རིམ་འདི་འགོ་བཙུགས་པ་དང་ཡུལ་གྱི་ཕྱོགས་ནས་ཚང་མ་ཁ་ཐོར་རྒྱུ་འགོ་བཙུག་གི་རེད། ཡིན་ནའང་ང་ཚོ་མཐའ་གཅིག་ཏུ་གང་ཡང་མེད་པའི་ཆད་ལྟའི་རིང་ལུགས་ཀྱི་ནང་ལྷུང་གི་ཡོད་པའི་དོན་མིན། ང་ཚོས་ཧ་ཅང་གཟབ་ནན་བྱེད་དགོས།

བྱས་ཙང་། ཕོར་པ་དཀར་པོ་སྟོང་པ་ཞིག་གི་ནང་དུ་བལྟ་བ་དང་ཁ་དོག་མི་འདྲ་བ་མཐོང་བའི་སྐབས། ཁ་དོག་རྒྱ་སྨུག་ལས་དཀར་པོ་མང་བ་ཡོད་དང་། དེའི་ནང་སྔོན་ལ་ཇ་ཡོད་པ་ང་ཚོས་ཇི་ལྟར་ཤེས་སམ། ང་ཚོས་དེ་ཇི་ལྟར་ཁུངས་སྐྱེལ་བྱེད་ཐུབ་བམ། དེ་ནི་དེར་མེད་པས། དེར་སྔོན་མ་ནས་ཡོད་དམ། ང་ཚོས་ཇི་ལྟར་ཤེས་སམ།

ང་ཚོས་སྔོན་མའི་ཉམས་མྱོང་རྣམས་ལ་འབྲེལ་བ་བྱེད་ཀྱི་ཡོད། འོན་ཀྱང་ཡུལ་རང་ངོས་ནས་གང་ཡང་མེད། ཚང་མ་སེམས་ཀྱི་ངོས་ནས་བསྟན་པ་དང་ཁུངས་སྐྱེལ་བྱས་ཡོད། ཀུན་རྫོབ་རྣམས་ཀྱང་སེམས་ཀྱིས་བཟོས་པ་རེད། སྐད་ཡིག་ཀྱང་སེམས་ཀྱིས་བཟོས་ཡོད། འགྲེལ་བརྗོད་རྣམས་ཀྱང་སེམས་ཀྱིས་བསྐྲུན་ཡོད། དེ་དག་ཐམས་ཅད་ཡང་དག་པ་དང་ཏག་ཏག་ཅིག་གང་གིས་བཟོ་གི་ཡོད་དམ། 

ཀུན་རྫོབ་ཅིག་ཚད་མའི་རང་བཞིན་དུ་ཐག་གཅོད་པའི་ཚད་གཞི།

ང་ཚོས་གོང་དུ་བརྗོད་ཟིན་པ་ལྟར། ཐུན་མོང་གིས་ཁས་ལེན་པའི་སྐད་ཡིག་དང་ཀུན་རྫོབ་ཀྱི་ཆོས་ཤིག་ཡོད། དེ་ནི་ཚད་གཞི་དང་པོ་དེ་རེད། ང་ཚོ་ཚང་མས་ཚིག་དང་དེ་དག་གི་དོན་ལ་མོས་མཐུན་བྱེད་ཀྱི་ཡོད། གཉིས་པ་ནི་ཚད་མའི་སྒོ་ནས་ཀུན་རྫོབ་ཀྱི་བདེན་པ་མཐོང་བའི་སེམས་དེས་འགལ་འདུ་བཟོ་གི་མེད། དེའི་དོན་ནི་ང་ཚོར་ཡོད་པའི་འདྲ་པར་དེ་མི་གསལ་བ་དང་ནག་ནོག་ཅན་མིན་ནའང་། དེ་དོ་སྣང་གི་ནང་འདྲ་པར་རྒྱག་ཡོད་པ་དང་། དེ་ནི་ང་ཚོས་གང་མོས་མཐུན་བྱེད་པ་དེ་རང་ཡིན་ཞེས་མཇུག་སྡོམ་རྒྱག་ཆོག །ཕྱོགས་གཞན་ཞིག་ནས་བསམས་ན། དེ་ནི་སླར་ཡང་ངེས་བརྟན་བཟོས་པ་རེད། དེ་ནི་འཁྲུལ་མེད་ཏག་ཏག་མཐོང་བ་དེ་རེད།  

ཚད་གཞི་རྗེས་མ་དེ་ནི་ཚད་མའི་སྒོ་ནས་དོན་དམ་བདེན་པ་མཐོང་བའི་སེམས་དེས་འགལ་འདུ་བཟོ་གི་མེད། བྱས་ཙང་། གལ་ཏེ་བྱུང་རྐྱེན་གྱི་ཕྱོགས་སུ་ཇ་ཕོར་པ་གང་འཐུང་ཟེར་བ་ལྟ་བུ་རྙེད་དུ་ཡོད་པའི་རྟོག་འཆར་འགའ་ཞིག་ཡོད་ན། དེ་ནི་ང་ཚོས་ཆ་ཚད་ལྔ་པའི་ཁམས་ནས་འོང་བའི་བཙན་འཛུལ་བྱེད་པོ་དེ་ཆ་ཚད་ལྔ་པའི་ཁམས་ནས་སླེབས་པར་ཁུངས་སྐྱེལ་བྱས་པའི་བཙན་འཛུལ་བྱེད་པོ་དེའི་ཕྱོགས་སུ་གཅིག་ཡོད་པར་རྙེད་ཚུལ་བརྗོད་ཀྱིན་ཡོད། དེ་མི་སྲིད་པ་ཡིན་པས། དངོས་ཡོད་གནས་ཚུལ་དེ་ཏག་ཏག་ཅིག་རྟོགས་པའི་སྐབས། ང་ཚོའི་སེམས་དེ་དང་འགལ་བ་ཆགས་ཀྱི་རེད། བྱས་ཙང་། དེ་ནི་དོན་དམ་བདེན་པ་ཚད་མའི་སྒོ་ནས་མཐོང་བའི་སེམས་ཀྱིས་འགལ་འདུ་མེད་པ་ཞིག་དགོས་ཀྱི་ཡོད། ཚད་གཞི་གསུམ་པོ་དེ་དག་ཐམས་ཅད་ཀྱང་སེམས་ཀྱི་ཕྱོགས་ནས་ཡོང་གི་ཡོད་པ་ལས། ཡུལ་གྱི་ཕྱོགས་ནས་ཡོང་གི་མེད། 

ང་ཚོའི་ལས་ཀ་ཤོར་བའམ་ཡང་ན་ཟླ་རོགས་དང་ཁ་བྲལ་བ་སོགས་གང་ཡིན་ནའང་འདྲ་སྟེ། དེ་ང་ཚོའི་མི་ཚེའི་ནང་ལག་བསྟར་བྱེད་དགོས། ང་ཚོ་ནི་ཕམ་མཁན་ཞིག་རེད་དམ། ང་ཚོ་ཕམ་མཁན་ཞིག་ཡིན་བསམ་སྲིད་ཀྱང་། ང་ཚོ་ཕམ་མཁན་དེ་གང་གིས་བཟོ་གི་ཡོད་དམ། གལ་ཏེ་ང་ཚོས་ “གཅིག་བརླག་པའི་” བྱུང་རྐྱེན་ཞིག་འགྲེལ་བརྗོད་བྱེད་དགོས་ན། དེ་ནི་གང་ལ་གང་འཚམ་གྱི་དངོས་མེད་ལྟ་བུ་རེད། མ་རེད་དམ། དམིགས་བསལ་ང་ཚོས་གང་བྱུང་བ་དེའི་སྐད་ཅིག་རེ་རེ་དུམ་བུར་དབྱེ་བའི་སྐབས། དེ་ནི་སྙིང་དོན་དེ་རེད། ཡིན་ནའང་ད་དུང་ཡང་ང་ཚོས་བརྟག་དཔྱད་བྱེད་ཆོག

ཚད་གཞི་དང་པོ་ནི། ང་ཚོར་ཀུན་རྫོབ་དང་ཤོར་བའམ་ཕམ་པའི་ཚིག་དེ་ཡོད། བྱས་ཙང་། ང་ཚོའི་ལས་ཀ་ཤོར་ནས་མེད་པ་རེད། ང་ཚོའི་ཟླ་རོགས་དང་ཁ་བྲལ་ནས་ཕྱིན་ཚར་བ་རེད། དེར་བརྟེན་དེ་ནི་གཅིག་ཤོར་བའི་ཀུན་རྫོབ་ཀྱི་ནང་དུ་རན་འཚམ་ཆགས་ཀྱི་ཡོད། དེ་ནི་ཏག་ཏག་རེད། གང་ཡིན་ཞེ་ན། ཚང་མས་དེ་ལ་དེ་ལྟར་བརྗོད་ངེས་རེད། 

