བྱང་སེམས་སྡོམ་པའི་ཡན་ལག

ངོ་སྤྲོད།

བྱང་སེམས་སྡོམ་པའི་ཡན་ལག་རྣམས་ནི། ཉེས་བྱས་བཞི་བཅུ་རྩ་དྲུག་ལ་འཛེམ་པའམ་སྤོང་བ་དེ་ཡིན། ཉེས་བྱས་དེ་དག་སྡེ་ཚན་བདུན་དུ་དབྱེ་བ་ཕྱེས་ཡོད། དེ་དག་ཀྱང་རེ་རེ་བཞིན་ཕ་རོལ་ཏུ་ཕྱིན་པ་དྲུག་ ༼དགེ་བའི་ཆོས་སྡུད་ཀྱི་མི་མཐུན་ཕྱོགས་ཀྱི་ཉེས་པ་༽ དང་གཞན་ལ་ཕན་འདོགས་པ་ ༼སེམས་ཅན་དོན་བྱེད་ཀྱི་མི་མཐུན་ཕྱོགས་ཀྱི་ཉེས་པ་༽ ལ་གནོད་གཞི་ཅན་ཡིན། ཕ་རོལ་ཏུ་ཕྱིན་པ་དྲུག་ནི།

༡༽ སྦྱིན་པ།

༢༽ ཚུལ་ཁྲིམས།

༣༽ བཟོད་པ།

༤༽ བརྩོན་འགྲུས།

༥༽ བསམ་གཏན།

༦༽ ཤེས་རབ་བཅས་དྲུག་ཡིན།

ཉེས་བྱས་དེ་དག་ནི་ང་ཚོ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་རྒྱབ་འགལ་དུ་འགྲོ་ཞིང་། སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བར་ཆད་བྱེད་ཀྱི་ཡོད། འོན་ཀྱང་ཀུན་དཀྲིས་བཞི་ཆ་ཚང་བའི་སྒོ་ནས་ཉེས་པ་བྱས་ཀྱང་། བྱང་སེམས་སྡོམ་པ་ཤོར་བ་མིན། འོན་ཀྱང་ཀུན་དཀྲིས་དེ་དག་ག་ཚོད་ཉུང་བ་ཡོད་པ་དེ་ཚོད་ཀྱིས་བྱང་ཆུབ་སེམས་དཔའི་ལམ་དུ་འགྲིམ་པའི་སྐབས་གནོད་སྐྱོན་ཉུང་བ་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་ཉེས་བྱས་དེ་དག་གང་རུང་ཞིག་བྱས་པ་ཡིན་ན། བྱང་སེམས་རྩ་བའི་སྡོམ་པའི་སྐབས་དང་འདྲ་བར། ང་ཚོས་ནོར་འཁྲུལ་ཁས་ལེན་ཐོག་གཉེན་པོ་སྟོབས་བཞི་བསྟེན་དགོས།

༼ཀུན་དཀྲིས་བཞི་དང་གཉེན་པོ་སྟོབས་བཞིའི་སྐོར་འདི་ལས་རྒྱས་པ་བྱང་སེམས་རྩ་བའི་སྡོམ་པ་ཞེས་པར་གཟིགས།༽

ཉེས་བྱས་ཞེ་དྲུག་པོའི་སྐོར་ལ་ཧ་ཅང་ཞིབ་ཅིག་ཕྲ་བ་ཡོད། དེ་དག་བྱེད་པར་ཉེས་པ་མེད་པའི་སྐབས་ཀྱི་ཆག་ཡང་མང་དག་ཡོད། སྤྱིར་བཏང་ཕ་རོལ་ཏུ་ཕྱིན་པ་དང་གཞན་ལ་ང་ཚོས་ཕན་འདོགས་ཐུབ་པ་དེ་ནི་ཉེས་བྱས་ཀྱི་རྒྱབ་ཀྱི་ཀུན་སློང་ལ་རག་ལུས་ཡོད། གལ་ཏེ་ཀུན་སློང་དེ་འདོད་ཆགས་དང་། ཁོང་ཁྲོ། སྡང་སེམས། ང་རྒྱལ་སོགས་སེམས་ཀྱི་གནས་བབས་སུན་གཙེར་ཅན་ཡིན་ན། དེ་ནི་སུན་གཙེར་ཅན་མིན་ནའང་། གཏི་མུག་དང་། ལེ་ལོ། བརྗེད་ངེས་སོགས་བར་ཆད་ཅན་ཞིག་ཡིན་པ་ལས་ཀྱང་གནོད་ཚབས་ཆེ་བ་ཡོད། དང་པོ་གཏི་མུག་ལ་བརྟེན་ནས་ང་ཚོར་དད་པ་འདང་ངེས་མེད་པའམ་དེར་འཇུག་པ་ལ་གུས་བརྩི་མེད་པ། ལེ་ལོ་ལ་བརྟེན་ནས་སོ་སོའི་ཉམས་ལེན་ལ་སྣང་མེད་གཏོང་གི་ཡོད། གང་ཡིན་ཞེ་ན། ང་ཚོས་ཅི་གང་མ་བྱེད་པ་དེ་ནི་དགའ་བ་དང་ལས་སླ་བ་མཐོང་གི་ཡོད། དེ་ནས་ང་ཚོར་དྲན་པ་མེད་པའི་སྐབས། གཞན་དོན་སྒྲུབ་པའི་དམ་བཅའ་དྲན་པ་གཏིང་ནས་བརྗེད་ཀྱི་ཡོད། དེ་ལྟར་ཉེས་བྱས་ཞེ་དྲུག་ལས་མང་པོ་ཞིག་ནི། གལ་ཏེ་རང་གི་སྤྱོད་ལམ་ནས་དེ་དག་མཐར་སྤོང་བའི་ཀུན་སློང་ཡོད་ན། ང་ཚོར་ཉེས་པ་མེད། འོན་ཀྱང་ང་ཚོའི་ཉོན་མོངས་ཧ་ཅང་ཤུགས་ཆེ་བའི་རྐྱེན་གྱིས་ད་དུང་ཡང་རང་གིས་རང་ལ་སྟངས་འཛིན་འདང་ངེས་ལག་བསྟར་བྱེད་ཐུབ་ཀྱི་མེད།

སྐབས་འདིར་ངོ་སྤྲོད་བྱེད་པ་ནི་དུས་རབས་བཅོ་ལྔ་པའི་ནང་བྱོན་པའི་དགེ་ལུགས་པའི་སྲོལ་གཏོད་མཛད་མཁན་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་མཛད་པའི་བྱང་ཆུབ་སེམས་པའི་ཚུལ་ཁྲིམས་ཀྱི་རྣམ་བཤད་བྱང་ཆུབ་གཞུང་ལམ་ལྟར་བཀོད་ཡོད། 

སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནོད་པའི་ཉེས་བྱས་བདུན།

སྦྱིན་པ་ནི། སྦྱིན་པར་འདོད་པའི་བསམ་པའམ་ཀུན་སློང་ཞེས་འགྲེལ་བརྗོད་བྱས་ཡོད། དེའི་ནང་རྒྱུ་དངོས་ཀྱི་སྦྱིན་པ་ ༼ཟང་ཟིང་གི་སྦྱིན་པ་༽ གཏོང་བའི་འདོད་འདུན་དང་། འཇིགས་སྣང་གི་གནས་སྟངས་ལས་སྐྱོབ་པ་ ༼མི་འཇིགས་པའི་སྦྱིན་པ།༽ ཆོས་ཀྱི་སྦྱིན་པ་བཅས་ཡོད།

ཉེས་བྱས་བདུན་གྱིས་ངན་ཕྱོགས་ཀྱི་སྒོ་ནས་ང་ཚོའི་སྦྱིན་པའི་ཕར་ཕྱིན་གྱི་ཉམས་ལེན་ལ་ཤུགས་རྐྱེན་བཟོ་ཡི་ཡོད། དེ་ཡང་གཞན་ལ་རྒྱུ་དངོས་སོགས་ཟང་ཟིང་གི་སྦྱིན་པ་གཏོང་བའི་འདོད་འདུན་ལ་གནོད་པའི་ཉེས་བྱས་གཉིས་དང་། གཞན་འཇིགས་པ་ལས་སྐྱོབ་པའི་མི་འཇིགས་པའི་སྦྱིན་པ་གཏོང་བའི་འདོད་འདུན་ལ་གནོད་པའི་ཉེས་བྱས་གཉིས། གཞན་ལ་སྦྱིན་པའི་ཕར་ཕྱིན་ཡར་རྒྱས་གོང་འཕེལ་གྱི་ཉམས་ལེན་ལ་མཐུན་རྐྱེན་སྦྱོར་བའི་འདོད་འདུན་ལ་གནོད་པའི་ཉེས་བྱས་གཉིས། དེ་བཞིན་ཆོས་སློབ་ཁྲིད་དང་ཁྱབ་སྤེལ་སོགས་ཆོས་ཀྱི་སྦྱིན་པ་གཏོང་བའི་འདོད་འདུན་ལ་གནོད་པའི་ཉེས་བྱས་གཅིག་བཅས་ཉེས་བྱས་བདུན་ཡིན།

ཟང་ཟིང་གི་སྦྱིན་པ་གཏོང་བའི་འདོད་འདུན་ལ་གནོད་པའི་ཉེས་བྱས་གཉིས།

༡༽ ལུས་དང་། ངག །ཡིད་བཅས་སྒོ་གསུམ་གྱི་སྒོ་ནས་དཀོན་མཆོག་གསུམ་ལ་མཆོད་པ་མི་འབུལ་བ། དེ་ཡང་། རྒྱུ་མཚན་གང་ལགས་ཤེ་ན། གནད་དོན་ཞིག་ལ་ཁོང་ཁྲོ་བའམ། ཡང་ན་ལེ་ལོ་དང་གཏི་མུག །ཡང་ན་སངས་རྒྱས་དང་། ཆོས། དགེ་འདུན་བཅས་དཀོན་མཆོག་གསུམ་ལ་ཐ་ན་ལུས་ཀྱི་སྒོ་ནས་ཕྱག་འཚལ་བ་དང་། ངག་གི་སྒོ་ནས་བསྟོད་པ། ཡིད་ཀྱི་སྒོ་ནས་མཆོག་གསུམ་གྱི་ཡོན་ཏན་དྲན་པ་སོགས་དྲན་པ་བརྗེད་ནས་སེམས་ཁམས་ཀྱི་ཉམས་འགྱུར་སྡུག་ཅག་ཅིག་གི་ནང་དུ་ཡོད་པས། མཆོག་གསུམ་ལ་ཉིན་ལན་གསུམ་དང་མཚན་ལན་གསུམ་མཆོད་ཐུབ་ཀྱི་མེད། གལ་ཏེ་ང་ཚོས་དེ་ཙམ་ཞིག་སྐྱབས་གནས་དཀོན་མཆོག་གསུམ་ལ་དགའ་བའི་ངང་ནས་ཉིན་མཚན་དུ་མཆོད་པ་འབུལ་བའི་གཏོང་ཕོད་ཅན་ཞིག་བྱས་མ་ཐུབ་ན། རང་ལ་གང་ཡོད་ཐམས་ཅད་གཞན་ཀུན་ལ་སྦྱིན་པའི་འདོད་འདུན་དེ་མཐར་ཕྱིན་པ་ཞིག་ཇི་ལྟར་ཡོང་ཐུབ་བམ།

༢༽ རང་གི་འདོད་པའི་སེམས་ཀྱི་རྗེས་སུ་འབྲང་བ། དེ་ཡང་གང་ཡིན་ཞེ་ན། འདོད་པ་དང་། ཆགས་སེམས། ཡང་ན་ཆོག་ཤེས་བྲལ་བའི་ཐོག་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་འདོད་པའི་ཡོན་ཏན་ལྔ་གང་རུང་ལ་འཇུག་གི་ཡོད། དཔེར་ན། རོ་ཞིམ་པོར་ཆགས་ནས་གྲོད་པ་མ་ལྟོགས་ནའང་ད་དུང་འཁྱགས་སྒམ་ནང་གི་འཁུར་རའམ་སྤྲི་སྒོར་ལ་སོ་འཐོག་རྒྱག་པ་ལྟ་བུ་རེད། དེ་ནི་སེར་སྣ་ལ་གཉེན་པོ་བསྟེན་སྐབས་བར་ཆད་ཆགས་ཀྱི་ཡོད། ང་ཚོས་འཁུར་ར་ལྐོག་གསོག་བྱེད་ཀྱི་ཡོད་པ་གང་ཙམ་ནས་ཤེས་ཏེ། ཐ་ན་འཁུར་ར་དེ་གཞན་དང་མཉམ་སྤྱོད་བྱེད་དགོས་མི་ཐུག་པའི་ཆེད་ང་ཚོས་དེ་སྦེད་ཀྱི་ཡོད། གལ་ཏེ་ང་ཚོ་གོམས་གཤིས་ངན་པ་དེ་ལས་ཐར་འདོད་གཏིང་ནས་ཡོད་ཀྱང་ཚོད་འཛིན་ཐུབ་ཀྱི་མེད། གང་ཡིན་ཞེ་ན། ཟས་ལ་ཧ་ཅང་ཆགས་པ་ཤུགས་ཆེན་ཡོད་པས། འཁུར་ར་རྡོག་པོ་གཅིག་ལེན་པར་ནོར་འཁྲུལ་གང་ཡང་མཐོང་གི་མེད། དེ་ལྟ་ནའང་། ང་ཚོས་རང་གིས་རང་ལ་སྟངས་འཛིན་བྱེད་ཕྱོགས་དེ་ཤུགས་ཆེ་རུ་གཏོང་ཐབས་ལ་འཁུར་ར་རྡོག་པོ་དེ་གང་ཆུང་ཆུང་ལེན་གྱི་ཡོད། དེ་ཡང་ཡང་ནས་ཡང་དུ་ལེན་གྱི་མེད།

མི་འཇིགས་པའི་སྦྱིན་པ་གཏོང་བའི་འདོད་འདུན་ལ་གནོད་པའི་ཉེས་བྱས་གཉིས།

༣༽ རྒན་པ་ལ་གུས་ཞབས་མེད་པ། ལས་འདིའི་ཡུལ་ནི་ཕ་མ་དང་། དགེ་རྒན། ཡོན་ཏན་ཁྱད་པར་ཅན་དང་ལྡན་པ། དེ་ག་ནང་བཞིན་སྤྱིར་བཏང་རང་ཉིད་ལས་རྒན་པ་ཙམ་མམ་རྒན་གཞོན་གོ་རིམ་སུ་ཡིན་རུང་ཚང་མ་ཚུད་ཀྱི་ཡོད། དཔེར་ན། ང་རྒྱལ་དང་། ཁོང་ཁྲོ། སྡང་སེམས། གཏི་མུག  ། བརྗེད་ངེས་སོགས་ཡོད་པ་ལ་བརྟེན་ནས། སྤྱི་སྤྱོད་རླངས་འཁོར་ལྟ་བུའི་ནང་བསྐྱོད་པའི་སྐབས་གང་ཟག་དེ་དག་ལ་སྐུབ་སྟེགས་མི་སྤྲོད་པ་དང་། གནམ་ཐང་དུ་ཐུག་མ་ཐུབ་པ། དོ་པོ་འཁུར་རོགས་བྱེད་མ་ཐུབ་པ་སོགས་ང་ཚོས་ཁོང་ཚོ་གདོང་ལེན་བྱེད་དཀའ་བའི་གནས་སྟངས་ཞེད་སྣང་ཅན་དང་སེམས་འཁྲལ་གྱི་ནང་འཇོག་གི་ཡོད།

༤༽ དྲི་བར་ལན་འདེབས་མི་བྱེད་པ།  ང་རྒྱལ་དང་། ཁོང་ཁྲོ། སྡང་སེམས། ལེ་ལོ། གཏི་མུག བརྗེད་ངེས་སོགས་ཀྱིས་རྐྱེན་བྱས་ཏེ་གཞན་གྱི་ལྷག་བསམ་དག་པའི་དྲི་བར་ལན་འདེབས་མི་བྱེད་པ། དེ་དག་ལ་སྣང་མེད་གཏོང་བའི་སྐབས་སུ། ཁོང་ཚོ་རོགས་བྱེད་མཁན་མེད་པའི་ཐེ་ཚོམ་གྱི་གནས་དང་། ད་དུང་ཞེད་སྣང་དང་ཉེན་སྲུང་མེད་པའི་གནས་སྟངས་ནང་འཇོག་གི་ཡོད།

