སྐྱབས་འགྲོའི་བསླབ་བྱའི་འགྲེལ་བ།

ང་ཚོའི་མི་ཚེའི་ནང་སངས་རྒྱས་ཆོས་དང་དགེ་འདུན་བཅས་དཀོན་མཆོག་གསུམ་ལ་དངོས་སུ་སྐྱབས་སུ་འགྲོ་ཚུལ་ཐོག་ལ་དམིགས་བཀར་བསྟན་པའི་བསླབ་བྱའི་རིགས་སྣ་ཚོགས་པ་ཡོད། དེ་དག་གིས་ཉིན་རེའི་མི་ཚེའི་ནང་ཁ་ཡོད་ལག་ཡོད་ཀྱི་སྐྱབས་འགྲོའི་ཉམས་ལེན་དང་། སྐྱབས་འགྲོ་དེ་རྒྱུན་སྐྱོང་བའི་ཆེད་དོན་ངོ་མར་གང་བྱེད་དགོས་པ་བཅས་གསལ་པོར་སྟོན་གྱི་ཡོད།

དེའི་ཕྱིར་སྐྱབས་འགྲོའི་བསླབ་བྱ་གཉིས་ཡོད་དེ། གཅིག་ནི་གནའ་བོའི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཐོགས་མེད་ཀྱིས་མཛད་པའི་བསྟན་བཅོས་གཏན་ལ་དབབ་པ་བསྡུ་བ་ཞེས་པ་ལས་བྱུང་བ་དང་། གཞན་དེ་ནི་མན་ངག་ལས་བྱུང་བའི་བསླབ་བྱ་ཡིན། མན་ངག་ཅེས་བྱ་བ་དེ་སྔ་རབས་ཀྱི་བསྟན་བཅོས་བྱེ་བྲག་ཅིག་ནས་བྱུང་བ་དེ་འདྲ་མིན་པར། དེ་ནི་བྲིས་པའམ་ཡིག་ཐོག་ཏུ་འཁོད་པ་ཡིན་ཆོག་ལ་ངག་ཐོག་ནས་བརྒྱུད་པའི་ལུང་བརྒྱུད་ཀྱང་ཡིན་ཆོག །བསླབ་བྱ་དེ་གཉིས་རེ་རེ་ལ་དབྱེ་བ་གཉིས་ཡོད་དེ། དཀོན་མཆོག་གསུམ་པོ་སོ་སོའི་བསླབ་བྱ་དང་དཀོན་མཆོག་གསུམ་པོ་ཐུན་མོང་གི་བསླབ་བྱ་བཅས་གཉིས་ཡིན།

སློབ་དཔོན་ཐོགས་མེད་ཀྱི་གྲངས་འདྲེན།

དང་པོ་སློབ་དཔོན་ཐོགས་མེད་ཀྱི་བསྟན་བཅོས་ནས་བྱུང་བའི་བསླབ་བྱ་ཁག་ཞུ་བ་ལ། དེའི་དབྱེ་བ་གཉིས་པོ་རེ་རེ་ལ་བསླབ་བྱ་བཞི་སྟེ། བཞི་ཚན་གིས་ཡོད་དེ།

དགེ་བའི་བཤེས་གཉེན་ཞིག་བསྟེན་རྒྱུ་ཁས་ལེན་བྱེད་པ།

སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང་མཚུངས་པའི་བསླབ་བྱ་ནི། ང་ཚོས་སྙིང་ཐག་པ་ནས་དགེ་བའི་བཤེས་གཉེན་ཞིག་བསྟེན་དགོས། དེའི་རྒྱུ་མཚན་གཙོ་བོ་ནི་ང་ཚོར་མིག་དཔེ་བལྟ་འོས་ཤིག་ནས་བྱིན་རླབས་སམ་སེམས་སྐུལ་དགོས་ཀྱི་ཡོད། དེའི་ཆེད་དུ་ང་ཚོར་དགེ་བའི་བཤེས་གཉེན་ཞིག་དགོས། དགེ་བའི་བཤེས་གཉེན་ནི་ང་ཚོར་གནས་ཚུལ་ཆ་འཕྲིན་ཙམ་གནང་མཁན་དེ་མིན། གནས་ཚུལ་ཆ་འཕྲིན་གྱི་རིགས་ནི་ང་ཚོར་དཔེ་དེབ་དང་དེང་སང་དྲྭ་རྒྱ་ནས་རག་ཐུབ། དགེ་བའི་བཤེས་གཉེན་ནི། ཁོང་རྣམ་པ་འཚོ་བཞུགས་ཀྱི་མིག་དཔེ་བལྟ་འོས་ལ་བརྟེན་ནས་ང་ཚོ་ལ་དངོས་གནས་དྲང་གནས་སེམས་སྐུལ་གནང་བ་དང་། ང་ཚོས་ནོར་འཁྲུལ་རིགས་བྱེད་པའི་སྐབས། དེ་དག་ལ་ནོར་བཅོས་ཡོ་བསྲང་བྱེད་པ་དང་རང་ཉིད་ལ་དྭོགས་འདྲི་གང་ཞིག་ཡོད་པ་ལ་ལན་འདེབས་གནང་མཁན་དེ་ཡིན།

གལ་ཏེ་ང་ཚོས་དགེ་བའི་བཤེས་གཉེན་ཞིག་ད་དུང་རྙེད་མེད་ན། ང་ཚོས་གཅིག་རྙེད་ཐབས་སུ་འབད་བརྩོན་བྱེད་དགོས། དེ་ནི་དམིགས་བསལ་ང་ཚོར་གདམ་ཀ་ཚད་བཀག་ལས་མེད་པའི་སྐབས། ཧ་ཅང་དཀའ་ལས་ཁག་པོ་ཆགས་སྲིད། དེ་ཡང་ང་ཚོ་གནས་སྡོད་བྱེད་ས་ལ་དགེ་བའི་བཤེས་གཉེན་མང་པོ་ཕེབས་ཀྱི་མེད་པ་དེ་འདྲའང་ཡིན་སྲིད་པ་དང་། ཁོང་རྣམས་ཕེབས་ཀྱི་ཡོད་ནའང་། ཉིན་མ་ཁ་ཤས་ལས་མི་བཞུགས་པར་ས་ཆ་གཞན་དུ་ཆོས་འཁྲིད་ཀྱི་ཕྱོགས་སྐྱོད་ལ་ཕེབས་འགྲོ་གི་ཡོད། ཡང་སློབ་མ་ཧ་ཅང་མང་བའི་རྐྱེན་གྱིས་དགེ་བའི་བཤེས་གཉེན་དེ་དག་གིས་ང་རང་ཚོ་མི་རེ་ངོ་རེར་འབྲེལ་བ་གནང་བ་དང་གདམས་ངག་གནང་རྒྱུའི་དུས་ཚོད་མེད་སྲིད། འོན་ཀྱང་དགེ་བའི་བཤེས་གཉེན་རིམ་པ་མི་འདྲ་བ་མང་པོ་ཡོད། ང་ཚོར་གནས་ཚུལ་མཁོ་སྤྲོད་དང་རང་ཉིད་མ་ནོར་བར་འདུག་སྟངས་སོགས་ལམ་སྟོན་གནང་མཁན་གྱི་དགེ་བའི་བཤེས་གཉེན་ཡོད་ཆོག་ལ་སློབ་ཚན་གོ་བསྡུར་ཙམ་ལ་རོགས་གནང་མཁན་གྱི་དགེ་རྒན་དང་། དེ་བཞིན་ང་ཚོར་སྡོམ་པ་གནང་བ་དང་ཆོས་ཀྱི་ལམ་དུ་བགྲོད་པའི་སྐབས་བསླབ་བྱ་གནང་བ་སོགས་ཆོས་ཕྱོགས་དང་འབྲེལ་བའི་ལམ་སྟོན་ངོ་མ་གནང་མཁན་གྱི་དགེ་བའི་བཤེས་གཉེན་ཀྱང་ཡོད། ང་ཚོས་དེ་དག་ཐམས་ཅད་ལས་བསླབ་བྱ་ལེན་པ་དང་སློབ་སྦྱོང་བྱེད་ཆོག

འོན་ཀྱང་སྐབས་འདིར་ང་ཚོས་གང་གི་སྐོར་ཤོད་ཀྱིན་ཡོད་ཅེ་ན། ང་ཚོར་རང་ངོས་ནས་སེམས་སྐུལ་གནང་མཁན་གྱི་དགེ་བའི་བཤེས་གཉེན་སྐོར་ཤོད་ཀྱིན་ཡོད། ང་ཚོས་དེ་ལྟ་བུའི་དགེ་བའི་བཤེས་གཉེན་ལ་སྙིང་ཐག་པ་ནས་བསྟེན་གྱི་ཡོད། གང་ཟག་དེས་གཞན་སུ་གཅིག་ལའང་སེམས་སྐུལ་དེ་ལྟར་གནང་མེད་སྲིད། དེའི་རྒྱུ་མཚན་ནི། མི་གཞན་དག་གིས་དགེ་བའི་བཤེས་གཉེན་ཞིག་ཧ་ཅང་རླབས་ཆེན་དང་ཁྱད་པར་དུ་འཕགས་པ་བརྩི་བ་ལ་བརྟེན་ནས་ང་ཚོས་མཐོང་སྣང་དེ་མཉམ་སྤྱོད་བྱ་རྒྱུ་ཡིན་པའི་དོན་མ་རེད། འདིར་ནུབ་ཕྱོགས་པའི་ཐུན་མིན་གྱི་ཚིག་བེད་སྤྱོད་བྱས་ན། དགེ་སློབ་དབར་ལ་སྒེར་གྱི་ཐོག་ནས་ཕན་ཚུན་སེམས་ཚོར་གྱི་འབྲེལ་བ་ཞིག་ཡོད་དགོས། ནང་པའི་ཐུན་མིན་གྱི་ཚིག་བེད་སྤྱོད་བྱས་ན། དགེ་སློབ་དབར་ལ་ལས་ཀྱི་འབྲེལ་བ་ཞིག་དགོས་ཀྱི་ཡོད། ཧ་ཅང་སེམས་སྐུལ་གནང་མཁན་གྱི་དགེ་བའི་བཤེས་གཉེན་དེས་ཆོས་ཀྱི་ལམ་ཡོངས་སུ་རྫོགས་པའི་ནང་མུ་མཐུད་བསྐྱོད་པར་ང་ཚོར་ནུས་པ་དང་སེམས་ཤུགས་སྦྱིན་གྱི་ཡོད།

ང་ཚོའི་མིག་དཔེ་ལྟ་འོས་ཀྱི་གང་ཟག་དེ་ང་ཚོར་ཆོས་དང་སྒེར་གྱི་ལམ་སྟོན་མང་པོ་ཐོབ་སའི་དགེ་བའི་བཤེས་གཉེན་ཡིན་མི་དགོས། དེ་ནི་ང་ཚོས་ནམ་ཡང་དངོས་སུ་མཇལ་མྱོང་མེད་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྟ་བུ་ཡིན་ཆོག །གལ་ཏེ་ང་ཚོས་༧གོང་ས་མཆོག་གི་གསུང་ཆོས་ལ་བཅར་བ་དང་། གསུང་སྒྲ་འཇུག་བྱས་པ་རྣམས་ཉན་པའམ་དཔེ་དེབ་ཀློག་པ་བཅས་ཡག་ག་ཡོད་པ་ཤོད་མི་དགོས།

སྐྱབས་སུ་འགྲོ་བ་ལ་ཆ་བཞག་ན། འགྲོ་སྟངས་འགྲོ་ལུགས་ལྟར་གྱི་ཆོ་གའི་རིམ་པ་ཞིག་ཡོད། ང་ཚོས་གལ་ཆེའི་བྱུང་བའི་ནང་སྐྱབས་སུ་འགྲོ་བ་ནི་རང་སོ་སོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་དངོས་སུ་བསྟེན་པའམ་སྐྱབས་སུ་འགྲོ་གི་ཡོད་ཅེས་འགྲོ་ལུགས་དང་བསྟུན་གྱི་ཡོད། དེ་ནི་དགེ་བའི་བཤེས་གཉེན་ཞིག་ལ་བརྟེན་ནས་བྱེད་དགོས་ནའང་། གང་ཟག་དེ་རང་ཉིད་ཀྱི་དགེ་བའི་བཤེས་གཉེན་ཆགས་དགོས་པའི་དོན་མིན། ཁོང་ཚོས་ང་ཚོར་ལམ་ཁ་སྟོན་ཡོད་པ་སོང་ཙང་། གུས་ཞབས་བྱེད་དགོས། འོན་ཀྱང་ཁོང་ཚོ་དམིགས་བསལ་སེམས་སྐུལ་སྦྱིན་མཁན་ཞིག་ཏུ་ང་ཚོས་མཐོང་མེད་སྲིད། ཡང་དགེ་བའི་བཤེས་གཉེན་དེས་བརྒྱུད་པ་འཛིན་པའི་ནང་པའི་སྲོལ་རྒྱུན་ནང་འཛུལ་ཞུགས་བྱས་པའི་དོན་ཀྱང་མིན། ང་ཚོ་གང་ཟག་དེའི་སྐྱིད་སྡུག་ཚོགས་པ་ལྟ་བུའི་ནང་འཛུལ་ཞུགས་བྱས་མེད་ལ། ཁོང་ཚོའི་ཆོས་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ལྟ་བུ་ཁོ་ནའི་ཆ་ཤས་ཚུད་པ་དེ་འདྲ་མིན། ང་ཚོས་སངས་རྒྱས་དང་། ཆོས། དགེ་འདུན་གསུམ་ལ་སྐྱབས་སུ་འགྲོ་གི་ཡོད། ཆོ་ག་གསུང་གནང་མཁན་གྱི་གང་ཟག་དེ་ལ་སྐྱབས་སུ་འགྲོ་གི་མེད།

སླར་ཡང་ཞུས་ན། ང་ཚོས་ཉེན་མེད་ཀྱི་ཁ་ཕྱོགས་དེའི་ནང་འགྲོ་བའི་སྐབས། མིག་དཔེ་སྟོན་མཁན་དང་སེམས་སྐུལ་གནང་མཁན་གྱི་དགེ་བའི་བཤེས་གཉེན་ཞིག་དགོས་རྒྱུ་ནི་གལ་ཆེན་པོ་ཡིན། སྲོལ་རྒྱུན་གྱི་གཞུང་ལུགས་ལྟར་བྱས་ན། དགེ་བའི་བཤེས་གཉེན་གྱི་བྱེད་ལས་གཙོ་བོ་ནི། ཆོས་ཀྱི་ལམ་ལ་འཇུག་འགོ་བཙུགས་པ་དང་། ལམ་དུ་མུ་མཐུད་རྒྱུན་སྲིང་བ། ལམ་དེ་མཐར་ཕྱིན་པ་ཞིག་ཡོང་བར་ང་ཚོར་སེམས་སྐུལ་དང་ནུས་པ་སྦྱིན་རྒྱུ་དེ་ཡིན། བསམ་བློའི་རྣམ་གཞག་གི་ཐོག་ནས་ང་ཚོར་སེམས་སྐུལ་དེ་སངས་རྒྱས་ཤཱཀྱ་ཐུབ་པ་དང་འཕགས་པའི་གང་ཟག་རྣམས་ཀྱི་དཔེ་མཚོན་ཁག་ལ་བརྟེན་ནས་ཐོབ་ཐུབ་ནའང་། ང་ཚོ་མང་ཆེ་བ་ལ་དེ་དག་འབྲེལ་བ་མཐུད་རྒྱུ་གང་ལ་གང་འཚམས་ཀྱི་ཁག་པོ་ཡོད་པ་དང་། ང་ཚོའི་རྒྱུན་ལྡན་གྱི་ཉིན་རེའི་མི་ཚེའི་ནང་ཁོང་རྣམ་པ་སུ་གཅིག་དང་མཇལ་འཕྲད་ཡོང་གི་མེད།