ཚད་གཞི་གཉིས་པ་ནི། གལ་ཏེ་ང་རང་ལས་ཁུངས་སུ་ཡང་བསྐྱར་ཕྱིན་ན། མི་གཞན་དག་གིས། “ཁྱེད་རང་འདིར་ག་རེ་བྱེད་བཞིན་ཡོད་དམ། ཁྱེད་ཀྱི་ལས་ཀ་ཤོར་སོང་” ཞེས་བརྗོད་ངེས་རེད། བྱས་ཙང་། དེ་ནི་ཁོང་ཚོས་གང་བསམ་ཞིབ་བྱེད་པ་དང་འགལ་མེད། ང་རང་ངའི་ཟླ་རོགས་རྙིང་པའི་སར་འགྲོ་བ་དང་། ཁོང་ནི་སོ་སོའི་ཟླ་རོགས་གསར་པ་མཉམ་དུ་ཡོད། ཁོས་ང་ལ་བལྟས་ནས་ “ཁྱེད་རང་འདིར་ག་རེ་བྱེད་བཞིན་ཡོད་དམ། ཚར་ཚར་བ་རེད་” ཅེས་བརྗོད་ཀྱི་རེད། བྱས་ཙང་། འདི་ནི་ཚད་མའི་སྒོ་ནས་ཀུན་རྫོབ་བདེན་པ་མཐོང་བའི་ངའི་སེམས་དང་འགལ་བ་ཆགས་མེད་པ་ང་ཚོས་ཤེས་ཐུབ། 

འོན་ཀྱང་ཚད་གཞི་གསུམ་པ་ནི་གལ་ཆེ་ཤོས་དེ་རེད། ངས་ང་རང་ཕམ་མཁན་ཞིག་ཡིན་བསམ་སྲིད། དེ་ཡང་རང་སོ་སོའི་ཕྱོགས་སུ་རང་བཞིན་ལྷན་སྐྱེས་སུ་ཡོད་པ་དང་རྙེད་དུ་ཡོད་པ་ཞིག་གིས་དངོས་སུ་ང་རང་ཕམ་མཁན་ཞིག་བཟོ་གི་ཡོད་པ་དང་། གཞན་དག་ལ་ནི་རང་བཞིན་ལྷན་སྐྱེས་དང་རྙེད་དུ་ཡོད་པ་ཞིག་གིས་ཁོང་ཚོ་རྒྱལ་ཁ་ཐོབ་མཁན་ཞིག་བཟོ་གི་ཡོད་བསམ་པ་དེ་རེད། བྱས་ཙང་། ང་རང་ལ་གནོད་པ་དང་ཕྲག་དོག་སྐྱེ་གི་ཡོད། ང་ཚོས་རང་གི་ཕྱོགས་སུ་རྙེད་དུ་ཡོད་པའི་མཚན་ཉིད་ཅིག་ཡོད་པ་དང་དེས་རང་ཉིད་ཕམ་མཁན་ཟེར་བའི་སྡེ་ཚན་རྡོག་རྡོག་ཚུགས་ཐུབ་ཀྱི་ནང་དུ་རན་འཚམ་བཟོ་བ་དང་། ང་ཚོ་དེར་རྟག་ཏུ་གནས་པའི་ལས་སྐལ་ཆགས་ཡོད། 

འོན་ཀྱང་ཚད་མའི་སྒོ་ནས་དོན་དམ་བདེན་པ་མཐོང་བའི་སེམས་ཤིག་གི་ཆ་ནས་བལྟས་ན། འདི་ནི་འགལ་བ་ཆགས་ཀྱི་ཡོད། ང་ཚོས་བརྟག་ཞིབ་བྱེད་པའི་སྐབས། ཕམ་མཁན་ཞིག་ཡིན་པའི་མཚན་ཉིད་འདི་ངས་གང་ནས་རྙེད་དམ། དེ་ནི་ངའི་སྣ་ལ་ཡོད་དམ། ངའི་སྐྲ་ལ་ཡོད་དམ། རྐང་སོར་ལ་ཡོད་དམ། ངའི་སེམས་ལ་ཡོད་དམ། གང་དུ་ཡོད་དམ། དེར་ཡོད་པ་བྱུང་རྐྱེན་གང་གིས་བཟོས་པ་རེད་དམ། དེ་རྟག་ཏུ་དེར་ཡོད་དམ། ང་ཚོ་སྐྱེས་པའི་སྐད་ཅིག་དེ་ནས་དེར་ཡོད་དམ། དངོས་གནས་བྱས་ན། དེ་ནི་གང་དུའང་མེད། བྱུང་རྐྱེན་དེ་ཀུན་རྫོབ་ཁོ་ནའི་དབང་དུ་འགྲེལ་བརྗོད་བྱེད་ཀྱི་ཡོད། ཡིན་ནའང་དེ་ག་རང་རེད། དེ་ལས་སྤྲོས་པ་གང་ཡང་མེད། ང་ནི་རང་བཞིན་ལྷན་སྐྱེས་ཀྱིས་ཕམ་མཁན་ཞིག་མིན། གང་ཡིན་ཞེ་ན། དེ་ནི་ཆོ་མེད་པ་ཡིན་ངེས་རེད། དེ་རྟོགས་པའི་སྐབས། ང་ཚོའི་སེམས་ཚོར་གྱི་ཡ་ལན་རྣམས་རྦད་དེ་མི་འདྲ་བ་ཡོད། 

ཤིང་སྡོང་ནི་རིག་གཞུང་ཚང་མའི་ནང་ཐུན་མོང་ཡོངས་གྲགས་རེད། གང་ཡིན་ཞེ་ན། ང་ཚོ་ཚང་མས་ཤིང་སྡོང་ཤེས་ཀྱི་ཡོད། རིག་གཞུང་མི་འདྲ་བས་རིམ་པ་མི་འདྲ་བའི་ནང་། ཤིང་ཕྲན་དང་ཤིང་སྡོང་དབར་ལ་ཐིག་མཚམས་འབྲི་སྲིད། དེས་རང་སྣང་གང་དྲན་གྱི་སྡེ་ཚན་ཡིན་པར་སྒྲུབ་ཀྱི་ཡོད། འགྲིག་གི་འདུག །ངས་དེ་ཁས་ལེན་བྱེད་ཐུབ། འོན་ཀྱང་ང་ཚོར་འགྲོ་བ་མིའི་གདོང་པར་ངོས་འཛིན་དེ་ཡོད་པ་དང་དེ་ནི་འགྲོ་བ་མིའི་སྤྱི་ཚོགས་གང་འདྲ་ཞིག་ཡིན་ནའང་ཐུན་མོང་རེད། མིའི་གདོང་པ་དེ་མི་རྒོད་ཀྱི་གདོང་པ་དང་ནོར་སྲིད་མཁན་མིའི་སྤྱི་ཚོགས་གཅིག་ཀྱང་མེད། 

རེད། དེ་ནི་ཧ་ཅང་གསལ་པོ་རེད། ཡིན་ནའང་ཁྱེད་ཀྱིས་བྱ་དངོས་ཀྱི་རིམ་འགྲོས་འགྱུར་ལྡོག་གི་བརྒྱུད་རིམ་སྐོར་ལ་ཚན་རིག་གི་གྲོས་བསྡུར་ལ་ལྟ་བའི་སྐབས། ང་ཚོར་ “མི་རྒོད་” ཟེར་བ་དང་ “མི་དང་འདྲ་བ་” ཞེས་པའི་སྡེ་ཚན་ཡོད། འགྲོ་བ་མི་ཇི་ལྟར་ཆགས་པའི་ས་མཚམས་དེ་གང་དུ་ཡོད་དམ། 

སྡེ་ཚན་རྣམས་སྐད་ཡིག་རིག་པ་དང་རིག་གཞུང་གི་ཐོག་ནས་འགྲེལ་བརྗོད་བྱས་པའམ་ཡང་ན་མཐོང་ཚུལ་ཙམ་ཡིན་ཞེས་བརྗོད་པ་ནི་རྙོག་ཟིང་ཅན་རེད་ཅེས་པའི་དོན་མིན། བྱ་དངོས་གང་ལའང་ག་རེ་ཡིན་ནའང་འབོད་ཆོག་པ་དེ་འདྲའང་མ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོར་ཚད་མར་འཇོག་ཚུལ་དང་མིང་འདོགས་ཚུལ་གསུམ་ཡོད་པ་རེད། རྟག་ཏུ་དྲི་བ་འབྱུང་གི་ཡོད་པ་ནི། “ཡིན་ནའང་དེ་ནི་དངོས་གནས་ཤིང་སྡོང་མ་རེད་དམ། དེར་ཤིང་སྡོང་ཞིག་དངོས་གནས་མེད་དམ་” ཞེས་པ་དག་རེད། 