སྡོམ་པ་དེ་དག་ལ་འགྲེལ་བ་མཛད་གནང་མཁན་རྗེ་ཙོང་ཁ་པའི་གཞུང་གི་ནང་དེ་དག་གི་དཔེ་མཚོན་ཞིབ་ཕྲར་གསལ་ཡོད། ཁུ་སིམ་ངང་ཡ་ལན་མེད་པར་གནས་པར་ཉེས་པ་མེད་པའི་སྐབས། ཆག་ཡང་གང་དག་ཡོད་མེད་ལ་བལྟ་རྒྱུ་ཡིན། ལས་འདིའི་གཞི་ལྟ་བུར་སོ་སོ་རང་ཉིད་ལ་བསམ་བློ་བཏང་ན། གལ་ཏེ་ང་ཚོ་ཧ་ཅང་ནད་ཀྱིས་མནར་བའམ། ཡང་ན་དྲི་བ་འདྲི་མཁན་དེས་ཆེད་མངགས་རང་ཉིད་མཚན་དཀྱིལ་དུ་གཉིད་སད་ཀྱི་ཡོད་ན། ང་ཚོས་དེར་ལན་འདེབས་བྱེད་དགོས་དོན་མེད། ཛ་དྲག་གི་གནས་སྟངས་བྱུང་ན་མ་གཏོགས་གཞན་གང་ཟག་དེ་ལ་རང་ཉིད་ན་ཚ་དྲག་སྐྱེད་ཡོང་བའི་བར་དང་སང་ཞོགས་ཀྱི་བར་དུ་སྒུག་དགོས་ཞེས་བརྗོད་ན་ཉེས་པ་མེད།

གནས་སྐབས་དང་བསྟུན་ཏེ་ཆག་ཡང་ངམ་དམིགས་བསལ་དེ་འདྲ་ཡོད་དེ། དཔེར་ན། ང་ཚོས་གཞན་ལ་སློབ་ཁྲིད་བྱེད་བཞིན་པ་དང་། གཏམ་བཤད་དང་ཆོ་ག་སྒྲུབ་བཞིན་པ། དེ་བཞིན་གཞན་ཞིག་ལ་སེམས་གསོའི་སྐད་ཆ་ཤོད་བཞིན་པ། སློབ་ཁྲིད་ཞུ་བཞིན་པ། ཆོས་ཉན་བཞིན་པའི་སྐབས་སུ་གཞན་གྱིས་དྲི་བ་དྲིས་ནས་བསུན་པོ་བཟོས་ན། དེ་ལ་དམིགས་བསལ་ཡོད། ང་ཚོས་གང་ཟག་དེ་ལ་སྒུག་རོགས་ཞེས་སྐད་ཆ་ཡག་པོ་ཤོད་ཆོག

གནས་སྟངས་ཁ་ཤས་དགོས་པ་རྒྱུ་མཚན་དང་བཅས་ཏེ་ཁུ་སིམ་གནས་པའམ་ལན་འདེབས་བྱ་རྒྱུ་དེ་ཕར་འགྱངས་གཏོང་དགོས་པ་ཡོད། དཔེར་ན། ནུབ་ཕྱོགས་སུ་མང་ཚོགས་ལ་གཏམ་བཤད་བྱེད་པའི་སྐབས། གལ་ཏེ་ང་ཚོས་དམྱལ་བའི་སྐོར་ལན་འདེབས་གཏིང་ཟབ་བྱེད་དགོས་ཀྱི་ཡོད་ན། མི་མང་པོ་ཞིག་ཉོབ་སྣང་སྐྱེད་པར་བྱེད་སྲིད་ལ་ཁོང་ཚོ་ཆོས་ལ་འཇུག་པའི་གེགས་བྱེད་སྲིད་པ་ཡིན། གལ་ཏེ་མི་ཞིག་གིས་དྲི་བར་ལན་འདེབས་བྱེད་སྐབས། དཔེར་ན། རང་ཆོས་རྨོངས་ཞེན་ཅན་གྱི་ང་ཚོའི་མི་རིགས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་ལ་རྩད་གཅོད་བྱེད་པ་ལྟ་བུ་ཡིན་ན། མི་སྨྲ་བར་ཁུ་སིམ་སྡོད་རྒྱུ་དེ་རན་པོ་ཡོད། མི་དེས་ང་ཚོར་མི་དགའ་བ་བཟོ་གི་ཡོད་པས།  ང་ཚོའི་རོགས་ཕན་ལ་གོ་ཤེས་ཅན་མི་བྱེད་པ་ཡིན། གལ་ཏེ་གཞན་གྱིས་གནོད་བྱེད་ཀྱི་ལས་བྱེད་པ་ལ་བཀག་འགོག་བྱེད་པ་དང་སྤྱོད་ཚུལ་དགེ་བ་མང་བ་བྱེད་བཅུག་ན། ལན་འདེབས་མེད་པར་ཁ་ཁུ་སིམ་པོར་སྡོད་རྒྱུ་དེ་ཡག་ག་ཡོད། དཔེ་ཆ་བཞག་ན། མི་རྣམས་ཀྱིས་སེམས་ཁམས་ཀྱི་ཐོག་ནས་ང་ཚོར་བརྟེན་ནས་ཁོང་ཚོའི་མི་ཚེའི་ནང་གི་དྲི་བ་ཡོད་དོ་ཅོག་ལ་ལན་འདེབས་རོགས་ཟེར་བ་དང་། ང་ཚོས་ཁོང་ཚོའི་ངོས་ནས་ཐག་གཅོད་ཐུབ་པའི་ཆེད་སློབ་ཁྲིད་བྱེད་འདོད་ཡོད་ལ་ཁོང་ཚོ་རང་སོ་སོའི་ངོས་ནས་དཀའ་ངལ་སེལ་འཇུག་དགོས།

དེར་མ་ཟད། གལ་ཏེ་ང་ཚོ་ངག་གཅད་སྒྲིག་ཁྲིམས་དང་ལྡན་པའི་བསྙེན་མཚམས་ཤིག་གི་ནང་ཡོད་པ་དང་། མི་ཞིག་གིས་དྲི་བ་དྲིས་ན། དེར་ལན་འདེབས་དགོས་དོན་མེད། མཐར་དྲི་བ་དྲིས་ལན་གྱི་དུས་ཚོད་ཅིག་སྒོམ་ཐུན་གྱི་མཇུག་ཏུ་བཟོས་ན་ཡག་ཤོས་རེད། གལ་ཏེ་ཐུན་དེ་མུ་མཐུད་ནས་ཕྱིན་པ་དང་མང་ཚོགས་ཐང་ཆད་པ་དང་ཧ་ཅང་ཕྱི་པོ་ཆགས་པའི་སྐབས། ཁོང་ཚོ་ང་ཚོར་ཁོང་ཁྲོ་དང་འཁོན་འཛིན་སྐྱེ་བའི་རྒྱུ་བྱེད་ཀྱི་ཡོད།

སྦྱིན་པའི་ཕར་ཕྱིན་སྐྱེད་པ་དང་ཉམས་ལེན་གྱི་རྐྱེན་མི་བྱེད་པའི་ཉེས་བྱས་གཉིས།

༥༽ མགྲོན་དུ་འབོད་པའི་སྐབས་ངོས་ལེན་མི་བྱེད་པ། ཡང་ང་རྒྱལ་དང་། ཁོང་ཁྲོ། སྡང་སེམས། ལེ་ལོ། གཏི་མུག་དབང་གིས་གཞན་གྱིས་ཞལ་ལག་དང་གཟིགས་སྐོར་ལ་གདན་འདྲེན་ཞུ་སྐབས་མ་སོ་བ་ཡིན་ན། མི་གཞན་དེས་མགྲོན་བསུ་སྣེ་ལེན་གྱི་བཟང་པོའི་བྱ་བ་བྱས་ནས་དགེ་བའི་ནུས་པའམ་ཚོགས་གསོག་པའི་གོ་སྐབས་དེ་མེད་པ་བཟོ་གི་ཡོད། ངོས་ལེན་མི་བྱེད་པའི་རྒྱུ་མཚན་ཡང་དག་མེད་ན། མགྲོན་འབོད་བྱེད་སའི་ཁྱིམ་དེ་སྙེམ་ཆུང་ག་ཚོད་ཡོད་ཀྱང་ང་ཚོས་ངོས་ལེན་བྱ་དགོས།

༦༽ ཟང་ཟིང་གི་སྦྱིན་པ་ངོས་ལེན་མི་བྱེད་པ། འདིའི་རྒྱུ་མཚན་ནི་གོང་དང་གཅིག་པ་ཡིན།

ཆོས་ཀྱི་སྦྱིན་པ་གཏོང་བའི་འདོད་འདུན་ལ་གནོད་པའི་ཉེས་བྱས་གཅིག

༧༽ ཆོས་ལ་དོན་གཉེར་ཡོད་མཁན་ཚོར་ཆོས་ཀྱི་སྦྱིན་པ་མི་གཏོང་བ། འདིར་ནང་ཆོས་སློབ་པར་ངོས་ལེན་མི་བྱེད་པ་དང་། གཞན་ལ་རང་གི་ཆོས་དཔེ་མི་གཡར་བ། རང་ཉིད་ཀྱི་ཟིན་བྲིས་མཉམ་སྤྱོད་མི་བྱེད་པ་སོགས་ཀྱི་ཀུན་སློང་ནི། མི་གཞན་དེས་མཐར་ང་ཚོ་བསྐྱུར་ནས་སྔོན་དུ་ཐོན་འགྲོ་ཡོང་བསམ་པའི་ཁོང་ཁྲོ་དང་། སྡང་སེམས། ཕྲག་དོག་གིས་ཀུན་ནས་བསླངས་པ་ཡིན། དེ་ནི་ལེ་ལོ་དང་གཏི་མུག་ཡིན། བྱང་ཆུབ་སེམས་ཀྱི་རྩ་བའི་སྡོམ་པ་གཉིས་པའི་སྐབས་སུ་འདོད་ཆགས་དང་སེར་སྣ་ཡོད་པའི་རྒྱུ་མཚན་གྱིས་ང་ཚོ་ཉམས་འགྲོ་གི་ཡོད།

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནོད་པའི་ཉེས་བྱས་དགུ།

ཚུལ་ཁྲིམས་ནི་མི་དགེ་བའི་ལས་སྤོང་འདོད་ཀྱི་ཀུན་སློང་རེད། དེ་ནི་དགེ་བའི་ལས་ལ་འཇུག་པ་དང་གཞན་ལ་ཕན་འདོགས་པའི་ཚུལ་ཁྲིམས་དང་ལྡན་པ་ཞིག་ཀྱང་ཡིན། 

ཚུལ་ཁྲིམས་གོང་དུ་སྤེལ་བར་བར་ཆད་བྱེད་པའི་ཉེས་བྱས་དགུ་ལས། བཞི་ནི་གནས་སྟངས་ཤིག་གི་ནང་ང་ཚོའི་བསམ་བློ་གཏོང་གཞི་གཙོ་བོ་དེ་སེམས་ཅན་གཞན་གྱི་དོན་དུ་ཡིན་པ་དང་། གསུམ་ནི་སོ་སོ་རང་ཉིད་ཀྱི་གནས་སྟངས་ལ་བསམ་པ། གཉིས་ནི་རང་གཞན་གཉིས་ཀར་བསམ་པ་བཅས་ཡིན།

བསམ་བློ་གཏོང་གཞི་དེ་གཙོ་བོ་གཞན་ཡིན་པའི་གནས་སྟངས་ཀྱི་ཉེས་བྱས་བཞི།

༡༽ བཟང་སྤྱོད་དང་མི་ལྡན་པ་རྣམས་ལ་སྣང་མེད་གཏོང་བ་ ༼ཚུལ་ཁྲིམས་འཆལ་བ་རྣམས་ཡལ་བར་འདོར་བ།༽ གལ་ཏེ་ཁོང་ཁྲོ་དང་། སྡང་སེམས། ལེ་ལོ། གཏི་མུག །བརྗེད་ངེས་དབང་གིས་སྡོམ་པ་ཤོར་མཁན་དང་ཐ་ན་མཚམས་མེད་ཀྱི་ལས་གསོག་མཁན་རྣམས་ལ་སྣང་མེད་དང་། མཐོང་ཆུང་། བརྙས་བཅོས་བྱས་ན། ང་ཚོས་དགེ་བའི་ལས་སྒྲུབ་པ་དང་གཞན་ལ་ཕན་པའི་བཟང་སྤྱོད་ཀྱི་ཚུལ་ཁྲིམས་དེ་ཞན་དུ་གཏོང་གི་ཡོད། མི་དེ་དག་ལ་ནི་ང་ཚོའི་སེམས་གསོ་དང་དོ་འཁུར་དམིགས་བསལ་དགོས་ཀྱི་ཡོད། གང་ཡིན་ཞེ་ན། ཁོང་ཚོས་ད་ལྟ་དང་མ་འོངས་པའི་སྡུག་བསྔལ་དང་མི་སྐྱིད་པའི་རྒྱུ་བསགས་ཡོད་པ་རེད། ང་ཚོས་མངོན་པའི་ང་རྒྱལ་ལམ་བཟང་སྤྱོད་ཀྱི་ཁྲོ་བའི་སེམས་དང་བྲལ་བའི་ཐོག་ནས་ཁོང་ཚོར་ཕན་ཐོགས་སྒྲུབ་ཐབས་བྱེད་དགོས། དཔེར་ན། བཙོན་ཁང་དུ་ཡོད་པའི་དོ་དབྱིངས་ཅན་གྱི་བཙོན་པ་རྣམས་ལ་སྒོམ་བརྒྱབ་སྟངས་སློབ་ཁྲིད་བྱེད་པ་ལྟ་བུ་རེད།

༢༽ གཞན་གྱི་དད་པའི་ཆེད་བཟང་སྤྱོད་ཀྱི་བསླབ་བྱ་མི་འཛིན་པ། རང་བཞིན་གྱིས་གནོད་བྱེད་མི་དགེ་བའི་ལས་ ༼རང་བཞིན་གྱི་ཁ་ན་མ་ཐོ་བ་༽ མིན་ནའང་། རང་ཉིད་ཆོས་ཉམས་ལེན་གོང་འཕེལ་འགྲོ་བར་བར་ཆད་དུ་གྱུར་བའི་ལས་མང་པོ་ཞིག་ལ་སངས་རྒྱས་ཀྱིས་བཀག་སྡོམ་མཛད་ཡོད། དཔེར་ན། ཁྱིམ་པ་དང་རབ་བྱུང་བ་རྣམས་ཀྱིས་ཆང་འཐུང་བའམ། ཡང་ན་རབ་ཏུ་བྱུང་བ་རྣམས་ཀྱིས་བུད་མེད་དང་མཉམ་དུ་ཁང་པ་གཅིག་མཉམ་སྤྱོད་བྱེད་པ་ལྟ་བུ་བཀག་སྡོམ་མཛད་ཡོད། སྤྱོད་ལམ་དེའི་རིཌ་སྤོང་རྒྱུ་ནི་ཐེག་དམན་དང་བྱང་སེམས་ཐེག་པ་གཉིས་ཀ་ཐུན་མོང་ཡིན། གལ་ཏེ་བྱང་སེམས་ལས་དང་པོ་བ་ཡིན་པའི་ཆ་ནས། སངས་རྒྱས་ཀྱི་བཟང་སྤྱོད་ཆོས་ལ་དད་གུས་མེད་པའི་རྒྱུ་མཚན་ནམ། ཡང་ན་ལེ་ལོས་དབང་གིས་རང་གིས་རང་ལ་ཚོད་འཛིན་མེད་པའི་ཐོག་ནས་ང་ཚོས་ལམ་ངན་འགོག་སྲུང་ལ་སྣང་མེད་བཏང་ན། གཞན་གྱིས་ནང་པ་དང་ནང་ཆོས་ལ་ཡི་རངས་དང་དད་པ་བརླག་ཕྱིར་ང་ཚོའི་སྤྱོད་ལམ་མཐོང་བའི་རྒྱུ་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོའི་སྤྱོད་པ་ལ་བརྟེན་ནས་གཞན་ལ་མཐོང་སྣང་གང་འབྱུང་བར་སེམས་འཁུར་ཐོག་ང་ཚོས་གུ་ཡངས་སྤྲོ་སེང་གི་བཟི་སྨན་ལྟ་བུ་སྤོང་དགོས་པ་ཡིན།