ནང་ཆོས་ལ་སྦྱོབ་གཉེར་བྱེད་པ།

ཆོས་ཀྱི་ཁ་ཕྱོགས་དེ་ང་ཚོའི་མི་ཚེའི་ནང་རྒྱུན་བསྲིང་བར། ཐོག་མར་ང་ཚོས་སངས་རྒྱས་ཀྱི་ཆོས་ལ་སྦྱོང་བརྡར་དང་སློབ་གཉེར་བྱེད་དགོས། དེ་ནི་ཧ་ཅང་གལ་ཆེན་པོ་རེད། ༧གོང་ས་༧སྐྱམས་མགོན་ཆེན་པོས་ཡང་ནས་ཡང་དུ་ནན་གྱིས་ཆོས་ལ་ཐོས་བསམ་སློབ་གཉེར་མ་བྱས་ན། ང་ཚོས་གང་ཡང་ཤེས་ཀྱི་མ་རེད་ཅེས་གསུང་གི་ཡོད། ང་ཚོས་ཆོ་ག་ཕྱག་ལེན་སོགས་བྱེད་སྲིད་ཀྱང་། དེ་ནི་དེ་དག་གི་གོ་དོན་མ་རྟོགས་པར་བྱེད་ཀྱི་རེད། སྟབས་མ་ལེགས་པ་ཞིག་ལ་དེ་ལྟ་བུའི་ཆོ་ག་སོགས་ལ་བརྟེན་ནས་འབྲས་བུ་ཡག་པོ་ཞིག་མི་ཡོང་།

སྐྱབས་སུ་འགྲོ་བར་ང་ཚོས་ཁ་ཕྱོགས་དེ་གང་ཡིན་ཤེས་དགོས། ང་ཚོས་ཐབས་ལམ་ཁག་གང་དག་ཡིན་ཐོས་བསམ་སློབ་གཉེར་བྱེད་དགོས། དེ་འདྲའི་ཤེས་རྒྱ་དང་མི་ལྡན་པར་ང་ཚོས་ཁ་ཕྱོགས་དེར་ཇི་ལྟར་འགྲོ་ཐུབ་བམ། དཔེར་ན། ང་ཚོས་དཔེ་དེབ་ཀློག་འདོད་ཡོད་ན། ཀློག་སྟངས་སྦྱོང་དགོས་པ་ལྟ་བུ་རེད། དེ་ལས་གཞན་པའི་ཐབས་ཤིག་མེད།

ཉོན་མོངས་སྤོང་ཕྱིར་དམིགས་བསལ་ཆོས་ལ་དམིགས་པ་གཏད་པ།

ཆོས་དཀོན་མཆོག་དང་འབྲེལ་བའི་བསླབ་བྱ་གཉིས་པ་ནི། ང་ཚོའི་རིག་པ་རྩེ་སྒྲིམ་གྱི་དམིགས་པ་གཏད་ཡུལ་དེ་ཡང་ཉོན་མོངས་ལས་ཐར་བའི་ཕྱིར་དམིགས་སུ་བཀར་ནས་བསྟན་པའི་ཆོས་ཚུལ་རྣམས་ཡིན། དེ་དག་ནི་བརྗོད་གཞི་སྣ་ཚོགས་པ་དང་ལྡན་པའི་ཆོས་ཚུལ་གྱི་སྐོར་ཡིན། སྐྱེ་གནས་སམ་ཁམས་མི་འདྲ་བ་རེ་རེའི་ནང་གི་ཚེ་ཚད་ཀྱི་སྐོར་སྦྱོང་རྒྱུ་དང་ཤེས་རྒྱུ་ཡག་པོ་ཞིག་ཡིན་སྲིད་ནའང་། དེ་དག་གིས་དཔེར་ན། ཁོང་ཁྲོ་དང་། འདོད་རྔམ། རང་འདོད་དོན་གཉེར་བཅས་ལས་ཐར་བར་ཐད་ཀར་ཕན་གྱི་མ་རེད། མཐར་ཐུག་གི་ཆོས་དཀོན་མཆོག་སྟེ། འགོག་བདེན་དང་ལམ་བདེན་ལ་སྐྱབས་སུ་འགྲོ་བ་དང་། ཆོས་ཀྱི་ནང་དུ་ང་ཚོས་ཉོན་མོངས་ཅན་གྱི་སེམས་ཚོར་ལས་ཐར་བར་ཕན་ཐོགས་ཡོད་པའི་ཁྱད་ཆོས་དེ་དག་གི་ཐད་ལ་ནན་བརྗོད་བྱེད་དགོས།

འཕགས་པའི་དགེ་འདུན་གྱི་མིག་དཔེ་བཟང་པོའི་རྗེས་སུ་འབྲང་བ།

དེའི་རྗེས་སུ་དགེ་འདུན་དཀོན་མཆོག་སྟེ། འཕགས་པའི་དགེ་འདུན་ནམ་རྟོགས་པ་མཐོན་པོར་བརྙེས་པའི་ཉམས་ལེན་པ་རྣམས་ལ་གོ་བ་ཡིན། དགེ་འདུན་གྱི་ཉེན་མེད་ཁ་ཕྱོགས་སམ་སྐྱབས་འགྲོ་རྒྱུན་སྐྱོང་བར། བསླབ་བྱ་ནི་ཁོང་རྣམས་ཀྱི་མིག་དཔེ་བཟང་པོའི་རྗེས་སུ་འབྲང་རྒྱུ་དེ་རེད། ང་ཚོས་སྐབས་འདིར་རབ་ཏུ་བྱུང་བ་རྣམས་ཀྱི་དཔེ་མཚོན་སྐོར་ཤོད་ཀྱི་མེད། ང་ཚོ་གྲྭ་པ་དང་བཙུན་མ་ཆགས་དགོས་ཀྱི་མེད། གང་ལྟར་ཡང་། རྟོགས་པ་མཐོན་པོར་བརྙེས་པའི་གང་ཟག་དེ་རབ་ཏུ་བྱུང་བ་ཡིན་ཆོག་ལ་མིན་ཀྱང་ཆོག །དེའི་བརྗོད་དོན་གང་རེད་ཅེ་ན། ང་ཚོས་ཁོང་རྣམས་ཀྱི་མིག་དཔེ་བཟང་པོའི་རྗེས་སུ་འབྲང་དགོས་ཀྱི་ཡོད། མིག་དཔེ་བཟང་པོ་དག་ནི་བསླབ་པ་སློབ་གཉེར་དང་། སྒྲུབ་པ་ཉམས་ལེན། བརྩོན་འགྲུས་ཧུར་ཐག་བྱེད་པ་རྣམས་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་ཁོང་ཚོས་རྟོགས་པ་བརྙེས་པ་རེད། རྟོགས་པ་གང་བརྙེས་ཡོད་ཅེ་ན། རྟོག་མེད་ཀྱི་སྒོ་ནས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་དང་འཕགས་པའི་བདེན་པ་བཞི་སོགས་ཁོང་དུ་ཆུད་པ་རེད། དེ་ནས་ཁོང་ཚོས་རང་གི་འཐོབ་བྱར་གྱུར་བའི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མུ་མཐུད་ཇི་ལྟར་བརྩོན་འགྲུས་བསྟེན་གྱི་ཡོད་པ་སོགས་ནི་ང་ཚོས་རྗེས་སུ་འབྲང་དགོས་པའི་མིག་དཔེ་བཟང་པོ་རྣམས་ཡིན།

ཉིན་རེའི་མི་ཚེའི་ནང་བསླབ་བྱ་བཞིའི་འབྲེལ་བ།

ཉིན་རེའི་མི་ཚེའི་ནང་བསླབ་བྱ་བཞིའི་འབྲེལ་བ་གང་ཡོད་དམ། དེ་དག་ཇི་ལྟར་སྤྱོད་དགོས་པའི་ཐོག་བརྟག་དཔྱད་བྱ་རྒྱུ་ཡིན། ང་ཚོར་དཔེ་འོས་ཀྱི་དགེ་བའི་བཤེས་གཉེན་ཞིག་དགོས་པ་དང་། གནས་སྟངས་སྡུག་པོའི་སྐབས་སུ་ཁོང་རྣམས་ཀྱིས་སེམས་སྐུལ་སྦྱིན་གྱི་ཡོད། ང་ཚོས་ཆོས་ཀྱི་ཐབས་ལམ་ཁག་སྦྱོང་བཞིན་པ་དང་ཁོང་ཁྲོ་དང་། འདོད་རྔམ། རང་འདོད་དོན་གཉེར་སོགས་ལ་ཕན་འདོགས་ཐུབ་པའི་ཐབས་ལམ་ཁག་ལ་དམིགས་པ་གཏད་ཀྱི་ཡོད། ང་ཚོས་འཕགས་པའི་དགེ་འདུན་གྱི་རྗེས་སུ་འབྲངས་ནས་དཀའ་ངལ་ག་དུས་བྱུང་ནའང་དུས་རྟག་ཏུ་ཆོས་ཉམས་སུ་ལེན་ཐབས་བྱེད་ཀྱི་ཡོད། ཐ་ན་དཀའ་ངལ་གྱི་རིགས་འབྱུང་གི་མེད་ནའང་། ང་ཚོས་འབྱུང་བཞིན་པའི་དཀའ་ངལ་རྣམས་སྤོང་བའི་ཕྱིར་སྔོན་འགོག་གི་ཐབས་ལམ་ལྟ་བུ་མུ་མཐུད་ནས་བསྟེན་གྱི་ཡོད། ང་ཚོས་གཉིས་སྣང་མེད་པའི་སྒོ་ནས་དེ་ལྟར་བྱེད་ཀྱི་ཡོད།

ང་ཚོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་སམ་སྐྱབས་སུ་འགྲོ་བའི་ཉམས་ལེན་གྱི་གཞི་རྟེན་དུ་གྱུར་བ་ནི། ང་ཚོར་གནས་སྟངས་ཇེ་སྡུག་ཏུ་འགྲོ་བར་མི་འདོད་པའི་ཀུན་སློང་དེ་ཡིན། གལ་ཏེ་ང་ཚོས་ཁ་ཕྱོགས་འདིའི་ནང་ཕྱིན་ན། དེས་ང་ཚོ་མི་བདེ་སྐྱིད་དང་ལྡན་པ་ཞིག་དང་སྡུག་བསྔལ་སྤོང་བར་ཕན་གྱི་ཡོད་པ་ང་ཚོས་ཤེས། དེའི་སྒང་ལ་དེ་འདྲའི་ལམ་ནས་བྱ་སྤྱོད་སྤེལ་བ་དེ་ཡང་དག་པ་ཞིག་ཡིན་པ་ཚོར་གྱི་ཡོད། དེ་ནས་ང་ཚོ་སྔར་ལས་སྐྱིད་པ་དང་སེམས་ཀྱི་ཞི་བདེ་ཆེ་བ་ཚོར་གྱི་ཡོད། ང་ཚོ་མི་ཚེའི་ནང་འབྱུང་བའི་དཀའ་སྡུག་མྱོང་མཁན་ཙམ་ཞིག་མིན། ང་ཚོས་དཀའ་ངལ་དེ་དག་ལས་ཐར་ཐབས་བྱེད་ཀྱི་ཡོད་པ་དང་། ང་ཚོས་སངས་རྒྱས་དང་། ཆོས། དགེ་འདུན་བཅས་ལ་སྐྱབས་སུ་འགྲོ་བ་ལ་བརྟེན་ནས་དེ་དག་ལས་ཐར་བའི་ཐབས་ལམ་སྟོན་པ་དང་། སེམས་སྐུལ་དང་ནུས་ཤུགས་སྦྱིན་གྱི་ཡོད།

དབང་ཤེས་ཀྱི་ཚོར་བ་བདེ་བའི་རྗེས་སུ་སྙེག་པ་ལས་ཡིད་ཕྱིར་ཕྱོགས་པར་བྱེད་པ།

དཀོན་མཆོག་གསུམ་ཀར་ཆ་ཚང་བའི་སྒོ་ནས་སྐྱབས་སུ་འགྲོ་བ་དང་འབྲེལ་བའི་ཐོག་བཤད་ན། ཐོག་མར་ང་ཚོས་སོ་སོའི་སེམས་དེ་དབང་ཤེས་ཀྱི་ཚོར་བ་བདེ་བའི་རྗེས་སུ་སྙེག་པ་ལས་ཡིད་ཕྱིར་ཕྱོགས་པར་བྱེད་དགོས་ཤིང་། ང་ཚོའི་མི་ཚེའི་ནང་གི་བྱ་བ་གཙོ་བོའི་ཚུལ་དུ་དེའི་ཚབ་ལ་སོ་སོ་ཡར་རྒྱས་གོང་འཕེལ་གཏོང་ཆེད་འབད་བརྩོན་བྱེད་དགོས། ངའི་དགེ་བའི་བཤེས་གཉེན་ནང་གི་གཅིག་སྟེ། དགེ་བཤེས་ངག་དབང་དར་རྒྱས་ལགས་ཀྱིས། “ང་ཚོས་འཁོར་བའི་ནང་གི་ཡུལ་སྐོར་སྤྲོ་འཆམ་པ་ཞིག་བྱ་རྒྱུ་འཚམས་འཇོག་བྱེད་དགོས།” ཞེས་གསུང་གནང་གི་རེད། འདི་ནི་འཁོར་བའི་ནང་གི་མི་ཚེས་ང་ཚོར་མཁོ་སྤྲོད་བྱེད་ཐུབ་པའི་གོ་སྐབས་སྣ་ཚོགས་པ་མྱོང་དགོས་གལ་མིན། དབང་ཤེས་ཀྱི་ཚོར་བ་བདེ་བའི་རྗེས་སུ་སྙེག་པ་དེས་འགྱུར་བའི་སྡུག་བསྔལ་ཟེར་བ་དེ་སྐྲུན་གྱི་ཡོད། དེའི་རྒྱུ་མཚན་ནི། ང་ཚོས་ཚོར་བ་དེ་དག་ལ་དཔྱད་པའི་སྐབས། དེ་དག་ནམ་ཡང་ཡུན་དུ་མི་གནས་ཤིང་འདོད་བློ་ཚིམ་གྱི་མེད། ང་ཚོར་རྟག་ཏུ་གང་མང་མང་དགོས་ཀྱི་ཡོད་པ་དང་། དུས་གཅིག་ལ་ང་ཚོར་མང་དྲགས་ན་ན་གི་ཡོད། དཔེར་ན། གལ་ཏེ་ང་ཚོས་སོ་སོའི་ཟས་དགའ་ཤོས་དེ་བཟས་པས་བདེ་བ་ངོ་མ་ཞིག་ཡོང་གི་ཡོད་ན། དུས་གཅིག་གི་ནང་ང་ཚོས་ཇི་ཙམ་མང་བ་བཟས་པ་དེའི་ཚོད་ཀྱིས་ང་ཚོ་སྐྱིད་པ་ཚོར་དགོས། འོན་ཀྱང་དེ་ལྟར་མི་ཡོང་བར། ཚད་བཀག་ཅིག་ཡོད་པ་གསལ་པོ་རེད།

དེའི་ལྡོག་ཕྱོགས་སུ་ང་ཚོས་རང་ཉིད་ཡར་རྒྱས་གཏོང་རྒྱུ་གཙོ་བོར་བཟུང་ནས་སེམས་ཀྱི་ཞི་བདེ་མེད་པ་བཟོ་བའི་རྒྱུ་དེ་གང་ཡིན་པ་ལས་ཐར་ཐབས་བྱེད་སྐབས། དེ་ནས་དེའི་འབྲས་བུའི་ཚུལ་དུ་ང་ཚོར་སེམས་ཀྱི་ཞི་བདེ་མང་བ་ཡོང་གི་ཡོད། ང་ཚོ་བརྟན་ཆ་ཆེ་བའི་སྒོ་ནས་སྐྱིད་པ་ཡོང་གི་རེད། དེ་ཡང་འཁྲིག་སྦྱོར་གྱི་ལས་ལ་འཇུག་པ་ནང་བཞིན་ཡིད་དབང་འགུག་པ་ཞིག་མེད་སྲིད་ཀྱང་། སེམས་ཀྱི་ཞི་བདེ་ལས་བྱུང་བའི་བདེ་སྐྱིད་དེ་ནི་རྦད་དེ་བརྟན་པ་དང་ཉེན་སྲུང་ཆེ་བ་ཡོད།