སྒྱུ་མ་ལྟ་བུ་ཞིག་ཡིན་པ།

རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་ཡུལ་རང་ངོས་ནས་ཤིང་སྡོང་ཞིག་ཡིན་པ་གང་གིས་ཀྱང་སྒྲུབ་ཀྱི་མེད་ཅེས་ཤོད་ཀྱི་ཡོད། ང་ཚོས་ཤིང་སྡོང་གི་སྒྱུ་མ་ལྟ་བུ་ཞིག་ཡིན་པའི་གོ་རྟོགས་ཀྱི་རིམ་པ་གཏིང་ཟབ་པར་འགྲོ་དགོས། དེ་ནི་སྒྱུ་མ་ལྟ་བུ་ཡིན་པ་དང་། དེ་ཡང་སྒྱུ་མ་ཞིག་དངོས་གནས་ཡིན་པ་ལས་ཧ་ཅང་མི་འདྲ་བ་ཞིག་རེད། ང་ཚོའི་སྣང་ངོར་ཤིང་སྡོང་གི་ཕྱོགས་སུ་གཅིག་ཡོད་པ་དང་དེས་ཤིང་སྡོང་བཟོ་གི་ཡོད་པ་ལྟར་སྣང་ནའང་། དེ་འདྲ་ཞིག་མ་རེད། ཡིན་ནའང་ད་དུང་དེས་བྱ་བ་བྱེད་ཀྱི་ཡོད། དེ་ག་ནང་བཞིན་སྐད་ཡིག་གཅིག་པའི་ནང་སྐད་ཆ་ཤོད་མཁན་གྱི་མི་གཞན་དག་གིས་འགྲེལ་བརྗོད་ལ་མོས་མཐུན་བྱེད་པ་དང་དེ་ལ་ཤིང་སྡོང་ཞེས་བརྗོད་ཀྱི་ཡོད། ཁོང་ཚོས་དེ་ལ་ཁྱི་ཞེས་བརྗོད་ངེས་མ་རེད། 

འདི་ནི་ཕྲ་བའི་རིམ་པ་ཞིག་ཡིན་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་ལས་སླ་བའི་རིམ་པ་ནས་འགོ་འཛུགས་བྱེད་ཀྱི་ཡོད། ང་ཚོས་དོན་དམ་པར་རྐུབ་སྟེགས་དེ་རྡོག་རྡོག་ཅིག་མིན་པ་དང་། དེ་ནི་རྡུལ་ཕྲན་དུ་མས་གྲུབ་པ་ཞིག་ཡིན་ཞིང་། རྡུལ་ཕྲན་དེ་དག་ཀྱང་ཆེས་ཕྲ་བའམ་ཉེ་བའི་རྡུལ་ཕྲན་དུ་མས་གྲུབ་པ། དེ་ནི་ཕལ་ཆེ་བ་བར་སྣང་སྟོང་པ་ཡིན་པ་ཤེས་ནའང་། ད་དུང་ཡང་ང་ཚོས་ “ང་རང་རྐུབ་སྟེགས་ནས་ཞ་ལའི་སྒང་ལ་ཟག་གི་མེད་” ཟེར་གྱི་ཡོད། ང་ཚོའི་ལུས་པོ་ལའང་དེ་དང་གཅིག་མཚུངས་ཡིན་པ་ཤེས་ཀྱི་ཡོད། དེ་ལྟ་ནའང་ང་ཚོ་རྐུབ་སྟེགས་ནས་བརྒྱུད་དེ་ཞ་ལའི་སྒང་ལ་ཟག་གི་མེད། འོན་ཀྱང་རྐུབ་སྟེགས་ཀྱིས་ང་ལ་རྒྱབ་སྐྱོར་གྱི་བྱ་བ་བྱེད་ཀྱི་ཡོད། 

བྱ་བ་བྱེད་པའི་རང་བཞིན་གྱིས་ཡོད་པ་སྒྲུབ་ཀྱི་ཡོད་དམ།

རྐུབ་སྟེགས་ཀྱིས་ང་ལ་རྒྱབ་རྟེན་བྱེད་པའི་བདེན་དོན་དེས་རྐུབ་སྟེགས་ཡིན་པར་ཁུངས་སྐྱེལ་བྱེད་ཀྱི་ཡོད་དམ། ཡང་ན་ཕ་གིར་ཡོད་པ་དེ་ཤིང་སྡོང་དུ་གྲུབ་ཡོད་དམ། དེ་ནི་མགོ་རྙོག་ཅན་ཞིག་རེད། གང་ཡིན་ཞེ་ན། ང་ཚོས་དེས་ཤིང་སྡོང་ལྟར་བྱ་བ་བྱེད་ཀྱི་ཡོད་པ་ཇི་ལྟར་ཤེས་པ་དང་། དེས་ཤིང་སྡོང་ལྟར་བྱ་བ་བྱེད་པ་དེ་གང་གིས་སྒྲུབ་བམ།

ང་ཚོས་རྒྱུ་དང་འབྲས་བུའི་སྐོར་ཤོད་སྐབས། དུས་གཅིག་གི་ནང་སྐད་ཅིག་གཅིག་ཁོ་ན་ཡོད་པ་དང་ང་ཚོས་བྱ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པའི་ཆེད་དུ་དེ་དག་ལ་འབྲེལ་བ་མཐུད་ཀྱི་ཡོད། འོན་ཀྱང་བྱ་བ་དེ་གང་གིས་བྱེད་ཀྱི་ཡོད་དམ། དེ་ནི་ཧ་ཅང་མགོ་རྙོག་ཅན་ཞིག་རེད། བྱས་ཙང་། རིམ་པ་ལས་སླ་པོའི་ཐོག་ནས་ང་ཚོས་ཆོས་ཞིག་ཡོད་པར་གང་གིས་སྒྲུབ་ཅེས་ན། དེས་བྱ་བ་བྱེད་ཀྱི་ཡོད་པ་སོང་ཙང་ཡོད་པ་རེད། ང་ཚོས་གནས་སྐབས་རིང་ཇ་ཕོར་པ་གང་འཐུང་བ་དེ་ཡོད་པར་སྒྲུབ་ཐུབ། གང་ཡིན་ཞེ་ན། དེས་རང་ཉིད་ཀྱི་སྐོམ་པ་སེལ་བའི་བྱ་བ་བྱེད་ཀྱི་ཡོད་པའི་ཕྱིར། སླར་ཡང་ང་ཚོས་གཟབ་ནན་བྱེད་དགོས་ཀྱི་ཡོད། གང་ཡིན་ཞེ་ན། ང་ཚོས་ “ངའི་ཉལ་ཁྲིའི་འོག་ཏུ་གདོན་འདྲེ་ཞིག་འདུག་བསམ་གྱིས་” ཞེས་བརྗོད་སྲིད་ནའང་། དེས་བྱ་བ་བྱེད་ཀྱི་ཡོད་དམ། དེས་ང་ཚོར་ཞེད་སྣང་སློང་སྲིད་ཀྱང་། གདོན་འདྲེས་དེའི་རྒྱུ་བྱེད་ཀྱི་མེད། གདོན་འདྲེ་ཞིག་ཡོད་ཅེས་ང་ཚོའི་ཡིད་ཆེས་དེས་རྒྱུ་བྱས་པ་རེད། བྱས་ཙང་། ང་ཚོས་གཟབ་ནན་ཐོག་ལྟ་དགོས། 

དེ་འདྲ་སོང་ཙང་། རིམ་པ་སྟབས་བདེའི་ཐོག་ནས་ང་ཚོས་ “འདིས་བྱ་བ་བྱེད་ཀྱི་འདུག་” ཅེས་བརྗོད་ཆོག་པ་དང་། དེས་ཆོས་ཤིག་ཡོད་པར་སྒྲུབ་ཀྱི་ཡོད། 

སྟོང་པ་ཉིད་ནི་ཆད་ལྟའི་རིང་ལུགས་མིན། སེམས་འཁྲལ་མ་བྱོས།

ང་ཚོས་ཆོས་རྣམས་ “ཕམ་མཁན་” དང་ “ཐོབ་མཁན་” ལྟ་བུའི་ནང་འཐིམ་པའི་ཚུལ་ཞིག་ལ་སྡེ་ཚན་རྣམས་ཞིབ་ཕྲར་དཔྱད་པའི་སྐབས། དེས་མཐའ་མཇུག་ལ་ཉེན་སྲུང་རྩ་ནས་མེད་པ་བཟོ་གི་མེད་དམ། དེར་མ་ཟད། ཆེས་དེང་རབས་ཀྱི་སྤྱི་ཚོགས་ནང་། ང་ཚོས་སྟོང་པ་ཉིད་ཀྱི་སྐོར་ཧ་ཅང་མང་པོ་ཤོད་ཀྱི་ཡོད། དེ་ནི་སྟོང་པ་ཉིད་དང་བསྟུན་ནས་མིན་པར། དོན་དང་། བཟང་སྤྱོད་ཀྱི་རྣམ་གཞག །སྒྲིག་ཁྲིམས་སོགས་ཀྱི་སྟོང་པ་ཉིད་དང་བསྟུན་ནས་ཤོད་ཀྱི་ཡོད། དེ་དག་རྣམ་པར་འབྱེད་ཐུབ་བམ།