༣༽ གཞན་གྱི་དོན་དུ་སེམས་འཁུར་བྱེད་སྐབས་གལ་ཆུང་དུ་བརྩི་བའམ་ ༼སེམས་ཅན་དོན་ལ་བྱ་བ་ཆུང་༽ དེ་ཡང་རབ་ཏུ་བྱུང་བ་རྣམས་ལ་སྤྱོད་ལམ་སྦྱོང་བརྡར་ཆེད་དུ་ཁྲིམས་ཆུང་ཙག་རིགས་མང་པོ་གསུངས་ཡོད། དཔེར་ན། ང་ཚོའི་ཉལ་ས་ན་དུས་རྟག་ཏུ་རང་གི་ཆོས་གོས་རྣམ་གསུམ་དགོས་པ་ལྟ་བུ། འོན་ཀྱང་སྐབས་རེ་བསླབ་པ་ཆུང་ངུ་འདི་ལ་འཇུག་པར་གཞན་གྱི་དགོས་མཁོ་ལས་ལྷག་པ་ཆགས་ཀྱི་ཡོད། དཔེར་ན། གལ་ཏེ་མི་ཞིག་ནད་ཀྱིས་མནར་བ་དང་ང་ཚོ་དེའི་རོགས་པ་ཆེད་མཚན་གཅིག་སྡོད་དགོས་པ་ལྟ་བུ། གལ་ཏེ་མི་དེ་ལ་ཁོང་ཁྲོ་དང་སྡང་སེམས་ཡོད་པའི་རྒྱུ་མཚན་ནམ་མཚན་གང་སྡོད་རྒྱུར་ལེ་ལོ་ཡོད་ན། ང་ཚོས་ཞ་ལའམ་སའི་སྟེང་ཉལ་རྒྱུ་ངོས་ལེན་མི་བྱེད་ཅིང་། ཆོས་གོས་རྣམ་གསུམ་མེད་པས་ཉེས་པ་དེ་གསོག་གི་ཡོད། ཁྲིམས་ལ་རྨོངས་ཞེན་བརྟན་པོ་འཛིན་པ་དེས་ཚུལ་ཁྲིམས་ཆ་སྙོམ་པ་ཞིག་ཡོང་བར་བར་ཆད་བྱེད་ཀྱི་ཡོད།

༤༽ བྱམས་དང་སྙིང་རྗེ་ཡོད་སྐབས་མི་དགེ་བའི་ལས་མི་བྱེད་པའམ་ ༼སྙིང་བརྩེར་བཅས་ན་མི་དགེ་མེད།༽ སྐབས་རེར་གཞན་དོན་ལ་ཉེན་ཚབས་ཆེན་པོ་བཟོ་བ་དང་རྐྱེན་ངན་སྔོན་འགོག་གི་གདམ་ཀ་གཅིག་ཀྱང་མེད་པར་གནོད་བྱེད་མི་དགེ་བའི་ལས་བདུན་ལས་ལུས་ངག་གང་རུང་གི་ལས་གཅིག་བྱེད་དགོས་ཐུག་པའི་གནས་སྟངས་ཧ་ཅང་ཚད་ལས་བརྒལ་བ་དེ་འདྲ་འབྱུང་གི་ཡོད། མི་དགེ་བའི་ལས་བདུན་ནི། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ། ལོག་གཡེམ་བྱེད་པ། རྫུན་སྨྲ་བ། ཕྲ་མ་བཤད་པ། ཚིག་ངན་ཚིག་རྩུབ་སྨྲ་བ། ངག་འཁྱལ་བྱེད་པ་བཅས་ཡིན། གལ་ཏེ་ང་ཚོས་དེ་ལྟ་བུའི་ལས་ཤིག་བྱེད་པའི་སྐབས་སུ་ཁོང་ཁྲོ་དང་། འདོད་ཆགས། ལས་འབྲས་ལ་རྨོངས་པའི་ཉོན་མོངས་མེད་ཀྱང་། དེའི་སྐབས་གཞན་གྱི་སྡུག་བསྔལ་འགོག་འདོད་ཁོ་ནས་ཀུན་ནས་བསླངས་ཏེ། དེའི་མཇུག་འབྲས་ངན་པ་གང་འབྱུང་རུང་རང་ངོས་ནས་མཐའ་གཅིག་ཏུ་དང་དུ་ལེན་འདོད་ཡོད་པ། ཐ་ན་དམྱལ་བའི་སྡུག་བསྔལ་ཡིན་ནའང་དང་དུ་ལེན་འདོད་ཡོད་པ་ཡིན་ན། ང་ཚོས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉམས་པར་བྱེད་ཀྱི་མེད། ད་དུང་ང་ཚོས་ཆོས་ཀྱི་ལམ་གོང་འཕེལ་གང་མྱུར་འགྲོ་བར་བྱེད་པའི་ཚོགས་རླབས་པོ་ཆེ་གསོག་གི་ཡོད།

གང་ལྟར་ཡང་། གལ་ཏེ་ང་ཚོས་བྱང་སེམས་སྡོམ་པ་བླངས་ནས་ཡང་དག་པ་བསྲུང་བ་ཡིན་ན།  དགོས་གལ་གྱི་དགོས་འདུན་ནོར་བའི་སྐབས་སུ་གནོད་བྱེད་མི་དགེ་བའི་ལས་ལ་འཛེམ་གྱི་རེད། གཞན་དོན་དུ་ང་ཚོས་རང་གི་བདེ་བ་བརྗེ་རྒྱུའི་སྨྲ་བ་ཉུང་བ་དེས་རྟག་ཏུ་གཞན་ལ་ཕན་འདོགས་རྒྱུའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བར་ཆད་བྱེད་ཀྱི་ཡོད། གལ་ཏེ་ང་ཚོར་ཕྱིའི་སྣང་ཚུལ་ཙམ་གྱི་སྙིང་རྗེ་ལས་མེད་པ་དང་བྱང་སེམས་སྡོམ་པ་མི་བསྲུང་བའམ། ཡང་ན་དེ་དག་གིས་བཟོས་པའི་སྤྱོད་ལམ་ལ་སྦྱོང་བརྡར་མི་བྱེད་པ་ཡིན་ན། དེ་ལ་ཉེས་པ་མེད།  ང་ཚོའི་སྙིང་རྗེ་དེ་ཞན་པོ་དང་བརྟན་པོ་མེད་པ་སོང་ཙང་། མི་དགེ་བའི་ལས་ལ་བརྟེན་ནས་དེའི་འབྲས་བུར་མྱོང་འགྱུར་གྱི་སྡུག་བསྔལ་གྱིས་ང་ཚོར་བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ལས་སླ་པོའི་ངང་ཡི་མ་རངས་པའི་སྡང་བ་སྐྱེ་སྲིད། ང་ཚོས་གཞན་ལ་ཕན་པ་བསྒྲུབ་རྒྱུའི་ལམ་དེ་ཡང་སྤོང་སྲིད་པ་ཡིན། དེ་དང་ཕྱོགས་མཚུངས་བྱང་ཆུབ་སེམས་དཔའ་ས་འོག་མར་ཡོད་པ་རྣམས་ཀྱིས་སོ་སོ་རང་ཉིད་དང་། རང་ཉིད་ལ་ཡོད་པའི་གཞན་ལ་ཕན་འདོགས་ཐུབ་པའི་ནུས་པ་དེ་མེད་པ་བཟོ་བའི་བཀའ་ཁྱབ་ལྟར་ཡིན། དེ་ཡང་གལ་ཏེ་བྱང་སེམས་ས་གོང་མར་ཡོད་པའི་ཉམས་ལེན་རྣམས་བྱ་རྒྱུའི་འབད་བརྩོན་བྱས་ན་དེ་ལྟར་ཡོང་གི་ཡོད། དཔེར་ན། བྱང་ཆུབ་སེམས་དཔའ་དེ་དག་གི་ཤ་སྟག་མོ་གྲོད་ཁོག་ལྟོགས་པར་སྦྱིན་པ་ ༼སྟག་མོ་ལུས་སྦྱིན་༽ ལྟ་བུ་རེད། དེར་བརྟེན་ཟབ་ནན་དང་དྭོགས་ཟོན་ངང་གནས་རྒྱུ་དེ་ཡག་ག་ཡོད།

གནས་སྟངས་གང་ཞིག་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བརྗོད་པའི་ཐད་མགོ་རྙོག་ཡོད་སྲིད་པ་སོང་ཙང་། རྩོམ་རིགས་གཞུང་ལུགས་ཀྱི་འགྲེལ་བ་ལས་ཟུར་འདོན་བྱས་པའི་དཔེ་ཁ་ཤས་ལ་བལྟ་རྒྱུ་ཡིན། ཐབས་ལམ་གཞན་ཐམས་ཅད་ཀྱིས་གཞན་གྱི་སྡུག་བསྔལ་ཉུང་དུ་གཏོང་རྒྱུ་དང་སྔོན་འགོག་བྱ་རྒྱུ་ལམ་ལྷོང་མ་བྱུང་བའི་སྐབས་འདི་དག་ནི་རེ་ལྟོས་བཅོལ་ས་མཐའ་མ་དག་ཡིན་པར་སེམས་ནང་བཅང་དགོས། ཡོངས་སུ་སད་པའི་བྱང་ཆུབ་སེམས་དཔའ་ཞིག་ཡིན་པའི་ཆ་ནས་གཞན་དག་མང་པོ་སྲོག་གཅོད་ལས་སྐྱོབས་ཕྱིར་གཞན་གཅིག་གི་སྲོག་གཅོད་འདོད་ཡོད། དམག་གིས་གཏོར་སྐྱོན་ཚབས་ཆེན་ཕོག་པའི་ལུང་པའི་ངལ་སེལ་ལ་དམིགས་པའི་སྨན་རྣམས་བཙན་འཕྲོག་དང་བཅས་ནག་འཚོང་རྒྱག་པའམ། ཡང་ན་དགེ་རྩའི་དངུལ་འཛིན་སྐྱོང་པ་ངན་པ་ལོག་ཁྲིད་ཅན་དང་འཐུས་ཤོར་གཏོང་མཁན་ཞིག་ནས་ཁྱེར་བར་ཐེ་ཚོམ་མེད་པ་རེད། གལ་ཏེ་སྐྱེས་པ་ཞིག་གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད་དང་མཉམ་དུ་འཁྲིག་པ་སྤྱོད་དགོས་པའམ། ཡང་ན་གཉེན་སྒྲིག་མ་བྱས་པའི་བུད་མེད་ཅིག་རང་གི་ཕ་མས་བཀག་སྡོམ་བྱས་པ། ཡང་ན་དེ་མིན་གྱི་འོས་འཚམ་མིན་པའི་ཟླ་རོགས་སུ་འདྲ་ཞིག་ཡིན་རུང་འཁྲིག་པ་སྤྱོད་འདོད་དང་། བུད་མེད་དེ་བྱང་ཆུབ་ཀྱི་སེམས་སྐྱེད་འདོད་ཤུགས་དྲག་ཡོད་མཁན་ཞིག་ཡིན་ནའང་། འདོད་ཆགས་ཀྱི་དབང་དུ་ཤོར་ནས་འཁྲིག་པ་སྤྱོད་འདོད་ཡོད་པ། གལ་ཏེ་བུད་མེད་དེ་ང་ཚོ་དང་འཁྲིག་པ་མ་སྤྱོད་ནས་གྲོངས་བ་ཡིན་ན། དེའི་འཁོན་འཛིན་དེ་བགཆགས་ཀྱི་ཚུལ་དུ་སྐྱེ་བ་ཕྱི་མར་ཁྱེར་ངེས་ཡིན། དེའི་འབྲས་བུར། བུད་མེད་དེ་བྱང་ཆུབ་སེམས་དཔའ་དང་བྱང་ཆུབ་དཔའི་ལམ་ལ་ཧ་ཅང་སྡང་འཛིན་ཅན་ཆགས་ངེས་རེད།

མི་ཞིག་བྱང་ཆུབ་སེམས་ཀྱི་ལམ་ལ་ཧ་ཅང་ཚབས་ཆེན་གྱི་བསམ་བློ་ངན་པ་སྐྱེ་བར་འགོག་རྒྱུའི་ཐབས་ཤེས་ཡོད་དོ་ཅོག་ལམ་ལྷོང་མ་བྱུང་བའི་སྐབས་བྱང་ཆུབ་སེམས་དཔའ་རྣམས་འོས་འཚམས་མིན་པའི་འཁྲིག་སྤྱོད་ཀྱི་ལས་ལ་འཇུག་འདོད་ཡོད་པ་དེས་བྱང་ཆུབ་སེམས་དཔའི་ལམ་ལ་འགྲིམ་ཞིང་གཉེན་སྒྲིག་ཟིན་པའི་ཁྱིམ་ཐབ་རྣམས་ལ་བསམ་བློ་གཏོང་དགོས་པའི་དྲི་བ་གལ་ཆེན་ཞིག་ཡོང་གི་ཡོད། སྐབས་རེར་ཁྱིམ་ཐབ་ཟུང་དུ་ཆོས་ལ་འཇུག་ནས་ཁོང་གཉིས་ནས་དཔེར་ན། བུད་མེད་དེ་ལ་ཚངས་སྤྱོད་དུ་གནས་རྒྱུའི་འདོད་པ་སླེབས་ནས་རང་གི་ཁྱོ་གའི་བསམ་བློ་གཏོང་སྟངས་དེ་ཁོ་མོ་དང་གཅིག་མིན་པའི་སྐབས། ཁོ་མོས་མཉམ་དུ་འཁྲིག་སྤྱོད་ཀྱི་ལས་སྤོང་བ་ལྟ་བུ་རེད། ཁྱོ་ག་དེ་ད་དུང་ཡང་འཁྲིག་སྤྱོད་ལ་ཆགས་པ་ཡོད་པ་དང་ཁོ་མོའི་ཐག་གཅོད་དེ་སྒེར་གྱི་ངོས་ལེན་མེད་པ་ཞིག་ཏུ་བརྩི་གི་ཡོད། ཡང་སྐབས་འགར་བུད་མེད་དེའི་རྨོངས་ཞེན་དང་ཚོར་བ་སྐྱེན་པོ་མེད་པ་དེས་ཁྱོ་ག་དེའི་ཁོང་ཁྲོ་ལ་སྐྱོན་འཛུགས་དང་ཆོས་ལ་མི་འགའ་བ་བྱེད་དུ་འཇུག་གི་ཡོད། མི་དེས་ཆང་ས་སྤངས་ནས་ཞེ་འཁོན་དང་བཅས་རང་བློ་ནང་ཆོས་ལས་རྒྱབ་ཀྱིས་ཕྱོགས་པ་ཡིན། གལ་ཏེ་མི་དེའི་ཆོས་ཀྱི་ལམ་ལ་ཞེ་འཁོན་གྱི་ཡ་ལན་དེ་སྤོང་ཐབས་རྩ་ནས་མེད་པ་དང་། བུད་མེད་དེས་བྱང་སེམས་སྡོམ་པ་བསྲུང་བཞིན་ཡོད་པ། དེ་ག་ནང་བཞིན་གཞན་ལ་ཕན་འདོགས་པའི་ནུས་པར་ཚབས་ཆེན་གྱི་མི་གནོད་པའི་སྒོ་ནས་རང་ཉིད་ཀྱི་ཁྱོ་ག་དང་མཉམ་དུ་སྐབས་སྐབས་སུ་འཁྲིག་པ་སྤྱོད་ཆོག་པའི་ནུས་པ་དེ་ཧ་ཅང་ཆེན་པོ་ཡོད་ན། དེ་ཐག་གཅོད་བྱེད་པར་ཁོ་མོའི་སྙིང་རྗེ་ལ་ཧ་ཅང་ཡག་པོ་ཚོད་དཔག་བྱེད་ངེས་རེད། འདི་ནི་སྔགས་སྡོམ་སྐབས་ཀྱི་ཚངས་སྤྱོད་ལ་གནས་པའི་སྤྱོད་ལམ་དང་ཧ་ཅང་འབྲེལ་བ་ཆེན་པོ་ཡོད།

