བྱང་སེམས་སྡོམ་པའི་རྒྱས་བཤད། ༤ ནས་ ༡༠ བར།

ང་ཚོས་བྱང་སེམས་སྡོམ་པའི་སྐོར་བཤད་དང་ཤོད་མུས་ཡིན་པ་དང་ནང་པའི་ལམ་གྱི་ནང་བྱང་སེམས་སྡོམ་པའི་བྱེད་ལས་གང་ཡིན་པའི་ཐོག་བལྟས་ཡོད། བྱང་སེམས་སྡོམ་པ་བླང་བར། དེའི་སྔོན་ལ་ལམ་གྱི་རིམ་པ་སྣ་ཚོགས་འགྲིམས་པ་བརྒྱུད་ནང་པའི་ལམ་རང་རྒྱུད་དུ་བསྐྱེད་ཚར་བ་ཞིག་དགོས་པ་ང་ཚོས་ཤེས་ཀྱི་ཡོད། བྱང་ཆུབ་ཀྱི་སེམས་སྐྱེད་དགོས་ཤིང་། དེ་ཡང་ཐོག་མར་བྱང་ཆུབ་སྨོན་པའི་སེམས་སྐྱེད་དགོས། དེ་ནི་གཞན་དོན་ཕྱིར་སངས་རྒྱས་ཀྱི་གོ་འཕང་འཐོབ་འདོད་ཙམ་དེ་ཡིན། དེ་ལ་འདུན་སེམས་སམ་ཡིད་སྨོན་ཙམ་ཡོད་པའི་ཆ་དེ་ཡིན། དེ་ནས་སྨོན་སེམས་དམ་བཅའ་ཅན་ནི་ང་ཚོས་དམ་བཅས་ཏེ་ནམ་ཡང་མི་འདོར་བའམ་བློས་མི་གཏོང་བ་དེ་ཡིན། ད་དུང་སྨོན་སེམས་དམ་བཅའ་ཅན་དེ་དང་མཉམ་དུ་འགྲོ་བའི་བསླབ་བྱ་རྣམས་ཀྱང་ང་ཚོས་མཐོང་ཡོད། དེའི་རྗེས་ང་ཚོས་བྱང་སེམས་སྡོམ་པ་ཇི་ལྟར་བླང་དགོས་པའི་སྐོར་མདོར་བསྡུས་ཙམ་བལྟས་པ་དང་། སྡོམ་པའི་ངོ་བོ་གང་ཡིན་པའི་སྐོར་ལ་བལྟས་ཡོད།

དེ་ནས་ང་ཚོས་བྱང་སེམས་སྡོམ་པ་རང་གི་སྐོར་འགོ་འཛུགས་བྱས་ཡོད་ཅིང་། བྱང་སེམས་སྡོམ་པ་དང་པོ་གསུམ་དེ་ཚར་བ་རེད། དང་པོ་དེ་ནི། རང་གིས་རང་ལ་བསྟོད་པ་དང་གཞན་ལ་མཐུང་ཆུང་བྱེད་པ་སྟེ། བདག་བསྟོད་གཞན་སྨོད་དེ་རེད། དེ་ཡང་གཉིས་ཀ་བྱེད་པའམ་དེ་གཉིས་ལས་གང་རུང་གཅིག་ཆགས་པའི་དོན་ཡིན། འདིར་མེད་དུ་མི་རུང་བའི་ཆ་རྐྱེན་དུ་བཏོན་པ་ཞིག་ནི། ང་ཚོས་སྐད་ཆ་ཤོད་སའི་མི་དེ་ང་ཚོ་ལས་གནས་རིམ་དམའ་བ་ཞིག་དགོས། རང་གིས་རང་ལ་བསྟོད་པ་ལ་མཚོན་ན། ང་ཚོའི་ཀུན་སློང་ནི་འདོད་ཆགས་དང་རྔམ་སེམས་ཀྱི་སྒོ་ནས་རང་ལས་གནས་རིམ་དམའ་བའི་མི་ཞིག་ལས་གཅིག་འཐོབ་འདོད་བེད་པ་དེ་ཡིན། གང་འཐོབ་པར་འདོད་པ་དེ་ནི་རྒྱུ་དངོས་ཀྱི་ཁེ་བཟང་དང་། བསྟོད་ར། བརྩེ་བ། གུས་ཞབས་བཅས་གང་རུང་ཡིན་ཆོག །གཞན་ལ་མཐོང་ཆུང་བྱེད་པའི་ཀུན་སློང་ནི། ཕྲག་དོག་དབང་གིས་རེད། ང་ཚོས་གང་ཟག་དེ་ལ་ཕྲག་དོག་སྐྱེ་གི་ཡོད། ང་ཚོས་གང་བཤད་པ་དེ་བདེན་རྫུན་གང་རུང་ཡིན་ཆོག་པས་དེ་ལ་ཁྱད་པར་མེད།

ཡང་བྱང་སེམས་སྡོམ་པའི་ཡན་ལག་ཅེས་བྱ་བ་ཞིག་ཡོད་པ་ནི་རང་བསྟོད་གཞན་སྨོད་དང་འདྲ་ནའང་། ཀུན་སློང་མི་འདྲ་བ་ཡིན། སྐབས་འདིར་ཀུན་སློང་ནི་ང་རྒྱལ་ཡིན། ང་ཚོས་སོ་སོ་རང་ཉིད་ཧ་ཅང་ང་རྒྱལ་དང་ཁེངས་དྲེགས་ཅན་བྱེད་ཀྱི་ཡོད། ཚིག་གཞན་ཞིག་གི་ཐོག་ནས་ཞུས་ན། རང་ཉིད་ཆེ་མདོག་དང་ཁྱད་པར་དུ་འཕགས་པ་ཡིན་ཁུལ་གྱིས་ཡིད་དབང་འཕྲོག་ཏུ་འཇུག་པ་དེ་རེད། དཔེར་ན། “ང་རང་ཧ་ཅང་ཡག་པོ་ཡིན་” ཟེར་བ་ལྟ་བུས་རང་གིས་རང་ལ་བསྟོད་ར་བྱེད་པ་དེ་རེད། བྱས་ཙང་། དེ་ནི་རང་བསྟོད་བྱེད་སའི་གང་ཟག་གཞན་དེ་ལས་གཅིག་འཐོབ་འདོད་བྱེད་པ་ལས་ལྡོག་སྟེ། རང་གིས་རང་ལ་བསྟོད་པའི་ཀུན་སློང་ཆགས་ཀྱི་ཡོད། གཞན་ལ་མཐོང་ཆུང་བྱེད་པའི་ཀུན་སློང་ནི་ཕྲག་དོག་མིན་པར་ཁོང་ཁྲོ་ཡིན། ༼ང་ཚོས་གང་ཟག་དེ་ལ་མི་དགའ་བ་ཙམ་དེ་རེད།༽

དེར་བརྟེན་ཀུན་སློང་དང་པོ་དེ་ནི་རྩ་བའི་སྡོམ་པ་ཡིན་པ་ང་ཚོས་མཐོང་ཐུབ་པ་དང་། མི་དེའི་མདུན་དུ་རང་གིས་རང་ལ་བསྟོད་ར་བྱེད་པ་དང་། དེ་ལས་གཅིག་འཐོབ་འདོད་བྱེད་ཀྱི་ཡོད་པ་སོང་ཙང་། ང་ཚོས་རང་གིས་རང་ལ་བསྟོད་ར་གཏོང་གིན་ཡོད་ན། དེ་ནི་མི་གཞན་དེ་ལ་དངོས་གནས་བེད་སྤྱོད་ལོག་པ་གཏོང་གི་ཡོད། དེ་ལ་ཕན་འདོགས་ཐབས་མི་བྱེད་པར། དེ་ལས་གཅིག་འཐོབ་ཐབས་བྱེད་ཀྱིན་ཡོད། དེ་ནི་རང་གིས་རང་ལ་བསྟོད་པ་ཙམ་ལས་ཚབས་ཆེ་བའི་བྱང་ཆུབ་སེམས་དཔའི་སྤྱོད་པར་གནོད་ཀྱི་ཡོད། གང་ཡིན་ཞེ་ན། ང་ཚོ་ཧ་ཅང་ཆེ་འདོད་དང་ཁེངས་དྲེགས་ཅན་ཡིན་པས་རེད། གཞན་ཡང་མི་གཞན་དེ་ལ་ཡོད་པའི་སློབ་མའི་རྗེས་འབྲང་པ་ཧ་ཅང་མང་པོ་ལྟ་བུ་གང་རུང་ཞིག་འཐོབ་འདོད་ཡོད་པ་སོང་ཙང་། ང་ཚོས་ཕྲག་དོག་བྱེད་ཀྱི་ཡོད་པ་དང་འབྲེལ་བ་ཆགས་ཀྱི་ཡོད། དེ་འདྲ་སོང་ཙང་། སླར་ཡང་འདི་ནི་ང་ཚོས་རོགས་བྱེད་ཐུབ་སྲིད་པའི་མི་གཞན་དག་ལ་གཞིགས་ན་གནོད་སྐྱོན་ཆགས་ཀྱི་ཡོད། མི་དགའ་བ་ཙམ་རྒྱུ་མཚན་དུ་བྱས་ཏེ་གཞན་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་པའམ། ཡང་ན་ང་ཚོས་ཁོང་ཁྲོ་བྱས་པའི་ནང་དུ་ཕན་འདོགས་ཐབས་བྱེད་པའི་མི་གཞན་དག་ཚུད་མེད། བྱས་ཙང་། ང་ཚོས་གཅིག་ནི་བྱང་སེམས་རྩ་བའི་སྡོམ་པ་ཡིན་པ་དང་གཞན་དེ་བྱང་སེམས་ཡན་ལག་གི་སྡོམ་པ་ཡིན་པའི་རྒྱུ་མཚན་མཐོང་ཐུབ། དེ་ལས་གལ་ཆེ་བ་དེ་གང་རེད་ཅེ་ན། ང་ཚོས་གཞན་ལ་ཕན་ཇི་ལྟར་འདོགས་པའི་ཚུལ་ལ་གནོད་སྐྱོན་གཏོང་བ་དེ་ཡིན།

གཉིས་པ་ནི་ཆོས་སམ་ནོར་དང་དངོས་ཟོག །དེ་ག་ནང་བཞིན་དུས་ཚོད་བཅས་མཉམ་སྤྱོད་མི་བྱེད་པ་སྟེ། ཆོས་ནོར་མི་སྟེར་བ་དེ་རེད། འདིའི་སྐབས་ཀྱི་ཀུན་སློང་ནི། འདོད་ཆགས་དང་སེར་སྣ་རེད། དེའི་དོན་ནི་ང་ཚོས་དེ་དག་སོ་སོ་རང་གི་ཆེད་དུ་ཉར་འདོད་བྱེད་ཀྱི་ཡོད། དེས་ང་ཚོས་གཞན་ལ་ཕན་འདོགས་པའི་ནུས་པར་ཧ་ཅང་གནོད་སྐྱོན་གཏོང་གི་ཡོད། བྱང་སེམས་སྡོམ་པའི་ཡན་ལག་ནི་དེ་དང་གང་འཚམ་གྱི་འདྲ་པོ་ཡོད། དེ་ལ་ཐོས་བསམ་བྱེད་འདོད་ཡོད་མཁན་ཚོར་ཆོས་མི་སྟེར་བ་ཟེར། དེའི་སྐབས་ང་ཚོའི་ཀུན་སློང་ནི་དེ་དག་ཚང་མ་སོ་སོ་རང་གི་ཆེད་དུ་ཉར་འདོད་བྱེད་པ་དེ་མིན་པར། དེ་ནི་ “ང་རང་ཁོང་ཁྲོ་ཟ་གི་འདུག་ཟེར་བའམ། ཡང་ན་ང་རང་མི་གཞན་དེ་ལ་མི་དགའ་བ་སོང་ཙང་། ངས་ཆོས་སྟེར་འདོད་མི་འདུག་” ཅེས་ཟེར་བ་དེ་རེད། ཡང་མིན་ན་སེམས་གནག་དང་བཅས་ཏེ། མི་དེས་ང་རང་མི་དགའ་བའི་ལས་ཤིག་བྱས་སོང་བས། ངས་ཀྱང་མི་དེ་ལ་སྤྱོད་ངན་གྱི་ཡ་ལན་སྤྲོད་ཀྱི་ཡིན། ཡང་ངས་མི་དེ་ལ་ཆོས་བཤད་ན། ཁོང་ཚོས་ཡར་རྒྱས་གོང་མཐོར་བཏང་ནས་ང་ལས་སྐད་གྲགས་ཆེ་བ་ཆགས་ཀྱི་རེད་ཅེས་ཕྲག་དོག་བྱེད་པ་དང་། ཡང་ང་རང་ལ་ཁྱད་པར་མི་འདུག་ཅེས་ཟེར་ནས་ལེ་ལོ་དང་གཏི་མུག་དབང་གིས་ཀྱང་ཡིན་སྲིད། ཀུན་སློང་དེ་དག་ལ་བརྟེན་ནས་ཆོས་མི་བཤད་པའི་སྡོམ་པ་ནི། གཞི་རྩའི་ཆ་ནས་སོ་སོ་རང་ཉིད་ཀྱི་ཉོན་མོངས་དབང་གིས་ཡོང་གི་ཡོད། ཡང་གལ་ཏེ་ང་ཚོས་ཆོས་དེ་སོ་སོ་རང་གི་ཆེད་དུ་ཉར་འདོད་ཡོད་པ་སོང་ཙང་། གཞན་ལ་མི་བཤད་པ་ཡིན་ན། དེ་ནི་རང་འདོད་དོན་དུ་གཉེར་བའི་དབང་གིས་ཡིན། བྱས་ཙང་། རང་འདོད་དོན་གཉེར་དབང་གིས་ཆོས་མི་བཤད་པར་སོ་སོ་རང་གི་ཆེད་དུ་ཉར་ནས་བསྡད་པ་དེ་ནི། གཞན་ལ་སྦྱིན་པ་གཏོང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་འགལ་ཆེ་ཤོས་དེ་ཡིན།