རེད། དེ་ནི་ཆད་ལྟའི་གནད་དོན་ཞིག་རེད། ང་ཚོས་ནང་ཆོས་ཀྱི་ནང་སྟོང་ཉིད་ཀྱི་སྐོར་ཤོད་སྐབས། ཆོས་རྣམས་གང་གིས་སྟོང་པ་རེད་དམ། དེ་ནི་ཆོས་དེ་རང་གི་ཕྱོགས་ནས་ཡོད་པར་སྒྲུབ་པས་སྟོང་པའམ་རང་ངོས་ནས་གྲུབ་པས་སྟོང་པ་རེད། དེ་ནི་གང་སྟོང་པ་དེ་རེད། དེས་ཆོས་གང་ཡང་མེད་ཅེས་པའི་དོན་སྟོན་གྱི་མེད། དེས་ཆོས་རྣམས་སྒྱུ་མ་ལྟ་བུར་ཡོད་པའི་དོན་རེད། དེ་ཡོད་པར་གང་གིས་སྒྲུབ་བམ། ང་ཚོར་ཚིག་ཡོད་པ་དང་མི་རྣམས་ཀྱིས་དེའི་ཐད་མོས་མཐུན་བྱེད་ཀྱི་ཡོད། བྱས་ཙང་། དེ་ནི་འགལ་བ་ཆགས་ཀྱི་མེད། ཆོས་རྣམས་རྡོག་རྡོག་ཚུགས་ཐུབ་ལྟར་སྣང་ནའང་། དེ་འདྲ་མ་རེད། ཡིན་ནའང་ད་དུང་ཡང་ཚང་མས་བྱ་བ་བྱེད་ཀྱི་ཡོད། ད་ལྟ་དེ་ཙམ་འགྲིགས་པ་བྱེད་ཀྱི་ཡིན། དེའི་སྐོར་ལ་སེམས་འཁྲལ་མ་བྱོས། གང་ཡིན་ཞེ་ན། ཉེན་སྲུང་མེད་པ་ཚོར་དགོས་པའི་རྒྱུ་མཚན་མེད། 

ཨ་ཅང་ཅང་། ཁྱེད་རང་གནད་དོན་འདི་ལ་འཇུག་པའི་སྐབས། འདིས་ཁྱེད་རང་ཉེན་སྲུང་མེད་པ་བཟོ་སྲིད། རྗེ་ཙོང་ཁ་པའི་སློབ་མ་ཞིག་སྟོང་པ་ཉིད་ལ་སྒོམ་བཞིན་པའི་སྐབས། གློ་བུར་དུ་ཁོང་ཉིད་ཀྱི་ན་བཟའ་འཛིན་དགོས་པ་བྱུང་ཡོད། རྗེ་ཙོང་ཁ་པས། “དཔེ་ཡག་པོ། ཁྱེད་ཀྱིས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱི་དངོས་པོའི་གནས་ལུགས་དེ་སླར་ཡང་ངེས་བརྟན་བཟོས་སོང་” ཞེས་གསུངས། བྱས་ཙང་། ཀུན་རྫོབ་ཀྱི་དངོས་པོའི་གནས་ལུགས་དེ་དགག་པ་རྒྱག་མེད་པ་སོང་ཙང་། ང་ཚོས་དེ་སླར་ཡང་ངེས་བརྟན་བཟོ་དགོས། གང་ཡིན་ཞེ་ན། དེ་ནི་ཆོ་མེད་པ་ཞིག་ཆགས་ངེས་རེད།

དེ་དང་ཆོ་མེད་པ་གཅིག་པ་ནི་རྙེད་དུ་རུང་བའི་མཚན་ཉིད་ཚིག་དང་དོན་ཤུགས་ཀྱིས་སྟོན་པའི་སྡེ་ཚན་དང་ཏག་ཏག་མཐུན་པ་ལ་བརྟེན་ནས་ང་ཚོའི་ཚིག་དང་དོན་གྱི་ཡུལ་དེ་དོན་ངོ་མར་དམིགས་གཏད་ཀྱི་ཚུལ་དུ་དེར་རྙེད་ཐུབ་པ་ཞིག་རེད། དེ་ནས་ང་ཚོས་དེ་དག་རྙེད་ཐུབ་བསམ་པ་དང་དེས་དེ་དག་ཡོད་པར་སྒྲུབ་ཀྱི་ཡོད། ང་ཚོས་ཡུལ་རང་ངོས་ནས་དམིགས་གཏད་དམ་ཡང་ན་མཚན་ཉིད་གང་རུང་ཞིག་རྙེད་མི་ཐུབ་པས། དེ་འདྲ་ཞིག་རྙེད་པ་དེས་ཡུལ་དེ་ཡོད་པར་སྒྲུབ་མི་ཐུབ། དེ་དག་ནི་མཐའ་གཅིག་ཏུ་སྟོང་པ་རེད། ཡུལ་ནི་ཀུན་རྫོབ་ཀྱི་སྒོ་ནས་ཡོད་ནའང་། དེ་དག་ཡོད་པར་སྒྲུབ་ངེས་པའི་ཆོས་རྣམས་དང་བྲལ་བ་རེད། 

མི་ཚེའི་ནང་མུ་མཐུད་ཡར་རྒྱས་གཏོང་དགོས། 

འདི་ནི་ང་ཚོའི་ཚིག་དང་དོན་གང་ལའང་གོ་གི་མེད་པའི་དོན་མིན། དེ་དག་ལ་གོ་རྒྱུ་ཞིག་ཡོད་ཀྱང་། གང་ལ་གོ་གི་ཡོད་པ་དེ་རྙེད་ཐུབ་ཀྱི་མེད་པ་དང་དེ་ཚིག་དོན་དང་ཏག་ཏག་མཐུན་གྱི་མེད། སྐད་ཡིག་གི་སྡེ་ཚན་དེར་མེད། དེ་དག་ནི་བློས་བསྐྲུན་པ་ཞིག་རེད། དེ་ནི་ང་ཚོས་འཛམ་གླིང་ནང་མུ་མཐུད་ནས་ཡར་རྒྱས་གཏོང་བ་དང་། ཤེས་པ། འགྲེལ་བརྗོད་བྱེད་པ་བཅས་རེད། དེ་ནི་འགྲིག་པ་རེད། གང་ཡིན་ཞེ་ན། དེས་བྱ་བ་བྱེད་ཀྱི་ཡོད། དེ་ནས་ང་ཚོ་མི་ཚེའི་ནང་མུ་མཐུད་ནས་ཡར་རྒྱས་གཏོང་དགོས། 

ཀུན་རྫོབ་བདེན་པ་ནི་འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པའི་རིམ་པ་ཞིག་ཡོད་པ་ལྟ་བུ་མ་རེད། འདིར་གཉིས་སྣང་མེད། གང་ལའང་བློ་ཕམ་བྱེད་དགོས་དོན་མེད། 

གནས་སྟངས་གཅིག་པའི་ནང་ཛཻན་བསམ་གཏན་པའི་སློབ་དཔོན་ཞིག་ལ་མཚོན་ན། སློབ་མས་གང་ཡང་མེད་ཅེས་བསམས་ནས་སྤྲོ་ལངས་བའི་སྐབས། དེས་སློབ་མར་ཕོག་ངེས་རེད། “ཁྱེད་ཀྱིས་དེ་ཚོར་སོང་ངམ་” ཞེས་པར། ཁོས་ “ཚོར་སོང་” ཞེས་བརྗོད་ངེས་རེད། “དེས་གནོད་སོང་ངམ་” ཞེས་པར། “གནོད་སོང་” ཞེས་བརྗོད་ངེས་རེད། བྱས་ཙང་། ཀུན་རྫོབ་བདེན་པ་རེད། 