ཡོངས་སུ་སྨིན་པའི་བྱང་ཆུབ་སེམས་དཔའ་ཡིན་པའི་ཆ་ནས། གཞན་གྱི་སྲོག་སྐྱོབ་པའམ་གཞན་མནར་གཅོད་དང་རྨས་སྐྱོན་ལས་འགོག་ཐབས་སུ་རྫུན་ཤོད་འདོད་ཡོད། སོ་སོའི་ཕྲུ་གུ་རྣམས་གྲོགས་པོ་ངན་པའི་ཁྱུ་ནས་ཁག་ཁག་བཟོ་ཕྱིར་དང་། སློབ་ཕྲུག་རྣམས་ལམ་ལོག་པར་འཁྲིད་མཁན་གྱི་དགེ་རྒན་ལྟ་བུ་དེ་དག་གིས་རང་གི་ཕྲུ་གུ་དང་སློབ་མ་རྣམས་ལ་ཤུགས་རྐྱེན་ངན་པ་སྤྲོད་པ་དང་གནོད་བྱེད་ཀྱི་བསམ་བློ་དང་སྤྱོད་ལམ་ཐད་སེམས་ཤུགས་སྤར་གྱི་ཡོད་པས། དེ་དག་ལས་ཐར་བའི་ཕྱིར་ཕྲ་མ་བཤད་པར་ཐེ་ཚོམ་མི་བྱེད་པ་ཡིན། རང་ཉིད་ཀྱི་ཕྲུ་གུ་རྣམས་ཀྱིས་ནང་ལས་མི་བྱེད་པ་དང་རྒྱུ་མཚན་བཤད་ན་མ་ཉན་པ་སོགས་བྱེད་སྐབས། དེ་དག་བཟང་ཕྱོགས་སུ་བཅོས་ཐབས་སུ་ཚིག་རྩུབ་སྨྲ་བར་འཛེམ་གྱི་མེད། ཡང་གཞན་ནང་ཆོས་ལ་དོ་དབྱིངས་ཡོད་པ་རྣམས་མཐའ་གཅིག་ཏུ་ངག་འཁྱལ་ལམ་དོན་མེད་སྐད་ཆ་ཤོད་རྒྱུ་དང་། ཆང་རག་འཐུང་རྒྱུ། སྤྲོ་སྐྱིད་གཏོང་རྒྱུ། གཞས་གཏོང་རྒྱུ། ཞབས་བྲོ་འཁྲབ་རྒྱུ། དེ་བཞིན་དྲག་སྤྱོད་འཚེ་བ་དང་འབྲེལ་བའི་མ་རབས་ཐ་ཤལ་གྱི་ཀྱལ་ཀ་དང་སྒྲུང་ཤོད་པའི་སྐབས། གལ་ཏེ་ངོས་ལེན་མི་བྱེད་པ་ལ་བརྟེན་ནས་མི་དེ་དག་གིས་བྱང་ཆུབ་སེམས་དཔའ་དང་སྤྱིར་བཏང་ནང་པ་ཚོས་སྐྱིད་པོ་ནམ་ཡང་གཏོང་གི་མེད་པ་དང་ཆོས་ཀྱི་ལམ་དེ་ཁོང་ཚོའི་ཆེད་དུ་མིན་ཞེས་ཚོར་བར་བྱེད་ངེས་ན། ང་ཚོ་དེའི་ནང་དུ་འཛུལ་བཞུགས་བྱེད་འདོད་ཡོད།

སོ་སོ་རང་ཉིད་ཀྱི་གནས་སྟངས་དང་འབྲེལ་བའི་ཉེས་བྱས་གསུམ།

༥༽ ལོག་འཚོའི་སྒོ་ནས་འཚོ་ཐབས་འཚོལ་བའམ་ ༼འཚོ་བ་ཉམས་པ།༽ དེ་ལྟ་བུའི་འཚོ་ཐབས་ནི་དྲང་བདེན་མིན་པའམ་བླུ་བྲིད་ཅན་གྱི་ཐབས་ལ་བརྟེན་ཡོད་པ་དང་། དེ་དག་ལས་གཙོ་བོ་ཆེ་བ་རིཌ་ལྔ་སྟེ། ལོག་འཚོ་ལྔ་ཞེས་བྱ་བ་ནི། ༡། མ་ཡིན་ཡིན་ཁུལ་གྱི་ཚུལ་འཆོས། ༢། ཁ་གསག །སྤྲེལ་ལད་བཤད་པའམ་གཞན་མགོ་སྐོར་བའི་ཕྱིར་ཚིག་སྙན་ལ་འཇམ་པ་སྤྱོད་པ། ༣། གཞོགས་སློང་། མཚང་འདོན་སྡིགས་སྐུལ་དང་། རྒྱུ་ནོར་བཙན་འཕྲོག་གམ། ཡང་ན་གཞན་གྱི་ནག་ཉེས་ལ་མཐོང་ཆུང་ལྟ་བུས་གོ་རྒྱུ་བཏང་ནས་ཡོང་ཐབས་བྱེད་པ། ༤། ཐོབ་ཀྱིས་འཇལ་བ། ལྐོག་རྔན་དགོས་འདུན་སྟོན་པའམ་ཉེས་ཆད་ཆག་ཡང་གཏོང་བ། ༥། རྙེད་པས་རྙེད་པ། ལྐོག་རྔན་སྤྲད་དེ་ཚུར་ལ་དེ་ལས་མང་བ་རག་ཐབས་བཅས་ཡིན། ང་ཚོས་ཐབས་ལམ་དེ་འདྲ་ལག་བསྟར་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། བཟང་སྤྱོད་ཀྱི་རང་མཐོང་ཚོར་སྣང་ཞིག་རྩ་བ་ནས་མེད་པས་རེད།

༦༽ སྤྲོ་སེམས་འཁོལ་ནས་བྱབ་ཆུང་ངམ་སྙིང་པོ་མེད་པའི་ལས་ལ་འཇུག་པ། ཆོག་ཤེས་མེད་པ་དང་། དལ་ལྷོད་མེད་པ། ཉོབ་སྣང་སྐྱེས་པ། ཚད་བརྒལ་གྱི་གྲུང་པོ། སྤྲོ་སེམས་ལ་དང་འདོད་ཆེ་བ། དཔེར་ན། ཁྲོམ་རའི་ནང་འཁྱམས་ནས་བསྡད་པ་དང་། གཟུགས་མཐོང་གློག་བརྙན་ནང་དོན་ཡང་སེ་བརྗེ་བ། གློག་ཀླད་ནང་རྩེད་མོའི་རིགས་རྩེ་བ་སོགས་བྱབ་ཆུང་རྣམ་གཡེང་གི་རྗེས་སུ་སྙེག་གི་ཡོད། དེ་ལྟར་ང་ཚོ་དེའི་ནང་རྩེ་གཅིག་ཏུ་གཞོལ་བ་དང་སྟངས་འཛིན་མི་ཐུབ་པ་ཆགས་ཀྱི་ཡོད། གཞན་དག་གི་ཁོང་ཁྲོ་ཞི་འཇམ་བཟོ་བའི་ཕྱིར་རམ་གནོན་ཤུགས་མཐོ་རུ་གཏོང་ཕྱིར་ང་ཚོས་གཞན་དང་མཉམ་དུ་བྱ་བ་བྱས་པའམ། ཡང་ན་དེའི་རིགས་ལ་ལང་ཤོར་ཕྱིན་ཡོད་ན། ང་ཚོས་རོགས་བྱེད་ཕྱིར་དང་། གལ་ཏེ་ཁོང་ཚོ་རང་ཕྱོགས་སུ་ཁོང་ཁྲོ་ཡོད་པའི་དོགས་པ་བཟས་ན། དེ་དག་གི་ཡིད་ཆེས་ཐོབ་ཕྱིར་དང་གྲོགས་འདྲིས་རྙིང་པ་བརྟན་པོ་བཟོ་ཕྱིར། ང་ཚོས་དགེ་བའི་ལས་བྱེད་པ་དང་གཞན་ལ་ཕན་པའི་ཕྱིར་ཁྲིམས་རང་སྲུང་གི་བཟང་སྤྱོད་བསླབ་བྱ་ལ་གནོད་པ་གཏོང་གི་མེད། ཡིན་ནའང་གལ་ཏེ་ང་ཚོས་བྱ་བ་དེའི་རིགས་རྗེས་སུ་སྙེགས་ནས་དེ་ལས་ཡག་ག་བྱ་རྒྱུ་མེད་པར་ཚོར་བ་ཡིན་ན། རང་གིས་རང་ལ་མགོ་སྐོར་གཏོང་གི་ཡོད། དུས་རྟག་ཏུ་གཅིག་ལས་ཡག་ག་ཞིག་བྱ་རྒྱུ་ཡོད། འོན་ཀྱང་སྐབས་རེར་ཧ་ཅང་ཐང་ཆད་པ་དང་སེམས་ངལ་གནོན་ཞུགས་ཡོད་སྐབས། སོ་སོའི་འབད་བརྩོན་དང་ནུས་པ་བསྐྱར་གསོའི་ཆེད་བར་སེང་ཞིག་དགོས་ཀྱི་ཡོད། དེའི་ཐད་ང་ཚོས་རྒྱུ་མཚན་དང་ལྡན་པའི་ཚད་ཅིག་བཟོས་ན། དེ་ལ་ཉེས་པ་མེད།

༧༽ འཁོར་བའི་ནང་འཁྱམ་རྒྱུ་ཁོ་ནའི་འདུན་པ། མདོ་མང་པོའི་ནང་། བྱང་ཆུབ་སེམས་དཔའ་རྣམས་འཁོར་བའི་ནང་བཞུགས་འདོད་ཡོད་པ་ལས་ཐར་པ་འཐོབ་འདོད་མེད་ཅེས་འགྲེལ་བརྗོད་བྱེད་ཀྱི་ཡོད། ང་ཚོས་ཉོན་མོངས་སྤོང་ཕྱིར་དང་ཐར་པ་འཐོབ་པའི་ཕྱིར་འབད་བརྩོན་བསྟེན་གྱི་མེད་ཅེས་པའི་དོན་དུ་སྒྲ་ཇི་བཞིན་དུ་གོ་བ་བླངས་ན་ནོར་བ་ཡིན། འོན་ཀྱང་གཞན་ལ་ཕན་འདོགས་པའི་ཕྱིར་སོ་སོའི་ཉོན་མོངས་དང་མཉམ་དུ་དག་སྦྱོང་བྱེད་དགོས། འདི་ནི་བྱང་སེམས་ཀྱི་རྩ་བའི་སྡོམ་པ་བཅོ་བརྒྱད་སྐབས། ང་ཚོས་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་འབད་བརྩོན་ཡོངས་སུ་རྫོགས་པ་མཚམས་འཇོག་བྱེད་པའི་བྱང་ཆུབ་ཀྱི་སེམས་འདོར་བ་དེ་དང་མི་འདྲ་བ་ཡིན། འདིར་རང་ཉིད་ཉོན་མོངས་ལས་ཐར་བ་བྱ་རྒྱུ་དེ་ང་ཚོས་གལ་ཆེན་མིན་པ་དང་དགོས་གལ་མེད་པར་བསམ་གྱི་ཡོད། དེས་ང་ཚོའི་ཚུལ་ཁྲིམས་ལ་ཚབས་ཆེན་ཞན་དུ་གཏོང་གི་ཡོད། བྱང་ཆུབ་སེམས་དཔའི་ལམ་གྱི་སྐབས་དམིགས་བསལ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཀྱི་སྐབས་སུ་ང་ཚོས་ཆོས་ཀྱི་གོ་རྟོགས་གོང་འཕེལ་གཏོང་འདོད་ཀྱི་ནུས་པ་དེ་འཕོ་འགྱུར་དང་བེད་སྤྱོད་བྱེད་ཀྱི་ཡོད། དེ་ནི་ང་ཚོས་འདོད་པ་ལ་རང་དབང་སྟེར་ནས་རང་ཉིད་ནས་དེ་དག་སྤོང་བའི་འབད་རྩོལ་མི་དགོས་པའི་དོན་མ་ཡིན།

རང་གཞན་གཉིས་ཀ་དང་འབྲེལ་བའི་ཉེས་བྱས་གཉིས།

༨༽ གྲགས་པ་མིན་པར་ལྷུང་བར་བྱེད་པའི་སྤྱོད་ལམ་མི་སྤོང་བའམ་ ༼གྲཌ་པ་མ་ཡིན་མི་སྤོང་བ།༽ དཔེར་ན། ང་ཚོ་ཤ་ཟ་རྒྱུ་དགའ་པོ་ཡོད་པ་རེད། གལ་ཏེ་ང་ཚོ་དཀར་ཟས་སྐྱོང་མཁན་གྱི་ནང་པའི་ཁྲོད་དུ་ཡོད་པ་དང་། ང་ཚོས་ལེབ་ཤ་སྲེག་མ་ཟ་དགོས་ཞེས་ཨུ་ཚུགས་བྱས་ན། དེས་རང་ཉིད་ལ་སྐྱོན་བརྗོད་དང་གུས་བརྩི་མེད་པ་ཡོང་འཇུག་གི་ཡོད། ཁོང་ཚོས་ཆོས་དང་འབྲེལ་བའི་ཚིག་ལ་དོ་ནན་གལ་ཆེན་དུ་མི་བརྩི་བར་ང་ཚོའི་སྐོར་གྱི་སྒྲུང་ཁྱབ་སྤེལ་གཏོང་བ་དང་། ད་དུང་གཞན་རྣམས་ང་ཚོའི་རོགས་ལ་གོ་ཤེས་དང་མི་ལྡན་པ་བཟོ་གི་ཡོད། ཡོངས་སུ་སྨིན་པའི་བྱང་ཆུབ་སེམས་དཔའ་ཡིན་པའི་ཆ་ནས་གལ་ཏེ་སྤྱོད་ལམ་དེ་རིགས་མ་སྤངས་ན། དེ་ནི་ཉེས་པ་ཆེན་པོ་ཞིག་ཡིན།

༩༽ ཉོན་མོངས་དང་འབྲེལ་བའི་ལས་བྱེད་མཁན་རྣམས་མི་འཆོས་པ། གལ་ཏེ་ང་ཚོ་ལས་ཁུངས་ཤིག་དང་། སློབ་གྲྭ། དགོན་སྡེའམ་ཁྱིམ་པའི་གོ་གནས་ཀྱི་དབང་ཚད་ལྡན་པའི་ནང་ཡོད་ན། དེ་དག་གི་ཁོངས་སུ་གཏོགས་པའི་ལས་མི་ཁ་ཤས་ལ་འདོད་ཆགས་ཡོད་པའམ། ཡང་ན་རང་ཉིད་ལ་དགའ་ན་བསམ་པའི་འདོད་འདུན་ཡོད་པ་རྒྱུ་མཚན་དུ་བྱས་ནས། ང་ཚོས་ཉོན་མོངས་ཅན་གྱི་གང་ཟག་སྒྲིག་མེད་སྤྱོད་ངན་བྱེད་མཁན་རྣམས་ལ་གཤེ་བ་དང་ཉེས་ཆད་འགེལ་མི་ཐུབ་པས། ལས་མི་སྡེ་ཁག་ཡོངས་སུ་རྫོགས་པའི་སྒྲིག་ཁྲིམས་དང་སྙིང་སྟོབས་ཉམས་པར་བྱེད་ཀྱི་ཡོད།

བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་བསླབ་བྱར་གནོད་པའི་ཉེས་བྱས་བཞི།

བཟོད་པ་ནི་ཁོང་ཁྲོ་དང་བྲལ་བའི་སྒོ་ནས་གནོད་པ་བྱེད་མཁན་དང་། ཆོས་ཉམས་ལེན་བྱེད་པའི་དཀའ་སྡུག །དེ་བཞིན་རང་ཉིད་ཀྱི་སྡུག་བསྔལ་བཅས་ལ་གདོང་ལེན་བྱེད་ཐུབ་པའི་འདོད་འདུན་དེ་ཡིན།