གསུམ་པ་ནི། གཞན་གྱི་བཟོད་གསོལ་ལ་མི་ཉན་པའམ་གཞན་ལ་རྡུང་རྡེག་གཏོང་བ་སྟེ། ཤད་སྦྱང་མི་ལེན་ཞིང་ཞན་ལ་འཚོག་པ་དེ་རེད། དེ་གཉིས་གང་རུང་གི་ཀུན་སློང་ནི་གཙོ་བོ་ཁོང་ཁྲོ་ཡིན། ང་ཚོས་གཞན་ཞིག་ལ་སྐད་ལོག་རྒྱག་པའམ་གཞུ་རྡེག་བྱེད་བཞིན་པའི་དུས་སྐབས་དངོས་དེའི་ནང་། གནོད་ཡུལ་གྱི་མི་དེས། “སྐུ་མཁྱེན། དགོངས་ཡངས་གནང་རོགས། མཚམས་འཇོག་གནང་རོགས།” ཞེས་ཞུ་བ་བྱེད་པའམ། ཡང་ན་མི་གཞན་ཞིག་གིས་ཁོང་ཚོའི་ཚབ་བྱས་ཏེ་ཞུ་བ་བྱེད་སྐབས། ང་ཚོས་ངོས་ལེན་དང་མཚམས་འཇོག་མི་བྱེད་པ་ལྟ་བུ་རེད། དེ་ལྟའི་གནས་སྐབས་སུ་བྱང་སེམས་སྡོམ་པའི་ཡན་ལག་ཅིག་ཡོད་པ་ནི། གཞན་གྱི་བཟོད་གསོལ་ལ་ངོས་ལེན་མི་བྱེད་པ་དེ་རེད། དེ་ནི་ང་ཚོས་མི་གཞན་དེའི་ཕྱོགས་སུ་འཁོན་འཛིན་བྱེད་པ་དང་། མི་དེས་དགོངས་ཡངས་གནང་རོགས་ཞེས་ཞུས་པའི་རྗེས་དང་། ཕྱིས་སུ་དགོངས་དག་ཞུ་བར་གོ་བ་ཡིན། བྱང་སེམས་རྩ་བའི་སྡོམ་པ་ཡིན་པའི་ཆ་ནས་སྔ་མ་དེ་ལྕི་བ་ཡོད། གང་ཡིན་ཟེར་ན། ང་ཚོས་ཁོང་ཁྲོ་དང་བཅས་མི་གཞན་དེ་ལ་གནོད་བཞིན་པའི་སྐབས། ཨ་ཅང་ཅང་སྐབས་དེ་ག་རང་ལ་ང་ཚོས་མཚམས་འཇོག་བྱེད་དགོས། ཕྱིས་སུ་ང་ཚོས་འཁོན་འཛིན་བྱེད་ཀྱི་ཡོད། མི་དེ་ལ་ལུས་དང་ངག་གི་སྒོ་ནས་དངོས་སུ་གནོད་སྐྱེལ་གྱི་མེད། བྱས་ཙང་། དེ་ནི་ཡན་ལག་ཡིན་པ་དང་། ཤུགས་ཆུང་བ་དང་ཡང་བ་ཡོད། ཕྱོགས་གཞན་ཞིག་ནས་གནས་སྟངས་དང་པོའི་ནང་ང་ཚོས་མི་གཞན་དེ་ལ་གནོད་སྐྱེལ་བཞིན་ཡོད་པ་དང་། གནས་སྟངས་གཉིས་པའི་ནང་ང་ཚོས་ཕལ་ཆེར་ཁོང་ཚོར་སྣང་མེད་གཏོང་གི་ཡོད།

འགྲིག་གི་འདུག་གམ། བྱང་སེམས་སྡོམ་པ་བཞི་པ་ནི། ཐེག་ཆེན་གྱི་ཆོས་སྤོང་བ་དང་རང་བཟོའི་ཆོས་འཆད་པ་སྟེ། ཐེག་ཆེན་སྤོང་ཞིང་དམ་ཆོས་འདྲར་སྣང་སྟོན་པ་དེ་རེད། འདིར་ང་ཚོས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པའི་ཆོས་ཐེག་པ་ཆེན་པོ་ངོས་ལེན་མི་བྱེད་པ་དང་། དེའི་ཚབ་ང་ཚོས་ཐེག་ཆེན་གྱི་ཆོས་དང་ཆ་འདྲ་བའི་ཆོས་རྫུན་མའམ་ལོག་པ་ཞིག་བཟོས་ནས་དེ་དག་ནང་ཆོས་ཚད་ལྡན་དང་ཁུངས་ཐུབ་ཡིན་ཞེས་བརྗོད་ཀྱི་ཡོད། འདི་ནི་སོ་སོ་རང་དང་འབྲེལ་བ་ཙམ་མིན། ང་ཚོས་རྩ་ནས་མི་ཤེས་པའི་གོ་བ་ལོག་པ་དེ་འདྲ་རང་བཟོ་བྱེད་ཀྱིན་ཡོད། གང་ཡིན་ཟེར་ན། ང་ཚོས་དེ་གང་ཡིན་ཤེས་ཀྱི་མེད། འོན་ཀྱང་ང་ཚོས་ཆོས་ཡང་དག་པ་དེ་གང་ཡིན་ཤེས་ཀྱི་ཡོད་ནའང་། དེ་ལ་མི་དགའ་བ་སོང་ཙང་། ཟུར་དུ་བསྐྱུར་བཞག་གི་ཡོད། རང་ཉིད་ལ་གང་སྟབས་བདེ་བ་ཡོད་པའི་ཆོས་གཞན་ཞིག་རང་བཟོ་བྱེད་ཀྱི་ཡོད། ཆོས་དེ་སོ་སོ་རང་གི་ཆེད་དུ་ཉར་བ་ཙམ་མིན་པར། གཞན་གྱིས་རང་ཉིད་དགེ་རྒན་དུ་བརྩིས་ནས་རྗེས་སུ་འབྲང་བའི་ཕྱིར། ང་ཚོས་ཆོས་དེ་གཞན་ལ་ཤོད་ཀྱི་ཡོད། དེ་ནི་བྱང་སེམས་སྡོམ་པ་དང་འགལ་གྱི་ཡོད།

དཔེ་མཚོན་ཞིག་ནི། ང་ཚོ་མིའི་ཁྲོད་ནས་སྐད་གྲགས་ཆེན་པོ་ཞེ་དྲགས་དང་འཁྲིག་སྤྱོད་ཀྱི་ཐད་ལ་གུ་ཡངས་ཀྱི་བསམ་ཕྱོགས་ཡོད་མཁན་ཞིག་ཆགས་འདོད་ཡོད། དེར་བརྟེན་ང་ཚོས་ནང་ཆོས་ནས་གསུངས་པའི་ལོག་གཡེམ་གྱི་སྤྱོད་ལམ་དེ་སྤོང་གི་ཡོད། དེའི་ནང་ཡོངས་གྲགས་སུ་སྤྱད་པའི་འཁྲིག་སྤྱོད་ཀྱི་བྱེད་སྒོ་ཁག་ཡོད་པ་དང་། དེ་དག་མི་མང་ཆེ་བས་སྤོང་འདོད་མི་བྱེད་པ་ཡིན། ང་ཚོས་འཁྲིག་སྤྱོད་དང་འབྲེལ་བའི་ཐོག་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་དག་པ་ནི། ཁྱེད་ཀྱིས་གང་བྱེད་པ་དེས་གཞན་སུ་ལའང་མི་གནོད་པ་བྱ་རྒྱུ་དེ་ཡིན། ང་ཚོས་ཆོས་ཡང་དག་པ་དེ་གང་ཡིན་ཤེས་ཀྱི་ཡོད། འོན་ཀྱང་ང་ཚོས། “གལ་ཏེ་ངས་དེའི་སྐོར་ཆོས་འཁྲིད་བྱས་ན། མི་ཚང་མས་མི་ཉན་པར་ལོག་འགྲོ་གི་རེད། སུས་ཀྱང་ནང་ཆོས་ཁས་ལེན་བྱེད་ཀྱི་མ་རེད། བྱས་ཙང་། ངས་དེ་ནུས་པ་ཆུང་བ་དང་ལས་ལས་སླ་བའི་འགྲེལ་ཚུལ་ཞིག་སློབ་འཁྲིད་བྱས་ཏེ། དེ་ནི་སངས་རྒྱས་ཀྱིས་གང་གསུངས་པའི་དོན་ངོ་མ་དེ་རེད་ཅེས་བརྗོད་ཀྱི་ཡིན་” ཞེས་མི་གང་མང་ཞིག་རང་ཉིད་ཀྱི་རྗེས་སུ་འཇུག་པའི་ཆེད་དུ་དེ་ལྟར་བྱེད་ཀྱི་ཡོད། ནང་པའི་བཟང་སྤྱོད་ཀྱི་གཞི་རྟེན་ནི། སྤོང་བྱར་འགྱུར་བའི་སྤྱོད་ལམ་གྱི་རིགས་སྣ་ཚོགས་པ་ང་ཚོར་སྟོན་རྒྱུ་དེ་ཡིན། གང་ཡིན་ཞེ་ན། དེ་དག་ནི་ཉོན་མོངས་ཤུགས་ཆེན་གྱིས་སྐུལ་བ་ལ་བརྟེན་ནས་ཡོང་གི་ཡོད། འཁྲིག་པའི་སྤྱོད་ལམ་ལ་ཆ་བཞག་ན། དེ་ནི་ནམ་རྒྱུན་ཆགས་སེམས་དང་འདོད་པ་ཧ་ཅང་ཤུགས་ཆེན་ལ་བརྟེན་ནས་ཡོང་གི་ཡོད། བྱས་ཙང་། ནང་པའི་ཆོས་ཀྱི་འཁྲིག་སྦྱོར་གྱི་བཟང་སྤྱོད་དེའི་གཞི་རྟེན་ནི། ང་ཚོར་ཡོད་པའི་ཆགས་སེམས་དང་འདོད་པའི་བསམ་བློའི་སྒོ་ནས་བྱ་སྤྱོད་སྤེལ་བ་དེ་མེད་པ་བཟོ་བར་ཕན་པའི་ཕྱོགས་སུ་དམིགས་ཀྱི་ཡོད། དེ་ནི་ང་ཚོ་ནུབ་ཕྱོགས་པའི་འགྲོ་བ་མིའི་རིགས་ཀྱི་བདེ་རྩར་ཕན་པའི་གུ་ཡངས་ཀྱི་ལྟ་བ་དང་མི་འདྲ་བ་ཆེན་པོ་ཡོད། དེ་ནི་གཞན་ལ་གནོད་འཚེ་མི་བྱེད་པའི་ཐོག་ལ་གཞི་རྩ་བཞག་པའི་བཟང་སྤྱོད་ཀྱི་རྣམ་གཞག་ཡིན།

དེ་ལྟ་བུའི་ཆོས་རང་བཟོ་བྱེད་པ་དང་དེ་ནི་སངས་རྒྱས་ཀྱིས་དངོས་གནས་གང་གསུངས་པའི་ཆོས་དེ་ཡིན་ཞེས་བརྗོད་པ་དང་། གཞན་གྱིས་རྗེས་སུ་འཇུག་པའི་ཕྱིར་རང་བཟོའི་ཆོས་དེ་གཞན་ལ་སློབ་འཁྲིད་བྱེད་པ་ནི་དངོས་གནས་གཞན་མགོ་བསྐོར་གཏོང་གི་ཡོད། དེ་ནི་ཁོང་ཚོར་ཆོས་ངོ་མ་དང་ཚད་ལྡན་དེ་སྦྱིན་གྱི་མེད། གལ་ཏེ་ཁྱེད་ཀྱིས་ཆོས་འཁྲིད་བྱེད་ཀྱི་ཡོད་ན། ཁྱད་པར་འབྱེད་དགོས། ངས་ཁྱད་པར་འབྱེད་པ་ནང་བཞིན་ཆོས་ཡངས་པ་དང་ཆོས་ངོ་མའི་དབར་ཁྱད་པར་འབྱེད་དགོས། དེ་ནས་ཆོས་ཡངས་པ་དེ་ཆོས་ངོ་མ་མིན་པ་གསལ་པོ་གསལ་རྐྱང་ཆགས་པ་ཞིག་དགོས། ཆོས་ཡངས་པ་ནི་ཚེ་འདིའི་ཁོ་ནར་ཕན་པའི་བསམ་བློ་དང་འབྲེལ་བའི་རིམ་པ་ལས་སླ་བའི་ཉམས་ལེན་ཞིག་ཡིན། དེ་ནང་པའི་བཟང་སྤྱོད་རྣམ་གཞག་གི་གོམ་པ་དང་པོ་ལྟ་བུར་བསླབ་དགོས་ཤིང་། ང་ཚོའི་འཁྲིག་པའི་སྤྱོད་ལམ་ལ་བརྟེན་ནས་སུ་ལའང་མི་གནོད་པ་སྟེ། ཇི་སྲིད་ང་ཚོས་འདི་ནི་སངས་རྒྱས་ཀྱི་ཆོས་རེད་ཅེས་དང་། འདི་ནི་ནང་ཆོས་ཀྱི་སྐོར་ཆ་ཚང་བ་དེ་རེད་ཅེས་མ་བརྗོད་ཀྱི་བར་དུ་འགྲིག་པ་རེད། གང་ཡིན་ཞེ་ན། ནང་ཆོས་དང་སངས་རྒྱས་ཀྱིས་ཞལ་བཞེས་གནང་ངེས་པ་ནི། ཁྱེད་ཀྱི་འཁྲིག་པའི་སྤྱོད་ལམ་ལ་བརྟེན་ནས་གཞན་ལ་གནོད་འཚེ་མ་བྱོས་ཞེས་པ་དེ་རེད། འོན་ཀྱང་ཐེག་པ་ཆེན་པོའི་གནད་དོན་ནི་དེ་ཁོ་ན་ཙམ་མིན། འདིར་ཐེག་ཆེན་ཙམ་མིན་པར། ནང་པའི་ཆོས་སྤྱི་ལ་གོ་བ་ཡིན། ནང་པའི་ཆོས་ནི་གཞན་སེམས་ཅན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པར་དམིགས་ཀྱི་ཡོད་པས། དེ་འདྲ་ཞིག་ཡོང་བར། ང་ཚོ་སྲེད་པའམ་ཆགས་པ་དང་བྲལ་བ་ཞིག་དགོས།