སྐྱབས་འགྲོ། སྙིང་རྗེ། གོ་རྟོགས།

སེམས་ནད་སྨན་པའི་རྩ་ལ་ཕྱིན་ནས་ “ངས་འཛམ་གླིང་ནང་བྱ་བ་བྱེད་ཀྱི་ཡོད། ང་རང་ལ་དངོས་པོའི་གནས་ལུགས་དང་མཉམ་དུ་དཀའ་ངལ་གང་ཡང་མེད། འོན་ཀྱང་ངའི་སེམས་ནང་སྟོང་པ་ཉིད་འདི་ཚོར་གྱི་འདུག །དོན་མེད་པ་ཉིད་འདི་ངའི་སེམས་ནང་ཚོར་གྱི་འདུག །ངས་གང་བྱེད་བཞིན་པ་ལ་དངོས་གནས་འབྲེལ་བ་མཐུད་ཐུབ་ཀྱི་མི་འདུག །ང་རང་ཧ་ཅང་ལོགས་སུ་དབྱེ་ཡོད་པ་ཚོར་གྱི་འདུག་” ཅེས་བརྗོད་མཁན་དེ་དག་གང་རེད་དམ། འདི་ང་ཚོས་སྐད་ཆ་ཤོད་བཞིན་པ་དང་མཐུན་པ་ཇི་ལྟར་ཆགས་སམ། 

རྒྱུ་མཚན་འདི་ལ་བརྟེན་ནས་སྟོང་པ་ཉིད་ཀྱི་གོ་བསྡུར་ནི་དེ་རང་ངོས་ནས་ཙམ་མིན་པར། ནང་པའི་ཆོས་ལྷག་མའི་སྐབས་དོན་ནང་ཡོད། ནང་ཆོས་ནང་སྐྱབས་འགྲོ་ཟེར་བ་དེ་ཡོད་པ་དང་། དེའི་དོན་ནི་སོ་སོའི་མི་ཚེའི་ནང་ཁ་ཕྱོགས་ཤིག་ཡོད་པ་དེའི་བརྒྱུད་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འབད་བརྩོན་བྱེད་ཀྱི་ཡོད། གཞི་རྩའི་ཆ་ནས་སངས་རྒྱས་ཀྱིས་གང་མཛད་པ་ལྟར། ང་ཚོས་རྨོངས་པ་ཐམས་ཅད་སྤོང་འདོད་ཡོད་པ་དང་། དེའི་རྗེས་འབྲང་པ་འདུས་སྡེ་རྣམས་ཀྱིས་སངས་རྒྱས་ཀྱིས་གང་མཛད་གནང་བ་དེའི་ཆ་ཤས་ཙམ་སྤངས་ཟིན་པ་དང་། ད་དུང་ཡང་མུ་མཐུད་དེ་སྤོང་འདོད་ཡོད། ང་ཚོས་ཁ་ཕྱོགས་འདིའི་ནང་འགྲོ་རྒྱུར་གདམ་ཀ་བྱེད་ཀྱི་ཡོད་པ་དང་། དེ་ཡང་ང་ཚོར་ཡོད་པའི་དཀའ་ངལ་ཚང་མར་ཞེན་པ་ལོག་པ་དང་དེ་དག་མཚམས་འཇོག་བྱེད་འདོད་ཡོད་པའམ། ཡང་ན་ང་ཚོས་གཞན་དོན་དུ་སྙིང་རྗེ་བྱེད་པ་དང་ཁོང་ཚོར་རོགས་བྱེད་འདོད་ཡོད། གང་ཡིན་ཞེ་ན། ཁོང་ཚོའང་སྡུག་བསྔལ་གྱིས་ཤུགས་ཆེན་མནར་བཞིན་ཡོད་པ་དེ་རྒྱུ་མཚན་གཅིག་ཡིན་སྲིད། ང་ཚོ་སོ་སོ་རང་ཉིད་གྲ་མ་འགྲིག་པ་ཆགས་པའི་སྐབས། ང་ཚོས་གཞན་ལ་རོགས་བྱེད་མི་ཐུབ། ཐུབ་བམ། སྟོང་ཉིད་ཀྱི་རྟོགས་པ་དེ་ནི་དོན་སྙིང་ཧ་ཅང་ཆེན་པོ་ཡོད་པའི་མི་ཚེའི་སྐབས་དོན་འདིའི་ནང་ཡོད། 

སྙིང་རྗེ་གཅིག་པུས་འདང་ངེས་མིན། གང་ཡིན་ཞེ་ན། “ཨོ། མི་རྣམས་སྡུག་བསྔལ་གྱིས་ཤིན་ཏུ་མནར་བཞིན་འདུག །ངས་གང་ཡང་བྱེད་ཐུབ་ཀྱི་མི་འདུག་” ཅེས་སེམས་ཤུགས་ཆག་རྒྱུ་དེ་ལས་སླ་པོ་ཡོད། དངོས་གནས་བྱས་ན། བྱམས་པ་དང་སྙིང་རྗེ་ཡོད་པ་ཙམ་གྱིས་འདང་ངེས་ཞིག་མིན། ང་ཚོར་གོ་རྟོགས་ཀྱང་དགོས་ཀྱི་ཡོད། གོ་རྟོགས་མེད་པའི་སྙིང་རྗེ་ཁོ་རང་གིས་ང་ཚོས་རོགས་བྱེད་ཐབས་བྱེད་པ་རྣམས་ལ་ཆགས་སེམས་སྐྱེ་འཇུག་གི་ཡོད་པ་དང་། དེ་དག་ལས་ཚུར་དོ་སྣང་ཞིག་རག་ཕྱིར་ང་ཚོ་འདོད་རྔམ་ཅན་ཆགས་ཀྱི་ཡོད། ཁོང་ཚོས་ང་ཚོའི་བསླབ་བྱར་མི་ཉན་པའི་སྐབས། ང་ཚོས་ཁོང་ཚོ་ལ་ཁོང་ཁྲོ་བཟའ་གི་ཡོད། དེ་ལྟར་ང་ཚོ་སེམས་ཤུགས་ཆག་པ་དང་སེམས་ཞུམ་འགྲོ་གི་ཡོད། གོ་རྟོགས་ཁོ་རང་གཅིག་པུས་ཀྱང་འདང་ངེས་ཤིག་མིན། གང་ཡིན་ཟེར་ན། མི་ཚེ་དེ་དོན་སྙིང་མེད་པ་དང་དགོས་དམིགས་མེད་པ་རེད། ནང་ཆོས་ནས་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་ཡོད་པ་དང་། དེ་ལ་བརྟེན་ནས་ང་ཚོས་གང་བྱེད་བཞིན་པ་དང་གང་དུ་སྐྱོད་བཞིན་པ་ཤེས་པའི་སྐབས་དོན་གྱི་ནང་འདི་གཉིས་རྟག་ཏུ་མཉམ་སྡེབ་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོས་འདི་ལ་སྐྱབས་སུ་འགྲོ་བ་ཞེས་བརྗོད་ཀྱི་ཡོད། འོན་ཀྱང་སྐྱབས་འགྲོ་ནི་ཚིག་གི་ཆ་ནས་ཆེས་ཧུར་བརྩོན་དང་མི་ལྡན་པ་ཞིག་རེད། དེ་ནི་ང་ཚོ་དུད་འགྲོ་སེམས་ཅན་ཞིག་རི་དྭགས་སྲུང་སྐྱོབ་ས་ཁུལ་ཞིག་ཏུ་ཕྱིན་ནས་དེར་སྐྱབས་ཡོད་པ་དང་ཉེན་སྐྱོབ་ཡོད་པ་ལྟ་བུ་རེད། སྐྱབས་འགྲོ་ནི་ཧུར་བརྩོན་དང་མི་ལྡན་པ་མ་རེད། དེ་ནི་ཧུར་བརྩོན་དང་ལྡན་པ་རེད། ང་ཚོས་ཧུར་བརྩོན་དང་ལྡན་པའི་སྒོ་ནས་རང་གི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་དོན་སྙིང་ལྡན་པ་ཞིག་བསྟེན་བཞིན་ཡོད། 

བདག་སྟོང་པ་ཉིད།

བདག་སྟོང་པ་ཉིད་དེ་གང་འདྲ་རེད་དམ།

“ང་” དང་ “ཁྱོད་” ནི་ “ཤིང་སྡོང་” ནང་བཞིན་སྡེ་ཚན་རེད། འོན་ཀྱང་ “ང་” ནི་ཤིང་སྡོང་ནང་བཞིན་རིགས་གཅིག་པ་མིན། ཤིང་སྡོང་ལ་དངོས་གཟུགས་ཀྱི་ཁྱད་ཆོས་ཡོད། ཡིན་ནའང་ “ང་” ལ་དེ་ལྟར་མེད། ངའི་ལུས་པོ་ལ་དངོས་གཟུགས་ཀྱི་ཁྱད་ཆོས་ཡོད། “ང་” ཟེར་བ་དེ་སྟབས་བདེ་པོའི་སྒོ་ནས་བརྗོད་ན་དངོས་མེད་ཀྱི་ཆོས་ཤིག་ཡིན་པ་ལས། དངོས་གཟུགས་ཀྱི་ཁྱད་ཆོས་དང་ལྡན་པ་ཞིག་དང་། དེ་ནི་མཐོང་བ་དང་ཁོང་ཁྲོ་ཡང་ན་བྱམས་པ་ལྟ་བུར་ཤེས་རྟོགས་ཡོད་པ་ལྟ་བུ་མིན། 