༡༽ དགེ་བའི་བསླབ་བྱ་བཞི་སྤོང་བའམ་ ༼དགེ་སྦྱོང་གི་ཆོས་བཞི་དང་བྲལ་བ།༽ དགེ་སྦྱོང་གི་ཆོས་བཞི་ནི།   ༡། གཤེ་ཡང་སླར་མི་གཤེ་བ་ནི། ངག་གི་སྒོ་ནས་བརྙས་པའམ་སྐྱོན་བརྗོད་བྱས་ན། དེ་ལ་ཁོང་ཁྲོས་ཡ་ལན་མི་བྱེད་པ། ༢། ཁྲོས་ཀྱང་སླར་མི་ཁྲོ་བ་ནི། གཞན་གྱི་ཁོང་ཁྲོའི་ཡུལ་བཟོས་ན། དེ་ལ་ཡ་ལན་མི་བྱེད་པ། ༣། བརྡེགས་ཀྱང་སླར་མི་རྡེག་པ་ནི། རྡུང་རྡེག་གཏོང་སྐབས་དེ་ལ་ཡ་ལན་མི་བྱེད་པ། ༤། མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བ་ནི། སྐྱོན་འཛུགས་བྱས་ཀྱང་དེར་ཡ་ལན་མི་བྱེད་པ་བཅས་ཡིན། དགེ་སྦྱོང་གི་ཆོས་བཞི་པོ་དེ་དག་སྤོང་བ་ལ་བརྟེན་ནས་གནས་སྟངས་ཅི་འདྲ་ཞིག་འབྱུང་རུང་དེར་བཟོད་པ་སྐྱེ་བའི་རྒྱུ་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་དེ་ཟུར་དུ་སྣང་མེད་ཐོག་བཞག་ན། དགེ་བའི་ནུས་པ་གོང་དུ་འཕེལ་བར་གནོད་ཀྱི་ཡོད།

༢༽ རང་ཉིད་ལ་ཁོང་ཁྲོ་ཟ་མཁན་ལ་སྣང་མེད་གཏོང་བའམ་ ༼ཁྲོས་པ་རྣམས་ཡལ་བར་འདོར་བ།༽ གལ་ཏེ་གཞན་གྱིས་རང་ཉིད་ལ་ཁོང་ཁྲོ་བསླངས་པ་དང་འཁོན་དུ་འཛིན་པའི་སྐབས། ང་ཚོས་ཅི་གང་མི་བྱེད་པ་དང་ཁོང་ཚོའི་ཁོང་ཁྲོ་ཞི་ཐབས་མ་བྱས་ན། ང་རྒྱལ་དང་། སྡང་སེམས། ཕྲག་དོག  ལེ་ལོ། གཏི་མུག །ཡང་ན་གཅེས་སྐྱོང་མེད་པའི་རྒྱུ་མཚན་གྱིས་ང་ཚོས་བཟོད་པ་བསྲུང་བར་བར་ཆད་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། ང་ཚོས་བཟོད་པའི་ལྡོག་ཟླ་ཁོང་ཁྲོའི་ངར་ཤུགས་མ་བརླག་པར་མུ་མཐུད་ཡོང་བར་བྱེད་ཀྱི་ཡོད། ཉེས་པ་འདི་སྤོང་བར། ང་ཚོས་སྐྱོན་བརྗོད་དང་ནོར་འཁྲུལ་གང་ཞིག་བྱས་ཡོད་མེད་ལ་མ་ལྟོས་པར། ཤད་སྦྱངས་བྱེད་དགོས།

༣༽ གཞན་གྱི་བཟོད་གསོལ་ལ་ངོས་ལེན་མི་བྱེད་པའམ་ ༼གཞན་གྱི་ཤད་སྦྱངས་ངོས་ལེན་མི་བྱེད་པ།༽ བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་གསུམ་པ་ནི་གཞན་གྱི་ཤད་སྦྱངས་ལ་ཉན་འཇོག་མི་བྱེད་པ་དེ་ཡིན། དེ་ཡང་ཕ་རོལ་པོ་དེ་ཁོང་ཁྲོ་ཟ་བའི་དུས་སྐབས་སུ་དགོངས་སེལ་ཞུ་འབོད་བྱེད་པའི་སྐབས་ངོས་ལེན་མི་བྱེད་པ་དེ་རེད། སྐབས་འདིར་འཁོན་འཛིན་ཡོད་པའི་སྐབས་ང་ཚོས་དེ་ཐག་ཁོང་ཚོའི་ཤད་སྦྱངས་ངོས་ལེན་བྱེད་ཀྱི་མེད།

༤༽ ཁོང་ཁྲོའི་ངང་གནས་པའམ་ ༼ཁྲོས་པའི་སེམས་ཀྱི་རྗེས་སུ་འཇུག་པ།༽ ང་ཚོ་གནས་སྟངས་གང་འདྲ་ཞིག་ལ་ཁོང་ཁྲོ་ཟ་བའི་སྐབས། གལ་ཏེ་གཉེན་པོ་མ་བསྟེན་པར་ཁོང་ཁྲོ་དེའི་སྟེང་དུ་གནས་ཏེ་འཁོན་འཛིན་བྱས་ནས་བསྡད་ན། ང་ཚོས་བཟོད་པ་གོང་འཕེལ་དང་འགལ་བའི་བྱ་སྤྱོད་སྤེལ་གྱི་ཡོད། གལ་ཏེ་ང་ཚོས་ཁོང་ཁྲོའི་ཡུལ་ལ་བྱམས་པ་སྒོམ་པ་ལྟ་བུའི་གཉེན་པོའི་སྟོབས་དེ་དག་ལག་བསྟར་བྱས་ནས་ལམ་ལྷོང་བྱུང་མེད་ན། ང་ཚོར་ཉེས་པ་མེད། གང་ཡིན་ཞེ་ན། ང་ཚོས་མ་མཐར་ཡང་ཐབས་ཤེས་དང་འབད་བརྩོན་བྱེད་བཞིན་ཡོད་ལ་བཟོད་པ་སྒོམ་རྒྱུ་དེ་ཞན་དུ་གཏོང་གི་མེད།

བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་བྱར་གནོད་པའི་ཉེས་བྱས་གསུམ།

བརྩོན་འགྲུས་ནི་དགེ་བ་ལ་སྤྲོ་བ་སྟེ། ཕན་བྱེད་དགེ་བའི་ལས་གང་ཡིན་པ་དེར་འཇུག་པའི་ནུས་ཤུགས་དང་ལྡན་པ་དེ་ཡིན།

༡༽ གུས་ཞབས་དང་བརྩི་མཐོང་ཆེད་འཁོར་རྣམས་སྡུད་པའམ་ ༼བསྙེན་བཀུར་འདོད་ཕྱིར་འཁོར་རྣམས་སྡུད་པ།༽ ང་ཚོས་གྲོགས་པོ་སྐོར་ཞིག་དང་། རང་ལ་ཡི་རངས་བྱེད་མཁན་ནམ་རང་གི་སློབ་མ་བསྡུ་བའམ། ཡང་ན་གཞན་ཞིག་དང་མཉམ་དུ་གཉེན་སྒྲིག་བྱ་རྒྱུ་དང་མཉམ་གནས་བྱ་རྒྱུའི་ཐག་གཅོད་བྱེད་པའི་སྐབས། གལ་ཏེ་ང་ཚོའི་ཀུན་སློང་དེ་གཞན་ནས་གུས་ཞབས་འཐོབ་རེ་དང་། བྱམས་པ་དང་བརྩེ་བ་འཐོབ་རེ། རྔན་པ་འཐོབ་རེ། ཞབས་འདེགས་སྒྲུབ་རེ། རང་གི་སྒལ་པར་འཕུ་མཉེ་འཐོབ་རེ། དེ་བཞིན་ཉིན་རེའི་ལས་ཀ་བྱེད་ཡོང་བསམ་པའི་རེ་བ་བཅས་ཡིན་ན། གཞན་ལ་ཕན་འདོགས་རྒྱུ་ལ་སོགས་པའི་དགེ་བའི་ལས་བྱ་རྒྱུའི་བརྩོན་འགྲུས་དེ་བརླག་གི་ཡོད། གཞན་ལ་ང་ཚོའི་ཆེད་དུ་གང་བྱེད་དགོས་ཟེར་བ་ལྟ་བུས་རང་ཉིད་དམའ་བའི་རིམ་པར་ཡིད་འཕྲོགས་ཀྱི་ཡོད།

༢༽ ལེ་ལོ་སོགས་ཀྱི་དབང་གིས་གང་ཡང་མི་བྱེད་པ། གལ་ཏེ་ང་ཚོ་ལེ་ལོ་དང་གཏི་མུག །དེ་བཞིན་སྤྲོ་སྣང་ཞན་པ་སྟེ། ཅི་གང་བྱེད་འདོད་མེད་པའི་སེམས་ཁམས་ཀྱི་ཉམས་འགྱུར། ཡང་ན་ཅི་གང་ལའང་དོ་དབྱིངས་རྩ་བ་ནས་མེད་པའམ། ཡང་ན་དུས་ཡུན་རིང་པོར་གཉིད་ཁུག་རྒྱུར་ལང་དུ་ཤོར་བ། ཉིན་གང་ཉལ་ཁྲིའི་སྟེང་ཉལ་ནས་སྡོད་པ། གཉིད་ཐུང་ཁུག་པའམ། ལྷོད་ལྷོད་བྱས་ནས་ཅི་གང་མི་བྱེད་པར་བསྡད་ན། ང་ཚོ་དེ་དག་ལང་དུ་ཤོར་ནས་གཞན་ལ་ཕན་པའི་འདུན་པ་དང་བརྩོན་འགྲུས་ཡོངས་རྫོགས་བརླག་འགྲོ་གི་ཡོད། ང་ཚོ་ན་བ་དང་ཐང་ཆད་པའི་སྐབས་ངལ་གསོ་དགོས་པ་ནི་སྨྲོས་མི་དགོས་ཀྱང་། རང་ཉིད་ཧ་ཅང་གཡོ་དང་ལེ་ལོ་ལ་བརྟེན་ནས་སོ་སོ་རང་ཉིད་འཕྲོ་བརླག་གཏོང་བ་ནི་ཉེས་པ་ཆེན་པོ་ཞིག་ཡིན།

༣༽ འདོད་ཆགས་དབང་གིས་སྒྲུང་བཤད་ནས་དུས་ཚོད་གཏོང་བར་འབད་པའམ་ ༼ཆགས་པས་བྲེ་མོའི་གཏམ་ལ་བརྟེན་པ།༽གཞན་ལ་ཕན་འདོགས་པའི་ཆེད་བརྩོན་འགྲུས་སྐྱེད་པར་གེགས་དང་བར་ཆད་བྱེད་མཁན་དེ་ནི་དོན་མེད་ཀྱི་དུས་ཚོད་འཕྲོ་བརླག་གཏོང་བ་དེ་རེད། འདི་ནི་སྐད་ཆ་ཤོད་པ་དང་། སྐད་ཆར་ཉན་པ། དེབ་ཀློག་པ། བརྙན་འཕྲིན་ལྟད་མོ་སོགས་བལྟ་བ། དྲྭ་རྒྱའི་ལམ་ནས་ཕོ་མོ་འཁྲིག་སྦྱོར་གྱི་སྒྲུང་རིགས་དང་། དྲག་སྤྱོད་ཀྱི་སྐོར། གྲགས་ཅན་མི་སྣའི་སྐོར། ཆབ་སྲིད་ཀྱི་ལོག་བྱུས་ལ་སོགས་པར་མགོ་འཐོམས་པའི་དོན་ཡིན།

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་བྱར་གནོད་པའི་ཉེས་བྱས་གསུམ།

བསམ་གཏན་ནི། བྱིང་བ་དང་རྒོད་པ་ཡོད་པའི་རྒྱུ་མཚན་གྱིས་དོ་མཉམ་པའི་སེམས་ཀྱི་དམིགས་པ་རྩེ་གཅིག་པ་དེ་མི་ཤོར་བར་གནས་པའི་སེམས་ཀྱི་གནས་བབས་དེ་ཡིན།

༡༽ ཏིང་ངེ་འཛིན་འཐོབ་པའི་ཐབས་ལམ་མི་འཚོལ་བའམ་ ༼ཏིང་ངེ་འཛིན་གྱི་དོན་མི་འཚོལ་བ།༽ ང་རྒྱལ་དང་། སྡང་སེམས། ལེ་ལོ། གཏི་མུག་སོགས་ལ་བརྟེན་ནས་དགེ་བའི་བཤེས་གཉེན་ཞིག་གིས་སེམས་ཏིང་ངེ་འཛིན་གྱི་ནང་ཇི་ལྟར་འཇོག་དགོས་པའི་སྐོར་གྱི་ཆོས་གསུངས་སྐབས། གལ་ཏེ་ང་ཚོས་མ་ཉན་ན། ང་ཚོའི་སེམས་ཀྱི་བརྟན་ཆའི་རང་བཞིན་ནམ་བསམ་གཏན་དེ་ཇི་ལྟར་གོང་འཕེལ་གཏོང་ཐུབ་བམ། གལ་ཏེ་ང་ཚོ་ནད་པ་ཡིན་ན། གདམས་ངག་རྣམས་ནོར་བ་ཡིན་པའི་དྭོགས་པ་སྐྱེ་བའམ། ཡང་ན་རང་ཉིད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་ཟིན་པ་ཞིག་ཡིན་ན། གསུང་ཆོས་དེར་མ་འགྲོ་ན་འགྲིག་པ་ཡིན།

༢༽ བསམ་གཏན་ལ་འགོག་རྐྱེན་བྱེད་པའི་བར་ཆད་རྣམས་མི་སྤོང་བའམ་ ༼བསམ་གཏན་སྒྲིབ་པ་སྤང་མི་བྱེད།༽ ཏིང་ངེ་འཛིན་འཐོབ་པའི་ཆེད་སྒོམ་རྒྱག་པའི་སྐབས། བསམ་གཏན་ལ་གེགས་བྱེད་པའི་བར་ཆད་ཆེ་ཁག་ལྔ་འཕྲད་ཀྱི་ཡོད། གལ་ཏེ་ང་ཚོས་བར་ཆད་དེ་དག་སྤོང་རྒྱུའི་ཐབས་ཤེས་མ་བྱས་ན། རང་ཉིད་ཀྱི་བསམ་གཏན་གོང་འཕེལ་ལ་གནོད་ཀྱི་ཡོད། གལ་ཏེ་ང་ཚོས་དེ་དག་སྤོང་ཐབས་བྱས་ཀྱང་། ད་དུང་སྤོང་མ་ཐུབ་པ་ཡིན་ན། ང་ཚོར་ཉེས་པ་མེད། བར་ཆད་ལྔ་ནི། ༡། འདོད་པའི་ཡོན་ཏན་ལྔ་གང་རུང་གི་རྗེས་སུ་སྙེག་འདོད་ཀྱི་ཀུན་སློང་ངམ་༼འདོད་པ་ལ་འདུན་པ།༽ ༢། སྡང་སེམས་ཀྱི་བསམ་བློ། ༣། བྱིང་བ་དང་རྨུགས་པ། ༤། རྒོད་པ་དང་འགྱོད་པ། ༥། ཐེ་ཚོམ་བཅས་ཡིན།