བྱང་སེམས་སྡོམ་པ་ལྔ་པ་ནི། དཀོན་མཆོག་གསུམ་པ་དམིགས་ནས་ཕུལ་བའི་མཆོད་པའི་རྫས་རྣམས་མ་བྱིན་པར་ལེན་པ་སྟེ། དཀོན་མཆོག་གི་དཀོར་མ་བྱིན་པར་ལེན་པ་དེ་ཡིན་ཞིང་། འདི་ནི་ང་ཚོས་སྤོང་བར་དམ་བཅའ་བ་དེ་ཡིན། འདིའི་དོན་ནི་མ་བྱིན་པར་ལེན་པའམ་ཧམ་ཟ་བྱེད་པ་གང་རུང་རེད། དེ་ཡང་སོ་སོ་རང་ཉིད་ཀྱི་ཁེ་བཟང་ཆེད་དུ་སྤྱོད་པ་དང་། སྒེར་རམ་རང་གི་དོན་དུ་གཞན་ཞིག་ལ་བྱེད་རོགས་ཞུ་བ། གང་ལྟར་ཡང་སངས་རྒྱས་དང་། ཆོས། དགེ་འདུན་བཅས་དཀོན་མཆོག་གསུམ་པོར་དག་པའི་རྒྱུ་དངོས་གང་ཡིན་རུང་དེ་སོ་སོའི་ཡིན་བསམ་པ་དེ་རེད། གལ་ཏེ་མི་ཞིག་གིས་དཀོན་མཆོག་གསུམ་ལ་མཆོད་པ་ཕུལ་ན། དཔེར་ན། ནང་པའི་ཆོས་ཚོགས་ཤིག་གམ། ཡང་ན་སྐུ་འདྲ་ཞིག་བཞེངས་པ། ཡང་ན་ཆོས་ཀྱི་དཔེ་ཆ་པར་དུ་སྐྲུན་པ་དང་ཡིག་བསྒྱུར་བྱེད་པ། དེ་ག་ནང་བཞིན་དགེ་འདུན་དང་བཙུན་མའི་སྡེ་ཁག་ཅིག་ལ་སྦྱིན་བདག་བྱེད་པའི་དངུལ་དེ་དག་ང་ཚོས་སོ་སོའི་ཆེད་དུ་ལེན་པ་སྟེ་དཀོར་གསོག་པ་ལྟ་བུ་ནི་མི་རུང་བ་ཡིན། དེས་སྡོམ་པ་ཉམས་ཆག་གཏོང་བའམ་སྡོམ་པ་དང་འགལ་གྱི་ཡོད། སྐབས་དོན་འདི་ལྟར་ན། དགེ་འདུན་ཞེས་བྱ་བ་ནི། དགེ་འདུན་ནམ་བཙུན་མའི་གྲངས་བཞི་དང་བཞི་ལས་མང་བ་གང་རུང་ལ་གོ་བ་ཡིན། ང་ཚོས་འཕགས་པའི་དགེ་འདུན་གྱི་སྐོར་ཤོད་ཀྱིན་མེད།

ད་གཟོད་ང་ཚོས་ལས་དོན་བསྒྲུབ་བཞིན་ཡོད་པ་སྟེ། དཔེར་ན། ང་ཚོས་ཆོས་ཀྱི་དཔེ་དེབ་ཡིག་བསྒྱུར་དང་པར་སྐྲུན་གྱི་ཆེད་དུ་ལས་དོན་བསྒྲུབ་བཞིན་པའི་སྐབས། དེའི་ཆེད་དུ་འབུལ་བ་ཕུལ་ན། དེ་སོ་སོའི་གླ་ཕོགས་ཆེད་དུ་བེད་སྤྱོད་བྱས་པ་ནི་གནད་དོན་གཞན་ཞིག་རེད། གང་ཡིན་ཟེར་ན། ང་ཚོས་དོན་ངོ་མར་དཀོན་མཆོག་གསུམ་པོའི་ཆེད་དུ་ལས་དོན་བསྒྲུབ་བཞིན་ཡོད། གལ་ཏེ་དེ་ནི་ཚད་ལྡན་གྱི་རྒྱུད་རིམ་ཞིག་གི་ཐོག་ནས་ང་ཚོས་ལས་ཀ་བྱེད་པའི་དོད་དུ་གླ་ཕོགས་འཐོབ་ཀྱི་ཡོད་ན། དེ་ནི་འགྲིག་པ་རེད། འོན་ཀྱང་སྐབས་འདིར་ང་ཚོས་ཆོས་ཕྱོགས་དང་དམིགས་བསལ་འབྲེལ་བའི་ལས་དོན་མི་བྱེད་པའི་སྐབས། མཆོད་པ་འབུལ་བ་དང་ཞལ་འདེབས་གནང་བ་རྣམས་སོ་སོ་རང་གི་ཆེད་དུ་སྤྱོད་པ་ཙམ་གྱི་སྐོར་ཤོད་ཀྱིན་ཡོད།

འདི་ནི་བྱང་སེམས་རྩ་བའི་སྡོམ་པ་ཅིའི་ཕྱིར་ཡིན་ནམ་ཞེ་ན། མཆོད་པ་དེ་སངས་རྒྱས་ཆོས་དང་དགེ་འདུན་གསུམ་གྱི་ཆེད་དུ་འབུལ་བའི་སྐབས། དེ་ལ་བརྟེན་ནས་གཞན་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་ཕན་པའི་ཆེད་ནང་ཆོས་དེ་ཚང་མར་ཐོབ་རུང་བཟོ་བ་དང་། དེ་ནི་བྱང་ཆུབ་སེམས་དཔའ་ཞིག་ཡིན་པའི་ཆ་ནས་གང་ཞིག་འབད་བརྩོན་བྱེད་དགོས་པ་ནི། ཐབས་ལམ་དེ་དག་ཐོབ་སླ་པོ་བཟོ་རྒྱུ་དེ་ཡིན། དེའི་དོན་ནི་ཆོས་ལུགས་ཁྱབ་སྤེལ་གཏོང་མཁན་ཞིག་ཡིན་དགོས་པ་མིན་པར། གཞན་ལ་ཕན་པའི་ཕྱིར་ཐབས་ལམ་དེ་དག་རྙེད་ཐུབ་པར་བྱ་རྒྱུ་དེ་རེད། ང་ཚོས་དེ་མ་བྱིན་པར་ལེན་པའི་ཐོག་ནས་སྔོན་འགོག་བྱེད་ཀྱི་ཡོད། འགྲིག་སོང་ངམ། དེ་ནི་བྱང་སེམས་སྡོམ་ལྔ་པ་དེ་རེད།

སྡོམ་པ་དྲུག་པ་ནི། དམ་པའི་ཆོས་སྤོང་བ་དེ་རེད། འདི་ནི་ཁས་ལེན་མི་བྱེད་པའི་དོན་ཡིན་ཞིང་། ཁས་ལེན་མི་བྱེད་པ་ཞེས་པ་ནི། ངོ་ལེན་མི་བྱེད་པ་ཙམ་དུ་མ་ཟད། ད་དུང་ཁོང་ཁྲོའི་སྒོ་ནས་སུན་འབྱིན་ཐབས་བྱེད་པ་ལ་ཟེར། བྱས་ཙང་། ང་ཚོས་ཁས་ལེན་མི་བྱེད་པའམ་རང་གི་བསམ་ཚུལ་འདོན་པའི་སྒོ་ནས་གཞན་ལ་ཁས་ལེན་མི་བྱེད་པའི་རྒྱུ་བྱེད་ཀྱི་ཡོད། ང་ཚོས་འདིར་ཤོད་བཞིན་པ་དེ་གང་རེད་དམ། ང་ཚོས་གང་ཞིག་ཁས་མི་ལེན་པ་ཡིན་ནམ། དེ་ནི་ཉན་ཐོས་དང་རང་རྒྱལ་གྱི་བསྟན་བཅོས་རྣམས་ཡིན། དེ་གཉིས་ནི་ཐེག་དམན་གྱི་དབྱེ་བ་གཉིས་རེད། ཡང་ན་ཐེག་པ་ཆེན་པོའི་བསྟན་བཅོས་རྣམས་རེད། དེ་དག་གང་ཡང་རུང་བ་སངས་རྒྱས་ཀྱི་བཀའ་ཡིན། ང་ཚོས་དེ་དག་སངས་རྒྱས་ཀྱི་གསུང་ངམ་བཀའ་མིན་ཞེས་ཁས་མི་ལེན་པའི་ཐབས་ཤེས་བྱེད་ཀྱིན་ཡོད། བྱས་ཙང་། ང་ཚོས་ཁས་ལེན་མི་བྱེད་པ་དང་། སྡེ་ཚན་དེ་དག་ནང་གི་གཅིག་གི་བསྟན་བཅོས་ཚང་མ་སྟེ། ཐེག་པ་ཆེ་ཆུང་གང་ཡིན་རུང་། སངས་རྒྱས་ཀྱི་བཀའ་ཡིན་ཞེས་རྩོད་གླེང་ཤུགས་ཆེན་བྱེད་ཀྱི་ཡོད། དེ་དག་ལས་ཚང་མའམ་ཡང་ན་བསྟན་བཅོས་འགའ་ཞིག་སངས་རྒྱས་ཀྱི་བཀའ་ཡིན། དོན་དག་གཙོ་བོ་ནི། སངས་རྒྱས་ཀྱིས་གསུངས་པའི་བསྟན་བཅོས་སྣ་ཚོགས་པ་དང་ཐེག་པ་སྣ་ཚོགས་པ་ཚང་མའི་དགོས་དམིགས་ནི། མི་རྣམས་ཀྱིས་ཐར་པའམ་སངས་རྒྱས་ཀྱི་གོ་འཕང་གང་རུང་ཞིག་འཐོབ་པར་ཕན་པའི་ཆེད་དུ་ཡིན། མི་ཙམ་མིན་པར་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཡིན། དེ་དག་སངས་རྒྱས་ཀྱིས་གསུངས་མེད་ཅེས་བརྗོད་པའི་སྒོ་ནས་ང་ཚོས་འདི་ནི་ནང་པ་མ་རེད་ཅེས་བརྗོད་ཀྱི་ཡོད། བྱས་ཙང་། ང་ཚོས་གཞན་རྣམས་ལ་ཧ་ཅང་ཕན་ཐོགས་ཆེ་ཞིང་རན་འཚམ་ཡིན་པའི་ཆོས་བྱེ་བྲག་ཅིག་ལ་འཇུག་པར་སེམས་ཤུགས་གཅོག་གི་ཡོད།

ང་ཚོས་འདིའི་ཐོག་ལ་ཏོག་ཙམ་གཟབ་ནན་གྱིས་བལྟ་དགོས། གང་ཡིན་ཞེ་ན། གལ་ཏེ་ང་ཚོས་དེའི་ཐོག་ལ་ཚན་རིག་དང་མཐུན་པའི་སངས་རྒྱས་ཀྱི་རིག་པ་ཞེས་བྱ་བ་དང་། ལོ་རྒྱུས་ཀྱི་ལྟ་ཚུལ་ཐོག་ནས་བསྟན་བཅོས་སྣ་ཚོགས་པའི་སྐད་ཡིག་གཞིར་བྱས་ཏེ་བལྟས་ན། ནུབ་ཕྱོགས་ཀྱི་ཐབས་ལམ་རིག་པར་སྦྱོར་བརྡར་བྱས་ཟིན་པའི་མཁས་པ་ཚོས་ཐེག་ཆེན་དང་གསང་སྔགས་ལྟ་བུ་བསྟན་བཅོས་དུ་མ་ཞིག་སྐད་ཡིག་ཙམ་ལ་གཞི་བཞག་ནས་སངས་རྒྱས་ཞལ་བཞུགས་ནས་ཧ་ཅང་ཡུན་རིང་ཕྱིན་པའི་དུས་ཕྱིས་སུ་ཡི་གེར་བྲིས་ཡོད་ཅེས་རྩོད་གླེང་བྱེད་ངེས་རེད། བྱས་ཙང་། དེ་དག་ཕལ་ཆེར་ལོ་རྒྱུས་ལྡན་པའི་སངས་རྒྱས་ཀྱིས་གསུངས་མེད་སྲིད་པ་རེད། འོན་ཀྱང་གནད་དོན་གཙོ་བོ་ནི། ཆོས་གང་གསུངས་པ་གཅིག་ཀྱང་སངས་རྒྱས་ཞལ་བཞུགས་པའི་དུས་སུ་ཡིག་ཐོག་ཏུ་ཕབ་མེད་པ་དང་། དེ་དག་ཐམས་ཅད་ངག་ཐོག་ནས་བརྒྱུད་པ་ཞིག་ཡིན། དེས་གང་སྟོན་གྱི་ཡོད་ཅེ་ན། དེའི་ཚེ་དེའི་དུས་སུ་མི་རྣམས་ལ་ཕུལ་དུ་བྱུང་བའི་དྲན་ཤེས་དང་ལྡན་ཞིང་། སངས་རྒྱས་ཀྱི་ཆོས་རྣམས་བློ་འཛིན་བྱེད་ཐུབ་ཀྱི་ཡོད། དེ་ནི་གང་ཟག་གཅིག་གིས་ཆོས་ཡོངས་སུ་རྫོགས་པ་བློ་འཛིན་བྱེད་དགོས་པའི་ངེས་པ་མེད། དེ་ལྟར་མི་རབས་ནས་མི་རབས་བརྒྱུད་དེ་གཅིག་གིས་གཅིག་ལ་འཆད་ཉན་དང་བློ་འཛིན་བྱས་ཡོད།