དེ་ནི་ང་ཚོས་སྤྲོ་སྐྱིད་བྱ་རྒྱུ་དང་། ཟས་ཞིམ་པོ་བཟའ་རྒྱུ། འཁྲིག་སྤྱོད་མྱོང་རྒྱུ་བཅས་མཐའ་གཅིག་ཏུ་སྤོང་དགོས་ཞེས་པའི་དོན་མིན། ང་ཚོས་སོ་སོའི་དངུལ་སོགས་ཡོད་དོ་ཅོག་སྤོང་མི་དགོས། འདིའི་དོན་དག་གང་རེད་ཅེ་ན། ང་ཚོས་དབང་ཤེས་ཀྱི་ཚོར་བ་བདེ་བ་དེ་དག་ལྟ་སྟངས་བྱེ་བྲག་ཅིག་གི་ནང་འཇོག་དགོས། སྐབས་རེར་ང་ཚོས་ལས་དོན་ཕན་ནུས་ལྡན་པའི་སྒོ་ནས་བྱེད་ཐུབ་པར་ངལ་གསོ་རྒྱག་དགོས། འོན་ཀྱང་ང་ཚོས་ངལ་གསོ་དེ་ཕལ་ཆེར་སྨན་དང་འདྲ་བ་རྒྱག་དགོས། དཔེར་ན། ང་ཚོས་ཟས་སྦྱིན་པའི་སྨོན་ལམ་མམ་མཆོད་པ་འབུལ་བའི་སྐབས། “ཁ་ཟས་སྨན་དང་འདྲ་བར་རིགས་པ་ཡིས། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། །རྒྱག་ཕྱིར་མ་ལགས་བསྙེམས་པའི་ཕྱི་མ་ལགས། །མཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར་” ཞེས་གསུངས་ཡོད་དེ། ངས་ཟས་འདི་འདོད་རྔམ་དང་ཆགས་ཞེན་གྱི་སྒོ་ནས་བཟའ་གི་མེད། འོན་ཀྱང་གཞན་དོན་མུ་མཐུད་བསྒྲུབ་ཐུབ་པའི་ནུས་ཤུགས་མང་བ་སྦྱིན་པའི་ཕྱིར་སྨན་དང་འདྲ་བར་སྤྱོད་ཀྱི་ཡོད་ཅེས་པ་དེ་རེད།

གལ་ཏེ་ང་ཚོས་གློག་བརྙན་བལྟ་བར་འགྲོ་བ་སོགས་ངལ་གསོའམ་ལྷོད་དལ་གང་འདྲ་ཞིག་བྱེད་རུང་དེ་སོ་སོའི་ནུས་པ་བསྐྱར་དུ་སྐྱེད་པར་བྱེད་པའི་སྨན་ལྟ་བུ་བལྟས་ན། དེས་འགྲིག་གི་ཡོད། ལྟ་སྟངས་འདི་ལ་བརྟེན་ནས་རྗེས་སྙེག་བྱེད་པའི་བར་སེང་དེའི་རིགས་ཚད་ངེས་ཅན་ཞིག་གི་ནང་དུ་རན་ཚོད་གནས་པ་དང་། དེ་ལས་ཐོབ་ཡོད་སྲིད་པའི་བདེ་བ་ལ་ང་ཚོས་ཚད་ལས་བརྒལ་བའི་རྒྱ་ཆེ་རུ་གཏོང་གི་མ་རེད།

མི་སུ་འདྲ་ཞིག་གིས་མི་ཚེའི་མཐའ་མཇུག་ཏུ་རྩེད་ཆས་མང་ཤོས་བསགས་ཡོད་པ་དང་། རྒྱུ་དངོས་མང་ཤོས་གསོག་མཁན་དེ་རྒྱལ་ཁ་ཐོབ་ཀྱི་ཡོད་ཅེས་པའི་ཆོབ་ཅིག་ཤོད་སྲོལ་ཡོད། དེ་འདྲ་ཞིག་མ་རེད། ང་ཚོའི་མི་ཚེའི་དོན་སྙིང་ཡོངས་སུ་རྫོགས་པ་ནི་འཕྲུལ་ཆས་ཆུང་རྩག་རིགས་དང་གློག་གི་ཡོ་བྱད་གང་མང་གསོག་པའམ། ཡང་ན་གཞན་ལས་མང་བའི་གློག་བརྙན་བལྟས་ཡོད་པ། ཡང་ན་ཁྱེད་ཀྱི་དངུལ་ཁང་ནང་གཞན་ལས་མང་བའི་དངུལ་གྲངས་གསོག་ཡོད་པ། ཡང་མིན་ན་ང་ཚོས་གཞན་དག་ལས་མང་བའི་ཟས་ཀྱི་རིགས་ཡ་མཚན་ཅན་དེ་འདྲ་བཟས་ཡོད་པ་ལྟ་བུ་མ་རེད། དེ་ནི་མི་ཚེའི་དོན་སྙིང་དེ་མིན། ཡིན་ནམ། དེ་དག་གང་གིས་ཀྱང་ང་ཚོར་གཏན་དུ་འདོད་བློ་ཚིམས་པ་ཞིག་མི་ཡོང་། ལྷག་པར་དུ་ང་ཚོས་སྐྱེ་བ་ཕྱི་མར་བསམ་བློ་གཏོང་གི་ཡོད་ན། དེ་བས་འདོད་བློ་ཁེངས་པ་ཞིག་མིན།

ང་ཚོའི་དོ་སྣང་བྱེད་ས་གཙོ་བོ་དེ་སྤྲོ་སྐྱིད་མིན་པའི་སྐབས། དེས་ཉིན་རེའི་མི་ཚེའི་སྤུས་ཚད་ཡོངས་སུ་རྫོགས་པ་བཟོ་བཀོད་བྱེད་ཀྱི་ཡོད་པ་གསལ་ཐག་ཆོད་རེད། ང་ཚོའི་ཉིན་རེའི་མི་ཚེ་ནི་གཞས་དང་རོལ་དབྱངས་གང་མང་ཉན་པ་སོགས་ཀྱི་སྐོར་ཙམ་མིན། གཞས་དང་རོལ་དབྱངས་ཉན་རྒྱུར་ལང་ཤོར་ཕྱིན་པའི་མི་མང་པོ་ཡོད། དེ་དག་གིས་ལས་ཀ་བྱེད་བཞིན་པའི་སྐབས་དང་། ཉིན་ལྟར་འགྲོ་འོང་བྱེད་སྐབས། ཉེ་འཁོར་དུ་གོམ་བགྲོད་བྱེད་སྐབས་བཅས་ཁོང་ཚོས་ཉིན་མཚན་མེད་པར་རྟག་ཏུ་གླུ་གཞས་ཉན་གྱི་ཡོད། ང་ཚོས་སོ་སོའི་མི་ཚེའི་ནང་སྐྱབས་སུ་ཕྱིན་པའམ་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་བཙལ་ནས་རང་ཉིད་རྟག་ཏུ་རོལ་དབྱངས་ལ་རྣམ་པར་གཡེངས་བ་དེ་ནི་དོན་ངོ་མར་ཁ་ཕྱོགས་དེར་འགྲོ་བའི་ཐབས་ལམ་ཞིག་མིན། ཉེན་མེད་ཁྱི་ཁ་ཕྱོགས་དེར་འགྲོ་བར། མི་ཚེའི་ནང་གནད་དོན་གཙོ་བོ་ནི་ཆགས་སེམས་དང་། འདོད་རྔམ། རང་འདོད་དོན་གཉེར་ལ་སོགས་པ་ལས་ཐར་ཐབས་བྱ་རྒྱུ་དེ་རེད། འོན་ཀྱང་དྲན་དགོས་པ་ཞིག་ལ། དེ་ནི་རྨོངས་ཞེན་ཅན་དང་སྐྱོན་བྲལ་ཅན་གྱི་ལམ་ནས་རྗེས་སྙེག་བྱེད་དགོས་པའི་དོན་མ་ཡིན་ནའང་། ང་ཚོས་ད་དུང་སྐྱིད་ཚོར་མྱོང་ཆོག

སྐྱིད་ཚོར་ཟེར་བ་དེ་གང་རེད་དམ་ཞེས་པ་དེ་ནི་ཧ་ཅང་དོ་སྣང་བྱེད་འོས་པའི་བསམ་བློ་ཞིག་ཡིན། ངའི་སྒྲུང་དགའ་ཤོས་ཤིག་དང་འབྲེལ་ནས་ཞུ་རྒྱུ་ཡིན། དེ་ཡང་ཐེངས་ཤིག་ང་རང་ཧོ་ལེནྜ་ལ་རང་གི་དགེ་བའི་བཤེས་གཉེན་སེར་ཀོང་རིན་པོ་ཆེ་སྐུ་ཐོག་གོང་མ་དང་མཉམ་དུ་ཡོད་པའི་སྐབས་དེར། ང་ཚོ་མི་ཚང་ཕྱུག་པོ་ཞིག་གི་ནང་དུ་བསྡད་པ་ཡིན། ཁོང་ཚོར་གྲུ་གཟིངས་ཧ་ཅང་ཆེན་པོ་ཞིག་འདུག །གྲུ་དེ་མཚོ་ཧ་ཅང་ཆུང་ཆུང་ཞིག་གི་ནང་ཉར་འདུག །ཉིན་གཅིག་ཁོང་ཚོས་སྤྲོ་སྐྱིད་ཆེད་ང་ཚོ་དར་གྲུ་གཏོང་བར་ཁྲིད་སོང་། མཚོ་ཆུང་ཆུང་དེའི་ནང་དར་གྲུ་གཞན་མང་པོ་དང་མཉམ་དུ་གྲལ་ཞིག་གི་ནང་ཡོད། ང་ཚོ་མཚོ་ཆུང་དེའི་གཡས་གཡོན་དུ་སྐྱོ་བསང་ཆེད་གླིང་ག་གཏོང་སའི་ཕྲུ་གུ་ཚོའི་འཁོར་འགྲུལ་ནང་ཡོད་པ་ལྟ་བུ་ཧ་ཅང་དལ་པོའི་ངང་བསྐོར་བ་བྱས་ཏེ་ཕྱིན་པ་ཡིན། རིན་པོ་ཆེས་ང་ལ་གཟིགས་ཏེ་བོད་སྐད་ནང་། “འདི་ནི་ཁོང་ཚོས་སྐྱིད་ཚོར་ཞིག་ཡིན་བསམ་གྱི་ཡོད་དམ།” ཞེས་དང་། སླར་ཡང་སྐྱིད་ཚོར་ཟེར་བ་དེ་གང་རེད་དམ། ཞེས་གསུངས་སོང་།

རྒྱལ་སྲས་ཞི་བ་ལྷས། གལ་ཏེ་ང་ཚོའི་ཆོས་ཀྱི་ལས་དོན་རྣམས་རང་ཉིད་ལ་སྐྱིད་པོ་ཡོད་ན། དེ་ནས་ཆོས་ཀྱི་ལས་དོན་མ་བྱས་པར་སྐྱིད་པོ་མི་ཡོང་ཞེས་གསུངས། དེའི་ནང་གཞན་ལ་ཕན་འདོགས་པ་དང་རང་ཡར་རྒྱས་གཏོང་བ་སོགས་ཚུད་ཡོད། དེ་ནི་སྤྲོ་བ་དང་ལྡན་པའི་བརྩོན་འགྲུས་ཟེར་བ་དེ་ཡིན། དེ་ཡང་ང་ཚོས་གང་བྱེད་བཞིན་པ་དེ་སྐྱིད་པོའི་ངང་བྱེད་ཀྱིན་ཡོད། གལ་ཏེ་ང་ཚོས་གང་བྱེད་པ་དེ་སྐྱིད་པོའི་ངང་བྱེད་ཐུབ་ན། ལས་དོན་མུ་མཐུད་དེ་མཐའ་འཁྱོལ་བར་བྱེད་ཀྱི་རེད།

དོན་ངོ་མར་སོ་སོ་རང་ཉིད་ཡར་རྒྱས་གཏོང་རྒྱུ་དང་། ཉོན་མོངས་མེད་པ་བཟོ་བའམ་ཉོན་མོངས་ཤུགས་ཆུང་དུ་གཏོང་བ། ནང་སེམས་ཀྱི་རྩོད་རྙོག་སྣ་ཚོགས་པ་སོགས་སྤོང་རྒྱུ་བཅས་ཀྱི་ནང་དགའ་སྤྲོ་ཤུགས་ཆེན་ཞིག་ཡོད་པ་རེད། དེ་ནི་དཀའ་ལས་དང་འབད་བརྩོན་བསྟེན་དགོས་པའི་ལས་དོན་ཞིག་ཡིན་ནའང་། ང་ཚོར་དེའི་འབྲས་བུ་བཟང་པོ་ཐོབ་ཀྱི་ཡོད་སྟབས། ཧ་ཅང་སྐྱིད་པོ་དང་སྤྲོ་བ་འཕེལ་པོ་ཞིག་ཡོད། འབྲས་བུ་དེ་དག་ནི་འཕེལ་འགྲིབ་འགྲོ་རྒྱུ་ཡིན་པ་ཤོད་མི་དགོས། དེ་ནི་གོ་རིམ་ངེས་ཅན་གྱི་རྒྱུད་རིམ་ཞིག་མིན། འོན་ཀྱང་ད་དུང་ང་ཚོས་ཡར་རྒྱས་ཀྱི་རྣམ་པ་མཐོང་བའི་སྐབས། དེ་ནི་དཔེ་མི་སྲིད་པའི་ཡག་པོ་རེད། དེ་ནས་ང་ཚོས་ “ངས་དངོས་གནས་དྲང་གནས་གཅིག་བྱེད་ཀྱིན་ཡོད་” པ་ཚོར་གྱི་ཡོད།

དེ་ལ་ཕན་ཐོགས་ཅན་གྱི་དཔེ་ཞིག་ནི། མི་ཞིག་རྩེད་མོའི་རིགས་ལ་སྦྱོང་བརྡར་བྱེད་བཞིན་པར་ཆ་བཞག་ན་འགྲིགས། ང་ཚོ་དུས་རྟག་ཏུ་རྐྱལ་རྒྱག་པ་དང་རྒྱུག་ཤར་གློད་པ་ནི་ཧ་ཅང་བྱ་དཀའ་བ་ཞིག་ཡིན། འོན་ཀྱང་སྦྱོང་བརྡར་ལ་བརྟེན་ནས་རྐྱལ་ཡག་པོ་རྒྱག་པ་དང་རྒྱུག་ཤར་མགྱོགས་པོ་གློད་པའི་སྐབས། ང་ཚོའི་བཟོད་སྒོམ་དེའང་ཡག་ཏུ་ཕྱིན་ནས་ང་ཚོས་ཧ་ཅང་ཡག་པོ་ཚོར་གྱི་རེད། མ་རེད་དམ། དཀའ་ངལ་ག་ཚོད་ཡོད་པ་ལ་མ་ལྟོས་པར། ང་ཚོས་སྐྱིད་ཚོར་མྱོང་གི་རེད། ང་ཚོས་ཆོས་ཉམས་ལེན་བྱེད་པའི་སྐབས་སུའང་གཅིག་པ་རེད། ཆོས་ཉམས་སུ་བླངས་པ་དང་སྦྱོང་བརྡར་བྱས་ཏེ་གྲུབ་འབྲས་ལྡན་པ་ཞིག་ཡོང་ཐུབ། དཔེར་ན། ང་ཚོས་དངོས་གནས་ཁོང་ཁྲོ་སློང་མཁན་དུ་བལྟ་བའི་རང་གི་སྤུན་ཉེ་འདུ་ཚང་མ་དང་མཉམ་དུ་དགོང་ཚིགས་ལ་འགྲོ་ཐུབ་པ་བྱུང་བ་དང་། དེའི་སྐབས་རང་ཉིད་ཁོང་ཁྲོ་སོགས་ལངས་མེད། ང་ཚོས་བཟོད་སྒོམ་བྱེད་ཐུབ་པ་དང་དགོང་ཚིགས་ཀྱི་དུས་ཚོད་དེ་ཡག་པོ་བྱུང་སོང་། དེའི་སྐབས་ང་ཚོའི་ཨ་ཕ་ཡང་ན་ཨ་མས། “ཁྱེད་རང་ད་དུང་ཆང་ས་མ་རྒྱག་པའི་རྒྱུ་མཚན་གང་རེད་དམ།” ཞེས་དང་། ཡང་ “ཁྱེད་ལ་ཕྲུ་གུ་ག་རེ་བྱས་ནས་མེད་དམ།” དེ་ག་ནང་བཞིན་ “ཁྱེད་ཀྱིས་དངུལ་མང་ཙམ་ག་རེ་བྱས་ནས་གསོག་ཐུབ་ཀྱི་མི་འདུག་གམ།” ཞེས་བཤད་པ་ལ་མ་ལྟོས་པར། ད་དུང་ང་ཚོའི་སེམས་ཞི་བདེའི་ངང་གནས་པ་དང་ཕ་མས་གང་བཤད་པ་ལ་ཡག་པོ་ཚོར་ཐུབ་པར་བྱུང་ཡོད།