༣༽ བསམ་གཏན་གྱི་བདེ་བ་འཐོབ་རྒྱུ་དེ་ཁེ་ཕན་གྱི་གཙོ་བོར་འཛིན་པའམ་ ༼བསམ་གཏན་གྱི་རོ་ལ་ཡོན་ཏན་དུ་ལྟ་བ།༽ སྤྱིར་བཏང་ང་ཚོས་དངངས་འཚབ་དང་། སེམས་འཁྲལ། ཐག་གཅོད་བྲལ་བ། ཞེན་པའམ་འཁོན་པའི་བསམ་བློ་སོགས་ལ་ནུས་པ་ཧ་ཅང་ཆེན་པོ་ཞིག་འབྲེལ་ནས་ཡོད་པའམ། ཡང་ན་དེ་དག་བྱིང་བ་དང་གཉིད་ཀྱི་ལྗིད་ཀྱིས་ནོན་པ་ཡིན། ང་ཚོས་བསམ་གཏན་ལ་བརྟེན་ནས་སེམས་རྩེ་གཅིག་ཏུ་གནས་ཏེ་གཏིང་ཇེ་ཟབ་ཏུ་སྒོམ་སྐབས་ནུས་པའང་དེ་ཚོད་ཀྱིས་ཇེ་ཆེར་གློད་ཀྱི་ཡོད། དེ་ནི་ལུས་སེམས་ཀྱི་བདེ་བ་ལྟ་བུ་ང་ཚོས་མྱོང་གི་ཡོད། བདེ་བ་དེ་ཇི་ཙམ་གྱི་ཤུགས་ཆེ་བ་ཡོད་པ་དེ་ཚོད་ཀྱིས་ང་ཚོ་ཏིང་ངེ་འཛིན་གྱི་སྙོམས་འཇུག་ནང་གནས་པར་བྱེད་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་སྔགས་ཀྱི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ནང་། ཤིན་ཏུ་ཕྲ་བའི་འོད་གསལ་གྱི་སེམས་དེ་ཐོབ་ནས་སྟོང་ཉིད་ཀྱི་གོ་རྟོགས་རྙེད་པའི་ཕྱིར། ཡང་དག་པའི་བསམ་གཏན་ཁོ་ན་ལས་བྱུང་བའི་བདེ་བ་ལས་ཀྱང་ངར་ཆེ་བའི་བདེ་བའི་སེམས་ཀྱི་གནས་བབས་ཤིག་ང་ཚོས་སྐྱེད་པ་དང་བེད་སྤྱོད་བྱེད་ཀྱི་ཡོད། བསམ་གཏན་གོང་འཕེལ་གྱི་རིམ་པ་གང་རུང་ལས་ཐོབ་པའི་བདེ་བ་ལ་ཆགས་པ་ཡིན་ན། གསང་སྔགས་ཉམས་ལེན་དང་འབྲེལ་མིན་གང་ཡིན་རུང་བདེ་བ་དེ་ལས་ཐོབ་པའི་དགའ་སྣང་དེ་རང་གི་ཉམས་ལེན་གྱི་དམིགས་ཡུལ་གཙོ་བོར་བཟུང་ནས་ལོངས་སུ་སྤྱོད་ཀྱི་རེད། དེ་བས་ན་ང་ཚོས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གོང་འཕེལ་ཡོང་བར་བར་ཆད་ཚབས་ཆེན་བཟོ་གི་ཡོད།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་བྱར་གནོད་པའི་ཉེས་བྱས་བརྒྱད།

ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ནི། གང་ཞིག་ཡང་དག་པ་དང་ཡང་དག་མིན་པ་དང་། གང་ཞིག་འོས་པ་དང་མི་འོས་པ། གང་ཞིག་ཕན་ཐོགས་ཅན་དང་གནོད་གཞི་ཅན་ཡིན་པ་སོགས་ཀྱི་དབར་ཐག་ཆོད་པོའི་སྒོ་ནས་རྣམ་པར་འབྱེད་པའི་སེམས་བྱུང་ཡིན།

༡༽ ཉན་ཐོས་ཐེག་པ་སྤོང་བ། བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་དྲུག་པ་ནི། ཉན་ཐོས་ཐེག་པའི་གཞུང་ལུགས་བསྟན་བཅོས་ནང་ཡོད་པའི་ཆོས་རྣམས་སངས་རྒྱས་ཀྱི་བཀའ་མིན་ཚུལ་བརྗོད། དེ་དང་ཆབས་ཅིག་རྩ་ལྟུང་བཅུ་བཞི་པ་དེ་ནི་ཉན་ཐོས་གཞུང་གི་གདམས་ངག་རྣམས་འདོད་ཆགས་སོགས་ཉོན་མོངས་རྣམས་མེད་པ་བཟོ་བར་ནུས་པ་དང་ལྡན་པ་ཞིག་མིན་ཞེས་བརྗོད་ཀྱི་ཡོད། རྩ་ལྟུང་བཅུ་གསུམ་དེ་ནི་ཉན་ཐོས་ཐེག་པའི་ཆོས་ཀྱི་ཆ་ཤས་སུ་གཏོགས་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པའམ་རབ་བྱུང་སོ་སོ་ཐར་པའི་སྡོམ་པ་ཡོད་མཁན་རྣམས་བྱང་ཆུབ་སེམས་དཔའ་ཡིན་པའི་ཆ་ནས་སྡོམ་པ་དེ་དག་བསྲུང་དགོས་པ་མེད་ཅེས་བརྗོད་ཀྱི་ཡོད། རྩ་ལྟུང་འདི་ཆ་ཚང་བར་བྱེད་པ་ལ། ང་ཚོས་གང་སྨྲས་པའི་ཚིག་རྣམས་ཐོས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དོན་ངོ་མར་སོ་ཐར་གྱི་སྡོམ་པ་ངེས་པར་དུ་སྤོང་དགོས་ཀྱི་ཡོད། སྐབས་འདིར་ཉེས་བྱས་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉན་ཐོས་ཐེག་པའི་ཆོས་ཉན་མི་དགོས་ཞེས་བསམ་པའམ་བརྗོད་པ་ཙམ་དེ་ཡིན། དེ་ཡང་དམིཌ་བསལ་སོ་ཐར་སྡོམ་པའི་འདུལ་ཁྲིམས་དང་འབྲེལ་བའམ། ཡང་ན་དེ་དག་དང་མཉམ་དུ་སྦྱོང་བརྡར་བྱེད་པ་དེ་ཡིན། དངོས་གནས་བྱས་ན། ཕོ་མོ་སུས་ཀྱང་སྡོམ་པ་བློས་གཏོང་བྱེད་མི་དགོས།

འདུལ་བའི་སྡོམ་ཁྲིམས་བསྲུང་བ་དང་སློབ་གཉེར་བྱེད་པའི་སྐབས། སྤྱོད་ལམ་གྱི་རིགས་གང་དང་གང་བླང་བྱ་དང་འདོར་བྱ་ཡིན་པའི་ཐད་རྣམ་པར་འབྱེད་པའི་ནུས་པ་དེ་གོང་མཐོར་གཏོང་གི་ཡོད། སོ་ཐར་སྡོམ་པ་རང་ཉིད་ཀྱིས་ཉམས་སུ་ལེན་པར་ངོས་ལེན་མི་བྱེད་པའི་ཐོག་ནས་ང་ཚོས་ཤེས་རབ་གོང་འཕེལ་ལ་གནོད་ཀྱི་ཡོད། ང་ཚོས་ཀྱང་ཉན་ཐོས་ཀྱི་ཆོས་དེ་ཉན་ཐོས་ཁོ་ནར་གལ་ཆེན་པོ་དང་བྱང་ཆུབ་སེམས་དཔའ་ལ་རིན་ཐང་མེད་ཅེས་ནོར་བའི་སྒོ་ནས་དབྱེ་འབྱེད་གཏོང་གི་ཡོད།

༢༽ རང་ཉིད་ལ་ཐབས་ལམ་ཡོད་བཞིན་དུ་དེ་དག་ལ་འབད་འབུངས་བྱེད་པའམ་ ༼རང་ཚུལ་ཡོད་བཞིན་དེ་ལ་བརྩོན་པ།༽ གལ་ཏེ་ང་ཚོས་སོ་ཐར་སྡོམ་པ་ཁོ་ནར་འཛིན་སྐྱོང་དང་སློབ་གཉེར་ཆེད་འབད་འབུངས་ཆ་ཚང་བྱས་ནས་བྱམས་པ་དང་སྙིང་རྗེ་དང་འབྲེལ་བའི་བྱང་ཆུབ་སེམས་དཔའི་ཆོས་ལ་སློབ་གཉེར་དང་སྦྱོང་བརྡར་ཐད་སྣང་མེད་བཏང་ན། ད་དུང་ང་ཚོས་ཤེས་རབ་ཞན་དུ་གཏོང་གི་ཡོད། ང་ཚོས་ཉན་ཐོས་ཀྱི་ཆོས་ལ་འབད་བརྩོན་བྱེད་སྐབས། དེ་དང་དུས་མཉམ་དུ་ང་ཚོས་བྱང་ཆུབ་སེམས་དཔའི་ཐེག་པ་ལའང་འབད་བརྩོན་བྱེད་དགོས།

༣༽ ཕྱི་རོལ་པའི་གཞུང་ལུགས་ལ་སློབ་གཉེར་བྱ་རྒྱུའི་འབད་བརྩོན་བྱེད་པའམ་ ༼བརྩོན་མིན་ཕྱི་རོལ་བསྟན་བཅོས་བརྩོན།༽ འགྲེལ་བ་ཁག་ལ་གཞིགས་ན། ཕྱི་རོལ་པའི་བསྟན་བཅོས་ཟེར་དུས་རྟོག་གེ་དང་སྒྲའི་བསྟན་བཅོས་རྣམས་ལ་གོ་བ་ཡིན། ད་དུང་ང་ཚོས་ཕྱི་རྒྱལ་སྐད་ཡིག་སྦྱོང་ཆེད་ཀྱི་དཔེ་དེབ་ཁག་དང་། དེང་དུས་ཤེས་རིག་སློབ་ཚན་གཏན་འབེབས་ནས་ཨང་རྩིས་དང་། ཚན་རིག །སེམས་ཁམས་རིག་པ། ལྟ་གྲུབ་རིག་པ་ལྟ་བུའི་བརྗོད་གཞི་གང་རུང་དེའི་ཁོངས་སུ་འཇུག་ཆོག་པ་ནི་སྨྲོས་ཅི་དགོས། འདིར་ཉེས་པའམ་ནོར་འཁྲུལ་གང་ཡོད་ཟེར་ན། ང་ཚོའི་འབད་བརྩོན་ཡོངས་སུ་རྫོགས་པ་འདིའི་རིགས་ལ་བཏང་ནས་ཐེག་ཆེན་གྱི་ཆོས་ལ་ཉམས་ལེན་དང་སློབ་གཉེར་མི་བྱེད་པར། མཐར་དེ་དག་ཐམས་ཅད་བརྗེད་པར་བྱེད་ཀྱི་ཡོད། གལ་ཏེ་ང་ཚོ་ཧ་ཅང་རྣམ་དཔྱོད་ཅན་དང་། གནད་དོན་གང་ཞིག་ལ་མྱུར་པོའི་སྒོ་ནས་ཤེས་ཐུབ་མཁན། རྒྱུ་མཚན་དང་རིགས་པ་གཞིར་བཞག་ཐོག་ཐེག་ཆེན་གྱི་ཆོས་ལ་གོ་རྟོགས་ཡག་པོ་དང་བརྟན་པོ་ཞིག་ཡོད་པ། དེ་བཞིན་ཆོས་དེ་དག་རང་གི་དྲན་པའི་ནང་རྒྱུན་རིང་ཉར་ཐུབ་པ། ད་དུང་ཉིན་རེ་བཞིན་དུ་ཐེག་ཆེན་གྱི་ཆོས་ལ་སློབ་གཉེར་དང་ཉམས་ལེན་རྒྱུན་སྐྱོང་ཐུབ་ན། ཕྱི་རོལ་པའི་གཞུང་ལ་སློབ་གཉེར་བྱེད་པ་དེར་ཉེས་པ་དང་ནོར་འཁྲུལ་གང་ཡང་མེད།

བོད་ཀྱི་སྐད་ཡིག་སྦྱོང་འདོད་ཡོད་མཁན་གྱི་བོད་མི་མ་ཡིན་པའི་ནང་པའི་སློབ་མ་ཚོས་རྩ་དོན་དེ་དག་རང་གི་སེམས་ནང་ཧ་ཅང་ཡག་པོ་བཅང་ངེས་རེད། གལ་ཏེ་ཁོང་ཚོས་སྐད་ཡིག་མྱུར་པོ་དང་ལས་སླ་པོའི་སྒོ་ནས་སྦྱོང་ཐུབ་པ་དང་། ནང་ཆོས་ལ་རྨང་གཞི་བརྟན་པོ་ཞིག་ཡོད་པ། ཆོས་དང་སྐད་ཡིག་གཉིས་ལ་སྦྱོང་ཐུབ་པའི་དུས་ཚོད་འདང་ངེས་ཡོད་ན། བོད་ཀྱི་སྐད་ཡིག་སྦྱོང་བ་ལས་ཁོང་ཚོར་ཁེ་ཕན་ཆེན་པོ་ཐོབ་ཀྱི་རེད། ཁོང་ཚོས་བོད་ཀྱི་སྐད་ཡིག་དེ་གཏིང་ཟབ་པའི་སློབ་གཉེར་ཆེད་ལག་ཆ་ལྟ་བུར་བེད་སྤྱོད་བྱེད་ཆོག །འོན་ཀྱང་། གལ་ཏེ་ཁོང་ཚོས་སྐད་ཡིག་དེ་ཁག་པོ་མཐོང་བ་དང་། དུས་ཚོད་དང་ནུས་པ་ཚད་ངེས་ཅན་ལས་མེད་པ། ནང་ཆོས་ཐོག་གོ་རྟོགས་ཡག་པོ་མེད་པའམ། ཡང་ན་ཉིན་རེའི་སྒོམ་ཉམས་ལེན་བརྟན་པོ་ཞིག་མེད་ན། བོད་ཀྱི་སྐད་ཡིག་སྦྱངས་ནས་ཁོང་ཚོས་རང་གི་ཆོས་ཡར་རྒྱས་ལ་གནོད་སྐྱོན་དང་བར་ཆད་བཟོ་གི་ཡོད། དེར་བརྟེན་གཙོ་ཆེ་བ་དེ་གང་ཡིན་མིན་རྣམ་པར་འབྱེད་རྒྱུ་དེ་གལ་ཆེན་པོ་ཡིན།

༤༽ དེ་དག་ལ་འབད་བརྩོན་བྱེད་ཐུབ་ཀྱང་ཆགས་ཞེན་སྐྱེ་བའམ་ ༼བརྩོན་པར་བྱས་ཀྱང་དེ་ལ་དགའ།༽ གོང་དུ་ཞུས་པའི་གནད་དོན་དེ་དག་གི་ཐོག་ལ་གལ་ཏེ་བོད་ཀྱི་སྐད་ཡིག་ལྟ་བུ་ང་ཚོར་ཕྱི་རོལ་པའི་རྒྱུ་ཆ་ཁག་ལ་སློབ་གཉེར་བྱ་རྒྱུའི་ནུས་པ་ཡོད་པ་དང་། གལ་ཏེ་ང་ཚོ་ནང་དོན་གྱི་བརྗོད་བྱ་ལ་ཆགས་ཞེན་སྐྱེས་པ་ཡིན་ན། ཆོས་ཉམས་ལེན་བློས་གཏོང་བྱས་ནས་གལ་གནད་ཆུང་བའི་བརྗོད་གཞི་འདིའི་ཐོག་རིག་པ་སྒྲིམ་སྲིད། བོད་ཀྱི་སྐད་ཡིག་ཡང་ན་ཨང་རྩིས་རིག་པར་མཁས་པར་གྱུར་བ་དེས་ཉོན་མོངས་ལས་ཐར་བར་མི་བྱེད་ལ་དེ་དག་གིས་སྐྱེད་པར་བྱེད་པའི་སྡུག་བསྔལ་དང་དཀའ་ལས་ཀྱང་ཐར་བར་མི་བྱེད། དེས་ང་ཚོས་གཞན་ལ་རོགས་ཕན་འདོད་བློ་ཁེངས་པ་ཞིག་བསྒྲུབ་པའི་ནུས་པ་མི་སྦྱིན། བྱང་ཆུབ་ཀྱི་སེམས་དང་ཕ་རོལ་ཏུ་ཕྱིན་པ་སྤྱི་དང་། བྱེ་བྲག་ཏུ་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་དཔྱིས་ཕྱིན་པ་རྟོགས་པ་ཁོ་ན་ལ་བརྟེན་ནས་དམིགས་ཡུལ་དེ་བསྒྲུབ་པར་བྱེད་ཀྱི་ཡོད། དེར་བརྟེན་ཕྱི་རོལ་པའི་བརྗོད་གཞི་ཁག་ལ་ཆགས་ཞེན་སྐྱེ་བ་དེ་ལས་བསྲུང་ཚུལ་སྦྱོང་རྒྱུ་དེ་ཕན་ཐོགས་ལྡན་པ་ཞིག་ཡིན་པ་ངེས་ནའང་། དེ་ནི་དམིགས་པ་གཏད་ས་གཙོ་བོ་དེ་མ་ཡིན། ང་ཚོས་གྲུང་པོའི་ངང་དེ་དག་ལ་སློབ་སྦྱོང་བྱེད་དགོས་པ་དང་ལྟ་ཚུལ་ཡང་དག་པ་ཞིག་འཛིན་དགོས། དེ་ལྟར་ང་ཚོས་གང་ཞིག་གལ་འགངས་ཆེན་པོ་ཡིན་པའི་ཐད་རྣམ་པར་འབྱེད་པ་དང་། གལ་འགངས་ཆུང་བའི་གནད་དོན་གྱི་ཕྱོགས་སུ་འགྲོ་བ་ལས་རང་ཉིད་བསྲུང་བར་བྱེད་པ་ཡིན།