ང་ཚོས་དངོས་མེད་ཀྱི་ཆོས་འདི་ཇི་ལྟར་བེད་སྤྱོད་བྱེད་དམ། ཡུལ་ཅན་གྱི་སྒོ་ནས་སྐད་ཅིག་སྐད་ཅིག་གིས་འདི་དང་དེ་ཞེས་མྱོང་བའི་རྒྱུན་ཞིག་ཡོད། དེ་ལ་རྟག་ཏུ་བརྗོད་དོན་ཞིག་ཡོད། ཁྱེད་ཀྱིས་མྱོང་ཐུབ་པ་ཙམ་མིན་པར། རྟག་ཏུ་གཅིག་མྱོང་གི་ཡོད། བརྗོད་དོན་དེ་སྐད་ཅིག་སྐད་ཅིག་གི་ནང་མིག་ཤེས་ཀྱི་བརྗོད་དོན་ནས་རྣ་ཤེས་བར་དུ་དེ་ལྟར་འགྱུར་བ་འགྲོ་གི་ཡོད། དེ་ནས་ང་ཚོར་ཤེས་རྟོགས་བྱུང་ཚུལ་སྣ་ཚོགས་པ་ཡོད་དེ། མཐོང་བ་དང་ཐོས་པ། ཁོང་ཁྲོ་དང་ཆགས་སེམས། བདེ་བ། དོ་སྣང་སོགས་སེམས་ཚོར་རྣམས་ཡོད། ཆ་ལག་དེ་དག་ཐམས་ཅད་ཀྱིས་ཡིད་ཆེས་མི་རུང་བ་ལྟ་བུའི་རྙོག་འཛིངས་ཅན་གྱི་སྦྲེལ་མཐུད་ཅིག་སྐྲུན་གྱི་ཡོད་པ་དང་། དེ་དག་ཀྱང་ཕན་ཚུན་འབྲེལ་མོལ་བྱེད་ཀྱིན་ཡོད། ཆ་ཤས་རེ་རེ་བཞིན་ཚད་གཞི་མི་འདྲ་བའི་སྒང་ནས་འགྱུར་བ་འགྲོ་བཞིན་ཡོད། 

འོན་ཀྱང་དེ་ལ་རྒྱུན་ཡོད་པ་རེད། རྒྱུན་དེ་གང་གིས་བཟོ་གི་ཡོད་དམ། དེ་ནི་དྲི་བ་ཧ་ཅང་དཀའ་ལས་ཁག་པོ་ཞིག་རེད། དོན་དམ་གྱི་དབང་དུ་བྱས་ན། རྒྱུན་སྤྲོད་མཁན་གྱི་སྐད་ཅིག་རེ་རེའི་མྱོང་བ་རང་ངོས་ལ་རྙེད་དུ་ཡོད་པ་གཅིག་ཀྱང་མེད། ཡིན་ནའང་ང་ཚོས་དེ་དག་ཐམས་ཅད་མཉམ་དུ་མཐུད་སྦྱོར་བྱེད་པ་དང་། རྒྱུན་འདི་མཁོ་སྤྲོད་བྱེད་མཁན་རྟག་ཏུ་རྡོག་རྡོག་ཚུགས་ཐུབ་ཅིག་ཡོད་ཅེས་བསམ་གྱི་ཡོད། དེ་ལ་ང་ཚོས་ “ང་” ཞེས་བརྗོད་ཀྱི་ཡོད། དེ་འདྲ་ཞིག་ཚོར་གྱི་ཡོད། ང་རང་ཁ་ནུབ་གཉིད་ཉལ་བ་དང་དེ་རིང་ཞོགས་པ་ལངས་ཡིན། ད་ལྟ་ང་འདིར་ཡོད་པ་ནི་ “ང་” གཅིག་པ་དེ་རེད། ང་ཚོས་དངོས་གནས་དེ་འདྲ་ཞིག་ཚོར་གྱི་ཡོད་པ་དང་དེ་ལ་ཡིད་ཆེས་བྱེད་ངེས་རེད། དེ་ནི་སྒྱུ་མ་ལྟ་བུ་ཞིག་ཡིན་ངེས་རེད། འོན་ཀྱང་ “ཁྱོད་ཀྱིས་ང་ལ་གནོད་འཚེ་བྱས་སོང་། ང་ནི་ཕམ་མཁན་ཞིག་རེད་” ཅེས་པ་ལ་གཞི་བྱས་ཏེ། ང་ཚོས་རྡོག་རྡོག་ཚུགས་ཐུབ་ཏུ་རྙེད་དུ་ཡོད་པའི་ “ང་” ཞིག་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། 

“ང་” འདི་ནི་དངོས་གནས་དྲང་གནས་དངོས་མེད་ཀྱི་ཆོས་ཤིག་རེད། ནང་ཆོས་ནང་ང་ཚོས་དེ་ལ་མྱོང་བའི་རྒྱུན་གྱི་སྟེང་ལ་ “མིང་དུ་བཏགས་པ་” ཞེས་བརྗོད་ཀྱི་ཡོད། དེ་ནི་ “གཡོ་འགུལ་” དེ་ཡུལ་ཞིག་གི་སྟེང་ལ་སྐད་ཅིག་གི་རྒྱུན་ཅུང་ཟད་མི་འདྲ་བའི་ས་ཕྱོགས་ལ་མིང་དུ་བཏགས་པ་ཞིག་ཡིན། “གཡོ་འགུལ་” དེ་ནི་ང་ཚོའི་བསམ་བློའི་འཆར་སྒོས་བཟོས་པ་ཙམ་ཞིག་མིན་པ་དང་། དེ་ནི་ཀུན་རྫོབ་ཀྱི་ “ང་” དེའང་མ་རེད། ཀུན་རྫོབ་ཀྱི་དབང་དུ་ “ང་” ཟེར་བ་ཞིག་ནི་ཡོད། གང་ཡིན་ཞེ་ན། ང་ནི་ “ཁྱོད་” མ་རེད། དེ་ནས་ “ངའི་ཁང་པ་” དང་ “ངའི་ཉམས་མྱོང་” ཟེར་བ་ཡོད། 

ད་ང་ཚོར་ “ང་” ཟེར་བའི་ཚིག་དང་དོན་ཡང་ན་སྡེ་ཚན་དེ་ཡོད་པ་དང་། དེ་ལ་བརྟེན་ནས་ང་ཚོས་མྱོང་བའི་སྐད་ཅིག་རེ་རེའི་སྟེང་ལ་མིང་དུ་བཏགས་པའི་ “ང་” དེ་བཅོས་སྒྲིག་བྱེད་ཆོག །དཔེར་ན། སྐད་ཅིག་རེ་རེའི་ནང་ཡོད་པའི་སྒེར་སོ་སོའི་ “ང་” ཟེར་བ་དེ་ཡང་དངོས་མེད་ཀྱི་ཆོས་ཤིག་རེད། ཡིན་ནའང་ཁྱད་པར་ཆེན་པོ་ཡོད། སྐད་ཅིག་རེ་རེའི་ནང་གི་ “ང་” དེ་སྐད་ཅིག་སྐད་ཅིག་གི་ནང་འགྱུར་བ་འགྲོ་གི་ཡོད། གང་ཡིན་ཞེ་ན། སྐད་ཅིག་རེ་རེའི་ནང་ངས་ལས་དོན་གཞན་ཞིག་བྱེད་པའམ། ཡང་ན་གནད་དོན་གཞན་གི་ཐོག་ལ་བསམ་བློ་གཏོང་བ་དང་སྐད་ཆ་ཤོད་ཀྱི་ཡོད། ང་ཟེར་བ་དེའི་སྡེ་ཚན་དང་དོན་གྱིས་གང་ཡང་བྱེད་ཀྱི་མེད། བྱས་ཙང་། “ང་” ཟེར་བ་དེ་ཚིག་དང་དོན་ཙམ་ཞིག་མིན་པར་རྟོགས་རྒྱུ་གལ་ཆེན་པོ་རེད། ང་ཚོ་ནི་ཚིག་ཙམ་དང་དོན་ཙམ་མིན། 

ང་ཚོ་ནི་ཚིག་དང་དོན་གང་ལ་གོ་བ་དེ་རེད། ང་ཚོ་ནི་སྒྱུ་མ་ཙམ་དེ་ཡང་མིན། ང་ཚོའི་སྤྱི་ཚོགས་ཀྱིས་ “ང་” ཟེར་བ་འདི་མཚོན་པའི་ཆེད་སྒྲའི་དཔེ་འགའ་ཞིག་བཟོས་ནས་མོས་མཐུན་བྱས་ཡོད། སྒྲ་དེ་ཡིག་ཐོག་ཏུ་མཚོན་པའི་ཆེད་ང་ཚོས་ཚིག་རྐང་གི་གོ་རིམ་ལ་མོས་མཐུན་བྱས་ཡོད། སྒྲ་དང་ཚིག་རྐང་དེ་དག་ནི་ “ང་” ལ་གོ་བ་དང་ “ང་” ཡི་དོན་ཡིན། འོན་ཀྱང་དེ་དག་ནི་ང་མིན་པ་དང་དེ་དག་གིས་གོ་དོན་གང་ཡང་སྟོན་གྱི་མེད་པ་དེ་འདྲ་མ་རེད། 

དཔེ་མཚོན་གཞན་ཞིག་བཞག་ན། ང་ཚོར་ “ཕོར་པ་” ཟེར་བའི་ཚིག་དེ་ཡོད་པ་དང་། དེ་ནི་ཕོར་པ་ཞིག་ལ་གོ་གི་ཡོད། ཡིན་ནའང་མིང་དུ་བཏགས་པ་དེའི་གཞི་རྩ་དེ་གང་རེད་དམ། དེ་ལ་ཕོར་པ་ཞེས་བརྗོད་པའི་གཞི་རྩ་དེ་གང་རེད་དམ། དེ་ལ་ཕོར་པའི་མུ་ཁྱུད་དང་ལུང་ཐག་ཅེས་བརྗོད་པའི་གཞི་རྩ་དེ་གང་རེད་དམ། ཕོར་པའི་ནང་གི་བར་སྟོང་དེ་ཕོར་པ་རེད་དམ། དེ་ལ་ཆ་ཤས་དང་རྒྱུ་དེ་དག་ཐམས་ཅད་ཡོད། དེ་ལ་གཞི་བྱས་ནས་སྤྱི་ཚོགས་ཀྱིས་ “ཕོར་པ་” ཟེར་བའི་ཐ་སྙད་དེ་བཀོལ་སྤྱོད་བྱེད་ཀྱི་ཡོད། ང་ཚོས་ཕོར་པ་དེ་དངོས་གནས་རྙེད་ཐུབ་བམ། མི་ཐུབ། ང་ཚོར་ “ཕོར་པ་” ཟེར་བའི་ཚིག་དེ་ཡོད་ནའང་། དེ་ནི་ཕོར་པ་མིན་པ་གསལ་པོ་རེད། 

གཞི་རྩ་དེ་ལ་བྱས་ནས་ང་ཚོས་ཕོར་པའི་མཚན་ཉིད་རྙེད་མི་ཐུབ་པ་ངེས་པ་རེད། བྱས་ཙང་། ཕོར་པ་ཟེར་བ་དེ་དོན་ངོ་མ་གང་རེད་དམ། དེ་ནི་སྒྱུ་མ་ལྟ་བུ་ཞིག་རེད། དེ་ནི་མི་རྣམས་ཀྱིས་མོས་མཐུན་བྱེད་ངེས་པའི་འདག་གཞིའི་སྟེང་དུ་བཏགས་པའི་སྐབས་ཚིག་གིས་གང་གོ་བར་བྱེད་པ་དེ་རེད། དེ་ནི་ཚད་མ་དང་འཐད་ལྡན་ཞིག་དགོས་ཀྱི་ཡོད། གང་ཡིན་ཞེ་ན། ང་ཚོས་ལྕོག་ཙེ་ལ་ཕོར་པ་ཞེས་བརྗོད་མི་ཐུབ། དེ་ནི་ཕོར་པ་ཞིག་དངོས་གནས་ཡོད་པ་ལྟར་སྣང་བ་དང་། ཐ་ན་དེས་བྱ་བ་བྱེད་ཀྱི་ཡོད་ནའང་། དེ་དངོས་གནས་སྒྱུ་མ་ལྟ་བུ་ཞིག་རེད། དེ་ནི་མཐའ་གཅིག་ཏུ་རྙེད་དུ་མེད་པ་རེད། ང་ཚོས་ཧ་ཅང་གཏིང་ཟབ་པོ་བརྟག་དཔྱད་བྱེད་པ་ཁོ་ན་ལ་བརྟེན་ནས་དེ་རྙེད་མི་ཐུབ་པ་ཤེས་ཀྱི་རེད། གལ་ཏེ་ཁྱེད་རང་ལྷོད་ཡངས་ངང་བརྟག་དཔྱད་བྱ་རྒྱུ་མཚམས་འཇོག་བྱས་ནས་སྤྱིར་བཏང་གི་ཆ་ནས་ “ཕོར་པ་གང་དུ་ཡོད་དམ་” ཞེས་དྲིས་ན། ང་ཚོས་ “ཕོར་པ་ཕ་གིར་ཡོད་” ཅེས་ཏག་ཏག་ལན་འདེབས་ཐུབ། དེས་ཕོར་པའི་བྱ་བ་བྱེད་ཀྱི་ཡོད། འཇིག་རྟེན་གྱིས་བྱ་བ་བྱེད་ཀྱི་ཡོད། འོན་ཀྱང་ཁྱེད་ཀྱིས་ཧ་ཅང་གཏིང་ཟབ་པོར་བལྟ་བའི་སྐབས། ཁྱེད་ཀྱིས་གང་ཡང་རྙེད་མི་ཐུབ། དེ་ནི་ཡུལ་རང་ངོས་ནས་ཕོར་པ་ཡོད་པར་སྒྲུབ་པས་སྟོང་པ་རེད། 

བྱས་ཙང་། “ང་” ནི་དངོས་མེད་ཀྱི་ཆོས་ཤིག་ཡིན་པ་དང་། དེ་ནི་དངོས་མེད་ནང་གི་གཡོ་འགུལ་ལྟ་བུ་མྱོང་བའི་རྒྱུན་གཅིག་ཏུ་མཉམ་སྡེབ་བྱེད་པའི་མིང་དུ་བཏགས་པ་ཞིག་རེད། དེ་ཡང་ཆོས་ཤིག་གི་རྒྱུན་དེ་ས་ཆ་ཅུང་ཟད་མི་འདྲ་བའི་སྒོ་ནས་གཅིག་རྗེས་གཉིས་མཐུད་ཀྱི་མཉམ་སྡེབ་བྱེད་པའི་མིང་དུ་བཏགས་པ་ཞིག་རེད། ཇི་ལྟར་གཡོ་འགུལ་ནི་ཚིག་དང་དོན་ཙམ་མིན་པ་ནང་བཞིན་ང་ནི་ཚིག་ཙམ་དང་དོན་ཙམ་མིན། “ང་” ཟེར་བ་འདིའི་སྐད་ཅིག་གི་མྱོང་བ་རྣམས་ནི་ཚད་གཞི་མི་འདྲ་བའི་ནང་དུས་རྟག་ཏུ་འགྱུར་བ་འགྲོ་བའི་ཆ་ཤས་ས་ཡ་མང་པོས་བསྐྲུན་ཡོད། བྱས་ཙང་། འདི་དག་ཐམས་ཅད་ཀྱི་ནང་ངས་ “ང་” དེ་གང་དུ་རྙེད་ཐུབ་བམ། དེ་དག་ལས་གཅིག་ཀྱང་ང་མ་རེད། “ང་” ཟེར་བ་དེ་རང་ངོས་ནས་“ང་” དེ་ “ང་” ཞེས་སྐྲུན་མཁན་ཞིག་ཡོད་དམ་ཞེ་ན། མེད། དེ་འདྲ་ཞིག་མེད། སྤྱིར་བཏང་གི་ “ང་” ཟེར་བ་ཞིག་དང་གཞན་ལས་ཁྱད་པར་འབྱེད་པའི་ཁྱད་ཆོས་སྐྲུན་པའི་ང་དེ་འདྲ་མེད། 