མདོར་བསྡུས་ན་གདམས་ངག་འདིའི་ནང་འདོད་པའི་ཡོན་ཏན་ནམ་དབང་ཤེས་ཀྱི་བདེ་བའི་རྗེས་སུ་སྙེག་པ་ལས་རང་གི་སེམས་ཕྱིར་འཐེན་བྱེད་པ་ཚུད་ཡོད་པ་དང་། ཆོས་ཉམས་ལེན་དེ་དོན་ངོ་མར་སྐྱིད་ཚོར་ཆེ་བ་ཞིག་ཡིན་པའི་དོན་བཀྲལ་ཡོད།

སངས་རྒྱས་ཀྱིས་གཏན་ལ་ཕབ་པའི་བསླབ་པའི་གཞི་བླང་བར་བྱ་བ།

དེའི་རྗེས་ཀྱི་གདམས་ངག་ནི་སློབ་དཔོན་ཐོགས་མེད་ཀྱིས་གསུངས་པའི་དཀོན་མཆོག་གསུམ་པོ་ཐུན་མོང་གི་བསླབ་བྱ་ནི། སངས་རྒྱས་ཀྱིས་གཏན་ལ་ཕབ་པའི་བསླབ་པའི་གཞི་བདག་གིར་བྱེད་པ་དེ་ཡིན། འདི་ནི་ཧ་ཅང་གལ་ཆེན་པོ་ཡིན། ཉེན་མེད་ཀྱི་ཁ་ཕྱོགས་དེའི་ནང་འགྲོ་བ་ཞེས་པའི་དོན་ནི། ང་ཚོས་གནོད་བྱེད་མི་དགེ་བའི་སྤྱོད་ལམ་སྤོང་དགོས་ཤིང་། དེའི་ཚབ་ལ་ཕན་བྱེད་དགེ་བའི་སྤྱོད་ལམ་ལ་འཇུག་དགོས། དེ་ལྟར་བྱེད་པ་ནི་ནང་པའི་གཞི་རྩའི་བཟང་སྤྱོད་ཀྱི་རྣམ་གཞག་གི་རྗེས་སུ་འབྲང་བ་ཡིན། གལ་ཏེ་ང་ཚོས་སོ་སོའི་ཉོན་མོངས་དབང་གིས་མི་དགེ་བའི་ལས་བརྩམས་ན། དེས་སྡུག་བསྔལ་མང་བ་འབྱུང་བར་བྱེད་ཀྱི་ཡོད། དེ་ཡང་དམིགས་བསལ་སོ་སོ་རང་ཉིད་དང་གཞན་ལའང་སྡུག་བསྔལ་འབྱུང་སྲིད་པ་ཡིན། ཕྱོགས་གཞན་ཞིག་ནས་ང་ཚོས་དགེ་བའི་ལས་བརྩམ་པའི་སྐབས། དེས་བདེ་སྐྱིད་མང་བ་སྐྲུན་གྱི་ཡོད།

ནང་པའི་བཟང་སྤྱོད་ཀྱི་ཚུལ་ཁྲིམས་ནི་བཀའ་བརྩི་དང་ལེན་གཞི་རུ་བྱས་པ་ཞིག་མིན། དེ་ནི་བཟང་སྤྱོད་ཀྱི་རྣམ་གཞག་གི་རྩ་དོན་རྩ་བ་ནས་མ་རེད། ལུགས་གཞན་གྱི་ནང་། འཇིག་རྟེན་བཀོད་པ་པོས་གཏན་ལ་ཕབ་པའི་ཁྲིམས་སམ། ཡང་ན་ཁྲིམས་བཟོ་བས་གཏན་ལ་ཕབ་པའི་ཁྲིམས་ཡོད་པ་དང་། བཟང་སྤྱོད་དང་ལྡན་པའི་མི་ཟེར་དུས་ཁྲིམས་ལ་བཀའ་བརྩི་དང་ལེན་བྱེད་མཁན་ལ་གོ་བ་ཡིན། ནང་ཆོས་ནི་དེ་འདྲ་ཞིག་མིན། དེ་ལས་ལྡོག་སྟེ། ནང་པའི་བཟང་སྤྱོད་རྣམ་གཞག་གི་དོན་སྙིང་ཡོངས་སུ་རྫོགས་པ་ནི། རང་གི་ཆེད་དུ་གང་ཞིག་ཕན་ཐོགས་ཅན་དང་གང་ཞིག་གནོད་གཞི་ཅན་ཡིན་པ་རྣམ་པར་འབྱེད་ཚུལ་སྦྱོང་རྒྱུ་དེ་རེད། འདི་ནི་གལ་ཆེན་པོ་རེད། དེ་ནི་མཐའ་གཅིག་ཏུ་ཕན་ཐོགས་ཅན་དང་གནོད་གཞི་ཅན་གང་ཡིན་པའི་སྐོར་ལ་ཡིན་པ་ལས། ཡག་པོ་གང་ཡིན་པ་དང་སྡུག་ཅག་གང་ཡིན་པ། ཡང་མིན་ན་ཁྲིམས་མཐུན་གང་ཡིན་པ་དང་ཁྲིམས་འགལ་གང་ཡིན་པའི་སྐོར་ལ་མིན། ཕན་ཐོགས་ཅན་གང་ཡིན་པ་དང་གནོད་གཞི་ཅན་གང་ཡིན་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་གཞི་བྱས་ཏེ། ང་ཚོས་གང་གནོད་གཞི་ཅན་ཡིན་པ་དེ་དག་སྤོང་རྒྱུའི་ཐག་གཅོད་བྱེད་ཀྱི་ཡོད།

གང་གནོད་གཞི་ཅན་ཡིན་པ་དེ་ནི་རང་གིས་རང་ཕུང་བར་བྱེད་པ་དང་། གནོད་བྱེད་མི་དགེ་བའི་གོམས་གཤིས་ལ་ལང་དུ་ཤོར་བ་ལྟ་བུ་ཁ་ཕྱོགས་ངན་པ་ཞིག་གི་ནང་འགྲོ་ངེས་རེད། རང་ཉིད་ཀྱི་འཕྲོད་བསྟེན་ཐོག་ནས་བལྟས་ན། གནོད་བྱེད་མི་དགེ་བའི་ཁ་ཕྱོགས་ཀྱི་ནང་འགྲོ་བ་ནི། དཔེར་ན། ཐ་མག་འཐེན་པ་ལྟ་བུ་རེད། འོན་ཀྱང་སྤྱི་ཚོགས་ཀྱི་ལྟ་ཚུལ་ཐོག་ནས་ཀྱང་། གནོད་བྱེད་མི་དགེ་བའི་སྤྱོད་ལམ་དང་། མི་དགེ་བའི་སེམས་ཚོར། མི་དགེ་བའི་བློའི་ཁྱེར་སོ་སོགས་ཡོད། སྟབས་བདེ་པོའི་སྒོ་ནས་བཤད་ན། ཉེན་མེད་ཀྱི་ཁ་ཕྱོགས་སམ་སྐྱབས་འགྲོ་ནི་རང་ཉིད་ཡར་རྒྱས་གཏོང་བ་དང་གཞན་དོན་བསྒྲུབ་པའི་ནུས་པ་གོང་དུ་སྤེལ་བར་གང་ཕན་ཐོགས་ཅན་ཡིན་པ་དེའོ།།

སྙིང་རྗེ་བྱེད་པ།

དེའི་རྗེས་ཀྱི་བསླབ་བྱ་ནི། གཞན་ལ་གང་ཐུབ་ཅི་ཐུབ་ཀྱིས་ཤ་ཚ་དང་སྙིང་རྗེ་བྱེད་པ་དེ་ཡིན། དེའི་སྐོར་ལ་འགྲེལ་བརྗོད་ཞེ་དྲགས་དགོས་ཀྱི་རེད་བསམ་གྱི་མི་འདུག །ང་ཚོས་སོ་སོ་རང་ཉིད་ཀྱི་ཐར་པའི་དོན་དུ་འབད་བརྩོན་བྱེད་ཀྱིན་ཡོད་ནའང་། གཞན་ལ་སེམས་བཟང་པོ་བྱ་རྒྱུ་དང་ཕན་འདོགས་དགོས་ངེས་ཡིན།

ནང་པའི་དུས་ཆེན་ཁག་ལ་དམིགས་བསལ་མཆོད་འབུལ་བྱེད་པ།

བསླབ་བྱ་མཐའ་མ་ནི། བདག་ཅག་གི་སྟོན་པ་སངས་རྒྱས་པའི་དུས་ཆེན་ལྟ་བུ་ནང་པའི་དམིགས་བསལ་དུས་ཆེན་ཁག་ལ་ཤིང་ཏོག་དང་མེ་ཏོག་སོགས་ཀྱི་དམིགས་བསལ་མཆོད་འབུལ་བྱེད་པ་དེ་རེད། དེ་ནི་དངོས་གནས་དོ་སྣང་བྱེད་འོས་པ་ཞིག་རེད། གང་ཡིན་ཞེ་ན། ང་ཚོའི་སེམས་ནང་དུས་ཆེན་དེ་དག་བསྲུང་བརྩི་བྱ་མི་དགོས་པའི་བསམ་ཕྱོགས་ཡོད་སྲིད། དེའི་དོན་སྙིང་དེ་གང་རེད་དམ། ནུབ་ཕྱོགས་སུ་ཡེ་ཤུའི་མ་ཤི་ཀའི་འཁྲུངས་སྐར་བསྲུང་བརྩི་དེ་ག་ཚོད་ཀྱིས་ཚོང་དོན་ཆེད་དུ་གྱུར་བའི་དཔེ་ལ་བརྟེན་ནས་ང་ཚོར་འཁང་ར་བྱས་པ་དང་། “ང་རང་ལ་འདི་ཅིའི་ཕྱིར་དགོས་སམ། འདི་ནང་པའི་ལུགས་ཀྱི་ཡེ་ཤུའི་འཁྲུངས་སྐར་གྱི་ཤིང་སྡོང་སྒང་ལ་གློག་སྤར་རྒྱུའི་ཚབ་ལ་མཆོད་བཤམ་སྒང་ཕོར་པ་ཆུང་ཆུང་ནང་དུ་ཡང་ལ་སྤར་ནས་འབུལ་གྱིན་ཡོད་དམ།” ་ཞེས་བསམ་གྱི་ཡོད་སྲིད།

ངའི་བསམ་པར། སྐབས་འདིར་དོན་སྙིང་གཙོ་བོ་ནི་སངས་རྒྱས་དང་འདས་པའི་རླབས་ཆེན་གྱི་བླ་མ་དགེ་བའི་བཤེས་གཉེན་རྣམས་ལ་གུས་ཞབས་སྟོན་པ་ཙམ་ཡིན། མཆོད་པ་འབུལ་བ་དེ་གུས་ཞབས་མཚོན་བྱེད་ཡིན། དེ་ལས་ངས་གནས་ཚུལ་ཆེན་པོ་ཞིག་བཟོ་དགོས་དོན་མེད་ལ། གུས་ཞབས་དེ་སྟོན་ཕྱིར་ང་ཚོས་ཡིན་གཅིག་མིན་གཅིག་ནང་པའི་དུས་ཆེན་བྱེ་བྲག་ཅིག་སྒུག་དགོས་དོན་མེད། དེ་ནི་ང་ཚོས་ཉིན་ལྟར་བྱེད་ཐུབ་པ་ཞིག་ཡིན། ང་ཚོས་རེས་གཟའ་ཉི་མར་༼ཡེ་ཤུའི་༽ལྷ་ཁང་དུ་འགྲོ་བ་དང་རེས་གཟའ་ལྷག་འཕྲོ་ཚང་མ་གང་འདོད་ལྟ་བུ་བྱ་རྒྱུ་མེད། ཆོས་ཕྱོགས་ཀྱི་དུས་ཆེན་གུང་སེང་བསྲུང་བརྩི་བྱེད་པ་དེས་ང་ཚོ་སྤྱི་ཚོགས་མི་སྡེ་ཆེ་བའི་ཆ་ཤས་ཡིན་པ་ཚོར་འཇུག་གི་ཡོད་པ་དང་། དེས་སྤྱི་ཚོགས་ལ་རྒྱབ་རྟེན་གྱི་བྱེད་ལས་ཀྱང་བསྒྲུབ་ཀྱི་ཡོད།

ང་ཚོས་བསླབ་བྱ་དེ་དག་ལ་བལྟ་བའི་སྐབས། གནད་དོན་འགའ་ཞིག་ནི་ནང་པ་ཁོ་ནའི་མིན་པ་ཤེས་ཀྱི་ཡོད། གཞན་ལ་ཤ་ཚ་དང་སྙིང་རྗེ་བྱེད་པ་དང་བཟང་སྤྱོད་ཀྱི་རྗེས་སུ་འབྲང་བ་སོགས་ནི་གོ་ལ་སྤྱིའི་ཡིན་པ་རེད། མ་རེད་དམ།

འོན་ཀྱང་སྐྱབས་འགྲོའི་བསླབ་བྱ་ཐོག་མའི་སྐབས་ནས་བསྟན་པའི་དམིགས་བསལ་ནང་པའི་གནད་དོན་ཁག་ལ་བསྐྱར་ཞིབ་བྱེད་པར། ཐོག་མར་ང་ཚོས་སྔོན་བྱོན་དང་ད་བཞུགས་ནང་པའི་རླབས་ཆེན་གྱི་བླ་མ་དང་དགེ་བའི་བཤེས་གཉེན་རྣམས་ནི་སོ་སོའི་མིག་དཔེ་བལྟ་ས་ཞིག་ཏུ་འཛིན་དགོས། དེའི་རྗེས་ང་ཚོས་ཆོས་ལ་སློབ་གཉེར་བྱེད་དགོས། དེ་ཡང་དམིགས་བསལ་ང་ཚོའི་རྒྱུད་ལ་ཡོད་པའི་ཉོན་མོངས་ཇེ་ཉུང་དུ་གཏོང་བར་དམིགས་པའི་ཆོས་ཚུལ་རྣམས་ལ་ཐོས་བསམ་བྱེད་དགོས་ཤིང་། རྟོགས་པ་བརྙེས་པའི་གང་ཟག་རྣམས་ཀྱི་མིག་དཔེའི་རྗེས་སུ་འབྲང་དགོས། དེ་དག་ཐམས་ཅད་ལ་ང་ཚོས་དངོས་གནས་འབད་བརྩོན་ཆེན་པོ་བྱེད་དགོས། སྐབས་དོན་འདིར་ང་ཚོས་བཟང་སྤྱོད་དང་ལྡན་པ་དང་། སེམས་བཟང་པོ་དང་ཤ་ཚ་ཅན། དབང་ཤེས་ཀྱི་བདེ་བའི་རྗེས་སུ་ཤུགས་ཆེན་མི་འབྲང་བར་རང་གི་གལ་ཆེན་གཙིགས་ཆེན་ལ་གཞིགས་ཏེ་རྩེ་གཅིག་ཏུ་བརྟན་པོ་གནས་པ་དང་སྲོལ་རྒྱུན་རིང་ལུགས་ལ་གུས་ཞབས་བྱེད་པ་བཅས་ཁ་སྣོན་བྱེད་ཆོག

མན་ངག་ལས་བྱུང་བའི་བསླབ་བྱ།

ད་བར་དུ་ང་ཚོས་དཀོན་མཆོག་གསུམ་པོ་སོ་སོའི་བསླབ་བྱ་རྣམས་དང་སྤྱིར་དཀོན་མཆོག་གསུམ་ཀའི་བསླབ་བྱ་སྤོབ་དཔོན་ཐོགས་མེད་ཀྱི་གཞུང་ནས་གསུངས་པ་ལྟར་ངོ་སྤྲོད་ཟིན་པ་རེད། དེ་མཚུངས་དཀོན་མཆོག་གསུམ་པོ་རེ་རེ་བྱེ་བྲག་ཏུ་བཤད་པ་དང་མཆོག་གསུམ་ཀ་མཉམ་དུ་བསླབ་བྱའི་རྩ་བའི་གདམས་ངག་ལམ་སྟོན་རྣམས་བཤད་ཡོད། དཀོན་མཆོག་གསུམ་པོ་སོ་སོ་བའི་བསླབ་བྱ་ལྟར་བྱས་ན། གསུམ་པོ་རེ་རེ་དང་འབྲེལ་བའི་དགག་སྒྲུབ་ཀྱི་བསླབ་བྱ་ཡོད། དང་པོ་དགག་པའི་བསླབ་བྱ་ནི།