༥༽ ཐེག་ཆེན་སྤོང་བ། བྱང་ཆུབ་སེམས་དཔའི་རྩ་ལྟུང་དྲུག་པ་ནི། ཐེག་ཆེན་གྱི་བསྟན་བཅོས་རྣམས་སངས་རྒྱས་ཀྱི་བཀའ་མིན་ཞེས་བརྗོད་པ་དེ་རེད། འདིར་སྤྱིར་བཏང་ཐེག་ཆེན་གྱི་གཞུང་རྣམས་ཚད་ལྡན་ཡིན་པར་ང་ཚོས་ཁས་ལེན་གྱི་ཡོད། འོན་ཀྱང་དེ་དག་གི་རྣམ་པ་འགའ་ཞིག་ལ་ང་ཚོས་སྐྱོན་བརྗོད་ཀྱང་བྱེད་ཀྱི་ཡོད། དམིགས་བསལ་བསམ་ཡུལ་ལས་འདས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་བསམ་གྱིས་མི་ཁྱབ་པའི་སྟོང་ཉིད་ཀྱི་ཆོས་ཟབ་མོ་ལྟ་བུར་སྐྱོན་བརྗོད་བྱེད་ཀྱི་ཡོད། འདིའི་ནང་ནས་སྔ་མའི་ནང་འཇིག་རྟེན་སྣ་ཚོགས་པའི་ནང་སེམས་ཅན་གྲངས་མེད་པ་ལ་ཕན་པའི་ཕྱིར། སངས་རྒྱས་ཀྱིས་དུས་གཅིག་ཏུ་རྣམ་པ་སྣ་ཚོགས་པར་སྤྲུལ་པ་ལྟ་བུ་དང་། ཕྱི་མའི་ནང་ཤིན་ཏུ་དཔོག་པར་དཀའ་བའི་ཚིག་ཉུང་དོན་བསྡུས་དང་ཚིགས་སུ་བཅད་པའི་རིགས་ཡོད། ཚུལ་བཞི་གང་རུང་གི་སྒོ་ནས་ཁས་ལེན་མི་བྱེད་པ་ལ་བརྟེན་ནས་ང་ཚོས་ཤེས་རབ་ཉམས་པར་བྱེད་ཀྱི་ཡོད། ༡། ཁོང་ཚོའི་ནང་དོན་གྱི་བརྗོད་བྱ་ནི་དམན་པ་སྟེ། ཁོང་ཚོས་སྐད་ཆ་ཆོ་མེད་ཁོ་ན་ལས་དོན་དང་ལྡན་པ་མ་ཡིན་པ། ༢། ཁོང་ཚོའི་རྗོད་བྱེད་ཀྱི་ཚུལ་ནི་དམན་པ་སྟེ། ངན་པར་བྲིས་ཡོད་པས་དོན་མེད་པ། ༣། ཁོང་ཚོའི་རྩོམ་པ་པོའམ་བྱེད་པ་པོ་དམན་པ་སྟེ། དེ་དག་ནི་སངས་རྒྱས་ཀྱི་བཀའ་མ་ཡིན། ༤། ཁོང་ཚོའི་ལག་ལེན་དེ་དམན་པ་སྟེ། དེ་དག་སུ་གཅིག་ལའང་ཕན་ཐོགས་མེད་པ་བཅས་སོ། །སེམས་གུ་དོག་པོ་དང་སྤྲོ་ཐུང་ངང་ནས་དེ་འདྲའི་རྣམ་པར་འབྱེད་ཚུལ་ནོར་བ་བྱེད་པ་དེས་ང་ཚོའི་ཡང་དག་པའི་རྣམ་པར་འབྱེད་པའི་ནུས་པ་ཉམས་པར་བྱེད་ཀྱི་ཡོད།

ང་ཚོས་གོ་མ་ཚོད་པའི་ཆོས་དང་བསྟན་བཅོས་ཁག་དང་འཕྲད་པའི་ཚེ། ང་ཚོ་སེམས་གུ་ཡངས་པོར་གནས་དགོས། ང་ཚོས་ད་ལྟ་དེ་དག་ལ་ཚོད་དཔག་དང་ཡི་རངས་བྱེད་མི་ཐུབ་བསམས་ནའང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཁོང་ཚོའི་ཚིག་མཁྱེན་ཅིང་། དེ་དག་གི་དོན་རྟོགས་པ་བརྒྱུད་ཐབས་ལམ་མཐའ་ཡས་པའི་སྒོ་ནས་གཞན་ལ་ཕན་འདོགས་ཐུབ། ང་ཚོས་མ་འོངས་པར་དེ་ལྟར་འཛིན་པའི་ཐབས་སུ་མོས་པ་དང་ཆོད་སེམས་བརྟན་པོ་སྐྱེ་དགོས། ཇི་སྲིད་ང་ཚོས་ཆོས་ལ་མཐོང་ཆུང་དང་ཁྱད་གསོད་མི་བྱེད་པ་དེ་སྲིད་དུ་འདི་ལྟ་བུའི་མོས་པ་མེད་ནའང་ཉེས་པ་མེད། ཉུང་མཐར་ཡང་ང་ཚོས་དེ་དག་གོ་ཚོད་མེད་པ་ངོས་ལེན་བྱེད་པའི་བཏང་སྙོམ་རྒྱུན་འཛིན་བྱེད་དགོས།

༦༽ རང་བསྟོད་གཞན་སྨོད། བྱང་ཆུབ་སེམས་དཔའི་རྩ་ལྟུང་དང་པོ་ནི། ཕྲག་དོག་དང་འཐོབ་སའི་ཆེད་འདོད་ཆགས་ཀྱིས་ཀུན་ནས་བསླངས་པ། འདིར་ཀུན་སློང་ནི་ང་རྒྱལ་དང་། གཡོ་སྒྱུ། ཁེངས་དྲེགས་ཡང་ན་ཁོང་ཁྲོ་བཅས་ཡིན། ང་ཚོས་རང་ཉིད་གཞན་ལས་ལྷག་པ་ཡིན་བསམ་པའི་རྣམ་པ་འབྱེད་ཚུལ་ནོར་བའི་སྐབས་སུ་ཀུན་སློང་དེ་འདྲ་འབྱུང་གི་ཡོད།

༧༽ ཆོས་ཀྱི་དོན་དུ་མི་འགྲོ་བ། བྱང་ཆུབ་སེམས་དཔའི་རྩ་ལྟུང་གཉིས་པ་ནི། འདོད་ཆགས་དང་སེར་སྣའི་དབང་གིས་གཞན་ལ་ཆོས་མི་སྟོན་པ་དེ་ཡིན། འདིར་ཉེས་པ་ནི། ང་རྒྱལ་དང་། ཁོང་ཁྲོ། སྡང་སེམས། ལེ་ལོ། གཏི་མུག་བཅས་ལ་བརྟེན་ནས་གཞན་ལ་ཆོས་མི་སྟོན་པ་དང་། ནང་པའི་ཆོ་ག་མི་སྒྲུབ་པ། ཆོ་གའི་བྱེད་སྒོར་མི་བཅར་བ། ཆོས་ལ་མི་ཉན་པ་བཅས་ཡིན། ཀུན་སློང་དེ་འདྲ་ལ་བརྟེན་ནས་རིན་ཐང་ལྡན་པ་གང་ཡིན་ང་ཚོས་རྣམ་པར་འབྱེད་ཀྱི་མེད། ཡིན་ནའང་རང་ཉིད་དགེ་རྒན་ཞིག་མིན་བསམ་པའམ་ཧ་ཅང་ནད་ཀྱིས་མནར་བ། ཡང་ན་གང་ཉན་རྒྱུའི་ཆོས་སམ་འཆད་རྒྱུའི་ཆོས་རྣམས་ནོར་བ་ཡིན་པར་ཐེ་ཚོམ་བྱེད་པ། ཡང་ཆོས་ཞུ་བ་ཚོས་ཆོས་དེ་བསྐྱར་ལྡབ་ཡང་ལྡབ་ཀྱིས་ཉན་ཡོད་པ་དང་། ཁོང་ཚོས་སྔོན་ནས་ཤེས་ཀྱི་ཡོད་པ། དེ་ག་ནང་བཞིན་ང་ཚོར་དེ་དག་ཆ་ཚང་བ་ཐོབ་པ་དང་། དེ་དག་ལ་མཁས་པ་དཔྱིས་ཕྱིན་པར་གྱུར་ནས་དེ་དག་ལ་མུ་མཐུད་ཉན་དགོས་མེད་པ། ང་ཚོས་དམིགས་པ་རྩེ་གཅིག་ཏུ་ཆོས་ལ་མཉམ་པར་བཞག་ཡོད་པས། དེ་དག་གི་སྐོར་ལ་དྲན་སྐུལ་གཏོང་མཁན་མི་དགོས་པ། དེ་དག་ང་ཚོའི་སེམས་ནང་ཡོད་པས། ད་དུང་མང་པོ་ཉན་ན་མགོ་རྨོངས་རྒྱུ་ཁོ་ན་ལས་མེད། དེར་མ་ཟད། གལ་ཏེ་ང་ཚོ་མ་སོང་ན། དགེ་བའི་བཤེས་གཉེན་རྣམས་ཐུགས་མི་མཉེས་པར་གྱུར་བ་སྟེ། དཔེར་ན། དགེ་རྒན་དེས་ལས་དོན་གཞན་ཞིག་བྱེད་དགོས་ཞེས་བཤད་ན། ང་ཚོ་འགྲོ་ངེས་མ་རེད།

༨༽ དགེ་བའི་བཤེས་གཉེན་ལ་སྨོད་ཕྱིར་སྐད་ཡིག་ལ་བརྟེན་པའམ་ ༼དགེ་བའི་བཤེས་གཉེན་ལ་སྨོད་ཅིང་ཡི་གེ་ལ་རྟོན་པ།༽ ང་ཚོས་དགེ་བའི་བཤེས་གཉེན་གྱི་སྐད་ཡིག་སྤྱོད་སྟངས་ལ་བརྟེན་ནས་ཚོད་དཔག་བྱེད་པའི་སྐབས། མ་ནོར་བའི་སྒོ་ནས་རྣམ་པར་འབྱེད་པའི་ནུས་པ་དེ་ང་ཚོས་ཞན་དུ་གཏོང་གི་ཡོད། ཕ་རོལ་པོས་གང་འགྲེལ་བཤད་བྱེད་པ་དེ་ཏག་ཏག་འགྲིག་ཡོད་ནའང་། སྐད་ཀྱི་སྒྲ་གདངས་མཐོ་པོ་སྤྱད་དེ་སྐད་ཆ་ཤོད་མཁན་དང་། བརྡ་སྤྲོད་པའི་ནོར་འཁྲུལ་མང་དག་བཟོ་མཁན་རྣམས་ལ་ང་ཚོས་འཕྱ་སྨོད་བྱེད་པ་དང་ངོས་ལེན་མི་བྱེད་པར། དོན་སྙིང་རྩ་ནས་མེད་པའི་སྐད་ཆ་ཁ་མཁས་པོ་དང་སྙན་པོ་ཤོད་མཁན་གྱི་རྗེས་སུ་རྒྱུག་འགྲོ་གི་ཡོད།

གཞན་ལ་ཕན་འདོགས་པ་དང་འགལ་བའི་ཉེས་བྱས་བཅུ་གཉིས།

༡༽ རོགས་དགོས་མཁན་ཚོར་རོགས་མི་བྱེད་པའམ་ ༼དགོས་པའི་གྲོགས་སུ་མི་འགྲོ་བ།༽ ཁོང་ཁྲོ་དང་། སྡང་སེམས། ལེ་ལོ། གཏི་མུག །དེ་ག་ནང་བཞིན་རོགས་དགོས་མཁན་གྱི་གང་ཟག་རིཌ་བརྒྱད་གང་རུང་ལ་རོགས་མི་བྱེད་པ་སྟེ། ༡། ཚོགས་འདུ་སྐབས་ལྟ་བུར་བཟང་ཕྱོགས་ཀྱི་གནད་དོན་ཐད་ཐག་གཅོད་བྱེད་པའི་སྐབས། ༢། འགྲིམ་འགྲུལ་བྱེད་པའི་སྐབས། ༣། ང་ཚོས་ཤེས་པའི་ཕྱི་རྒྱལ་གྱི་སྐད་ཡིག་སྦྱོང་བའི་སྐབས། ༤། བཟང་སྤྱོད་ཀྱི་སྐྱོན་དང་ཉེས་པ་མེད་པའི་ལས་ཀ་བྱེད་པའི་སྐབས། ༥། ཁང་པ་དང་། ལྷ་ཁང་། ཡང་ན་དེ་དག་གི་དངོས་ཟོག་རྣམས་ལ་ལྟ་ཞིབ་བྱེད་པའི་སྐབས། ༦། འཁྲུག་རྫིང་ངམ་རྩོད་གླེང་བཀག་འགོག་བྱེད་པའི་སྐབས། ༧། གཉེན་སྒྲིག་ལྟ་བུ་དུས་སྟོན་སྲུང་རྩི་བྱེད་པའི་སྐབས། ༨། གཞན་ཕན་གྱི་དགེ་རྩའི་ལས་ཀ་བྱེད་པའི་སྐབས་བཅས་ཡིན། འོན་ཀྱང་རོགས་བྱེད་དུ་འགྲོ་མ་ཐུབ་པའི་སྐབས། གལ་ཏེ་ང་ཚོ་ནད་པ་ཡིན་པ་དང་། གཞན་ཞིག་ལ་རོགས་བྱ་རྒྱུའི་དམ་བཅའ་བཞག་ཟིན་པ། ལས་ཀ་བྱེད་ཐུབ་མཁན་གྱི་མི་གཞན་ཞིག་མངགས་གཏོང་བྱེད་པ། དེ་ལས་ཛ་དྲག་དང་གལ་ཆེ་བའི་བྱ་བ་བཟང་པོར་ཞུགས་ཡོད་པའམ། ཡང་ན་རོགས་བྱེད་མི་ཐུབ་པ་ཡིན་ན། དེས་གཞན་ལ་ཕན་འདོགས་པའི་བརྩོན་འགྲུས་ཉམས་པར་བྱེད་ཀྱི་མེད། གལ་ཏེ་བྱ་བ་དེ་གཞན་ལ་གནོད་གཞི་ཅན་དང་། ཆོས་དང་འགལ་བའམ་རྒྱུ་མཚན་དང་མི་ལྡན་པ། ཡང་ན་རོགས་དགོས་ཞེས་ཞུ་འབོད་བྱེད་མཁན་གྱི་མི་རྣམས་གཞན་ཞིག་ནས་རོགས་པ་འཚོལ་ཐུབ་མཁན་ཡིན་པའམ། ཡང་ན་ཡིད་རྟོན་རུང་བའི་གཞན་ཞིག་གིས་ཁོང་ཚོར་རོགས་བྱེད་མི་འཚོལ་ཐུབ་པ་ཡོད་ན། དེ་ལ་ཉེས་པ་མེད།

༢༽ ནད་པར་ཞབས་འདེགས་སྒྲུབ་རྒྱུར་སྣང་མེད་གཏོང་བའམ་ ༼ནད་པའི་རིམ་གྲོ་བྱ་བ་སྤོང་བ།༽ དེ་ཡང་ཁོང་ཁྲོ་དང་། སྡང་སེམས། ལེ་ལོ། གཏི་མུག་ཡོད་པའི་རྒྱུ་མཚན་གྱིས་ཡིན།