གཞན་ལས་ཁྱད་པར་འབྱེད་པའི་ཁྱད་ཆོས།

ནུབ་ཕྱོགས་སུ་ང་ཚོས་རྟག་ཏུ་གཞན་ལས་ཁྱད་པར་འབྱེད་པའི་ཁྱད་ཆོས་ཁུངས་སྐྱེལ་བྱེད་འདོད་ཡོད་པའི་གནད་དོན་ཆེན་པོ་འདི་ཡོད། ང་ཚོས་ང་ནི་ “ང་” ཡིན་ཞེས་ཁུངས་སྐྱེལ་བྱེད་དགོས་པ་དང་རང་ལ་ཡོད་པའི་རང་གི་ཕ་མ་ལས་ལོགས་སུ་གྱུར་བའི་གཞན་ལས་ཁྱད་པར་འབྱེད་པའི་ཁྱད་ཆོས་དེ་སྐྲུན་དགོས་ཀྱི་ཡོད། ཡིན་ནའང་དེ་ནི་དོན་སྙིང་མེད་པ་རེད། གང་ཡིན་ཞེ་ན། ང་ཚོ་ནི་མི་སྒེར་པ་རེད། ད་དུང་དེ་ལ་གང་གིས་ཀྱང་ཁུངས་སྐྱེལ་བྱེད་ཀྱི་མ་རེད། ཨ་ཅང་ཅང་། ང་ཚོ་མི་རེ་ངོ་རེ་ནས་རྒྱུ་དང་འབྲས་བུའི་རྒྱུན་ལ་བརྟེན་ནས་སོ་སོ་རང་ཉིད་ཀྱི་སྐད་ཅིག་སྐད་ཅིག་གི་མི་ཚེ་ཉམས་སུ་མྱོང་གི་ཡོད། 

ཐ་ན་རྒྱུ་དང་འབྲས་བུའང་དངོས་མེད་དང་། བྱུང་རྐྱེན་དང་མྱོང་བའི་རྒྱུན་ལ་མིང་དུ་བཏགས་པ་ཞིག་ཡིན་པ་རེད། ང་ཚོས་རྒྱུ་དང་འབྲས་བུ་གང་དུའང་རྙེད་མི་ཐུབ་ནའང་། རྒྱུ་འབྲས་འབྱུང་བ་དང་བྱ་བ་བྱེད་ཀྱི་ཡོད། བྱས་ཙང་། ང་ཚོས་ “ང་” ཟེར་བ་ཞིག་ཡོད་པ་དང་། དེ་ནི་རྒྱུའི་ལས་བྱེད་མཁན་གྱི་ཁྱོད་རང་མིན་པར་སླར་ཡང་ངེས་བརྟན་བཟོ་དགོས་ཤིང་། དེ་ནས་ང་ཚོས་སོ་སོའི་སྤྱོད་ལམ་གྱི་ཤུགས་རྐྱེན་ལ་འགན་འཁུར་དགོས། ང་ཚོའི་བྱ་སྤྱོད་སྤེལ་སྟངས་ཀྱིས་ངས་སྐད་ཅིག་རྗེས་མའི་ནང་གང་མྱོང་བར་ཤུགས་རྐྱེན་སྤྲོད་པ་དང་གཞན་དག་ལའང་མཐའ་གཅིག་ཏུ་ཤུགས་རྐྱེན་སྤྲོད་ངེས་རེད། ང་ཚོས་གཉིད་ཉལ་བ་དང་ཁ་ལག་བཟའ་བ། དེ་བཞིན་རྩིག་པའི་སྒང་ལ་གོམ་པ་མི་སྤོ་བ་དང་གཞན་དག་བརྡབ་སྐྱོན་མི་གཏོང་བ་བཅས་ལ་གཟབ་ནན་བྱེད་དགོས། 

ང་ཚོས་ “ང་” ཟེར་བ་འདི་རྡོག་རྡོག་ཚུགས་ཐུབ་ཏུ་ཆེན་པོ་ཡོད་པར་བཟོས་ནས་གཞན་དག་གིས་ང་ལ་དགའ་གི་མ་རེད་ཅེས་སེམས་འཁྲལ་བྱེད་པ་དང་། ཉེན་སྲུང་མེད་པ་ཆགས་པ། ཡང་ན་སོ་སོའི་འདོད་པ་ལྟར་མ་བྱུང་བ་དང་ཁོང་ཁྲོ་བཟའ་བའི་སྐབས། དཀའ་ངལ་རྣམས་འབྱུང་གི་ཡོད། དེ་ནས་ “ང་” འདི་ཉེན་སྲུང་ཡོད་པར་བཟོ་བའི་ཆེད་ང་ཚོར་གང་མང་མང་དགོས་འདོད་བྱེད་ཀྱི་ཡོད། ང་ཚོ་ཡོད་པ་དང་བྱ་བ་བྱེད་པའི་ཤེས་བྱ་ལ་འདོད་བློ་ཚིམས་དགོས་ངེས་རེད། ང་ཚོས་མི་ཚེའི་ནང་ཁ་ཕྱོགས་བཟང་པོ་ཞིག་ལ་བརྟེན་ནས་ཡར་རྒྱས་གཏོང་གི་རེད། དེ་ཡང་གནས་སྟངས་ཐབས་སྡུག་པའི་སྐབས། ལྟར་སྣང་གི་རྡོག་རྡོག་ཚུགས་ཐུབ་ཀྱི་ “ང་” འདི་ལྟར་སྣང་གི་རྡོག་རྡོག་ཚུགས་ཐུབ་ཀྱི་ “ཕམ་མཁན་” གྱི་སྒམ་ནང་མི་བླུགས་པའམ། ཡང་ན་གནས་སྟངས་ལམ་ལྷོང་བྱུང་སྐབས། ལྟར་སྣང་གི་རྡོག་རྡོག་ཚུགས་ཐུབ་ཀྱི་ “ཁྱོད་” འདི་ལྟར་སྣང་གི་རྡོག་རྡོག་ཚུགས་ཐུབ་ཀྱི་ “ཐོབ་མཁན་” གྱི་སྒམ་ནང་མི་བླུགས་པའི་སྒོ་ནས་གཞན་དོན་གང་མང་བསྒྲུབ་ཐབས་བྱེད་ཀྱི་ཡོད། འདི་ནི་ང་ཚོའི་ཕྲག་དོག་གི་རྒྱབ་ལ་ཡོད་པའི་གོ་ནོར་ཆེན་པོ་ཞིག་རེད། 

ཕྱོགས་བསྡོམས།

ང་ཚོས་ཚོར་སྲིད་པའི་ཕྲག་དོག་གི་རིགས་མི་འདྲ་བ་དང་། དེ་དག་ལས་འགའ་ཞིག་ནི་ཐ་ན་སྤྱི་ཚོགས་དང་རིག་གཞུང་གིས་སེམས་བསྐུལ་བྱིན་ཡོད་པ་རྣམས་ལ་བལྟས་པ་རེད། ཕྲག་དོག་ལས་ཐར་བའི་ཐབས་བྱུས་ཡག་ཤོས་ནི། ང་ཚོར་ཡོད་པའི་སོ་སོ་རང་ཉིད་དང་གཞན། དེ་བཞིན་ང་ཚོས་སྐྲུན་པའི་སྡེ་ཚན་རྣམས་ལ་ཡོད་པའི་གོ་བ་ལོག་སྒྲུབ་འདི་དག་ཐམས་ཅད་ཉུང་དུ་གཏོང་རྒྱུ་དེ་རེད། ཆོས་རྣམས་ལྟར་སྣང་དུ་རྡོག་རྡོག་ཚུགས་ཐུབ་དང་རྙེད་དུ་ཡོད་པ་ལ་མ་ལྟོས་པར། ང་ཚོས་རང་ཉིད་ཕམ་མཁན་དེ་ཡིན་ཞེས་ག་ཚོད་ཀྱིས་བསམས་ནའང་། དེས་དངོས་གནས་ཡིན་པ་ཆགས་ཀྱི་མེད། དེ་ག་ནང་བཞིན་ང་ཚོས་གཞན་རྣམས་ཐོབ་མཁན་དེ་རེད་ཅེས་ག་ཚོད་ཀྱིས་བསམས་ནའང་། དེ་ཡང་ཆོ་མེད་པ་གཅིག་མཚུངས་རེད། ང་ཚོས་ཀུན་རྫོབ་ཀྱི་གནས་སྟངས་དང་སྡེ་ཚན་དེ་ལས་ཐར་བའི་སྐབས། བྱུང་རྐྱེན་དང་མི་ཚེ་གང་ཡིན་པ་དེ་ག་རང་ལ་ལྟ་བའི་ཆེད་ཕྲག་དོག་དང་ཉོན་མོངས་གཞན་ཧ་ཅང་མང་པོ་ལས་ཐར་ཐུབ། འདི་འདྲའི་སྒོ་ནས་ང་ཚོས་བློ་ཕམ་མི་ཆགས་པ་དང་། རང་གཞན་གཉིས་ཀར་སྡུག་བསྔལ་གྱི་རྒྱུ་མི་བྱེད་པའི་སྒོ་ནས་སྲིད་པའི་སྐྱིད་སྡུག་གི་འཕེལ་འགྲིབ་ལ་གདོང་ལེན་བྱེད་ཐུབ། དེ་ནས་ང་ཚོས་ཕལ་ཆེར་གཞན་ལ་ཕན་ཐོགས་ཡག་ཤོས་དེ་བསྒྲུབ་ཐུབ།།

Top