སངས་རྒྱས་ལ་སྐྱབས་སུ་སོང་བས་ནི། མཐར་ཐུག་གི་སྐྱབས་གཞན་སྤོང་བ།

ང་ཚོས་སངས་རྒྱས་ལ་སྐྱབས་སུ་སོང་ནས་དེ་སོ་སོའི་མི་ཚེའི་ནང་བསྟེན་པའི་སྐབས། གང་སྤོང་དགོས་སམ་ཞེ་ན། སྐྱབས་ཀྱི་གཙོ་བོ་དེ་གཞན་ཞིག་ནས་འཚོལ་རྒྱུ་དང་གཞན་ཞིག་ལ་སྐྱབས་སུ་འགྲོ་རྒྱུ་དེ་སྤོང་དགོས། འདི་ནི་རང་གིས་རང་ལ་བསམ་ཞིབ་བྱ་རྒྱུའི་གནད་དོན་དོ་སྣང་བྱེད་འོས་པ་ཞིག་རེད། ང་ཚོས་ཀུན་རྫོབ་ཀྱི་ཚོར་བའི་ཐོག་ནས་སྐྱིད་པོ་མེད་པ་དང་། སེམས་ཁམས་ཀྱི་ཉམས་འགྱུར་མི་བདེ་བ། གནས་སྟངས་ཐབས་སྐྱོ་པོ་ཡོད་པའི་སྐབས། སྐྱབས་སུ་འགྲོ་བ་དང་བདེ་བའི་ཐབས་སུ་ང་ཚོས་ཁ་ཕྱོགས་གང་དུ་སྒྱུར་གྱི་ཡོད་དམ། དེ་ནི་དཔེར་ན། ཅོག་ལེཊ་ལྟ་བུ་ཡིན་ནམ། ང་ཚོ་ཧ་ཅང་སྡུག་ཅག་ཚོར་ནས་ཕྱི་རུ་ཕྱིན་ཏེ། ཅོག་ལེཊ་ཆེན་པོ་ཞིག་ལྟོགས་རྔམ་གྱིས་བཟའ་བ་དང་། བདེ་བ་ཅུང་ཟད་ཙམ་ཞིག་ཐོབ་པ་དང་དེ་སྡུག་ཅག་ཞེ་དྲགས་མེད་པ་འདྲ་པོ་མཐོང་གི་ཡོད་པ་ཡིན་ནམ། གནས་སྟངས་ཧ་ཅང་སྡུག་པོ་འགྲོ་བཞིན་པའི་སྐབས། ང་ཚོས་རང་གི་གྲོགས་པོ་ཞིག་ལ་ཤོད་དགོས་སམ། ང་ཚོས་འཁྲིག་སྤྱོད་བྱེད་དགོས་སམ། ང་ཚོས་གང་དུ་ཁ་ཕྱོགས་སྒྱུར་གྱི་ཡོད་དམ། ང་ཚོ་མགོ་བོའི་སྟེང་བྱིལ་བྱིལ་བྱེད་པ་དང་རྔ་མ་གཡུག་གཡུག་གཏོང་མཁན་གྱི་ཁྱི་ལྟ་བུ་ཞིག་ཡིན་ནམ།

འདིར་མན་ངག་གི་སྙིང་པོ་ནི། གལ་ཏེ་ང་ཚོ་ཏོག་ཙམ་སེམས་ངལ་བྱུང་བའམ་སེམས་སྡུག་བྱུང་བ་ཡིན་ན། ཅོག་ལེཊ་ཏོག་ཙམ་བཟའ་བ་དེ་འགྲིག་པ་ཡིན། འོན་ཀྱང་དེ་ནི་ང་ཚོའི་མི་ཚེའི་ནང་གི་སྐྱབས་ཡུལ་མཐར་ཐུག་གམ་ཁ་ཕྱོགས་ཀྱི་འབྱུང་ཁུངས་མཐར་ཐུག་དེ་མ་རེད། དེ་ཡང་ཅོག་ལེཊ་ནི་མིན་པ་གསལ་པོ་རེད། དཀའ་ངལ་ཅན་གྱི་གནས་སྟངས་ལ་གདོང་ལེན་བྱེད་པར། ཆོས་ཀྱི་ཐབས་ལམ་ལག་བསྟར་ཇི་ལྟར་བྱེད་དགོས་སམ།

ནུབ་ཕྱོགས་པའི་ཆོས་ཀྱི་སློབ་སྟོན་པ་ཚུད་པའི་ཆོས་ཉམས་ལེན་ནང་ཤུགས་ཆེན་འཇུག་མཁན་ཡིན་པར་ཆ་འཇོག་བྱེད་པའི་མི་རྣམས་ལ་ཆང་སའི་དཀའ་ངལ་དང་། དེ་མིན་གྱི་དཀའ་རྙོག་དུ་མ་ཕྲད་ནས་ཁོང་ཚོས་ཆོས་ཀྱི་ཐབས་ལམ་ཁག་ལག་བསྟར་བྱ་རྒྱུའི་ཚབ་ལ་སེམས་ཁམས་བཅོས་ཐབས་ལ་བསྟེན་གྱི་ཡོད། ངས་དེ་ནི་རྟག་ཏུ་ཏོག་ཙམ་ཁྱད་མཚར་པོ་ཞིག་མཐོང་གི་འདུག །གང་ཡིན་ཞེ་ན། གལ་ཏེ་ང་ཚོས་ལྷག་བསམ་རྣམ་དག་གི་སྒོ་ནས་ཆོས་དེ་སོ་སོའི་མི་ཚེའི་ནང་གི་ཁ་ཕྱོགས་སུ་དང་ལེན་བྱས་ན། ཆོས་ཀྱིས་ང་ཚོར་དཀའ་ངལ་གང་ཡོད་པ་ལས་ཐར་བའི་ཐབས་ལམ་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད་པའི་ཡིད་ཆེས་ཡོད་ཁུལ་རེད། འོན་ཀྱང་གལ་ཏེ་ང་ཚོར་འབྲས་ནད་ཡོད་ན། སྒོམ་རྒྱག་པ་དང་ཆོས་ཀྱིས་དེ་བཅོས་ཀྱི་ཡོད་པའི་དོན་མ་རེད། དེ་ནི་གླེན་རྟགས་རང་རེད། དེའི་དོན་དེ་འདྲ་མ་རེད། ང་ཚོ་སྨན་པ་ཞིག་ལ་བརྟེན་དགོས། འོན་ཀྱང་འབྲས་ནད་ན་བའི་སྐབས་སུ་ཆོས་ཀྱིས་ང་ཚོའི་སེམས་ངལ་གནོན་ཤུགས་གང་འདྲ་ཞིག་བྱུང་ནའང་དེ་ལས་ཐར་བར་བྱེད་ཐུབ།

གལ་ཏེ་ང་ཚོས་སོ་སོའི་དཀའ་ངལ་གྱི་སྐོར་གོ་བསྡུར་བྱེད་ཐུབ་པའི་ཆེད་གསོ་དཔྱད་པ་ཞིག་བསྟེན་དགོས་བསམ་པ་དང་དེ་ནས་བསམ་ཚུལ་གཞན་ཞིག་རག་ན། དེས་འགྲིག་པ་རེད། འོན་ཀྱང་དེ་ནི་ཆོས་ཀྱི་ཐབས་ལམ་རྣམས་དངོས་སུ་ལག་བསྟར་བྱེད་པ་དང་འབྲེལ་བའི་མཐུན་པའི་རྐྱེན་ཙམ་ཞིག་ཡིན། དེ་ནི་འཕར་མ་ཞིག་རེད། ང་ཚོའི་སྐྱོན་གྱི་ཆ་རྣམས་ལས་ཐར་བར་ཕན་པའི་ཆེད་དུ་རང་རྒྱུད་ལ་སྐྱེད་པའི་ཁ་ཕྱོགས་དང་ཉམས་ལེན་གཙོ་བོ་ནི་ཆོས་ཀྱི་ཐབས་ལམ་རྣམས་ཡིན། དེ་དག་ལག་བསྟར་བྱེད་ཕྱོགས་ཐད་ང་ཚོར་ད་དུང་ལམ་སྟོན་དགོས་སྲིད་ཀྱང་། སངས་རྒྱས་ཀྱིས་དཀའ་ངལ་རྣམས་ཇི་ལྟར་མེད་པ་བཟོ་དགོས་པ་དེ་མཁྱེན་གྱི་ཡོད་པའི་གདེང་ཚོད་དེ་ང་ཚོར་ཡོད།

སངས་རྒྱས་ཆོས་དང་དགེ་འདུན་ལས་གཞན་པའི་སྐྱབས་ཀྱི་མཐར་ཐུག་གཞན་ཞིག་མི་བསྟེན་པ་དང་འབྲེལ་བའི་གནད་དོན་འདི་ནི། ང་ཚོས་འཇིག་རྟེན་པའི་ལྷ་ལ་མཐར་ཐུག་གི་སྐྱབས་ཡུལ་དུ་འཛིན་གྱི་མེད། ནང་པའི་ལྟ་ཚུལ་ལྟར་ན། ནང་པ་མིན་པའི་ཆོས་ལུགས་གཞན་གྱི་ལྷ་རྣམས་ནི་འཇིག་རྟེན་པའི་ལྷ་ཡིན། ཆོས་ལུགས་གཞན་མང་པོ་ཞིག་གིས་འདི་བདེན་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད་པ་གསལ་པོ་རེད།

ཨིཊླི་ལ་ཐེངས་ཤིག་སེར་ཀོང་རིན་པོ་ཆེར་འདིའི་སྐོར་བཀའ་འདྲི་ཞུས་ཡོད། མི་ཞིག་གིས། གལ་ཏེ་ཁོང་ནང་པ་ཆགས་ན། ད་དུང་ཡེ་ཤུའི་ལྷ་ཁང་དུ་འགྲོ་ཆོག་གམ་ཞེས་དྲིས་སོང་། དེ་ལ་རིན་པོ་ཆེས། “ཡེ་ཤུའི་ཆོས་ཀྱི་བྱམས་པ་དེ་ནང་པའི་ཆོས་ཀྱི་བྱམས་དང་འགལ་ཟླར་འགྲོ་གི་ཡོད་པ་ཡིན་ནམ།” ཞེས་གསུངས། དེ་གཉིས་འགལ་བ་ཞིག་མིན་པ་གསལ་པོ་རེད། ང་ཚོ་ཡེ་ཤུའི་ལྷ་ཁང་ནང་འགྲོ་འདོད་ཡོད་ན། དེ་ལ་དཀའ་ངལ་གང་ཡང་མེད། གནད་འགག་གཙོ་བོ་ནི་མི་ཚེའི་ནང་སོ་སོའི་མཐར་ཐུག་གི་ཁ་ཕྱོགས་སམ་སྐྱབས་ཡུལ་དེ་གང་ཡིན་ནམ། ང་ཚོས་ཐག་གཅོད་འདྲ་པོ་ཞིག་བྱེད་དགོས། དེས་ང་ཚོས་གཞན་ཚང་མ་སྐྱུར་དགོས་ཟེར་གྱི་མེད། ཡིན་ནའང་སོ་སོའི་ངོས་ནས་ཁ་ཕྱོགས་གང་ཞིག་ཏུ་འགྲོ་གིན་ཡོད་པ་དེ་གསལ་པོ་དགོས། ང་ཚོས་ཆོས་ལུགས་དང་སྲོལ་རྒྱུན་གཞན་ནས་ལེགས་པའི་ཆ་མང་པོ་ལེན་ཐུབ། དེས་འགྲིག་གི་ཡོད། དེ་ལ་དཀའ་ངལ་གང་ཡང་མེད།

འོན་ཀྱང་ང་ཚོས་ཉམས་ལེན་དང་ཐབས་ལམ་གྱི་སྐོར་ཤོད་སྐབས། ཚང་མ་གཅིག་གི་ནང་མཉམ་བསྲེ་གཏོང་མི་ཉན། དཔེར་ན། ང་ཚོས་ཡེ་ཤུའི་ལྷ་ཁང་ཞིག་གི་ནང་ཕྱིན་ནས་ཕྱག་མི་འཚལ་བ་དང་། ཆོ་ག་བྱེ་བྲག་ཅིག་འདོན་བཞིན་པའི་སྐབས། ང་ཚོས་དེར་བསྡད་ནས་གསང་བའི་སྒོ་ནས་མ་ཎི་བགྲང་རྒྱུ་མེད། ཡེ་ཤུའི་ལྷ་ཁང་དུ་འགྲོ་བ་དང་ནང་ཆོས་ཉམས་ལེན་བྱེད་པ་གཉིས་རང་སོ་སོ་ནས་རང་གི་ལུགས་དང་མཐུན་ཞིང་གུས་ཞབས་ལྡན་པའི་སྒོ་ནས་བྱེད་ཆོག

ལྷག་དོན་དུ་ནང་ཆོས་ཀྱི་ནང་གདམས་ངག་ལམ་སྟོན་དེ་གང་ལ་གོ་ཞེ་ན། འཇིག་རྟེན་པའི་སྲུང་པ་དང་ལྷ་སོགས་ལ་སྐྱབས་གནས་མཐར་ཐུག་ཏུ་མི་འཛིན་པ་དེ་ཡིན། དེ་དག་ནི་ཡིད་རྟོན་རུང་མ་ཞིག་མིན། དེ་དག་གིས་ང་ཚོར་སེམས་ཤུགས་གཅོག་ངེས། ང་ཚོ་གདོན་དང་འབྱུང་པོའི་སྐྱབས་འོག་ཏུ་འགྲོ་འདོད་མེད། གནད་དོན་འདི་ཕལ་ཆེར་བོད་དང་རྒྱ་གར་གྱི་ཆོས་ཞུ་བ་ཚོར་འབྲེལ་བ་ཆེ་བ་ཡོད་སྲིད། འོན་ཀྱང་ནུབ་ཕྱོགས་པ་འགའ་ཞིག་འབྱུང་པོ་དང་སྲུང་མའི་རིགས་ལ་ཡིད་དབང་འཕྲོགས་ནས་དེ་དག་དང་འབྲེལ་བའི་ཉམས་ལེན་ལའང་འཇུག་མཁན་ཡོད། 

ཨིན་སྐད་ནང་གི་ཚིག་ protector “སྲུང་མའམ་ཆོས་སྐྱོང་” ཞེས་པ་དེའི་ཚིག་གི་ངོ་གདོང་ལ་བལྟས་ན། དེ་དག་གིས་ང་ཚོར་བསྲུང་བའམ་བསྐྱབ་རྒྱུ་ཡིན་པ་འདྲ་པོ་ཡོད། ཨ་ཅང་ཅང་། བོད་བརྒྱུད་ནང་བསྟན་ནང་དུའང་ཆོས་བརྒྱུད་འགའ་ཞིག་གི་ནང་། ཆོས་སྐྱོང་སྲུང་པ་འགའ་ཞིག་ནི་སངས་རྒྱས་ཀྱི་སྤྲུལ་པ་ཡིན་ཞེས་གསུངས་ཡོད། འདིར་ང་ཚོས་གཟབ་ནན་བྱེད་དགོས། ཆོས་སྐྱོང་སྲུང་མ་དེ་དག་རེ་རེ་གནས་ཚད་གང་དུ་ཡོད་པ་དེས་ལྷ་སྲིན་འབྱུང་པོ་དང་ཆོས་སྐྱོང་སྲུང་མའི་སྡེ་མི་འདྲ་བ་མང་པོའི་སྲོག་ལྡན་གྱི་སྐྱེ་དངོས་དབྱེ་རིག་ལམ་ལུགས་སྐྲུན་སྲིད་པ་ཡིན། དེ་དག་ཐམས་ཅད་སྐྱེ་དངོས་ཚན་རིག་གི་སློབ་ཚན་ཞིག་དང་ཏོག་ཙམ་འདྲ་པོ་ཆགས་ཀྱི་ཡོད། 