༣༽ སྡུག་བསྔལ་ཉུང་དུ་མི་གཏོང་བའམ་ ༼སྡུག་བསྔལ་སེལ་བར་མི་བྱེད་པ།༽ ཁོང་ཁྲོ་ལ་སོགས་པའི་རྒྱུ་མཚན་དེ་དག་ལ་བརྟེན་ནས་སྡུག་བསྔལ་ཉུང་དུ་མི་གཏོང་བ་སྟེ། དཀའ་ངལ་གྱིས་མནར་ཞིང་དམིགས་བསལ་ལྟ་སྐྱོང་དགོས་པའི་གང་ཟག་གི་རིགས་བདུན་ཡོད་པ་ནི། ༡། ལོང་བ། ༢། འོན་པ། ༣། ཡན་ལག་གཅོད་བྲེགས་ཟིན་པའི་གང་ཟག་དང་ཞ་བོ། ༤། ཐང་ཆད་པའི་འགྲུལ་མི། ༥། བསམ་གཏན་ལ་འགོག་རྐྱེན་བྱེད་པའི་བར་ཆད་ལྔ་གང་རུང་ལ་བརྟེན་ནས་སྡུག་བསྔལ་མྱོང་མཁན། ༦། གནོད་སེམས་དང་ཕྱོགས་ལྷུང་ཆེ་བའི་གང་ཟག ༧། གནས་རིམ་མཐོ་ས་ནས་དམའ་སར་ལྷུངས་བའི་གང་ཟག་བཅས་ཡིན།

༤༽ རང་རང་གི་གཤིས་སྤྱོད་དང་མཐུན་པའི་བག་མེད་རྣམས་ལ་ཆོས་མི་སྟོན་པའམ་ ༼བག་མེད་རྣམས་ལ་རིགས་མི་སྟོན།༽ བག་མེད་ཀྱི་གང་ཟག་རྣམས་ནི། སྤྱོད་ལམ་གྱི་རྒྱུ་དང་འབྲས་བུའི་རྣམ་གཞག་ལ་དོ་སྣང་དང་སེམས་འཁུར་མེད་མཁན་དང་། དེའི་རྗེས་འབྲས་སུ། སྤྱོད་ལམ་དེ་ལ་བརྟེན་ནས་ཚེ་རབས་འདི་དང་ཕྱི་མའི་ནང་དཀའ་སྡུག་མྱོང་བར་བྱེད་པ། གལ་ཏེ་ང་ཚོ་རང་གིས་རང་ལ་མངོན་པའི་ང་རྒྱལ་དང་བཅས་ཏེ་ཁྲོ་སེམས་ཅན་དང་ངོས་ལེན་མི་བྱེད་མཁན་ཡིན་ན། གང་ཟག་དེ་འདྲ་བར་ང་ཚོས་རོགས་བྱེད་མི་ཐུབ། དེ་དག་ལ་སྙོབ་ཐབས་སུ། ང་ཚོ་ཐབས་མཁས་པོ་དགོས་པ་དང་རང་གི་ལང་ཕྱོགས་དེ་གནས་སྟངས་བྱེ་བྲག་པ་དེར་རན་ཞིང་འཚམ་པ་ཡོང་བར་བཟོ་བཅོས་བྱེད་དགོས། དཔེར་ན། གལ་ཏེ་ང་ཚོའི་ཁྱིམ་མཚེས་དེ་འདོད་པ་ཆེ་བའི་རྔོན་པ་ཞིག་ཡིན་ན། ང་ཚོས་ཁོང་ལ་དམྱལ་བར་འཚིག་གི་རེད་ཅེས་ཚད་བརྒལ་བག་མེད་ཀྱི་སྒོ་ནས་ཆོས་ཁྲིད་བྱེད་ཀྱི་མ་རེད། མི་དེ་ང་ཚོ་དང་སླར་ཡང་འབྲེལ་བ་གང་ཡང་མེད་པ་ཞིག་ཆཌ་སྲིད། དེ་ལས་ལྡོག་སྟེ། ང་ཚོས་ཁྱིམ་མཚེས་ལ། རང་གི་ནང་མི་དང་གྲོགས་པོ་རྣམས་ཀྱི་ཆེད་དུ་ཁྱི་ར་བརྒྱག་ནས་རྔོན་ཤ་རག་རྒྱུ་ཡོད་པའི་སེམས་བཟང་གི་ལས་ཀ་བྱེད་ཀྱི་འདུག་ཅེས་བརྗོད་ནས་འཆམ་པོ་བྱེད་དགོས། དུས་ནམ་ཞིག་གི་ཚེ། ཁོ་རང་ང་ཚོའི་བསླབ་བྱར་གོ་ཤེས་ཅན་ཆགས་ན། དེ་ནས་ང་ཚོས་ག་ལེར་ངལ་གསོ་རྒྱག་སྟངས་དང་གཞན་གྱི་སྲོག་གཅོད་མི་དགོས་པའི་ཐོག་བདེ་སྐྱིད་སྐྲུན་ཚུལ་སྐོར་བསམ་འཆར་སྟོན་དགོས།

༥༽ རོགས་རམ་ཐོབ་པར་དྲིན་ལན་མི་གསབ་པའམ་ ༼བྱས་ལ་ལན་དུ་ཕན་མི་འདོགས་པ།༽ གཞན་གྱིས་རང་ཉིད་ལ་རོགས་རམ་བྱས་པ་དེའི་ལན་དུ་རོགས་པ་བྱེད་འདོད་མེད་པའམ། སེམས་ཅན་ཕན་འདོགས་པ་རྣམས་ལ་ཕན་ལན་བྱེད་མི་འདོད་པས་བྱས་པ་མི་བཟོ་ཞིང་ཕན་བཏགས་པ་མི་དྲན་པའམ་མི་སེམས་པས་བྱས་པ་མི་ཚོར་བ་ལྟ་བུ་རེད། གང་ལྟར་ཡང་། གལ་ཏེ་གཞན་དག་གི་སྣུམ་འཁོར་འཕྲོ་བརླག་ཕྱིན་ནས་བཟོ་བཅོས་བྱེད་བཞིན་པའི་སྐབས། ང་ཚོར་ཤེས་བྱ་དང་འཇོན་ཐང་མེད་པའམ་ཡང་ན་ང་ཚོ་ཧ་ཅང་ཞན་པའི་སྐབས་སུ་ལན་དུ་རོགས་རམ་བྱེད་ཐབས་བྱེད་བཞིན་པ་ལ་ཉེས་པ་མེད། དེར་མ་ཟད། རང་ཉིད་ལ་རོགས་བྱེད་མཁན་དེ་དག་གིས་ལན་དུ་ཅི་ཡང་རེ་འདོད་མི་བྱེད་པ་ཡིན་ན། ང་ཚོས་རོགས་རམ་ངོས་ལེན་བྱེད་དགོས་པའི་བཙན་དབང་བྱ་མི་ཉན།

༦༽ གཞན་གྱི་སེམས་ནང་གི་གདུང་བ་ཉུང་དུ་མི་གཏོང་བའམ་ ༼གཞན་གྱི་མྱ་ངན་སེལ་བར་མི་བྱེད་པ།༽ སྡང་སེམས་དང་། ལེ་ལོ། གཏི་མུག་དབང་གིས་གལ་ཏེ་རང་གི་བརྩེ་གྲོགས་དང་། དཔལ་འབྱོར། རྒྱུ་དངོས་སོགས་བོར་བརླག་ཕྱིན་པ་རྣམས་ལ་སེམས་གསོ་བྱ་རྒྱུ་བྱུང་མེད་ན། ང་ཚོར་ཉེས་པ་ཡོད། བློ་ཕམ་དང་སེམས་ངལ་གནོན་ཤུགས་ཅན་རྣམས་ལ་ང་ཚོའི་ལྷག་བསམ་རྣམ་དག་གི་བརྩེ་བ་དང་། སྙིང་རྗེ། བསམ་ཤེས་བཅས་དགོས་ཀྱི་ཡོད་ནའང་། ཡ་ང་སྙིང་རྗེ་དེ་མི་དགོས་ཐག་ཆོད་རེད།

༧༽ གཞན་ཕན་བྱ་ཡུལ་རྣམས་ལ་སྦྱིན་པ་མི་གཏོང་བའམ་ ༼ནོར་འདོད་པ་ལ་མི་སྦྱིན་པ།༽ དེ་ཡང་ཁོང་ཁྲོ་དང་། སྡང་སེམས། ལེ་ལོ། གཏི་མུག་དབང་གིས་ཡིན། གལ་ཏེ་སེར་སྣའི་དབང་གིས་ཡིན་ན། དེ་ནི་རྩ་ལྟུང་ཞིག་ཡིན།

༨༽ རང་ཉིད་ཀྱི་འཁོར་རྣམས་ཀྱི་དགོས་མཁོར་ལྟ་སྐྱོང་མི་བྱེད་པའམ་ ༼འཁོར་རྣམས་ཀྱི་དོན་མི་བྱེད་པ།༽ དེ་ཡང་སྡང་སེམས་དང་། ལེ་ལོ། གཏི་མུག་དབང་གིས་རང་གི་ཉེ་འཁོར་གྱི་སྤུན་ཉེ་འདུ་དང་གྲོགས་པོ་གྲོགས་མོ། ལས་རོགས། ལས་མི། སློབ་ཕྲུག་སོགས་ལ་སྣང་མེད་གཏོང་བ་ནི་ཉེས་པ་ཆེན་པོ་ཞིག་ཡིན། དམིགས་བསལ་གཞན་ལ་ཕན་འདོགས་པའི་སྤྱི་ཚོགས་ཞབས་ཞུའི་ལས་ཀ་བྱེད་སྐབས་དེ་ལྟར་སྣང་མེད་བཏང་ན་ནོར་འཁྲུལ་ཆེན་པོ་ཡིན། ཁོང་ཚོའི་ལུས་ཀྱི་དགོས་མཁོ་དང་ཆོས་ཕྱོགས་ཀྱི་བདེ་དོན་ཐད་ལ་ང་ཚོས་མཐུན་རྐྱེན་སྦྱོར་དགོས་ཀྱི་ཡོད། རང་དང་སེམས་ཐག་ཉེ་ཤོས་ཀྱི་མི་རྣམས་ཀྱི་དགོས་མཁོ་ལ་སྣང་མེད་བཏང་བ་ཡིན་ན། སེམས་ཅན་ཐམས་ཅད་ལ་ཕན་འདོགས་ཁུལ་ཇི་ལྟར་བྱེད་ཐུབ་བམ།

༩༽ གཞན་གྱི་འདོད་པ་ལྟར་མི་འགྲོ་བའམ་ ༼གཞན་གྱི་བློ་དང་མཐུན་པར་མི་འཇུག་པ།༽ ཇི་སྲིད་གཞན་གྱིས་ང་ཚོར་གང་བྱེད་པར་འདོད་པའམ་ཁོང་ཚོར་ག་རེ་འདོད་པ་དེ་རང་གཞན་གཉིས་ཀར་གནོད་གཞི་ཅན་ཞིག་མིན་པ་དེ་སྲིད་དུ་མོས་མཐུན་མི་བྱེད་པ་ནི་ཉེས་པ་ཞིག་ཡིན། མི་ཚང་མས་ཐབས་ཚུལ་མི་འདྲ་བའི་སྒོ་ནས་ལས་ཀ་བྱེད་པ་དང་རང་སོ་སོར་བྲོ་བ་མི་འདྲ་བ་རེ་རེ་ཡོད་པ་རེད། གལ་ཏེ་སྡང་སེམས་དང་། ལེ་ལོ། གཏི་མུག་དབང་གིས་ང་ཚོས་དེ་ལ་བསྔགས་བསྟོད་མི་བྱེད་པ་ཡིན་ན། ལྟོ་གང་དུ་ཟ་དགོས་མིན་སོགས་གནད་དོན་ཆུང་ཙག་རིགས་ལ་རྩོད་གླེང་བྱ་རྒྱུ་འགོ་ཚུགས་པའམ། ཡང་ན་གཞན་གྱི་དགའ་མོས་ལ་ཚོར་བ་སྐྱེན་པོ་མེད་པ་ཆགས་ནས་ཁ་ལག་མངགས་པའི་སྐབས་ཁོང་ཚོའི་མི་བདེ་བ་དང་འཁོན་སེམས་སྤེལ་བར་བྱེད་ཀྱི་ཡོད།

༡༠༽ གཞན་གྱི་རིག་རྩལ་དང་ཁྱད་ཆོས་བཟང་པོར་མི་བསྟོད་པའམ་ ༼ཡོན་ཏན་བསྔགས་པ་མི་བརྗོད་པ།༽ གཞན་གྱིས་ལས་ཀ་ཡག་པོ་བྱས་པའམ་དེ་ལྟར་གཞན་ཞིག་གིས་བཤད་པ་དང་བློ་ཁ་མཐུན་པའི་སྐབས་གཞན་ལ་བསྟོད་མ་ཐུབ་པ་ཡིན་ན། ཁོང་ཁྲོ་དང་། སྡང་སེམས། ལེ་ལོ། གཏི་མུག་དབང་གིས་གཞན་རྣམས་མུ་མཐུད་ཡར་རྒྱས་འགྲོ་བར་ང་ཚོར་ཡོད་པའི་དོ་སྣང་དང་འབད་བརྩོན་ཞན་དུ་གཏོང་གི་ཡོད། གལ་ཏེ་གཞན་རྣམས་སྒེར་རམ་མང་ཚོགས་གང་རུང་དཀྱིལ་དུ་ལེགས་སོའི་བསྔགས་བརྗོད་བྱེད་པར་ཁ་སྐྱེངས་པའམ། ཡང་ན་ཁོང་ཚོའི་གདོང་ངོས་སུ་བསྟོད་པ་བྱས་ན། ང་ཚོ་སྤོབས་པའམ་རང་མཐོང་ཅན་ཆགས་པའི་སྐབས་སོ་སོས་གང་བཤད་པ་ལ་དོགས་ཟོན་བྱེད་དགོས།

༡༡༽ གནས་སྟངས་དང་བསྟུན་ནས་ཉེས་ཆད་མི་འགལ་བའམ་ ༼རྐྱེན་དུ་འཚམ་པར་ཚར་མི་གཅོད་པ།༽ གཞན་ལ་ཕན་པའི་ཕྱིར། གལ་ཏེ་གཞན་གྱིས་བྱ་སྤྱོད་ངན་པ་སྤེལ་བ་ན། དེ་དག་ལ་སྒྲིག་ཁྲིམས་བཟོ་དགོས་རྒྱུ་གལ་ཆེན་རེད། གལ་ཏེ་སེམས་ཚོར་གྱི་དཀའ་ངལ་ལ་བརྟེན་ནས་དེ་ལྟར་བྱེད་མི་ཐུབ་པ་དང་། ལེ་ལོ་དང་གཏི་མུག་དབང་གིས་བྱེད་མི་ཐུབ་པའམ། ཡང་ན་གཅེས་སྐྱོང་མེད་པ་ཡིན་ན། ང་ཚོས་ཕན་ནུས་ལྡན་པའི་ལམ་སྟོན་ཐུབ་པའི་ནུས་པ་ཉམས་པར་བྱེད་ཀྱི་ཡོད།

༡༢༽ མཐུ་དང་རྫུ་འཕྲུལ་ལྟ་བུ་མི་སྤྱོད་པའམ་ ༼རྫུ་འཕྲུལ་སྡིག་ལ་སོགས་མི་བྱེད་པ།༽ གནས་སྟངས་བྱེ་བྲག་པའི་ནང་གཞན་ལ་ཕན་ཕྱིར་ཐབས་ལམ་དམིགས་བསལ་བ་དེ་འདྲ་དགོས་ཀྱི་ཡོད། དཔེར་ན། རྫུ་འཕྲུལ་བེད་སྤྱོད་བྱེད་པ་ལྟ་བུ། གལ་ཏེ་ང་ཚོར་དེ་འདྲ་བའི་ཐབས་ལམ་དང་ལྡན་ནའང་། དེ་དག་ཕན་ནུས་ལྡན་ཞིང་འོས་འཚམས་སྐབས་སུ་བེད་སྤྱོད་མ་བྱས་ན། ང་ཚོས་གཞན་ལ་ཕན་པའི་ནུས་པ་ཉམས་པར་བྱེད་ཀྱི་ཡོད། ང་ཚོས་གཞན་ལ་ཕན་པའི་ཕྱིར། རང་ཉིད་ལ་ཡོད་པའི་རིག་རྩལ་དང་། འཇོན་ཐང་། ནུས་མཐུ་གང་ཡོད་ཚང་མ་བེད་སྤྱོད་གཏོང་ཐབས་བྱེད་དགོས།།

Top