དངོས་གནས་བྱས་ན། གལ་ཏེ་ཁྱེད་ཀྱིས་དེང་སང་བོད་ཀྱི་དགོན་སྡེ་ཁག་གི་ལམ་ལུགས་ལ་བསམ་བློ་བཏང་ན། དེ་ནི་ཏག་ཏག་མི་མཚུངས་པའམ་སྤྱིར་བཏང་ལམ་ལུགས་དང་འགལ་བའི་གནད་དོན་ཞིག་མིན། དེ་ནི་ཡིད་ཆེས་དཀའ་བ་དེ་འདྲ་གང་ཡང་མིན། གང་ཡིན་ཟེར་ན། དེ་སང་དགོན་སྡེའི་ཆ་ཤས་རེ་རེ་ལ། ངས་གཙོ་བོ་དགེ་ལུགས་པའི་དགོན་པའི་སྐོར་བསམ་བཞིན་ཡོད། གསང་སྔགས་ཀྱི་གཞུང་འགའ་ཞིག་དང་ཆོ་ག་སོགས་ལ་འགན་འཁྲི་ཡོད། དེ་འདྲ་སོང་ཙང་། དགེ་འདུན་པ་ཚང་མས་གཞུང་སྡེ་ཚན་བྱེ་བྲག་དེ་དག་ཚང་མ་བློ་འཛིན་བྱེད་དགོས། གལ་ཏེ་ཁྱེད་ཀྱིས་སངས་རྒྱས་ཀྱི་ཆོས་ཚང་མའི་དབང་དུ་བྱས་ན། དགོན་པ་རེ་རེའི་ཆ་ཤས་ཆུང་ངུ་རེ་རེ་ཡོད་པ་དེས་མདོ་གཅིག་གམ་གཞན་དེར་འགན་འཁྲི་ཡོད། དེ་ལྟར་ཡིག་ཐོག་ཏུ་ཅི་གང་བྲིས་མེད་པར། སངས་རྒྱས་ཀྱི་ཆོས་ཚང་མའི་ལུང་གི་བརྒྱུད་པ་ཚང་མ་ཁྱེད་ལ་ཡོད་སྲིད་པའི་ཡིད་ཆེས་བྱེད་ཆོག །ད་ལྟའི་དུས་སུའང་བོད་ཀྱི་དགོན་པའི་རབ་བྱུང་བ་རྣམས་ཀྱིས་གཞུང་གི་ཤོག་གྲངས་སྟོང་ཕྲག་བློ་འཛིན་བྱེད་ཀྱི་ཡོད། ཁོང་ཚོ་གྲྭ་པ་ཆུང་ཆུང་ལོ་བདུན་ནམ་བརྒྱད་ཡིན་སྐབས་ནས་བློ་འཛིན་བྱ་རྒྱུ་འགོ་འཛུགས་བྱེད་ཀྱི་ཡོད་པ་དང་། ཁྱེད་ཀྱིས་ལོ་ན་ཆུང་དུས་ནས་གང་སྦྱངས་པ་དེ་དག་རང་གི་མི་ཚེའི་ལྷག་མའི་ནང་བློ་འཛིན་དང་ཡིད་ལ་དྲན་པར་བྱེད་པའི་ནུས་པ་ཆེ་ཤོས་དེ་ནི་འགྲོ་བ་མིའི་ཀླད་པ་ཡིན།

སྲོལ་རྒྱུན་ལྟར་བྱས་ན། ཐེག་དམན་གྱི་མདོ་རྣམས་ཐེག་ཆེན་ལས་ཡོངས་གྲགས་ཆེ་བ་འདོན་གྱི་ཡོད་པ་དང་། ཐེག་ཆེན་དེ་ཡང་གསང་སྔགས་ཀྱི་གཞུང་ལས་རྒྱ་ཆེ་བ་འདོན་གྱི་ཡོད། འོན་ཀྱང་དེ་དག་ཐམས་ཅད་ངག་ཐོག་བརྒྱུད་དེ་ཡོང་བ་ཞིག་རེད། བསྟན་བཅོས་རྣམས་མཐར་ཡིག་ཐོག་ཏུ་བྲིས་པའི་སྐབས། སངས་རྒྱས་ཀྱི་བཀའ་ལུང་ཞིག་ཀྱང་སྐད་ཡིག་མི་འདྲ་བ་ཚང་མའི་ནང་གནང་སྲོལ་ཡོད། བྱས་ཙང་། དེ་སོ་སོའི་སྐད་ཡིག་ནང་བླུགས་དགོས། བསྟན་བཅོས་དེ་ཐོག་མར་བྱུང་བའི་སྐད་ཡིག་དེ་ལོ་རྒྱུས་བྱེ་བྲག་པ་ཞིག་གི་དུས་ཡུན་གྱི་སྐད་ཡིག་ཡིན་པ་ལ་འགལ་བ་མེད། དཔེ་ཆ་འགའ་ཞིག་ནི་པ་ལཱིའི་སྐད་དུ་བྲིས་ཡོད་པ་དང་། འགའ་ཞིག་ནི་ ༼མཐར་དེ་དག་བྲིས་པའི་སྐབས་༽ ལེགས་སྦྱར་གྱི་སྐད་དུ་བྲིས་ཡོད། ཡང་འགའ་ཞིག་ནི་ཕྱིས་སུ་དར་བའི་ལེགས་སྦྱར་གྱི་འགྲོས་ལྟར་བྲིས་ཡོད། འདི་ནི་སངས་རྒྱས་ཉིད་ཀྱིས་ལམ་སྟོན་གནང་རིག་པའི་གཞུང་ལུགས་དང་མཐུན་པ་ཆགས་ཀྱི་ཡོད་པས། དེས་བསྟན་བཅོས་དེ་སངས་རྒྱས་ནས་བྱུང་མེད་པའི་ཁུངས་སྐྱེལ་བྱེད་པའི་ངེས་པ་མེད།

རྒྱལ་སྲས་ཞི་བ་ལྷ་ཉིད་ནས་ཐེག་དམན་གྱི་གཞུང་རྣམས་ཚད་ལྡན་དང་ཡང་དག་པ་ཡིན་པ་དང་ཐེག་ཆེན་གྱི་གཞུང་རྣམས་ཚད་ལྡན་མིན་ཞེས་རྩོད་མཁན་རྣམས་ལ་དགག་པ་ཕུལ་དུ་བྱུང་བ་གནང་ཡོད། ཁོང་གིས་ཐེག་ཆེན་གྱི་གཞུང་རྣམས་སངས་རྒྱས་ཀྱི་བཀའ་ཚད་ལྡན་ཡིན་པ་ལ་ཁུངས་དག་མིན་པར་ར་སྤྲོད་བྱེད་པ་དང་། སུན་འབྱིན་པའམ་སུན་འབྱིན་ཐབས་བྱེད་པའི་རྒྱུ་མཚན་རིགས་པ་གང་ཞིག་བེད་སྤྱོད་བྱེད་ནའང་། ངས་ཀྱང་རྟགས་དེ་གཅིག་པ་བེད་སྤྱོད་བྱས་ཏེ། ཐེག་ཆེན་གྱི་གཞུང་རྣམས་སངས་རྒྱས་ཀྱི་བཀའ་ཚད་ལྡན་མིན་ཞེས་ར་སྤྲོད་བྱེད་ཆོག །གང་ཡིན་ཞེ་ན། དེ་ངག་རྒྱུན་ལ་རག་ལུས་ཡོད་པ་དང་ལོ་རབས་བརྒྱ་ཕྲག་མང་པོའི་རྗེས་སུ་མ་གཏོགས་ཡིག་ཐོག་ཏུ་བྲིས་མེད་པས་སོ། །ཁྱེད་ཀྱིས་རྩོད་གླེང་གང་རུང་ཞིག་བེད་སྤྱོད་བྱས་ནས་སོ་སོའི་བསྟན་བཅོས་རྣམས་སངས་རྒྱས་ཀྱི་བཀའ་ངོ་མ་ཡིན་པར་ར་སྤྲོད་བྱེད་པ་ནང་བཞིན་ངས་ཀྱང་རྩོད་གླེང་གཅིག་པ་དེ་བེད་སྤྱོད་བྱས་ནས་ཐེག་པ་ཆེན་པོའི་བཞུང་རྣམས་སངས་རྒྱས་ཀྱི་བཀའ་ངོ་མ་ཡིན་པར་ར་སྤྲོད་བྱེད་ཆོག །བྱས་ཙང་། འདི་ནི་ཧ་ཅང་ཚད་དང་ལྡན་པའི་རྒྱུ་མཚན་རིགས་པ་ཞིག་རེད། དེར་མ་ཟད། སངས་རྒྱས་ཀྱིས་གསུངས་པའི་གཞུང་ཞེས་པའི་དོན་གང་ཡིན་པའི་ཐོག་གལ་ཏེ་ང་ཚོས་བརྟག་དཔྱད་བྱས་ན། ང་ཚོས་ཐེག་དམན་གྱི་གཞུང་ལུགས་ཁག་ཏུ་སངས་རྒྱས་ཟེར་བ་དེ་གང་ཟག་གི་རིགས་ཅི་འདྲ་ཞིག་ཡིན་པར་བལྟ་དགོས་ཀྱི་ཡོད། ཁོང་ཚོར་སུས་ཆོས་གསུང་གིན་ཡོད་དམ། ཐེག་པ་ཆེན་པོའི་གཞུང་གི་ནང་ཐེག་ཆེན་གྱི་ཆོས་གསུང་མཁན་གྱི་སངས་རྒྱས་དེ་གང་ཟག་གི་རིགས་ཅི་འདྲ་ཞིག་ཡིན་ནམ། གསང་སྔགས་ཀྱི་གཞུང་ནང་གསང་སྔགས་ཀྱི་ཆོས་གསུང་མཁན་གྱི་སངས་རྒྱས་དེ་གང་ཟག་གི་རིགས་ཅི་འདྲ་ཞིག་ཡིན་ནམ། དེ་ལ་བརྟེན་ནས་སངས་རྒྱས་ལ་འགྲེལ་ཚུལ་ཤིན་ཏུ་མི་འདྲ་གསུམ་འབྱུང་གི་ཡོད།

དེར་བརྟེན་ཐེག་དམན་གྱི་ཆོས་གསུང་མཁན་སངས་རྒྱས་དེ་ཅི་འདྲ་ཞིག་ཡོད་མེད་ཐེག་དམན་གྱི་གཞུང་དུ་འགྲེལ་བརྗོད་བྱས་ཡོད་པ་དང་། ཐེག་ཆེན་གྱི་མདོའི་ནང་ཆོས་གསུང་མཁན་གྱི་སངས་རྒྱས་དེ་སུ་ཡིན་པའི་སྐོར་གྱི་འགྲེལ་ཚུལ་གཞན་ཞིག་ཀྱང་ཡོད། དེ་ག་ནང་བཞིན་གསང་སྔགས་ཀྱི་ལུགས་སུའང་ད་དུང་འགྲེལ་ཚུལ་གསུམ་པ་ཞིག་ཡོད། སངས་རྒྱས་གང་ཡིན་པའི་ཐད་སྣང་ཚུལ་རྦད་དེ་མི་འདྲ་གསུམ་ཡོད། བྱས་ཙང་། ཐེག་དམན་གྱི་གཞུང་རྣམས་གསུང་མཁན་གྱི་སངས་རྒྱས་དེ་ནི་ལོ་རྒྱུས་སུ་གསལ་བའི་ཚེ་དེ་གའི་ནང་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ཡིན། ཁོང་སྐུ་མྱ་ངན་ལས་འདས་པའི་རྗེས་སུ་ཁོང་གི་སྐུ་ཚེའམ་སེམས་རྒྱུན་དེ་རྫོགས་པ་རེད། དེ་འདྲ་ཡིན་ཙང་། ང་ཚོས་ཐེག་ཆེན་གྱི་མདོ་དང་སྔགས་སངས་རྒྱས་ཀྱིས་གསུངས་ཞེས་ཟེར་བའི་སྐབས། དེས་ལོ་རྒྱུས་ནང་གསལ་བའི་སངས་རྒྱས་ཀྱིས་གསུངས་པར་གོ་བའི་ངེས་པ་མེད། ཡང་ན་དེ་ལས་རན་པ་ཞིག་གི་ཐོག་ནས་བཤད་ན། སངས་རྒྱས་ཀྱི་ལྟ་ཚུལ་དེ་ལོ་རྒྱུས་ནང་གསལ་བའི་སངས་རྒྱས་ཁོ་ན་ལས་མི་གོ་བའི་དོན་མིན།

ཐེག་ཆེན་གྱི་མདོ་གསུང་མཁན་གྱི་སངས་རྒྱས་ནི། ལོ་རྒྱུས་ནང་གསལ་བའི་སངས་རྒྱས་ཀྱི་རྣམ་རོལ་ཏུ་བྱོན་པ་ཙམ་དུ་མ་ཟད། བསྐལ་པ་མང་པོའི་གོང་རོལ་ནས་སངས་རྒྱས་ཟིན་པ་ཞིག་དང་། དུས་རྟག་ཏུ་སྤྲུལ་པ་མི་འདྲ་བ་ཧ་ཅང་མང་པོ་སྤྲུལ་ཐུབ་ཀྱི་ཡོད། དེ་ཡང་ཇི་སྲིད་བསྐལ་པ་གནས་ཀྱི་བར་དུ་སྤྲུལ་སྐུ་དང་ལོངས་སྐུའི་རྣམ་པ་སྣ་ཚོགས་པར་བྱོན་ནས་དག་པའི་ཞིང་དུ་ཆོས་གསུང་བ་སོགས་གནང་གི་ཡོད། ཐེག་ཆེན་ལུགས་ཀྱི་སངས་རྒྱས་ཟེར་བ་དེ་ལོ་རྒྱུས་ནང་གསལ་བའི་ཤཱཀྱ་ཐུབ་པ་ཙམ་ལ་གོ་བ་མིན། ཁྱེད་ཀྱིས་ཐེག་པ་ཆེན་པོའི་མདོའི་ནང་དུ་འགྲེལ་བ་མཛད་པའི་སངས་རྒྱས་དེ་ཐེག་ཆེན་གྱི་མདོའི་སྟོན་པ་ཡིན་པར་བལྟ་བའི་ཕྱིར། སྐབས་འདིར་ཁྱེད་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ལག་བསྟར་བྱེད་དགོས། བྱས་ཙང་། སངས་རྒྱས་ཀྱིས་ཐེག་ཆེན་གྱི་ཆོས་གསུང་གི་ཡོད་པ་ལ་གཞིགས་ན། དུས་མི་འདྲ་བར་བྱོན་པའི་སངས་རྒྱས་ཡིན་ནའང་། དེར་འགལ་བ་གང་ཡང་མེད། གང་ལྟར་ཡང་། མདོའི་ནང་དུ་ ༼ཐེག་ཆེན་གྱི་མདོའི་ནང་གསུངས། ཐེག་དམན་གྱི་མདོའི་ནང་གསུངས་ཡོད་མེད་ཏག་ཏག་ཞུ་ཐུབ་ཀྱི་མི་འདུག་༽ སངས་རྒྱས་ཀྱིས་གཞན་ལ་ཆོས་གསུང་བར་སེམས་སྐུལ་གནང་གི་ཡོད་པ་དང་། སངས་རྒྱས་ཉིད་ཀྱང་དེར་བཞུགས་ཡོད་པ་དཔེར་ན། ཤེས་རབ་སྙིང་པོ་ལྟ་བུ་རེད། དེ་དག་གི་ནང་མཐར་དེ་དག་ཆོས་ཚད་དང་ལྡན་པའམ་ངོ་མ་ཡིན་ཞེས་ངེས་བརྟན་བཟོས་ཡོད།

སངས་རྒྱས་ཀྱི་བཀའི་ནང་ཚུད་པའི་ཆོས་ཀྱི་རིགས་མི་འདྲ་བ་ཧ་ཅང་མང་པོ་ཡོད། སངས་རྒྱས་ཉིད་ནས་དེ་དག་ཐམས་ཅད་གསུངས་ཡོད་པའི་དོན་མིན། གལ་ཏེ་ང་ཚོས་གསང་སྔགས་ཀྱི་གཞུང་ནང་སངས་རྒྱས་ཀྱི་འགྲེལ་ཚུལ་ལ་བལྟས་ན། ང་ཚོས་སངས་རྒྱས་སུ་ཡིན་པ་དང་གང་ཡིན་པའི་ཐད་ལ་འགྲེལ་བ་རྒྱ་ཆེ་བ་ཞིག་རྒྱག་ཐུབ། རྡོ་རྗེ་འཆང་དང་ཀུན་ཏུ་བཟང་པའི་ངོ་བོར་འགྲེལ་བའི་སངས་རྒྱས་ཡོད། དེ་ནི་སེམས་ཀྱི་རིམ་པ་ཕྲ་ཤོས་ཀྱི་ཡེ་ནས་དག་པའི་རང་བཞིན་ལ་སོགས་པ་རེད། བྱས་ཙང་། སངས་རྒྱས་རྡོ་རྗེ་འཆང་གིས་དག་སྣང་ལ་སོགས་པའི་སྒོ་ནས་གཞན་དག་ལ་ཆོས་གསུངས་ཤིང་། ཡི་གེར་ཕབ་ནས་ང་ཚོར་གསང་སྔགས་ཀྱི་ཆོས་འདི་མཇལ་རྒྱུ་ཡོད་པ་ལ་འགལ་བ་གང་ཡང་མེད། ཡང་མི་ཞིག་གིས་ཆོས་འདི་དག་སངས་རྒྱས་ཀྱི་དག་པ་ཆོས་ཀྱི་སྐུ་ལས་ཐད་ཀར་ཐོབ་ནས་དག་སྣང་དང་ཐབས་གཞན་གྱི་སྒོ་ནས་ཆོས་གསུངས་ཡོད་པ་ལ་འགལ་བ་མེད། གང་ཡིན་ཞེ་ན། འདི་ནི་གསང་སྔགས་ཀྱི་ཆོས་ཐོག་མར་བྱུང་སྟངས་དེ་རེད།  རྡོ་རྗེ་འཆང་ཆོས་འདི་དག་མི་ཞིག་ལ་ཐབས་ཚུལ་འགའ་ཞིག་ལ་བརྟེན་ནས་གསུངས་པ་དང་། ཁོང་ཚོས་ནམ་རྒྱུན་དག་པའི་ཞིང་ཁམས་ཤིག་གི་ནང་དུ་ཡི་གེར་བཀོད་པ་རེད།

གསང་སྔགས་ཀྱི་གཞུང་འགའ་ཞིག་གི་ནང་། སངས་རྒྱས་ཀྱིས་བྱ་རྒོད་ཕུང་པོ་རིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་གསུངས་པ་དང་དུས་མཉམ་དུ་སངས་རྒྱས་རྒྱ་གར་ལྷོ་ཕྱོགས་ཀྱི་དཔལ་ལྡནའབྲས་སྤུངས་མཆོད་རྟེན་དུ་ཧེ་རུ་ཀ་འཁོར་ལོ་སྡོམ་པའི་རྣམ་རོལ་ཏུ་བྱོན་པ་དང་། ཧེ་རུ་ཀ་དེ་ཡང་ཞལ་བཞི་དང་ལྡན་པ། ཞལ་རེ་རེ་ནས་དུས་གཅིག་ཏུ་གསང་སྔགས་ཀྱི་རྒྱུད་སྡེ་མི་འདྲ་བ་རྣམས་གསུངས་ཞེས་པའི་འགྲེལ་བརྗོད་ཅིག་ཡོད། བྱས་ཙང་། དེ་ནི་གསང་སྔགས་ཀྱི་ཆོས་གསུང་མཁན་གྱི་སངས་རྒྱས་དེ་ཡིན་པ་དང་། དེ་ནི་ལོ་རྒྱུས་ནང་གསལ་བའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་གང་འཚམ་གྱི་མི་འདྲ་བ་ཡིན། དེ་འདྲ་ཡིན་དུས་དེ་དག་ཚང་མ་གཅིག་ལ་གཅིག་བརྟེན་ནས་ཡོད། སངས་རྒྱས་ཀྱི་རིགས་གང་འདྲ་ཞིག་གིས་ནང་པའི་གཞུང་དེ་དག་རེ་རེ་ནས་གསུངས་པ་དཔེར་ན། ཐེག་དམན་དང་། ཐེག་ཆེན། ཐེག་ཆེན་གྱི་ནང་གསེས་གསང་སྔགས་རྡོ་རྗེ་ཐེག་པ་ལྟ་བུ་གཞུང་དེ་དག་རེ་རེའི་ནང་སངས་རྒྱས་འགྲེལ་བརྗོད་བྱས་པ་དང་འབྲེལ་བ་ཡོད་དགོས།

དྲང་པོའི་ཐོག་ནས་གཞུང་དེ་གསུང་མཁན་གྱི་སངས་རྒྱས་དེ་སུ་རེད་བརྗོད་པར། དེ་ནི་གཞུང་དེ་གའི་ནང་སངས་རྒྱས་འགྲེལ་བརྗོད་བྱས་་པ་རག་ལུས་དགོས། སངས་རྒྱས་ནི་ལོ་རྒྱུས་ནང་གསལ་བའི་སངས་རྒྱས་ཀྱིས་ཐེག་པ་སྣ་ཚོགས་པ་གསུང་མཁན་རང་དབང་གིས་བདེན་པ་གྲུབ་པར་འཛིན་པ་ནི་དྲང་པོ་ཞིག་མིན། སངས་རྒྱས་རང་གི་ཡིད་ལ་འཆར་བའི་ཚུལ་དེ་གཞུང་ནང་སངས་རྒྱས་ཀྱི་སྐོར་འགྲེལ་བརྗོད་བྱེད་པ་ལ་བརྟེན་དགོས་ཀྱི་ཡོད། བྱས་ཙང་། གསང་སྔགས་ཀྱི་གཞུང་ནང་སངས་རྒྱས་ཀྱི་སྐོར་གོ་རྟོགས་དང་ཞིབ་ཕྲའི་འགྲེལ་བརྗོད་རྒྱ་ཆེ་ཤོས་དེ་ཡོད་པ་དང་། དེ་ནི་གསང་སྔགས་གཞུང་ནང་གསལ་བའི་སངས་རྒྱས་ཀྱི་འགྲེལ་བརྗོད་དེའི་ནང་འཚུད་ཀྱི་ཡོད། ཐེག་ཆེན་གྱི་མདོ་ནས་གསུངས་པའི་སངས་རྒྱས་ཀྱི་འགྲེལ་བརྗོད་ནང་དུ་ལོ་རྒྱུས་ནང་གསལ་བའི་སངས་རྒྱས་འཚུད་ཀྱི་ཡོད། གང་ཡིན་ཞེ་ན། སངས་རྒྱས་ཀྱིས་ཀྱང་དེ་དང་འདྲ་བའི་རྣམ་སྤྲུལ་བསྟན་ཡོད། ང་ཚོས་ཐེག་པ་ཆེན་པོ་ནི་རྒྱ་ཆེ་བའི་ཐེག་པ་རེད་ཅེས་བརྗོད་པའི་སྐབས། དེ་ནི་སངས་རྒྱས་ཀྱི་འགྲེལ་བརྗོད་དང་འབྲེལ་བའི་སྒོ་ནས་ཐེག་དམན་གྱི་གཞུང་ནང་གསལ་བའི་སངས་རྒྱས་ཀྱི་འགྲེལ་བཤད་ལས་ཀྱང་རྦད་དེ་རྒྱ་ཆེ་བ་ཡིན།

ང་ཚོས་མི་ཞིག་གིས་དག་སྣང་དུ་ཆོས་ཐོབ་སོང་ཞེས་བརྗོད་པ་དེ་མི་དེ་ལ་རྡོ་རྗེ་འཆང་དང་ཀུན་ཏུ་བཟང་པོ་སོགས་ཀྱིས་གསུངས་པའི་ཚད་ལྡན་གྱི་ཆོས་ཡིན་པ་ཇི་ལྟར་རྟོགས་སམ་ཞེས་དྲིས་སོང་། དེ་ལ་རྩ་བའི་ལམ་སྟོན་རྣམས་གང་འཚམ་གྱི་གསལ་པོའི་སྒོ་ནས་བསྟན་ཡོད། དག་སྣང་གཏེར་མའི་ཆོས་རྣམས་ནང་པའི་ཆོས་ཀྱི་དོན་དང་སྙིང་པོ་དང་མཐུན་པ་དགོས་ཀྱི་ཡོད་པ་ལས་དེ་དང་འགལ་བ་ཞིག་མི་རུང་། སྐྱབས་འགྲོ་དང་། ངེས་འབྱུང་། བྱང་ཆུབ་ཀྱི་སེམས། ཐར་པ། སངས་རྒྱས་ཀྱི་གོ་འཕང་སོགས་སངས་རྒྱས་ཀྱི་བརྗོད་གཞི་ཆེ་ཁག་དང་མཐུན་པ་དགོས་ཀྱི་ཡོད། བྱང་ཆུབ་ཀྱི་སེམས་དང་། འཕགས་པའི་བདེན་པ་བཞི། འདུས་བྱས་ཐམས་ཅད་མི་རྟག་པ། སྡུག་བསྔལ་བ་སོགས་གཞི་རྩའི་ཆོས་རྣམས་དང་མཐུན་པ་དགོས།

ཨ་ཅང་ཅང་གནད་དོན་མི་འདྲ་བའི་ཐད་ལྟ་གྲུབ་ཀྱི་ཆ་ནས་འགྲེལ་ཚུལ་ཅུང་ཟད་མི་འདྲ་བ་ཡོང་ཆོག །འོན་ཀྱང་བརྗོད་གཞི་གཙོ་བོ་དེ་དག་སྔ་ཕྱི་མི་འགལ་ཞིང་མཐུན་པ་དགོས་ཤིང་། གཞུང་ཁག་གི་ནང་འགྲེལ་བརྗོད་བྱས་པའི་ཐབས་ལམ་གྱི་རྗེས་སུ་འབྲངས་ནས་ཚད་ལྡན་གྱི་རྣལ་འབྱོར་པ་དང་ཉམས་ལེན་པ་རྣམས་ཀྱིས་རྟོགས་པ་དང་དངོས་གྲུབ་འཐོབ་ཐུབ། དེར་བརྟེན་རྗེས་སུ་དཔག་པའི་སྒོ་ནས་དེ་དག་སངས་རྒྱས་ཀྱི་ཆོས་ཚད་ལྡན་རྣམས་ཡིན་པར་ར་སྤྲོད་བྱས་ཡོད། གལ་ཏེ་དེ་ལ་བརྗོད་གཞི་ཆེ་ཁག་ཚང་མ་ཚང་ཡོད་ན། དེ་ནི་སངས་རྒྱས་ཀྱི་ཆོས་ཡིན་པ་རྗེས་དཔག་ཚད་མས་སྒོ་ནས་རྟོགས་པ་དང་། ཆོས་དེ་ཉམས་སུ་ལེན་མཁན་རྣམས་ཀྱི་མངོན་སུམ་ཚས་མ་ལ་བརྟེན་ནས་རྟོགས་པ་ཐོབ་ཀྱི་ཡོད་པ་བཅས་དེའི་ནང་འགྲེལ་བརྗོད་བྱས་ཡོད། བྱས་ཙང་། དེ་དག་ནི་ཚད་འཛིན་གྱི་ཆ་རྐྱེན་རྣམས་རེད།

དེ་དང་འདྲ་བའི་བྱང་སེམས་སྡོམ་པའི་ཡན་ལག་ཅིག་ཡོད། དེ་ལ་ཐེག་ཆེན་གྱི་ཆོས་སྤོང་བ་ཞེས་ཟེར་བ་དང་། འདིར་ང་ཚོས་ཐེག་ཆེན་ནི་སངས་རྒྱས་ཀྱི་བཀའ་ཚད་ལྡན་ཡིན་པར་ཁས་ལེན་པ་ནི་བྱང་སྡོམ་ཡན་ལག་ཡིན། ང་ཚོས་རྩ་བའི་སྡོམ་པ་དང་མི་འདྲ་བར། ཐེག་ཆེན་གྱི་ཆོས་རྣམས་ནི་སངས་རྒྱས་ཀྱི་བཀའ་ཡིན་ཞེས་ལས་ལེན་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོས་སོ་སོའི་མི་དགའ་སའི་རྣམ་པ་འགའ་ཞིག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད། དེ་ནི་དམིགས་བསལ་ཐེག་པ་ཆེན་པོའི་གཞུང་ནས་གསུངས་པའི་སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་རྒྱ་ཆེ་བ་རྣམས་ལ་གོ་བ་ཡིན། དཔེར་ན། སངས་རྒྱས་ཀྱིས་དུས་གཅིག་ལ་རང་གི་སྐུ་ལུས་མི་འདྲ་བ་གྲངས་མེད་དུ་བསྒྱུར་ཐུབ་པ་དང་ཆབས་ཅིག་ས་ཕྱོགས་གང་སར་ཕེབས་ཐུབ་ཀྱི་ཡོད། དེ་བཞིན་སངས་རྒྱས་ཀྱིས་སྐད་རིགས་ཚང་མ་མཁྱེན་པ་དང་། ཁོང་གིས་ཆོས་གསུངས་པའི་སྐབས། གདུལ་བྱ་རྣམས་ཀྱིས་སོ་སོའི་སྐད་ཡིག་གི་ཐོག་ནས་ཆོས་རྟོགས་ཀྱི་ཡོད། ང་ཚོས་ “འདི་ནི་ཆོ་མེད་རེད་འདུག །ང་རང་ཐེག་པ་ཆེན་པོར་དགའ། ང་རང་བྱང་ཆུབ་ཀྱི་སེམས་དང་། བྱམས་པ། སྙིང་རྗེའི་བསམ་ཕྱོགས་ཆ་ཚང་ལ་དགའ་གི་འདུག །འོན་ཀྱང་དགོངས་དག །དེ་ཐལ་དྲགས་སོང་།” ཞེས་ཟེར་གྱི་ཡོད། གལ་ཏེ་ང་ཚོས་འདི་ནི་ཧ་ཅང་མགོ་རྙོག་ཅན་ཞིག་རེད་འདུག །དེ་འདྲ་ཞིག་སུ་ལ་དགོས་སམ། ཞེས་དེ་ལ་སྐྱོན་བརྗོད་པའམ་སྟོང་ཉིད་ཀྱི་ཆོས་ཟབ་མོ་ལ་སྐྱོན་བརྗོད་བྱས་ན། དེ་ལྟ་བུ་ནི་བྱང་སྡོམ་གྱི་ཡན་ལག་ཟེར་བ་དེ་རེད།

ང་ཚོས་ཐབས་ལམ་མི་འདྲ་བ་བཞི་ལས་གཅིག་གི་ཐོག་ནས་སྐྱོན་བརྗོད་བྱེད་ཆོག །དང་པོ་ནི་ཁོང་ཚོའི་ནང་དོན་དེ་དམན་པ་རེད། ཕྱོགས་གཞན་ཞིག་ནས་ཁོང་ཚོས་སངས་རྒྱས་ཀྱིས་གཟུགས་མི་འདྲ་བ་མང་པོ་བསྒྱུར་ཐུབ་ཅེས་པ་དེ་མཐའ་གཅིག་ཏུ་དོན་མེད་ཀྱི་སྐད་ཤོད་ཀྱིན་ཡོད། དམན་པའམ་ཞན་པ་ཞེས་པ་ནི་ཡག་པོ་མིན་པ་ཙམ་ཡང་ན་གླེན་པའི་དོན་ཡིན། དཔེར་ན། རྗེ་བཙུན་མི་ལ་རས་པས་སྐུ་ལུས་ཇེ་ཆུང་དུ་གྱུར་ནས་གཡག་གི་རྭ་ཅོའི་ནང་འཛུལ་ཐུབ་པ་ལྟ་བུ་རེད། ང་ཚོས་དེ་ནི་ཆོ་མེད་རེད་ཅེས་བརྗོད་ཀྱི་རེད། བྱས་ཙང་། འདི་ནི་དམན་པའམ་གནས་ཚད་ཞན་པ་རྣམས་ཀྱི་ཆོས་ཡིན་པ་ལས་ཚད་མཐོ་ཉམས་མྱོང་ཅན་རྣམས་ཀྱི་ཆེད་དུ་མིན། ཕལ་ཆེར་འབྲོག་པ་ཚོ་ལྟ་བུ་ཆེད་དུ་ཡིན་སྲིད། ཧ་ཅང་ཁེངས་དྲེགས་ཅན་ཡིན། གཉིས་པ་ནི་ཁོང་ཚོའི་རྣམ་འགྱུར་སྟོན་སྟངས་དེ་དམན་པ་རེད། དམན་པ་ནི་ཁྱད་ཆོས་ངན་པའམ་སྤུས་ཚད་ཞན་པོ་ལ་གོ་བ་ཡིན། འདི་ནི་ཡིག་གཟུགས་ཡག་པོ་མི་འདུག་ཟེར་བ་ལྟ་བུ། དེ་ཇི་ལྟར་བྲིས་ཡོད་པའི་ཚུལ་དེས་གོ་དོན་ཞིག་སྤྲོད་ཀྱི་མེད། གསུམ་པ་ནི། རྩོམ་པ་པོ་དམན་པ་ལ་ཟེར། བྱས་ཙང་། འགྲེལ་བ་ལ་སོགས་པ་ཧ་ཅང་མང་པོ་ཡོད། རྩོམ་པ་པོ་དེ་ཡག་མི་འདུག་ཟེར་བ་ལྟ་བུ་རེད། བཞི་པ་ནི། དེ་དག་གི་ཕན་ཡོན་དེ་ཞན་པོ་ཡོད་པར་གོ་བ་ཡིན། དེ་ནི་སུ་གཅིག་ལ་ཕན་ཐོགས་མེད་པ་རེད། རྗེ་བཙུན་མི་ལ་རས་པ་གཡག་གི་རྭ་ཅོག་ནང་འཛུལ་ཞེས་བརྗོད་པ་དེས་སུ་ལའང་མི་ཕན་པ་ཡིན། བྱས་ཙང་། ང་ཚོས་དེ་འདྲ་མི་བྱེད་པའི་དམ་བཅའ་འཇོག་གི་ཡོད་པ་དང་། དེ་ནི་བྱང་སེམས་སྡོམ་པའི་ཡན་ལག་ཡིན།

སྡོམ་པ་དེ་ཉམས་ཆག་གཏོང་རྒྱུ་དེ་གང་འཚམ་གྱི་ཡོངས་གྲགས་རེད། ཆོས་ཀྱི་རྣམ་པ་ཁ་ཅིག་ཆོ་མེད་པའི་བསམ་ཕྱོགས་དེ་ཡོད་པ་དང་། ང་ཚོས་སྣང་མེད་གཏོང་འདོད་ཡོད། ང་ཚོར་ཆོས་ཀྱི་ཆ་ཤས་ཡག་ག་རྣམས་དགོས་འདོད་བྱེད་ཀྱི་ཡོད་པ་དང་། ང་ཚོས་མི་དགའ་བའི་དམྱལ་བའི་སྐོར་རམ་ཡང་ན་བཟང་སྤྱོད་ཀྱི་འཁྲིག་སྦྱོར་ལྟ་བུར་སྣང་མེད་གཏོང་གི་ཡོད། བོད་པ་ཚོར་ཤོད་སྲོལ་ཞིག་ཡོད་དེ། “ཞོ་ཁོག་འཚོས་པ་གཅིག་པུ་བཟས་ཏེ་ཤ་རྣམས་ཕྱི་རུ་འདོར་མཁན་གྱི་སོ་མེད་རྒན་པོས་ཟས་བཟའ་ཐབས་བྱེད་པ་ལྟ་བུ་མ་བྱོས།” ཞེས་པ་དེ་རེད། ཕྱོགས་གཞན་ཞིག་ནས་ང་ཚོས་ཁའི་ནང་མུར་སླ་པོ་ཡོད་པའི་ཟས་རིགས་རྣམས་བཟའ་བ་དང་མུར་སླ་པོ་མེད་པའི་རིགས་རྣམས་ཕྱིར་འདོར་དགོས།

དེའི་རྗེས་ཀྱི་བྱང་སེམས་སྡོམ་པ་བདུན་པ་ནི། ང་ཚོས་རབ་ཏུ་བྱུང་བ་རྣམས་སྐྱ་སར་དབབ་ཏུ་མི་འཇུག་པ་སྟེ། རབ་བྱུང་ལ་འཚེ་བ་དེ་ཡིན། དཔེར་ན། དགེ་འདུན་པ་རྣམས་ཀྱི་ན་བཟའ་རྐུ་བ་ལྟ་བུ། འདིར་ང་ཚོས་ནང་པའི་དགེ་འདུན་པའམ་བཙུན་མ་གཅིག་གམ་གཉིས། གསུམ་གང་རུང་ལ་གནོད་པའི་ལས་བྱེད་ཀྱི་ཡོད། ང་ཚོས་དཀོན་མཆོག་གསུམ་ལ་མཆོད་པ་འབུལ་བའི་དཀོར་ཆ་རྣམས་ཁྱེར་ཡོད་པ་དེ་དྲན་གྱི་འདུག་གམ། དེ་ནི་རབ་ཏུ་བྱུང་བ་བཞི་དང་བཞི་ལས་མང་བ་རེད། འདིར་རབ་ཏུ་བྱུང་བ་གཅིག་གམ་གཉིས། ཡང་ན་གསུམ་རེད། ཁོང་ཚོས་སོ་སོའི་བཟང་སྤྱོད་ཉམས་ཆག་བཏང་ཡོད་མེད་ཁྱད་པར་མེད། ཁོང་ཚོས་ན་བཟའ་ཚུལ་དང་མཐུན་པ་གྱོན་གྱི་མེད་པ་འདྲ་པོ་རེད། ཁོང་ཚོས་བསླབ་པ་སློབ་གཉེར་དང་ཉམས་ལེན་མང་པོ་བྱེད་ཀྱི་ཡོད་མེད་ཁྱད་པར་མེད། གང་ལྟར་ཡང་། འདིར་དེ་གང་ལ་གོ་ཞེ་ན། འཁོན་སེམས་དབང་གིས་མི་དེ་དག་ལ་མི་དགའ་བ་དང་། ཁོང་ཁྲོ་ཟ་གི་ཡོད། ཁོང་ཁྲོའི་དབང་གིས་མི་དེ་རྣམས་ལ་གཞུ་བའམ་ངག་གི་སྒོ་ནས་སྐྱོན་བརྗོད་བྱེད་པའམ། ཡང་ན་ཁོང་ཚོའི་དངོས་པོ་རྣམས་བཙན་འཕྲོག་བྱེད་ཀྱི་ཡོད།

དེང་སང་གི་དཔེ་མཚོན་ཞིག་ནི། རང་གི་ཁྱིམ་མཚེས་རབ་ཏུ་བྱུང་བ་ཞིག་ནས་རླུང་འཕྲིན་བཙན་འཕྲོག་བྱེད་པའམ་རྐུ་མ་རྐུ་བ་ལྟ་བུ་རེད། གང་ཡིན་ཞེ་ན། ཁོང་ཚོའི་རླུང་འཕྲིན་དེས་སྒོམ་རྒྱག་པར་བར་ཆད་བྱེད་ཀྱིན་ཡོད། བྱས་ཙང་། ང་ཚོས་རླུང་འཕྲིན་དེ་གཏོར་བཤིག་གཏོང་བའམ་རྐུ་འཕྲོག་བྱེད་ཀྱི་ཡོད། གལ་ཏེ་དགེ་འདུན་པའམ་བཙུན་མ་ཞིག་གིས་སྡོམ་པ་ཆེ་ཁག་གཙོ་བོ་བཞི་ལས་གཅིག་དང་འགལ་བ་ཡིན་ན། ཁོང་ཚོ་དགེ་འདུན་པ་དང་བཙུན་མ་ཆགས་ཀྱི་མེད། ཁོང་ཚོ་དགོན་པ་ནས་ཕྱིར་འབུད་བཏང་ཡོད་པ་རེད། ང་ཚོས་དེའི་སྐོར་ཤོད་ཀྱིན་མེད། གལ་ཏེ་ཁོང་ཚོས་སྡོམ་པ་ཁེ་ཁག་བཞི་པོ་ལས་གཅིག་དང་འགལ་མེད་ནའང་། ང་ཚོས་ཁོང་ཚོར་མི་དགའ་བ་དང་དེ་དག་དང་མཉམ་དུ་གཤིབ་དཀའ་བ་ཡོད་པ་ཙམ་གྱིས་དགོན་པ་ནས་ཕྱིར་འབུད་གཏོང་བའམ། སྐྱ་སར་ཕབ་ནས་ཁྱེད་རང་འདིར་སྡོད་མི་ཆོག་ཅེས་བརྗོད་པ་ནི། སྡོམ་པ་དང་འགལ་གྱི་ཡོད། བྱས་ཙང་། ང་ཚོས་རབ་ཏུ་བྱུང་བའི་དགེ་འདུན་གྱི་སྡེ་ལ་གུས་ཞབས་བྱེད་དགོས་པ་གསལ་པོ་ཡིན་པ་དང་། མ་མཐར་ཡང་རབ་ཏུ་བྱུང་བའི་ཁ་ཕྱོགས་སུ་ཏག་ཏག་གོམ་པ་སྤོས་ནས་འགྲོ་མཁན་རྣམས་ཀྱིས་ཁྲིམས་འདི་ཡག་པོ་ཞིག་བསྲུང་གིན་མེད་ནའང་། ང་ཚོས་རོགས་བྱེད་ཐབས་བྱེད་དགོས།

བྱང་སེམས་སྡོམ་པ་བརྒྱད་པ་ནི། མཚམས་མེད་ཀྱི་ལས་ལྔ་ལས་གང་རུང་སྤོང་བ་དེ་ཡིན། ཨིན་སྐད་ནང་གི་ heinous crimes ཞེས་པ་དེ་འགྱུར་ཧ་ཅང་ཡག་པོ་ཞིག་མིན། འོན་ཀྱང་དེ་དག་ནི་མི་དགེ་བའི་ལས་ཧ་ཅང་ཚབས་ཆེན་གྱི་རིགས་རྣམས་རེད། དེ་བྱས་ན་མཚམས་མེད་པའི་སྒོ་ནས་རང་ཉིད་ཤི་བའི་རྗེས་སུ་ལམ་སེང་ངན་སོང་སོགས་སྐྱེ་བ་འཇིགས་སུ་རུང་བ་ལེན་གྱི་ཡོད། བྱས་ཙང་། དེ་དག་ནི་མི་དགེ་བའི་ལས་ཚབས་ཆེ་ཤོས་རྣམས་ཡིན། མཚམས་མེད་ལྔ་ནི། རང་གི་ཕ་གསོད་པ་དང་། མ་གསོད་པ། དགྲ་བཅོམ་པ་ ༼ཐར་པ་ཐོབ་པའི་གང་ཟག་༽ གསོད་པ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་བཅས་ཡིན། ང་ཚོས་འདིར་སངས་རྒྱས་ཀྱིས་ཁྲག་གི་ཞལ་འདེབས་གནང་གི་ཡོད་པའི་སྐོར་ཤོད་ཀྱིན་མེད། ང་ཚོས་སངས་རྒྱས་ལ་གནོད་འཚེ་བྱེད་ཐབས་བྱེད་པའི་སྐོར་ཤོད་ཀྱིན་ཡོད། དེ་ནས་མཚམས་མེད་ཀྱི་ལས་ལྔ་པ་ནི། དགེ་འདུན་གྱི་སྡེའི་ནང་ཕན་ཚུན་དབྱེན་འབྱེད་པ་དེ་ཡིན།