ང་ཚོས་སྡུག་བསྔལ་ལས་སྐྱོབ་པའམ་ཐར་བའི་ཆེད་དུ་གཙོ་བོ་གང་བྱེད་དགོས་མིན་ཤེས་དགོས། གཙོ་བོ་ནི་སོ་སོའི་ལས་ལ་ལྟོས་ནས་འགྲོ་དགོས། ཕྱོགས་གཞན་ཞིག་ནས་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་མིག་དཔེ་ལ་བརྟེན་ནས་ང་ཚོར་ལམ་སྟོན་བྱེད་པ་དང་། ང་ཚོས་བྱ་སྤྱོད་གང་ཞིག་ཇི་ལྟར་སྤེལ་ནའང་དེས་མ་འོངས་པར་ང་ཚོས་གང་མྱོང་བ་ལ་ཤུགས་རྐྱེན་སྤྲོད་པ་དང་ཐག་གཅོད་བྱེད་ཀྱི་ཡོད། ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ང་ཚོའི་མི་དགེ་བའི་ནུས་པའམ་སྡིག་པ་འགའ་ཞིག་ཉུང་ཉུང་ལས་མྱོང་མི་དགོས་པའི་ཐོག་ནས་དག་པའི་རྐྱེན་བྱེད་ཐུབ། དེ་ལྟར་ང་ཚོའི་དགེ་བའི་ནུས་པ་རྣམས་ཀྱི་འབྲས་བུ་མྱུར་བ་སྨིན་ཐུབ་པ་ཡིན། འདི་ནི་སངས་རྒྱས་སྨན་ལྷའི་ཆོ་ག་སྒྲུབ་པའི་རྒྱུད་རིམ་དང་གཅིག་པ་ཡིན། གལ་ཏེ་ང་ཚོས་དགེ་བའི་ནུས་པ་དེ་དག་བསགས་ཡོད་ན། དེས་ང་ཚོའི་ན་ཚ་དྲག་སྐྱེད་ཡོང་བའི་ཆེད་དགེ་བའི་ནུས་པའི་འབྲས་བུ་སྨིན་པའི་ཆ་རྐྱེན་བྱེད་ཐུབ་པ་ལྟ་བུ་ཡིན། དོན་དག་གཙོ་བོ་ནི་ང་ཚོའི་སྔོན་གྱི་སྤྱོད་ལམ་ལས་བྱུང་བའིི་དགེ་བའི་ནུས་པ་མེད་པར། ང་ཚོས་ཆོས་སྐྱོང་སྲུང་མ་དང་སངས་རྒྱས་སྨན་ལྷ་ལ་ཇི་ཙམ་བསྟེན་ནའང་ཁྱད་པར་གང་ཡང་འགྲོ་གི་མེད། ང་ཚོར་གནས་སྟངས་སྐྱིད་པ་ཞིག་མྱོང་བའི་གཞི་མེད་པ་རང་རེད། 

དེ་འདྲ་ཡིན་ཙང་། ང་ཚོ་ནང་པའི་ཉམས་ལེན་རྣམས་ཆོས་སྐྱོང་སྲུང་མ་གསོལ་མཆོད་བྱེད་མཁན་ཞིག་ཏུ་མི་འགྱུར་བ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། ཐ་ན་སངས་རྒྱས་ལའང་གསོལ་མཆོད་བྱ་མི་རུང་། ང་ཚོར་གང་བྱུང་བ་དང་འབྱུང་བཞིན་པ་ནི་ང་རང་ཚོ་སོ་སོའི་ངོས་ནས་བྱ་སྤྱོད་གང་ཞིག་སྤེལ་བར་རག་ལུས་ཡོད། དེ་ནི་ང་ཚོའི་བྱ་སྤྱོད་སྤེལ་སྟངས་དང་། འབྲེལ་གཏུགས་བྱེད་སྟངས། བསམ་བློ་གཏོང་སྟངས་བཅས་ལ་རག་ལུས་ཡོད། སླར་ཡང་ང་ཚོར་མིག་དཔེ་ལྟ་ས་དང་། ཆོས། ང་ཚོས་ཐོབ་ཐུབ་པའི་དམིགས་ཡུལ་བཅས་ཡོད། ཡིན་ནའང་ང་ཚོས་དངོས་སུ་ལག་ལེན་བསྟར་དགོས་ཤིང་། ཁ་ཕྱོགས་དེའི་ནང་འགྲོ་དགོས། ཡང་བསྐྱར་མདོར་བསྡུས་ཞུས་ན། ང་ཚོས་སོ་སོའི་མཐར་ཐུག་གི་ཁ་ཕྱོགས་སམ་སྐྱབས་ཡུལ་ཐད་གསལ་པོ་ཞིག་དགོས་པ་དང་། གནས་སྐབས་ཙམ་གྱི་ཕན་ཐོགས་ཆེད་དུ་ང་ཚོས་ཁ་ཕྱོགས་གཞན་ལ་བསྒྱུར་ཆོག་ནའང་། སོ་སོའི་ལམ་ཁ་གཙོ་བོ་མ་ནོར་བར་ཡང་དག་པར་ཉར་དགོས། 

ཆོས་ལ་སྐྱབས་སུ་སོང་བས་ནི། གཞན་ལ་གནོད་པ་སྤོང་བ།

ཆོས་ལ་སྐྱབས་སུ་འགྲོ་བ་ལ་མཚོན་ན། ང་ཚོས་གང་ཞིག་སྤོང་དགོས་ཟེར་ན། འགྲོ་བ་མི་དང་། དུད་འགྲོ་སེམས་ཅན་སོགས་སེམས་ལྡན་ཀུན་ལ་འཚེ་བའམ་གནོད་པ་བྱ་རྒྱུ་སྤོང་དགོས། ང་ཚོས་གཞན་ལ་ཕན་པ་ལས་གནོད་པའི་ལས་མི་བྱེད་པའི་འབད་བརྩོན་བྱེད་ཀྱི་ཡོད་ཀྱང་། དེ་ནི་གང་འཚམས་ཀྱི་དཀའ་ལས་ཁག་པོ་ཡོད། དཔེར་ན། ང་ཚོས་མི་ཞིག་ལ་གུས་ཞབས་དང་མི་ལྡན་པ་དང་ཡིད་ལ་མི་འཐད་པ་མིན་པའི་བསམ་པ་རྣམ་དག་གི་ཐོག་ནས་ཁ་བརྡ་བྱེད་སྐབས། རྒྱུ་མཚན་གང་རུང་ཞིག་ལ་བརྟེན་ནས་ང་ཚོས་གང་བཤད་པ་དེ་ཁོང་ཚོར་འཁང་ར་ཆེན་པོ་བྱེད་པར་ཚོར་གྱི་ཡོད། དེ་ལ་གོ་བ་ལོག་སྒྲུབ་བྱས་ཏེ་ཧ་ཅང་བློ་ཕམ་དང་ཁོང་ཁྲོ་བྱེད་ཀྱི་ཡོད། ང་ཚོ་སའི་སྟེང་ལ་འགྲོ་བའི་སྐབས། གཅིག་གི་སྟེང་དུ་གོམ་པ་སྤོ་དགོས་ངེས་རེད། ང་ཚོའི་དམིགས་ཡུལ་ནི་གཞན་ལ་མནར་གཅོད་དང་གནོད་འཚེའི་རིགས་ཉུང་དུ་གཏོང་ཐབས་དང་གནོད་པ་མི་སྐྱེལ་རྒྱུ་འདུན་སེམས་ངེས་པར་དུ་ཡོད་དགོས། འོན་ཀྱང་ང་ཚོར་ཡོད་པའི་ལུས་ཕལ་པ་འདིའི་རགས་པའི་ཆ་རྣམས་ཚད་བཀག་ཡོད་པར་བརྟེན། ཐ་ན་རྣམ་གཡེང་གི་སྒོ་ནས་ཀྱང་ང་ཚོས་སེམས་ཅན་གཞན་ལ་གནོད་སྐྱེལ་རྒྱུ་ངེས་པ་རེད། སླར་ཡང་ང་ཚོས་དེ་ཡང་གང་ཐུབ་ཅི་ཐུབ་ཀྱིས་ཉུང་དུ་གཏོང་དགོས། 

དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་སོང་བས་ནི། མི་ངན་པ་དང་འབྲེལ་ཐག་གཅོད་དགོས།

དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་ལ་མཚོན་ན། ང་ཚོས་གང་སྤོང་དགོས་སམ་ཞེ་ན། མི་ངན་པ་དང་མཉམ་དུ་ཐག་ཉེ་པོའི་འབྲེལ་བ་བྱ་རྒྱུ་སྤོང་དགོས། འདི་ནི་སྐབས་འདིར་གནད་དོན་ཧ་ཅང་གལ་ཆེན་ཞིག་ཆགས་ཀྱི་ཡོད། ང་ཚོ་ཆོས་ཀྱི་ལམ་ལ་བརྟན་ཚུགས་པོ་འདྲིས་མེད་པའི་སྐབས། སོ་སོའི་རོགས་པ་རྣམས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་ལས་སླ་པོའི་ཐོག་ང་ཚོར་ཤུགས་རྐྱེན་སྤྲོད་ཐུབ། སྐབས་འདིར་ང་ཚོས་དུས་རྟག་ཏུ་མི་དགེ་བའི་ལས་བྱེད་མཁན་གྱི་མི་ངན་པ་དང་མཉམ་དུ་འགྲོགས་རྒྱུ་སྤོང་དགོས། མི་དེ་འདྲའི་རིགས་ནི་དཔེར་ན། ཁྲིམས་འགལ་ནག་ཉེས་ཀྱི་སྤྱོད་པ་ཆུང་ཙག་རིགས་བྱེད་མཁན་སྲང་ལམ་སྟེང་གི་ཤོག་ཁག་ལྟ་བུའམ། ཡང་ན་གྲོགས་ཁྱུ་ཚོགས་ཤིག་རྟག་ཏུ་བཟི་སྨན་སྤྱོད་པ་དང་ར་བཟི་བ་ལྟ་བུ་རེད། 

ཡར་རྒྱས་ཀྱི་རིམ་པ་དེའི་ནང་ཡོད་པའི་རོགས་པ་ཚོས་ཤུགས་རྐྱེན་མི་ཐེབས་པ་ནི་ཧ་ཅང་ཁག་པོ་རེད། ང་ཚོས་ངོས་ལེན་བྱེད་པར་འདོད་ཅིང་། སོ་སོའི་གྲོགས་པོ་རྣམས་ལ་འཁང་ར་བྱེད་འདོད་མེད། དེའི་འབྲས་བུར་ང་ཚོས་ཆང་རག་འཐུང་བ་དང་། བཟི་སྨན་སྤྱོད་པ། གཡས་གཡོན་དུ་འཁྱམས་ནས་མོ་ཊའི་སྒང་ལ་འབྲི་བསུབ་ཀྱིས་འཔྲོ་བརླག་གཏོང་བ་དང་ཁང་པར་བརྐོས་རིས་འབྲི་བ་སོགས་བྱེད་ཀྱི་ཡོད། ཏོག་ཙམ་རྗེས་སུ་ང་ཚོ་ལས་དོན་དེའི་རིགས་ལང་ལ་ཤོར་གྱི་ཡོད། 

འདི་ནི་ང་ཚོས་སོ་སོའི་གྲོགས་པོ་ཚོར་ཞེད་སྣང་ཚ་པོ་དང་སྡུག་ཅག་འདུག་ཅེས་བརྗོད་དགོས་པའི་དོན་མིན། དོན་དག་གཙོ་བོ་ནི་ཁོང་ཚོས་ང་ཚོར་ཤུགས་རྐྱེན་ངན་པའི་རིགས་སྤྲོད་པའི་སྐབས། དེ་འདྲའི་མི་དང་མཉམ་དུ་དུས་ཚོད་མང་པོ་སྐྱེལ་རྒྱུ་མེད། གལ་ཏེ་ང་ཚོ་ཧ་ཅང་སྐྱོ་པོ་ཡོད་ན། དེ་དག་ཚང་མ་མཉམ་དུ་སྤོང་རྒྱུ་དེ་ཡག་ཤོས་ཡིན། དཔེར་ན། གལ་ཏེ་ང་ཚོ་ཆང་རག་ལང་ཤོར་ལས་ཐར་ཐབས་བྱེད་ཀྱིན་ཡོད་ན། ཆང་རག་ལང་ཤོར་ཅན་གྱི་གྲོགས་པོ་ཚོ་དང་མཉམ་དུ་དུས་ཚོད་སྐྱེལ་རྒྱུ་ངེས་པར་དུ་སྤོང་དགོས། ང་ཚོས་ཆང་རག་རྒྱུན་སྤྱོད་བྱེད་མིའི་རུ་ཁག་གཞན་ཞིག་གི་ནང་འཛུལ་ཞུགས་བྱེད་པ་དང་། དེ་ནས་ང་ཚོ་དང་འདྲ་བའི་མི་གཞན་ཆང་རག་ལང་ཤོར་ལས་ཐར་ཐབས་བྱེད་བཞིན་པ་རྣམས་དང་མཉམ་དུ་ཡོད། ཁོང་ཚོ་དང་ཁོང་ཚོའི་མིག་དཔེ་ལས་རྒྱབ་སྐྱོར་ཐོབ་ཀྱི་ཡོད། ཏོག་ཙམ་དེ་འདྲ་པོ་ཡོད། 

གནད་དོན་དེ་དག་ཐམས་ཅད་ཕན་ཚུན་ཇི་ལྟར་གཅིག་ལ་གཅིག་བརྟེན་ཡིན་པ་དེ་ནི་ངོ་མཚར་བ་ཞིག་རེད། ང་ཚོའི་མི་ཚེའི་ནང་གལ་ཆེ་ཤོས་དེ་གང་ཡིན་པའི་ཐད་བརྟག་དཔྱད་བྱེད་པའི་ཐོག་འགོ་འཛུགས་བྱེད་ཆོག །མི་ཚེའི་ནང་གནད་དོན་གལ་ཆེ་ཤོས་དེ་གོམས་གཤིས་ངན་པའི་གྲོགས་པོ་ཚོས་ངོས་ལེན་དང་དགའ་པོ་ཡོང་རྒྱུ་དེ་ཡིན་ནམ། དེས་ཡུན་གནས་ཐུབ་པའི་བདེ་བ་ཞིག་སྟེར་གྱི་ཡོད་དམ། ཡང་ན་ང་ཚོའི་སྐྱོན་གྱི་ཆ་རྣམས་ལས་ཐར་བའི་ཆེད་འབད་བརྩོན་བྱ་རྒྱུ་དེ་གལ་ཆེ་བ་དང་དོན་སྙིང་ལྡན་པ་ཡིན་པ་དང་། དེ་ཐོག་ནས་གཞན་ལ་ཕན་ཡག་ག་འདོགས་ཐུབ་པ་ཡིན་ནམ། 

དེ་ནི་ང་ཚོས་ཐག་རིང་དུ་འཇོག་དགོས་པའི་མི་རྣམས་ལ་སེམས་འཁུར་དང་བྱམས་བརྩེ་སྟེར་རྒྱུ་སྤོང་དགོས་པའི་དོན་མིན། ང་ཚོས་ཁོང་ཚོ་སྐྱིད་པོ་ཡོང་བར་འདོད་ཀྱི་ཡོད་ནའང་། འདིར་གཟབ་ནན་བྱེད་དགོས། ཕྱོགས་གཅིག་ནས་ཁོང་ཚོའི་ཤུགས་རྐྱེན་དེ་ང་ཚོར་ཐེབས་པ་དང་གནོད་བྱེད་མི་དགེ་བའི་འགྲོས་ཀྱི་ནང་ལྷུང་འདོད་མེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་ང་ཚོ་ནང་པ་ཡིན་པ་དང་ཁོང་ཚོ་རྦད་དེ་ཡག་ག་ཡིན་པའི་ཁེངས་དྲེགས་མཐར་ལྷུང་གི་བསམ་བློ་གཏོང་འདོད་མེད། ང་ཚོས་མཐར་དམན་པ་དེ་ཚོ་སྡིག་པའི་མི་ཚེ་ལས་བསྐྱབ་རྒྱུ་ཡིན་པ་དེ་འདྲའང་མིན། བསམ་ཕྱོགས་དེ་འདྲ་ཡོད་པ་ནི་འཇིགས་སུ་རུང་བ་ཞིག་ཡིན་པ་གསལ་པོ་རེད།

མི་རྣམས་ཕན་ཚུན་ཁ་བྲལ་བ་ཡོང་གི་ཡོད། མི་ཚེའི་ནང་དེ་འདྲ་འབྱུང་བ་ནི་རང་བཞིན་ཞིག་རེད། ང་ཚོས་ངོས་ལེན་མེད་པའི་ཚོར་བ་དེ་སུ་གཅིག་ལ་མི་སྟེར་བའམ། ཡང་ན་སུ་གཅིག་ཀྱང་ཡག་པོ་མི་འདུག་ཟེར་བ། གནད་དོན་གཙོ་བོ་ནི་ང་ཚོ་གང་ཟག་འགའ་ཞིག་གིས་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད་སྲིད་པའི་སྐབས། དེ་དག་སྤོང་རྒྱུ་ནི་ཡག་ཤོས་ཡིན། དེ་ནི་ང་ཚོ་རྩ་ཆེ་བའི་ནང་པའི་སྤྱི་ཚོགས་ཤིག་གི་ནང་གནས་མི་དགོས་ལ། ན་བཟའ་དཀར་པོ་གྱོན་པ་དང་དཀར་ཟས་བསྟེན་མཁན་ཡིན་མི་དགོས། དེ་འདྲ་ཞིག་དགོས་པའི་དོན་མིན། འོན་ཀྱང་ང་ཚོར་ཤུགས་རྐྱེན་གང་འདྲ་ཞིག་དང་འཕྲད་ངེས་ཡིན་པའི་ཐོག་ལྟ་ཞིབ་བྱེད་དགོས། བར་ཆད་ཅན་གྱི་ཤུགས་རྐྱེན་རིགས་གང་ཐུབ་ཅི་ཐུབ་ཀྱིས་སྤོང་ཐབས་བྱེད་དགོས། བར་ཆད་ཅན་གྱི་ཤུགས་རྐྱེན་ནི་མི་ཁོ་ན་ལས་འབྱུང་དགོས་པའི་ངེས་པ་མེད། དེ་ནི་གཟུགས་མཐོང་བརྙན་འཕྲིན་དང་། དྲྭ་ཐོག་ནས་འཆལ་སྤྱོད་འཁྲིག་སྦྱོར་གྱི་ལྟད་མོའི་རིགས་བལྟ་བའམ། ཡང་ན་དྲག་སྤྱོད་འཚེ་བ་ཅན་གྱི་གློག་བརྙན། དེ་བཞིན་བརྙན་འཕྲིན་རྩེད་རིགས་བཅས་ནས་འབྱུང་སྲིད། དེ་དག་ཐམས་ཅད་ཀྱིས་ང་ཚོའི་འདོད་ཆགས་དང་དྲག་རྒོལ་ཤུགས་ཆེ་རུ་བཏང་ནས་ང་ཚོར་ཤུགས་རྐྱེན་ངན་པ་སྤྲོད་སྲིད། 

སྒྲུབ་པའི་བསླབ་བྱ་གསུམ།

སྐྱབས་འགྲོ་དང་འབྲེལ་བའི་མན་ངག་གི་ནང་སྒྲུབ་པའི་བསླབ་བྱ་གསུམ་ཡོད། དེ་དག་གི་གུས་ཞབས་མཚོན་པའི་རྟགས་ཡིན། སངས་རྒྱས་ལ་ཆ་མཚོན་ན། ང་ཚོས་སྐུ་འདྲ་དང་རི་མོ་སོགས་སྒྱུ་རྩལ་གྱི་མཚོན་དོན་གཞན་རྣམས་ལ་གུས་ཞབས་བྱེད་པ་དེ་ཡིན། ཆོས་ལ་ཆ་མཚོན་ན། ང་ཚོས་དཔེ་དེབ་ཡོངས་སུ་རྫོགས་པ་དང་བྱེ་བྲག་ཏུ་ཆོས་ཀྱི་དཔེ་ཆའི་རིགས་ལ་གུས་ཞབས་བྱེད་པ་དེ་ཡིན། དེའི་སྒང་ལ་དགེ་འདུན་ལ་ཆ་མཚོན་ན། ང་ཚོས་ནང་པའི་རབ་བྱུང་གི་སྡོམ་པ་དང་ལྡན་པ་རྣམས་དང་ཐ་ན་རབ་བྱུང་དགེ་འདུན་པ་དང་བཙུན་མའི་ན་བཟའ་ཡན་ཆད་ལ་གུས་ཞབས་བྱེད་པ་དེ་ཡིན།

གུས་ཞབས་མཚོན་པའི་རྟགས་སུ་ང་ཚོས་གུས་ཞབས་དང་མི་ལྡན་པ་བྱ་རྒྱུ་སྤོང་དགོས། འདི་ལ་ཆ་བཞག་ན། ང་ཚོས་སངས་རྒྱས་ཀྱི་སྐུའི་ཐང་ག་ཁྲུས་ཁང་དང་གསང་སྤྱོད་ནང་དཔྱང་མི་རུང་། ང་ཚོས་ཆོས་ཀྱི་དཔེ་དེབ་སྒང་ལ་སྡོད་མི་རུང་ལ་བགོམ་མི་རུང་། ཡང་ན་ཅོག་ཙེ་མི་སྒུལ་བའི་ཆེད་དུ་ང་ཚོས་ཅོག་ཙེའི་རྐང་པ་འཁོད་སྙོམ་པོ་མེད་པ་ཞིག་གི་འོག་ཏུ་དཔེ་ཆ་འཇུག་མི་རུང་བ་ལྟ་བུ་རེད། ང་ཚོའི་ཆོས་ཚོགས་སུ་ནང་པའི་དགེ་འདུན་བཙུན་མ་རྣམས་ཡོད་པའི་སྐབས། ང་ཚོ་ནི་རྩ་ཆེ་བའི་ཉམས་ལེན་པ་ཡག་པོ་ཡིན་ཞེས་དགེ་འདུན་བཙུན་མ་ཚོས་ང་ཚོར་མཐུན་རྐྱེན་ཆ་ཚང་མཁོ་སྤྲོད་བྱེད་དགོས་ཤག་གིས་ཁོང་རྣམས་གཡོག་ལྟ་བུ་འཛིན་རྒྱུ་མེད། ཁོང་རྣམས་ནི་ཆོས་ཚོགས་སུ་ང་ཚོའི་ཆེད་ཇ་བཟོ་བ་དང་། སྒོའི་འགྲམ་ནས་དངུལ་བསྡུ་བ། དེའི་རྗེས་སུ་གཙང་མ་བཟོ་བ་ཙམ་གྱི་ཆེད་གནས་སྡོད་བྱེད་ཀྱི་མེད། སྟབས་ཉེས་པ་ཞིག་ལ་ཆོས་ཚོགས་མང་པོའི་ནང་དེ་འདྲ་ཡོང་གི་ཡོད། རབ་ཏུ་བྱུང་བ་རྣམས་ནི་ཆོས་ལ་ཐོས་བསམ་དང་བསླབ་པ་སློབ་གཉེར་ལ་དོ་དབྱིངས་ཆེ་ཤོས་ཡོད་མཁན་རྣམས་ཡིན། འོན་ཀྱང་ཆོས་འཁྲིད་སོགས་ཀྱི་སྐབས་རྟག་ཏུ་བཅར་མི་ཐུབ་མཁན་ཁོང་རྣམས་ཡིན་པ་རེད། དེའི་རྒྱུ་མཚན་ནི་ཁོང་རྣམས་འཛིན་སྐྱོང་པ་དང་གྲ་སྒྲིག་བྱེད་མཁན་གྱི་ངོ་བོར་ཕྱག་ལས་གནང་དགོས་ཀྱི་ཡོད། འདི་ནི་ཡང་དག་པ་ཞིག་རྩ་བ་ནས་མིན།

འདིར་གསལ་བཤད་བྱ་རྒྱུ་ཞིག་ལ། ང་ཚོས་སྐུ་འདྲ་རྣམས་ལ་གསོལ་མཆོད་རྐྱང་རྐྱང་བྱེད་ཀྱིན་ཡོད་པའི་དོན་མིན། དེ་ག་ནང་བཞིན་ང་ཚོས་ཆོས་དཔེ་ཁག་དང་། དགེ་འདུན་པ། བཙུན་མ། ན་བཟའ་སོགས་ལ་གསོལ་མཆོད་བྱེད་ཀྱིན་ཡོད་པ་དེ་འདྲ་མ་རེད། ང་ཚོའི་དམིགས་བྱ་ཡོངས་སུ་རྫོགས་པ་ནི་ཁོང་རྣམས་ལ་གུས་ཞབས་བྱ་རྒྱུ་དེ་རེད། གང་ལགས་ཞེ་ན། ཁོང་ཚོས་སངས་རྒྱས་དང་། ཆོས། དགེ་འདུན་བཅས་མཚོན་གྱི་ཡོད།

བསླབ་བྱ་དེ་དག་རང་གི་མི་ཚེའི་ནང་མཉམ་སྡེབ་བྱེད་པ།

སླར་ཡང་ང་ཚོས་གང་དང་གང་གི་སྐོར་བཤད་ཡོད་པ་ལ་བསྐྱར་ཞིབ་བྱེད་པར། ང་ཚོས་སོ་སོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་འདི་བསྟེན་འདོད་ཡོད། དམིགས་ཡུལ་དེ་བསྒྲུབ་པར་ང་ཚོས་དེ་དང་འཚམ་པ་གང་བྱེད་ཀྱིན་ཡོད་དམ་ཞེ་ན།

  • ང་ཚོས་གནད་དོན་གཞན་ནས་འབྱུང་བའི་མི་ཚེའི་ནང་གི་ཁ་ཕྱོགས་གཙོ་བོ་དེ་སྤོང་གི་ཡོད།
  • ང་ཚོས་གཞན་སེམས་ཅན་རྣམས་ལ་གནོད་འཚེ་བྱེད་ཀྱིན་མེད།
  • ང་ཚོས་མི་གཞན་གྱི་ཤུགས་རྐྱེན་ངན་པའི་རིགས་སྤོང་གི་ཡོད།
  • ང་ཚོ་སྐྱོད་བཞིན་པའི་ཁ་ཕྱོགས་སམ་སྐྱབས་སུ་འགྲོ་སའི་མཚོན་རྟགས་ལ་གུས་ཞབས་དང་ལྡན་པ་ཡིན།

དེ་འདྲ་བྱས་པས་དོན་སྙིང་ཞིག་ཡོད་པ་དང་ང་ཚོའི་ཉིན་རེའི་མི་ཚེའི་ནང་མཉམ་སྡེབ་བྱེད་ཐུབ་པ་ཞིག་ཡིན། དེ་ང་ཚོའི་མི་ཚེའི་ནང་འབྲེལ་བ་ཡོད་པ་རེད། མ་རེད་དམ། ང་ཚོ་གནས་དོན་འགའ་ཞིག་ལ་གུས་ཞབས་ལྡན་པ་དང་། སོ་སོའི་མི་ཚེའི་ནང་གནས་དོན་གལ་ཆེ་ཤོས་ཀྱི་ཐོག་ལ་བརྟན་པོར་གནས་ཀྱི་ཡོད། ང་ཚོའི་མི་ཚེའི་ནང་གི་ཁ་ཕྱོགས་སྒྱུར་བ་དང་ལམ་ནོར་དུ་འཁྲིད་སྲིད་པའི་ཤུགས་རྐྱེན་ངན་པའི་རིགས་ལ་ལྟ་ཞིབ་བྱ་ར་བྱེད་དགོས། དེ་བཞིན་གལ་ཆེ་བའི་ཁ་ཕྱོགས་འདིའི་ནང་འགྲོ་བར་ཕན་ཐོགས་པའི་མཐུན་རྐྱེན་རྣམས་ཀྱང་འཚོལ་ཐབས་བྱེད་དགོས། སངས་རྒྱས་ཀྱི་སྐུ་འདྲ་དང་། ཆོས་ཀྱི་དཔེ་དེབ། རབ་བྱུང་བ་རྣམས་ལ་གུས་ཞབས་བྱེད་པ་ནི་ཕྱིའི་མཚོན་རྟགས་ཤིག་ཡིན། འོན་ཀྱང་ནང་གི་མཚོན་རྟགས་སུ་ང་ཚོའི་མི་ཚེའི་ནང་གང་བྱེད་ཀྱིན་ཡོད་པའི་ཐོག་ལའང་གུས་ཞབས་དང་ལྡན་པ་དགོས། འདི་ནི་གནད་འགགས་ཆེན་པོ་ཆགས་ཀྱི་ཡོད། གང་ཡིན་ཞེ་ན། ང་ཚོ་ཆོས་ཉམས་ལེན་དེ་གཞན་གྱིས་མཐོང་བར་བྱེད་མི་ཐུབ་པའི་གནས་སྟངས་དེ་འདྲའི་ནང་ཡོད་སྲིད། ང་ཚོ་ཕལ་ཆེར་མི་གཞན་དག་དང་མཉམ་དུ་དམག་སྒར་དུ་ཡོད་པའམ། བཙོན་ཁང་དུ་ཡོད་པ། ཡང་ན་སྨན་ཁང་གི་ནད་གསོ་ཁང་དུ་ཡོད་སྲིད། ང་ཚོས་རྟག་ཏུ་སྤོས་སྤར་བ་དང་། སངས་རྒྱས་ཀྱི་སྐུ་འདྲ་བཤམ་པ་སོགས་བྱེད་མི་ཐུབ།

དཔེར་ན། ཁང་མིག་གཅིག་ཅན་གྱི་སྤྲོ་ཁང་ཞིག་གི་ནང་རང་གི་ཕ་མ་དང་མཉམ་དུ་གཟའ་མཇུག་རིང་སྡོད་ཀྱིན་ཡོད་པར་བསམ་བློ་གཏོང་དང་། དེའི་སྐབས་སོ་སོའི་ཕ་མའི་མདུན་དེ་ག་རང་ལ་ཕྱག་འཚལ་བ་ལྟ་བུ་ནི་རན་ཞིང་འཚམ་པ་དེ་ཙམ་མིན་པ་གསལ་པོ་རེད། ཁོང་ཚོས་ཁྱད་མཚར་མཐོང་སྲིད་པ་དང་མི་བདེ་བའི་དྲི་བའི་རིགས་འདྲ་མིན་འདྲི་འགོ་བཙུག་གི་རེད། ང་ཚོས་དེ་ལྟར་བྱེད་མི་དགོས། ང་ཚོ་གནས་སྟངས་གང་འདྲའི་ནང་ཡོད་པ་ལ་དཔག་གི་སྟབས་བསྟུན་བདེ་བའི་རང་བཞིན་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེ། འོན་ཀྱང་ཁ་ཕྱོགས་དང་དགོས་གལ་དང་པོ་དེ་གང་ཡིན་པ་གསལ་པོར་སེམས་ལ་བཅང་དགོས། གནད་འགག་གཙོ་བོ་ནི་སོ་སོ་རང་ཉིད་ལ་གུས་ཞབས་དང་སོ་སོས་གང་བྱེད་ཀྱིན་ཡོད་པར་གུས་ཞབས་ཀྱི་བསམ་ཕྱོགས་དེ་ཡིན།

ཐུན་མོང་གི་བསླབ་བྱ་དྲུག

དེའི་རྗེས་སུ་མན་ངག་ལས་བྱུང་བའི་སྐྱབས་འགྲོའི་བསླབ་བྱ་ལྟར་བྱས་ན། དཀོན་མཆོག་གསུམ་ཐུན་མོང་གི་བསླབ་བྱ་དྲུག་ཡོད་པ་ནི།

༡༽ ཐོག་མར་ང་ཚོས་སངས་རྒྱས་དང་། ཆོས། དགེ་འདུན་བཅས་ཀྱི་ཡོན་ཏན་རྣམས་རྟག་ཏུ་དྲན་པའི་སྒོ་ནས་སོ་སོའི་ཉེན་མེད་ཀྱི་ཁ་ཕྱོགས་སམ་སྐྱབས་འགྲོ་སླར་ཡང་ངེས་བརྟན་བཟོ་དགོས། གལ་ཏེ་སྐྱབས་སུ་འགྲོ་བ་དེ་ཚིག་ཁ་ཏོན་ཙམ་དུ་གྱུར་ན། དེ་ནི་ཏོག་ཙམ་ཚོར་མེད་འཕྲུལ་ཆས་དང་འདྲ་པོ་ཆགས་སྲིད། བྱས་ཙང་། དཀོན་མཆོག་གསུམ་གྱི་ཡོན་ཏན་དང་སྐྱབས་འགྲོའི་ཕན་ཡོན་རྣམས་དྲན་པའི་སྒོ་ནས་རང་གི་ཀུན་སློང་སླར་ཡང་ངེས་བརྟན་བཟོ་རྒྱུ་གལ་ཆེན་པོ་ཡིན། འདི་ལ་བརྟེན་ནས་ང་ཚོའི་སྐྱབས་འགྲོའི་རྒྱབ་ཏུ་ཡོད་པའི་ཚོར་བ་དེ་རྒྱུན་སྐྱོང་བར་ཕན་གྱི་ཡོད།

༢༽ དེའི་རྗེས་མཆོག་གསུམ་གྱི་བཀའ་དྲིན་དང་། ཆོས་ཡུན་དུ་གནས་པ། ནུས་པ། ང་ཚོར་ཕན་གང་ཅི་བཏགས་པ་རྣམས་ལ་རྗེས་སུ་དྲན་ཞིང་། བཀའ་དྲིན་གཏང་རག་གི་ཚུལ་དུ་ང་ཚོས་ཉིན་རེའི་བཟའ་བཏུང་གི་ཕུད་དེ་དཀོན་མཆོག་གསུམ་པོར་འབུལ་དགོས། ང་ཚོས་ཞོགས་པའི་ཇའམ་འཚིག་ཇའི་ཕུད་དེ་ཕོར་པ་ཆུང་ངུའི་ནང་བླུགས་ཏེ་མཆོད་ཤོམ་མདུན་དུ་བཤམ་པའམ། ཡང་ན་ང་ཚོས་ཤིང་ཏོག་ཕུལ་ནའང་འགྲིགས། ང་ཚོས་སོ་སོའི་བསམ་བློའི་ནང་ཡིད་སྤྲུལ་གྱི་མཆོད་པའང་འབུལ་ཆོག །འོན་ཀྱང་ང་ཚོས་མཆོད་པ་འབུལ་གྱི་ཡོད་ན། རྒྱ་གར་ནང་བྱེད་པ་ལྟར། བཟའ་བཏུང་དེའི་རིགས་མ་རུལ་བར་དང་། ཡང་ན་ཙི་ཙི་མ་སླེབས་བར་དུ་བཤམ་མི་རུང་། དུས་རན་འཚམ་ནང་བསྡུ་དགོས། 

ང་ཚོས་བཀའ་དྲིན་བསམ་ཤེས་དང་བཅས་ཏེ་འབུལ་གྱི་ཡོད་ཀྱང་། ཤོད་མི་དགོས་པ་ལྟར། སངས་རྒྱས་རྣམས་ལ་ང་ཚོའི་ཕོར་ཆུང་གི་ཇ་དང་ཤིང་ཏོག་རྐང་འགའ་ཞིག་མི་དགོས། ཁོང་རྣམས་ཀྱིས་དེ་དག་བཞེས་ག་ལ་སྲིད། དེ་དག་ནི་མཚོན་དོན་ཙམ་ཞིག་རེད། དུས་ཚོད་གང་འཚམས་རྗེས་སུ་ང་ཚོས་མཆོད་རྫས་དེ་དག་མར་རང་འཇགས་གནང་བར་མོས་པ་བྱས་ཏེ་ང་ཚོས་བཟའ་བའམ་འཐུང་གི་ཡོད། གལ་ཏེ་དེ་ནི་ཇ་སོགས་ཕུལ་ཡོད་ན། ང་ཚོས་དེ་གསང་སྤྱོད་ནང་ཆུ་བཤལ་གཏོང་མི་རུང་། དེ་ནི་གུས་ཞབས་ལྡན་པ་ཞིག་མིན། དེ་ལས་འཐུང་ན་ཡག་ག་ཡོད།

ང་ཚོས་ཉིན་རེ་བཞིན་དུ་ཡོན་ཆབ་འབུལ་གྱི་ཡོད། འོ་ན་ཡོན་ཆབ་འབུལ་སྣོད་དམ་ཏིང་ཕོར་བདུན་ནང་གི་ཆུ་དེ་གང་དུ་གཤོ་དགོས་པའམ་གང་བྱེད་དགོས་པའི་ཐད་ཁ་ཡོད་ལག་ཡོད་ཀྱི་དཀའ་ངལ་ཞིག་འབྱུང་སྲིད་པ་ཡིན། ཏིང་ཕོར་བདུན་ལ་ཆེ་ཆུང་སྣ་ཚོགས་ཡོད་པ་དང་ཆུ་གང་ལ་གང་འཚམས་ཀྱི་མང་པོ་ཡོད་པས། ང་ཚོས་ཉིན་ལྟར་འཐུང་དགོས་པ་ཡིན་ནམ། ང་ཚོས་ཉིན་ལྟར་དེ་མེ་ཏོག་དང་རྩི་ཤིང་ལ་ཆུ་དེ་བླུགས་དགོས་ཀྱི་ཡོད་དམ། ཉིན་ལྟར་ཆུ་ཚང་མ་དེའི་ནང་བླུགས་ན་མེ་ཏོག་དང་རྩི་ཤིང་འཕྲོ་བརླག་འགྲོ་སྲིད། འོན་ཀྱང་མ་མཐར་ཡང་ང་ཚོས་ཆུ་དེ་ཁྲུས་གཞོང་ནང་བླུགས་དགོས་པ་ལས་གསང་སྤྱོད་ནང་བླུགས་མི་རུང་། འཛམ་གླིང་ནང་གི་རྒྱལ་ཁབ་འགའ་ཞིག་ལ་ཆུ་དེ་སྒེའུ་ཁུང་ནས་ལམ་སེང་གཤོ་ཆོག་པའི་དཔེ་མཚོན་ཁ་ཤས་བསམ་བཞིན་ཡོད། དེས་ཀྱང་མི་འགྲིག་པ་ཡིན།

གང་ལྟར་ཡང་། ང་ཚོས་ཇ་དང་ཟས་འབུལ་བའི་སྐབས། དོན་དག་རྩ་ནས་མི་ཤེས་པའི་ཕྱི་རྒྱལ་སྐད་ཅིག་གི་ནང་ཚིགས་སུ་བཅད་པ་དམིགས་བསལ་ཞིག་འདོན་དགོས་གལ་མིན། ཉེ་ཆར་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་བྷར་ལཱིན་ལ་ཆོས་འཁྲིད་གནང་བཞིན་པའི་སྐབས། ཁོང་གིས། གལ་ཏེ་བོད་པ་ཚོས་མཆོད་པ་འབུལ་བ་སོགས་གང་བྱེད་ཀྱང་རྟག་ཏུ་ཁོང་ཚོས་རྩ་ནས་མི་ཤེས་པའི་འཇར་མིན་གྱི་སྐད་དུ་ཚིགས་བཅད་ཅིག་ཀློག་དགོས་ན། ཁོང་ཚོས་དེ་མི་འདོན་པ་ངེས་པ་རེད་ཅེས་གསུངས། གལ་གནད་ཅན་གྱི་དོན་སྙིང་ནི་མཆོད་པ་འབུལ་རྒྱུ་དེ་རེད། ང་ཚོས་སེར་ཀོང་རིན་པོ་ཆེས་དགོངས་ཚུལ་གསུངས་པ་ནང་བཞིན་ “སངས་རྒྱས་རྣམས། ཐུགས་མཉེས་པའི་སྒོ་ནས་འདི་བཞེས་སུ་གསོལ་” ཞེས་བརྗོད་ཐུབ་པ་ཙམ་རེད། ང་ཚོས་དེ་ཙམ་བརྗོད་དགོས་ཤིང་། དེ་ཡང་སྐད་ཤུགས་ཆེན་པོས་བརྗོད་མི་དགོས། ངས་ནམ་རྒྱུན་ “འདི་བཞིན་དཀོན་མཆོག་གསུམ་དང་སེམས་ཅན་ཐམས་ཅད་ལ་འབུལ་གྱི་ཡོད། ཚང་མས་ཞིམ་པའི་ཟས་ལ་ལོངས་སུ་སྤྱོད་པར་ཤོག་” ཅེས་བརྗོད་ཀྱི་ཡོད། ཁ་ལག་བཟའ་བའི་སྐབས་མི་གཞན་ཚང་མས་བཟའ་འདོད་དང་བཅས་ང་ཚོས་ག་དུས་ཚར་ན་བསམས་ནས་སྒུག་པའི་སྐབས། ང་ཚོས་ཨོཾ་ཨཱ་ཧཱུྃ་སོགས་སྐད་མདངས་གཏིང་རིང་པོར་འདོན་པ་དང་། དེར་བསྡད་ནས་སྐར་མ་ལྔའི་རིང་ཟས་བསྔོ་བ་བྱེད་པ་སོགས་གཤོམ་སྟོན་ཆེན་པོ་བྱེད་དགོས་དོན་མེད། མཆོད་པ་དེ་སོ་སོའི་སེམས་ནས་འབུལ་ཆོག །ང་ཚོས་གང་བྱེད་ཀྱིན་ཡོད་སུས་ཀྱང་ཤེས་མི་དགོས། རང་དང་མཉམ་དུ་ཡོད་པའི་མི་གཞན་རྣམས་ཀྱིས་ཀྱང་མཆོད་པ་འབུལ་གྱིན་འདུག་ན། ཚང་མས་སོ་སོའི་འདོད་པ་ལྟར་བྱེད་འཇུག་དགོས། 

ང་ཚོས་ཆོས་ཉམས་ལེན་དེ་གཤོམ་སྟོན་བྱེད་དགོ་དོན་མེད། དམིགས་བསལ་དེས་མི་གཞན་དག་ལ་མི་བདེ་བ་ཆགས་ཀྱི་ཡོད་པའམ། ཡང་ན་གཞན་གྱིས་རང་ཉིད་ལ་བསྟན་བཤིག་སློང་འགོ་བཙུག་གི་ཡོད་ན་དེ་བས་བྱ་མི་རུང་། དེ་ནི་ཧ་ཅང་གལ་ཆེན་པོ་ཡིན། སོ་སོ་རང་ཉིད་ཆོ་མེད་པ་བཟོ་འདོད་མེད། གཞན་གྱིས་ང་ཚོའི་ཆོས་ཉམས་ལེན་ལ་བསྟན་བཤིག་སློང་བའི་སྐབས། དེས་ནུས་པ་ཆ་ཚང་མེད་པ་བཟོ་གི་ཡོད། ང་ཚོས་ཆོས་ཉམས་ལེན་དེ་དངོས་གནས་གསང་བའི་ངང་བྱེད་དགོས། དེ་ལྟར་བྱས་ན། གཞི་ནས་ཆོས་དེ་ང་ཚོར་རྩ་ཆེན་པོ་ཆགས་ཀྱི་ཡོད། 

༣༽ རྩ་བའི་ལམ་སྟོན་གསུམ་པ་ནི། གཞན་ལ་སོ་སོའི་ཁ་ཕྱོགས་སུ་འགྲོ་དགོས་པའམ་སྐྱབས་སུ་འགྲོ་དགོས་ཞེས་ཐད་ཀར་མིན་པར་ཤུགས་ཀྱིས་སེམས་སྐུལ་བྱེད་པའི་ཐོག་དཀོན་མཆོག་གསུམ་གྱི་སྙིང་རྗེ་དྲན་དགོས། དེ་ནི་ང་ཚོ་ཆོས་ལུགས་ཁྱབ་སྤེལ་གཏོང་མཁན་ཆགས་ནས་ཚང་མ་ནང་པར་བསྒྱུར་ནས་སྐྱོབ་ཐབས་བྱེད་ཀྱི་ཡོད་པའི་དོན་མིན། དེ་འདྲ་ཞིག་རྩ་ནས་མིན། འོན་ཀྱང་གལ་ཏེ་གཞན་རྣམས་གོ་ཤེས་ཅན་དང་། དོ་དབྱིངས་ཡོད་པ་ཡིན་ན། ང་ཚོས་ཁོང་ཚོར་སེམས་ཤུགས་དང་སེམས་སྐུལ་བྱེད་ཆོག །སེམས་སྐུལ་ཡག་ཤོས་ནི་སོ་སོ་རང་ཉིད་ཀྱི་ཉམས་མྱོང་ཐོག་ནས་སྐད་ཆ་ཤོད་རྒྱུ་དེ་རེད། ནང་པའི་ཐབས་ལམ་ཁག་ང་ཚོར་ཕན་ཐོགས་ཅན་ཡིན་ཞེས་ང་ཚོས་འགྲེལ་བརྗོད་བྱེད་ཐུབ། ཡིན་ནའང་དེ་དག་གཞན་ལ་ཕན་ཐོགས་ཅན་ཆགས་ཀྱི་ཡོད་མེད་ངས་མི་ཤེས། དེས་ང་ཚོར་ཕན་ཐོགས་བྱུང་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། དེ་འདྲའི་ཐོག་ང་ཚོས་གཞན་ལ་ཤུགས་ཀྱིས་སོ་སོའི་ངོས་ནས་ཐབས་ཤེས་དང་འབད་བརྩོན་བྱེད་དགོས་ཞེས་སེམས་ཤུགས་སྤར་དགོས། 

༤༽ རྩ་བའི་ལམ་སྟོན་བཞི་པ་ནི། སྐྱབས་སུ་འགྲོ་བའི་ཕན་ཡོན་དྲན་པ་དེ་ཡིན། ཉིན་ལན་གསུམ་དང་མཚན་ལན་གསུམ་དུ་འགྲོ་ལུགས་ལྟར་སླར་ཡང་ངེས་བརྟན་བཟོ་དགོས། ང་ཚོས་དེ་ཡང་ཞོགས་པ་ལངས་མ་ཐག་དང་མཚན་མོ་མ་ཉལ་གོང་བྱེད་དགོས། ང་ཚོས་སེམས་རྩེ་གཅིག་དང་བྲལ་ཞིང་རྣམ་པར་གཡེངས་ནས། “སངས་རྒྱས་དང་། ཆོས། དགེ་འདུན་བཅས་ལ་སྐྱབས་སུ་མཆིའོ་” ཞེས་ཚིག་ཁ་ཏོན་དུ་བྱེད་པ་ཙམ་མིན་པར། ཁ་ཕྱོགས་དེ་གསལ་པོའི་སྒོ་ནས་དྲན་དགོས་ཀྱི་ཡོད། ནམ་རྒྱུན་ང་ཚོས་དེ་དང་མཉམ་དུ་ཕྱག་གསུམ་འཚལ་གྱི་ཡོད་ཀྱང་། དེ་ངེས་པར་དུ་བྱེད་དགོས་ཀྱི་མེད། 

༥༽ གདམས་པ་ལྔ་པ་ནི། གནས་སྟངས་ཅི་འདྲ་ཞིག་བྱུང་ནའང་། ང་ཚོའི་ལམ་སྟོན་ཆེད་དུ་ཉེན་མེད་ཀྱི་ཁ་ཕྱོགས་སམ་སྐྱབས་འགྲོ་ལ་ཡིད་རྟོན་བྱེད་པ་དེ་ཡིན། དུས་ཚོད་གཉན་འཕྲང་དེ་འདྲའི་སྐབས་སུ་སྐྱབས་འགྲོ་ནི་ང་ཚོས་གང་བསྟེན་དགོས་པ་དེ་ཡིན། དེ་ཡང་ “སངས་རྒྱས་མཁྱེན། ང་བསྐྱབ་རོགས་གནང་” ཞེས་སྨོན་ལམ་འདེབས་པ་ཙམ་མིན་པར། ང་ཚོས་ “གནས་སྟངས་འདི་ལ་གདོང་ལེན་བྱེད་ཚུལ་ཐད་སངས་རྒྱས་ཀྱི་གདམས་ངག་གང་ཞིག་ཡིན་ངེས་སམ་” ཞེས་རང་གིས་རང་ལ་འདྲི་དགོས། དེ་ནས་ང་ཚོས་དེ་དངོས་སུ་ལག་ལེན་བསྟར་ཐབས་བྱེད་དགོས། 

གྲོགས་པོ་ཚོས་ང་ཚོར་ཤ་ཚ་དང་རོགས་བྱེད་སྲིད་པ་དང་ཁོང་ཚོས་གློག་ཀླད་དང་མོ་ཊ་ལྟ་བུ་ང་ཚོའི་འཕྲུལ་ཆས་རིགས་ལའང་རོགས་བྱེད་སྲིད། འོན་ཀྱང་མི་ཚེའི་ནང་སོ་སོ་སྒེར་གྱི་དཀའ་ངལ་ལ་ཆ་བཞག་ན། གྲོགས་པོ་ནི་ཚད་བཀག་ཅན་ཡིན། ཁོང་རང་ཚོའི་མི་ཚེའི་ནང་དུའང་དཀའ་ངལ་ཡོད། སྟབས་མི་ལེགས་པ་ཞིག་ལ་གྲོགས་པོ་ཚོས་ནམ་རྒྱུན་ང་ཚོར་སེམས་ཤུགས་གཅོག་པ་དང་བློ་ཕམ་དུ་འཇུག་གི་ཡོད། ང་ཚོས་དངོས་ཡོད་དང་མི་མཐུན་པའི་རེ་བ་བྱེད་ཀྱི་ཡོད། དