ཐོག་མཐའ་བར་གསུམ་དུ་དགེ་བའི་སྨོན་ལམ།

སྐད་ཡིག་གཞན།

༄༅།།ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །

༡༽མཐའ་ཡས་འགྲོ་བ་སྲིད་ལས་བསྒྲལ་བྱའི་ཕྱིར། །མཐའ་མེད་སྨོན་ལམ་ལྷག་བསམ་དག་པས་གདབ། །བསླུ་མེད་དཀོན་མཆོག་གསུམ་དང་མཐུ་སྟོབས་ཅན། །དྲང་སྲོང་མཐུ་ཡིས་བདེན་ཚིག་འགྲུབ་གྱུར་ཅིག།

༢༽བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ཡི། །སྐྱེས་གནས་རྣམས་སུ་ནམ་ཡང་མི་སྐྱེས་ཞིང་།  །དལ་འབྱོར་ཚང་བའི་མི་ལུས་ཐོབ་པར་ཤོག།

༣༽སྐྱེས་མ་ཐག་ནས་སྲིད་པའི་བདེ་བ་ལ། །ནམ་ཡང་མ་ཆགས་ཐར་པ་ཐོབ་པའི་ཕྱིར། །ངེས་འབྱུང་བསམ་པས་ཚངས་སྤྱོད་ཚོལ་བ་ལ། །བརྩོན་འགྲུས་ལྷོད་པ་མེད་པར་འཇུག་པར་ཤོག།

༤༽བདག་ནི་རབ་ཏུ་འབྱུང་བར་བྱེད་པ་ལ། །འཁོར་དང་ཉེ་དུ་ལོངས་སྤྱོད་གང་གིས་ཀྱང་། །གེགས་བྱེད་མེད་པར་མཐུན་པའི་རྐྱེན་རྣམས་ཀུན། །ཇི་ལྟར་བསམས་པ་ཇི་བཞིན་འགྲུབ་པར་ཤོག།

༥༽རབ་ཏུ་བྱུང་ནས་ཇི་སྲིད་འཚོ་ཡི་བར། །མཁན་སློབ་སྤྱན་སྔར་ཇི་ལྟར་ཁས་བླངས་བཞིན། །བཅས་དང་རང་བཞིན་ཁ་ན་མ་ཐོ་བའི། །ཉེས་པས་ནམ་ཡང་གོས་པར་མ་གྱུར་ཅིག།

༦༽ཚངས་སྤྱོད་རྟེན་ལ་ཐེག་པ་ཆེན་པོ་ཡི། །ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ཇི་སྙེད་པ། །མ་རྣམས་དོན་དུ་དཀའ་བ་དུ་མ་ཡིས། །བསྐལ་པ་དཔག་ཏུ་མེད་པར་སྒྲུབ་པར་ཤོག།

༧༽ལུང་རྟོགས་ཡོན་ཏན་དུ་མས་རྒྱུད་གཏམས་ཤིང། །དབང་བོ་ཞི་ཞིང་རབ་དུལ་སྙིང་བརྩེར་བཅས། །གཞན་དོན་སྐྱོ་མེད་སྒྲུབ་པའི་སྙིང་སྟོབས་ཅན། །བཤེས་གཉེན་དམ་པས་རྗེས་སུ་འཛིན་པར་ཤོག།

༨༽རྟག་ཏུ་ངུ་ཡིས་ཆོས་འཕགས་བསྟེན་པ་ལྟར། །ལུས་སྲོག་ལོངས་སྤྱོད་ཀུན་གྱིས་གཡོ་མེད་པར། །བཤེས་གཉེན་དམ་པ་ལེགས་པར་མཉེས་བྱས་ནས། །མི་མཉེས་སྐད་ཅིག་ཙམ་ཡང་མི་བྱེད་ཤོག།

༩༽ཟབ་ཞི་སྤྲོས་དང་བྲལ་བའི་ཤེར་ཕྱིན་དོན། །ལོག་རྟོག་དྲི་མའི་ཆུ་ཡིས་མ་བསླད་པར། །ཇི་ལྟར་རྟག་ཏུ་ངུ་ལ་བསྙད་པ་ལྟར། །དེ་ལྟར་བདག་ལ་རྟག་ཏུ་འདོམས་པར་ཤོག།

༡༠༽ཐུབ་པའི་དགོངས་པའི་དོན་ལས་ཕྱིར་ཕྱོགས་པའི། །རྟག་ཆད་ལྟ་བ་སྟོན་པར་བྱེད་པ་པོ། །མི་དགེའི་བཤེས་གཉེན་སྡིག་པའི་གྲོགས་རྣམས་ཀྱི། །དབང་དུ་ནམ་ཡང་འགྲོ་བར་མ་གྱུར་ཅིག།

༡༡༽ལྷག་བསམ་རྣམ་པར་དག་པའི་དར་ཆེན་ཕྱར། །བརྩོན་འགྲུས་ལྷོད་པ་མེད་པའི་རླུང་གིས་བསྐྱོད། །ཐོས་བསམ་སྒོམ་པའི་གྲུ་གཟིངས་ལེགས་བསྡམས་ནས། །ལུས་ཅན་འཁོར་བའི་མཚོ་ལས་སྒྲོལ་བར་ཤོག།

༡༢༽ཇི་ཙམ་མང་དུ་ཐོས་དང་ལྷག་པར་གཏོང། །རྣམ་དག་ཚུལ་ཁྲིམས་རྣམ་དཔྱོད་ཤེས་རབ་ཀྱིས། །བདག་རྒྱུད་ལྷག་པར་གྱུར་པ་དེ་ཙམ་དུ། །ཕྱི་ཕྱིར་ཁེངས་པ་ཀུན་དང་བྲལ་བར་ཤོག།

༡༣༽རྣམ་དག་རིགས་པའི་སྟོབས་ཀྱིས་གསུང་རབ་དོན། །ཇི་བཞིན་འབྱེད་ལ་གཞན་དྲིང་མི་འཇོག་པའི། །མཁས་པའི་གམ་དུ་མཐའ་ཡས་གསུང་རབ་ལ། །ངོམས་པ་མེད་པའི་ཐོས་བ་བྱེད་པར་ཤོག།

༡༤༽ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས། །ཉིན་དང་མཚན་དུ་ཚུལ་བཞིན་རབ་བརྟགས་ནས། །བསམ་བྱའི་གནས་ལ་བསམ་ལས་བྱུང་བ་ཡི། །རྣམ་དཔྱོད་བློ་ཡིས་ཐེ་ཚོམ་ཆོད་པར་ཤོག།

༡༥༽གང་ཚེ་ཤིན་ཏུ་ཟབ་པའི་ཆོས་ཚུལ་ལ། །བསམ་བྱུང་བློ་ཡིས་ངེས་ཤེས་རྙེད་པའི་ཚེ། །ཚེ་འདིའི་འཁྲི་བ་ཆོད་པའི་བརྩོན་འགྲུས་ཀྱིས། །དབེན་པ་བསྟེན་ནས་ཚུལ་བཞིན་སྒྲུབ་པར་ཤོག།

༡༦༽དེ་ལྟར་ཐོས་བསམ་སྒོམ་པས་རྒྱལ་བ་ཡི། །དགོངས་པའི་གནད་རྣམས་རྒྱུད་ལ་བསྐྲུན་པའི་ཚེ། །སྲིད་ལ་བརྐམ་པའི་ཚེ་འདིའི་སྣང་བ་དང་། །རང་བདེ་འདོད་པའི་བློ་རྣམས་མི་འབྱུང་ཤོག།

༡༧༽བདག་གིས་བདོག་པའི་དངོས་པོ་ཐམས་ཅད་ལ། །མ་ཆགས་བློ་ཡིས་སེར་སྣ་བཅོམ་བྱས་ཏེ། །ཐོག་མར་ཟང་ཟིང་སྦྱིན་པས་སེམས་ཅན་རྣམས། །འཁོར་དུ་བསྡུས་ནས་ཆོས་ཀྱིས་ཚིམ་བྱེད་ཤོག།

༡༨༽ཇི་ལྟར་ནོད་པའི་བསླབ་པ་ཕྲ་བ་ཡང་། །ངེས་འབྱུང་བསམ་པས་བྱང་ཆུབ་ཐོབ་ཀྱི་བར། །སྲོག་གི་ཕྱིར་ཡང་གཏོང་བར་མི་བྱེད་པའི། །ཐར་བའི་རྒྱལ་མཚན་རྟག་ཏུ་འཛིན་པར་ཤོག།

༡༩༽བདག་ལ་བརྡེག་འཚོག་མཚང་འབྲུའི་སེམས་ཅན་རྣམས། །མཐོང་ངམ་ཐོས་སམ་ཡིད་ལ་དྲན་པའི་ཚེ། །ཁོང་ཁྲོ་བྲལ་ཞིང་སླར་ཡང་དེ་དག་གི། ཡོན་ཏན་བརྗོད་ཅིང་བཟོད་པ་སྒོམ་པར་ཤོག།

༢༠༽དཀར་པོའི་ཆོས་རྣམས་མ་ཐོབ་ཐོབ་པ་དང་། །ཐོབ་རྣམས་གོང་ནས་གོང་དུ་འཕེལ་བ་ལས། །ཉམས་པར་བྱེད་པའི་ལེ་ལོ་རྣམ་པ་གསུམ། །ཀུན་ནས་སྤངས་ཏེ་བརྩོན་འགྲུས་རྩོམ་པར་ཤོག།

༢༡༽སྲིད་མཐའ་གནོན་པའི་ལྷག་མཐོང་སྟོབས་དང་བྲལ། །ཞི་མཐའ་གནོན་པའི་སྙིང་རྗེའི་རླན་གྱིས་དབེན། །ཕལ་ཆེར་སྲིད་པར་འཕེན་པར་བྱེད་པ་ཡི། །ཞི་གནས་སྤངས་ཏེ་ཟུང་འབྲེལ་སྒོམ་པར་ཤོག།

༢༢༽གནས་ལུགས་ཟབ་མོའི་དོན་ལ་སྐྲག་གྱུར་ནས། །བློས་བྱས་ཉི་ཚེའི་སྟོང་བ་མཆོག་འཛིན་པའི། །ལོག་པའི་ལྟ་ངན་མཐའ་དག་རབ་སྤངས་ཏེ། །ཆོས་ཀུན་གདོད་ནས་སྟོང་བར་རྟོགས་པར་ཤོག།

༢༣༽རྣམ་དག་བསླབ་པ་ཁྲེལ་མེད་སེམས་ཀྱིས་དྲལ། །དམ་པས་སྨད་པའི་ལས་ལ་འཇིགས་མི་བྱེད། །ཁྲིམས་འཆལ་དགེ་སྦྱོང་ཤ་ཚུགས་ཅན་རྣམས་ཀྱང་། །བདག་གིས་སྐྱོན་མེད་ཁྲིམས་ལ་སྦྱོར་བར་ཤོག།

༢༤༽ཡང་དག་ལམ་དོར་ལོག་པའི་ལམ་ངན་ཞུགས། །མི་དགེའི་བཤེས་གཉེན་སྡིག་གྲོགས་དབང་དུ་སོང་། །གང་ཡིན་དེ་ཡང་བདག་གིས་བདེ་བླག་ཏུ། །རྒྱལ་བས་བསྔགས་པའི་ལམ་ལ་འགོད་པར་ཤོག།

༢༥༽བདག་གིས་འཆད་རྩོད་རྩོམ་པ་སེང་གེའི་སྒྲས། །ལོག་སྨྲའི་ཝ་ཚོགས་སྤོབས་པ་ཕྲོགས་བྱས་ནས། །གང་གིས་འདུལ་བའི་ཐབས་ཀྱིས་རྗེས་བཟུང་སྟེ། །མི་ནུབ་བསྟན་པའི་རྒྱལ་མཚན་འཛིན་པར་ཤོག།

༢༦༽བདག་ནི་གང་དུ་སྐྱེས་ནས་ཐུབ་པ་ཡི། །གསུང་གི་བདུད་རྩི་འཐུང་བ་དེ་ཡི་ཚེ། །རིགས་གཟུགས་འབྱོར་དང་དབང་ཕྱུག་ཤེས་རབ་དང་། །ཚེ་རིང་ནད་མེད་བདེ་དང་ལྡན་པར་ཤོག།

༢༧༽བདག་གི་ལུས་དང་སྲོག་དང་ལོངས་སྤྱོད་ལ། །རྒྱུན་དུ་འཚེ་བའི་བསམ་པ་དང་ལྡན་ཞིང་། །བདག་ལ་མི་སྙན་བརྗོད་པ་དེ་དག་ལའང་། །བདག་ནི་ལྷག་པར་མ་བཞིན་བྱམས་གྱུར་ཅིག།

༢༨༽བདག་གིས་དེ་དག་རིང་བོར་མི་ཐོགས་པར་། །བདག་པས་གཞན་གཅེས་སྒོམ་པའི་བྱང་ཆུབ་སེམས།།ལྷག་བསམ་དག་པ་རྒྱུད་ལ་བསྐྱེད་བྱས་ནས། །བླ་མེད་བྱང་ཆུབ་གོ་འཕང་སྟེར་བར་ཤོག།

༢༩༽སྨོན་ལམ་འདི་དག་གང་གིས་མཐོང་ངམ་ཐོས། །ཡིད་ལ་དྲན་པར་བྱེད་པ་དེ་དག་ཀྱང་། །རྒྱལ་སྲས་རྣམས་ཀྱི་སྨོན་ལམ་རླབས་པོ་ཆེ། །མ་ལུས་སྒྲུབ་ལ་ཞུམ་པ་མེད་པར་ཤོག།

༣༠༽ལྷག་བསམ་དག་པའི་སྟོབས་ཀྱིས་ལེགས་བསྒྲུབས་པའི། །རྒྱ་ཆེན་སྨོན་ལམ་བཏབ་པ་འདི་ཡི་མཐུས། །སྨོན་ལམ་ཕ་རོལ་ཕྱིན་པ་ཡོངས་རྫོགས་ནས། །ལུས་ཅན་ཀུན་གྱི་རེ་བ་སྐོང་བར་ཤོག། །

ཅེས་པ་འདི་ནི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་མཛད་པའོ། །

Top