དགེ་འདུན་དབྱེན་འབྱེད་པའམ་ཕན་ཚུན་མི་འཆམ་པ་བཟོ་བ་ཞེས་པའི་དོན་ངོ་མ་དེ་གང་ཡིན་ཤེས་དགོས། དེ་ནི་ཁྱེད་རང་ཆོས་ཚོགས་ནས་ཁ་བྲལ་ཏེ་ཆོས་ཚོགས་གཞན་ཞིག་འགོ་འཛུགས་ཀྱིན་ཡོད་པའི་དོན་མིན། གནད་དོན་དེ་མ་རེད། ཡང་དགེ་འདུན་དང་བཙུན་མ་རྣམས་ལ་སྒྲིག་ཁྲིམས་འཕར་མ་གཏན་འབེབས་བྱེད་པ་ཙམ་ལ་གོ་བ་མིན། འོན་ཀྱང་དེ་ནི་རྐྱེན་ངན་ལ་བརྟེན་ནས་བྱེད་པར་གོ། དེ་ཡང་ཁྱེད་ཀྱིས་ནང་པའི་དགེ་འདུན་ལས་ལོགས་སུ་དགེ་འདུན་གྱི་སྡེ་གཞན་ཞིག་སྐྲུན་པ་དང་། སངས་རྒྱས་ཀྱི་རབ་ཏུ་བྱུང་བའི་སྡེ་དང་། སངས་རྒྱས་དང་ནང་པའི་དགེ་འདུན་པ་རྣམས་ལ་ཧ་ཅང་ངན་སེམས་ཡོད་པ་དེ་ཡིན། གང་ཡིན་ཟེར་ན། ནང་ཆོས་ཀྱི་ནང་དུ་ང་ཚོར་རབ་བྱུང་གི་ཉམས་ལེན་སྒྲིག་དམ་པའི་དཔེ་མཚོན་ཞིག་ཡོད་པ་རེད། དེ་ཡང་བཅུ་གསུམ་ཡོད། དེ་ལ་ལེགས་སྦྱར་དང་པ་ལཱིའི་ནང་དེ་ལ་དྷུཏངྒ་ཞེས་བརྗོད་ཀྱི་ཡོད། དེའི་དོན་ནི་བརྟུལ་ཞུགས་ཀྱི་ཡན་ལག་ཟེར། དེ་དག་བཅུ་གསུམ་ལ་གཞི་བྱས་ཏེ་དེ་དག་གི་རྗེས་སུ་འཇུག་གི་ཡོད། དཔེར་ན། ཐེ་ལེནྜའི་ནགས་ཁྲོད་ཀྱི་དགེ་འདུན་པའི་སྲོལ་རྒྱུན་ལྟ་བུ་རེད། དེ་དག་འགའ་ཞིག་ནི་བོད་ཀྱི་སྲོལ་རྒྱུན་ནང་གི་ལོ་གསུམ་མཚམས་བཞུགས་མཁན་རྣམས་ཀྱི་ཉམས་ལེན་བྱེད་ཀྱི་ཡོད། དེ་དག་ནི་ཐོག་མར་སངས་རྒྱས་ལ་ཧ་ཅང་ངན་སེམས་བཅང་མཁན་ཁོང་གི་ཚ་བོ་ལྷས་སྦྱིན་གྱིས་གྲོས་འཆར་བཏོན་ཡོད། བྱས་ཙང་། བརྟུལ་ཞུགས་བཅུ་གསུམ་གྱི་རྗེས་སུ་འབྲངས་ནས་སྲོལ་རྒྱུན་སྐྲུན་པ་དེས་ཆོས་ཀྱི་ནང་དབྱེན་འབྱེད་ཀྱིན་མེད། ཁྱེད་ཀྱིས་དེ་ལྟར་བྱེད་པའི་སྐབས། སངས་རྒྱས་ཀྱི་དགེ་འདུན་དེ་དག་ཡག་པོ་མི་འདུག་ཅེས་ཁོང་ཁྲོ་དང་ཞེ་སྡང་གི་སྒོ་ནས་བྱེད་པ་དེ་དབྱེན་འབྱེད་པ་ཡིན།

བཅུ་གསུམ་དེ་དག་གང་དག་ཡིན་ནམ། ༡། གོས་ཧྲུལ་གྱིས་ལྷན་པ་རྒྱག་པའི་ན་བཟའ་གྱོན་པ། ༼གོས་ཧྲུལ་གྱིས་འཚེམས་པ།༽ ༢། ཆོས་གོས་རྣམ་གསུམ་གཅིག་པུ་གྱོན་པ་སྟེ། སུད་ཀྲ་ལ་སོགས་གང་ཡང་མེད་པ། ༣། གསོད་སྙོམས་སློང་དུ་འགྲོ་བ་སྟེ། རང་གི་ཟས་སློང་བ་ལས་གཞན་གྱིས་མགྲོན་འབོད་སོགས་ངོས་ལེན་མི་བྱེད་པ། ལྷུང་བཟེད་ཁྱེར་ནས་ཉེ་འཁོར་དུ་འགྲོ་བ་དང་། སྒོའི་འགྲམ་ནས་སྡོམ་བུ་སློང་བ་ལས་ནང་དུ་འཛུལ་བ་དང་མར་བསྡད་ནས་ཟས་བཟའ་བ་སོགས་བྱེད་མི་ཆོག ༤། བསོད་སྙོམས་འགྲོ་བའི་སྐབས། ཁྱིམ་ཚང་སོ་སོའི་ཁང་མིག་གཅིག་ཀྱང་མ་བསྐྱུར་བར་ཚང་མར་འགྲོ་དགོས། སྐབས་རེར་ཁྱིམ་ཚང་འགའ་ཤས་ཀྱིས་ཁྱེད་ལ་ཟས་ཡག་པོ་མི་སྤྲད་པ་དང་། ཁྱེད་ལ་སྐད་ལོག་རྒྱག་པ། དེ་བཞིན་ཧ་ཅང་སྤྱོད་ངན་བྱེད་པ་དེ་འདྲ་ཡོང་ཆོག་པས། ང་ཚོས་ “ང་དེ་རིང་ཁྱིམ་ཚང་དེའི་ནང་སློང་གི་མིན་” ཞེས་བརྗོད་སྲིད། དེ་འདྲ་བྱ་རྒྱུ་མེད། ༥། སོ་སོར་སྡོམ་བུ་གང་ཐོབ་ནའང་། བཟའ་ཐེངས་གཅིག་གི་ནང་བཟའ་དགོས་པ་སྟེ། ཁྱེད་ཀྱིས་ཟས་ཏོག་ཙམ་ཟུར་དུ་ཉར་བའམ་བསྲི་ཚགས་དང་བཅས་རྗེས་སུ་བཟའ་དགོས་བསམ་པ། དཔེར་ན། གལ་ཏེ་སང་ཉིན་བསོད་སྙོམས་མང་པོ་མ་རག་ན། བཟའ་ཆོག་བསམས་ནས་ཟས་དེ་འགྱིག་སྣོད་ཅིག་གི་ནང་བླུགས་ཏེ་འཁྱགས་སྒམ་དུ་ཉར་བ་ལ་ལྟ་བུ་བྱ་མི་རུང་། ༦། ཁྱེད་ཀྱིས་ལྷུང་བཟེད་ཁོ་ནའི་ནང་བཟའ་དགོས་པ། ༧། ཁྱེད་ཀྱིས་བཟའ་རྒྱུ་འགོ་བཙུགས་ཟིན་པའི་རྗེས་སུ་ཁ་ལག་འཐོལ་པ་ངོས་ལེན་མི་བྱེད་པ། ང་ཚོར་ལྷུང་བཟེད་ཧ་ཅང་ཆེན་པོ་ཡོད་ན་མ་གཏོགས་གཞན་ཚད་གཞི་དེ་ཏག་ཏག་ཆགས་ཀྱི་ཡོད། ༨། ཤིང་ནགས་ཁོ་ནར་གནས་པ། ༩། ཤིག་སྡོང་འོག་ཏུ་གནས་པ། ༡༠། གུ་ཡངས་ཀྱི་ས་ཆར་གནས་པ་ལས་ཁང་པ་དང་གནས་ཁང་ནང་མི་གནས་པ། ༡༡། དུས་ཚོད་མང་ཆེ་བ་དུར་ཁྲོད་དུ་གནས་པ། དུར་ཁྲོད་ནི་རོ་སྦས་སའི་རིགས་ཏེ། དེར་ཕུང་པོ་མེར་བསྲེག་གཏོང་བའམ། ཡང་ན་ཕུང་པོ་བཏུབས་ནས་ཁྱི་དང་རྒོད་སོགས་ལ་སྦྱིན་ས་དེ་ཡིན། བྱས་ཙང་། དུར་ས་ཧ་ཅང་སྐྱིད་པོ་དང་གཙང་མ། སྐྱེད་མོས་ཚལ་དང་གཡས་གཡོན་དུ་མེ་ཏོག་དང་། རྩི་ཤིང་ལྡུམ་བུའི་རིགས། ཤིང་སྡོང་གི་རིགས། མི་སྡོད་སའི་རྐུབ་ཀྱག་ནར་མོ་ཡོད་པ། སྒྱུ་རྩལ་གྱི་སྒོ་ནས་སྐྲུན་པའི་དུར་རྡོའམ་དུར་བྱང་བརྐོས་པའི་རྡོ་ཡོད་སར་མི་གནས་པའི་རྒྱུ་མཚན་ནི་འཆི་བ་དང་མི་རྟག་པའི་ཆོས་ཤུགས་ཆེར་མཚོན་པའི་ཆེད་དུ་ཡིན། ༡༢། ས་ཆ་གཅིག་ནས་གཞན་དུ་འཁྱམ་པའི་སྐབས་སུ། གནས་གང་འདྲ་ཞིག་ཡིན་ནའང་འདོད་བློ་ཁེངས་པ་སྟེ། ང་ཚོས་ཤིང་སྡོང་ཡག་པོ་ཞིག་གི་འོག་ཏུ་སྡོད་རྒྱུ་བྱུང་བ་ལྟ་བུ་དེ་རང་ལ་མི་སྡོད་པར། ས་ཆ་གཅིག་ནས་གཞན་དུ་འགྲོ་དགོས། ༡༣། འདི་ནི་ལོ་གསུམ་མཚམས་ཀྱི་ནང་ཡོད་པ་དེ་རེད། འདུག་སྟངས་རང་གི་ནང་གཉིད་ཉལ་བ་དང་མར་བསྙེས་ཏེ་ནམ་ཡང་མི་ཉལ་བ། སྒོམ་གྱི་འདུག་སྟངས་རང་གི་ཐོག་གཉིད་ཁུག་པ་དེ་རེད།

སེར་ཀོང་རིན་པོ་ཆེས། ཁོང་བོད་དུ་ཡོད་སྐབས། རྒྱུད་སྨད་གྲྭ་ཚང་གི་འདུ་ཁང་ཆེན་པོའི་ནང་དེ་འདྲའི་འདུག་སྟངས་རང་གི་ཐོག་གྲྭ་པ་ཚང་མ་གཅིག་གི་འགྲམ་དུ་གཅིག་འཚང་ཀའི་ངང་གཉིད་ཁུག་དགོས་ཀྱི་ཡོད་ཚུལ་གསུངས་གནང་སོང་། བྱས་ཙང་། གཉིད་སད་ཕྱིར་དྲིལ་བུ་བརྡུང་བའི་སྐབས། ཚང་མས་མིག་ལྡངས་ནས་ཞལ་འདོན་འགོ་འཛུགས་བྱེད་པ་དང་སྒོམ་རྒྱག་གི་རེད། དེ་ནས་གྲྭ་པ་རྣམས་གཅིག་གིས་གཅིག་ལ་བསྙེས་ཏེ། སོ་སོའི་མགོ་དེ་རོགས་པའི་སྒང་ལ་ངལ་གསོས་ནས་ཉལ་གྱི་རེད་ཅེས་གསུངས། དེ་འདྲ་སོང་ཙང་། དེ་ནི་ཡིད་ཆེས་དཀའ་བའི་ཁྲིམས་དཀའ་ལས་ཁག་པོ་ཡིན་པ་གསལ་པོ་རེད། གལ་ཏེ་ཁྱེད་རང་ཙོག་པུར་བསྡད་པ་དང་རྒྱབ་ལ་རྩིག་པ་སོགས་བསྙེ་ས་མེད་ན། རང་བཞིན་གྱིས་མར་རིལ་གྱི་རེད། དེའི་སྐབས་ཁང་པ་གཞན་མེད་པ་སོང་ཙང་། ཁོང་ཚོས་གཅིག་གིས་གཅིག་ལ་བསྙེས་ཏེ་ཉལ་བ་རེད།

ནགས་ཁྲོད་ཀྱི་དགེ་འདུན་པའི་སྲོལ་རྒྱུན་ནང་ཡོད་པ་ནང་བཞིན་དེ་ལྟ་བུའི་སྒྲིག་ཁྲིམས་ཀྱི་རྗེས་སུ་འབྲང་བ་ནི། ཁོང་ཚོས་ཁྲིམས་དེ་དག་ཚང་མ་མཐའ་གཅིག་ཏུ་དམ་པོར་འཇུག་གི་ཡོད་མེད་ངས་མི་ཤེས། འོན་ཀྱང་རབ་བྱུང་སྡེའི་ནང་ཁུལ་དུ་དམིགས་བསལ་གྱི་སྡེ་ཚན་ཡོད་པའི་ཆ་ནས་དེ་དཀའ་ངལ་ཞིག་ཆགས་ཀྱི་མེད། འོ་ན་དཀའ་ངལ་དེ་གང་རེད་ཅེ་ན། ཁྱེད་ཀྱིས་མཁྱེན་གསལ་ལྟར། “དགེ་འདུན་པ་གཞན་དག་དེ་ཚོ་ཡག་པོ་མི་འདུག་་་” སོགས་ཟེར་བ་ལྟ་བུ་རེད། དེས་དགེ་འདུན་གྱི་ཁྲོད་དུ་དབྱེན་འབྱེད་ཀྱི་ཡོད།

དེ་ནས་ཕྱིན་ཅི་ལོག་གམ་རྒྱབ་འགལ་གྱི་ལྟ་ཚུལ་འཛིན་པའམ་ལོག་ལྟ་འཛིན་པ་སྟེ། འདི་ནི་དཔེར་ན། ལས་འབྲས་ཀྱི་རྣམ་གཞག་དང་། མི་ཚེའི་ནང་གི་ཉེན་མེད་ཁ་ཕྱོགས་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། སླར་སྐྱེ་བ་ལེན་པ། ཐར་པ། ཐམས་ཅད་མཁྱེན་པའི་གོ་འཕང་། གཞན་ལ་སེམས་བཟང་བྱེད་པ། གཞན་ཕན་བསྒྲུབ་པ་ལྟ་བུ་བདེན་པ་གང་ཡིན་པ་དང་རིན་ཐང་གང་ཡིན་པར་ངོས་ལེན་མི་བྱེད་པ་ཙམ་དེ་མ་རེད། འདི་ནི་བདེན་པ་ཡིན་པའམ་རིན་ཐང་ཅན་ཡིན་པ། ཡང་ན་ཕན་ཐོགས་ལྡན་པ་ཡིན་པ་དེ་ངོས་ལེན་མི་བྱེད་པ་ཙམ་དེ་མིན། འོན་ཀྱང་ང་ཚོས་དེའི་ཕྱོགས་སུ་ལོག་པར་ལྟ་བ་དང་། དེ་ནི་ཡག་པོ་མིན་ཞེས་ང་ཚོས་ ༼རྩོད་གླེང་གི་སྒོ་ནས་༽ ར་སྤྲོད་བྱེད་འདོད་ཡོད། བྱས་ཙང་། དེ་ནི་ཧ་ཅང་བློ་གུ་དོག་པོ་དང་རྨོངས་པ་ཅན་གྱི་སེམས་ཤིག་ཡིན་པ་དང་། དེའི་ཐོག་ནས་ང་ཚོ་ཧ་ཅང་ཨུ་ཚུགས་ཅན་ཆགས་པ་དང་ངོས་ལེན་བྱེད་འདོད་མེད་པ། གང་བདེན་པ་དང་རིན་ཐང་ཡོད་པ་ལ་རྩོད་གླེང་དང་ཁུངས་དག་མིན་པ་བཟོ་ཐབས་བྱེད་ཀྱི་ཡོད། དེའི་ཡུལ་ནི་གང་ཞིག་གྲུབ་པའམ་བདེན་པ་ཡིན་དགོས་ཤིང་། ང་ཚོས་ངོས་ལེན་མི་བྱེད་པ་དེ་ཡང་དག་པ་དང་འགྲིག་པ་ཞིག་ཡིན་པའི་ཡིད་ཆེས་མཐའ་གཅིག་ཏུ་བྱེད་དགོས་ཀྱི་ཡོད་པ་དང་། ཡང་དག་པའི་ལྟ་བའི་རྒྱབ་འགལ་དུ་ང་ཚོས་དངོས་གནས་འཐབ་འདོད་དགོས་ཀྱི་ཡོད།

འདིའི་ནང་རྗེ་ཙོང་ཁ་པ་ཆེན་པོས་རྒྱས་བཤད་གནང་བའི་ལོག་ལྟའི་སྐོར་འཇུག་དགོས། དེ་ཡང་ཀུན་སློང་གི་ནང་དུ་ཉོན་མོངས་གཞན་ལྔ་འཚུད་དགོས། ང་ཚོས་འདིར་བློའི་ཁྱེར་སོ་ཞིག་ལ་གོ་བར་བྱེད་ཀྱིན་ཡོད། དེ་ནི་ང་ཚོས་དངོས་སུ་ཕྱི་ལ་ཐོན་ནས་གནད་དོན་ཞིག་གི་དོན་དུ་ཁྲིམས་ལ་གཏུགས་དགོས་པའི་དོན་མིན། འོན་ཀྱང་ང་ཚོས་འཆར་གཞི་སྒྲིག་བཞིན་པ་དང་བསམ་བློ་གཏོང་བཞིན་པ་རེད། དང་པོ་ནི་ཆོས་བཟང་པོ་འགའ་ཞིག་ཇི་ལྟར་གྲུབ་པ་མི་ཤེས་པའི་དམུས་ལོང་ ༼ཞྭ་བ་༽ དེ་ཡིན། ང་ཚོས་ཤེས་ཀྱི་མེད་པ་ཙམ་རེད། ང་ཚོ་དམུས་ལོང་རེད། ང་ཚོས་གནད་དོན་ཞིག་བདེན་པ་ཡིན་པའི་ངོས་ལེན་བྱེད་ཀྱི་མེད། གཉིས་པ་ནི་འགྲན་སེམས་ ༼དྲག་ཤུལ་གྱི་སེམས་༽ རེད། དེའི་དོན་ནི་ངན་པར་འཇུག་རྒྱུར་དགའ་བ། དཔེར་ན། “ང་རང་འཁྲུག་འཛིངས་བྱ་རྒྱུ་དགའ་པོ་ཡོད། ཁྱེད་ཀྱི་ཁ་གཏད་དུ་རྩོད་པ་རྒྱག་རྒྱུ་ནི་སྐྱིད་པོ་ཞེ་དྲགས་འདུག །ཁྱེད་ཀྱིས་གང་བཤད་ནའང་ཁྱད་པར་མི་འདུག་” ཅེས་ཟེར་བ་ལྟ་བུ་རེད། དེ་འདྲ་བའི་མི་ཡོད་རེད། དེ་ནི་བློའི་ཁྱེར་སོ་ཞིག་རེད། མ་རེད་དམ། ངན་པ་རང་བྱེད་པར་འདོད་པའི་མི་དེ་འདྲ་དང་ཁྱེད་ཀྱིས་གང་བཤད་པ་དེའི་ཁ་གཏད་དུ་རྩོད་པ་རྒྱག་མཁན་གྱི་མི་དེའི་རིགས་ཡོད་རེད། མ་རེད་དམ། ཁོང་ཚོས་མི་གཞན་དག་ལ་དུས་ཚོད་དཀའ་མོ་ཞིག་སྤྲོད་འདོད་ཡོད། གསུམ་པ་ནི། མཐའ་གཅིག་ཏུ་ཞུགས་པ་སྟེ། ང་ཚོས་ལོག་ལྟ་ལ་རྦད་དེ་ཡིད་ཆེས་པ་ ༼ལོག་པར་རྒྱུན་དུ་ཞུགས་པའི་སེམས་༽ དེ་རེད། དེ་ཡང་ཆོས་འགའ་ཞིག་ལ་ཐག་ཆོད་པོའི་སྒོ་ནས་བརྟག་དཔྱད་བྱས་པ་ལ་བརྟེན་ནས་གང་བདེན་པ་དང་དངོས་ཡོད་ཡིན་པར་ཡིད་ཆེས་ནའང་། བསམ་བློ་ནོར་བ་ཡིན་པ་རེད། བྱས་ཙང་། ཡང་དག་མ་ཡིན་པའི་བརྟག་དཔྱད་གཞིར་བྱས་ཏེ། ང་ཚོས་སོ་སོའི་ལྟ་བ་དེ་ཡང་དག་པར་མཐའ་གཅིག་ཏུ་ཡིད་ཆེས་པ་དང་། དེ་ལ་ཨུ་ཚུགས་ཀྱིས་འཛིན་པ་དེ་རེད། བཞི་པ་ནི་མཐའ་གཅིག་ཏུ་གནོད་པ་ ༼རབ་ཏུ་ཉམས་པའི་སེམས་༽ སྟེ། དེ་ནི་བློའི་ཁྱེར་སོ་ངན་པ་ཙམ་རེད། གང་ཡིན་ཞེ་ན། ང་ཚོས་དགེ་རྩ་བསྒྲུབ་པ་དང་། གཞན་ཕན་བསྒྲུབ་པ། ཆོས་ཉམས་ལེན་གང་འདྲ་ཞིག་བྱེད་ཀྱང་དོན་སྙིང་མེད་ཅེས་བརྗོད་ཀྱི་ཡོད། ལྔ་པ་ནི། ང་ཚོར་ལོག་ལྟ་ཅན་ཡིན་པའི་ཐད་ལ་ངོ་ཚ་བའི་ཚོར་བ་ཅུང་ཟད་ཙམ་མེད་པར་གཞན་ལས་ཡག་ག་ཞིག་འཐོབ་འདོད་བྱེད་པའི་མགོ་མཁྲེགས་ཀྱི་བློའི་ཁྱེར་སོ་ ༼ཟིལ་གྱིས་ནོན་པའི་སེམས་༽ དང་བཅས་གཞན་གྱི་དད་པ་སུན་འབྱིན་ཐབས་བྱེད་པ་དེ་རེད། “གྲོས་བསྡུར་འདིའི་ནང་ངས་ཁྱེད་རང་ཕམ་པར་བྱེད་འདོད་འདུག་” ཅེས་ཟེར་བ་ལྟ་བུ་རེད། ང་ཚོ་གྲོ་བསྡུར་ཞིག་འགྲོ་བཞིན་ཡོད། ཁྱེད་ཀྱིས་གཞན་ལ་རོགས་བྱེད་པ་དེ་ཕན་ཐོགས་ལྡན་པ་ཞིག་རེད་ཅེས་བརྗོད་པ་དང་། ང་ལོག་ལྟའི་བསམ་ཕྱོགས་ཤིག་ཡོད་པ་དང་། ངས་ “ཁྱེད་ཀྱིས་གང་བཤད་པ་ལ་སེམས་འཁུར་མེད་ཀྱང་། ངས་ཁྱེད་ལ་རྩོད་པ་རྒྱག་གི་ཡིན། རྩོད་གླེང་འདི་ལ་ངས་ཁྱེད་རང་ཕམ་པར་བྱེད་འདོད་འདུག །དོན་ངོ་མར་ངས་ཁྱེད་ཀྱི་དད་པ་རྩ་གཏོར་གཏོང་བར་དགའ་བ་ཆེན་པོ་བྱེད་ཀྱི་ཡོད། ངས་ཁྱེད་ཀྱི་དད་པ་དེ་བཟང་ཕྱོགས་སུ་བསྒྱུར་ཕྱིར་རྩ་གཏོར་གཏོང་ཐབས་བྱེད་པའི་བདེན་དོན་དེ་ལ་ང་རང་ངོ་ཚ་ཅུང་ཟད་ཙམ་མི་འདུག་ལ། དེ་ལ་ནོར་འཁྲུལ་ཡོད་རེད་བསམ་གྱི་མི་འདུག །དེ་ནི་དངོས་གནས་སྤྲོ་བ་ཆེན་པོ་ཞིག་རེད་བསམ་གྱི་འདུག་” ཅེས་བརྗོད་ཀྱི་ཡོད། དེ་ནི་ལོག་ལྟའི་བསམ་བློ་གཏོང་སྟངས་ཤིག་རེད། བྱས་ཙང་། ཁྱེད་ཀྱིས་ནམ་རྒྱུན་དེ་ཨིན་སྐད་དུ་ wrong view ཞེས་བསྒྱུར་བ་མཐོང་སྐབས། དེ་ནི་གནད་དོན་ཞིག་ལ་གོ་བ་ལོག་སྒྲུབ་བྱེད་པ་ལས་ཀྱང་རྦད་དེ་རྙོག་དྲ་ཚ་བ་ཡིན་པའི་གོ་བ་ལེན་རོགས། འདི་ནི་ལྟ་ཚུལ་ཚང་མའི་ནང་ནས་ཧ་ཅང་ཚབས་ཆེན་གྱི་མི་དགེ་བའི་ལས་རེད།

དེའི་རྗེས་ཀྱི་སྡོམ་པ་བཅུ་པ་ནི། གྲོང་སྡེ་ལྟ་བུ་གནས་ལ་གཏོར་སྐྱོན་བྱེད་པ་སྟེ། གནས་འཇིག་པ་དེ་རེད། འདི་ནི་གཞི་རྩའི་ཆ་ནས་གྲོང་ཁྱེར་དང་། གྲོང་སྡེ། གྲོང་གསེབ་ལྟ་བུའི་འཁོར་ཡུག་གཏོར་བཤིག་གཏོང་བའམ། ཡང་ན་འབར་རྫས་གཡུགས་ནས་གཏོར་བ་ལྟ་བུ་རེད། འོན་ཀྱང་རྩ་བའི་ཆ་ནས་ས་ཆ་འགའ་ཞིག་འགྲོ་བ་མི་དང་དུད་འགྲོ་སེམས་ཅན་རྣམས་གནས་ཕྱིར་གནོད་གཞི་ཅན་དང་། དཀའ་ངལ་ཅན། ཞི་མཐུན་མེད་པ་བཟོ་བ་དེ་རེད། ང་ཚོས་གཞན་དོན་དུ་མཁོ་སྤྲོད་བྱེད་འདོད་ཡོད་པ་ལས་ཁོང་ཚོ་གནས་སའི་ས་ཆ་རྣམས་གཏོར་བཤིག་གཏོང་རྒྱུ་མིན་པ་གསལ་པོ་རེད། ང་ཚོས་ཁང་པ་མཁོ་སྤྲོད་བྱེད་འདོད་ཡོད་པ་དང་། གཞན་དག་ལ་གང་དགོས་ཚང་མ་སྦྱིན་འདོད་ཡོད། ཁོང་ཚོ་གནས་སྡོད་བྱེད་ས་དེ་གཏོར་བཤིག་གཏོང་འདོད་མེད།།

Top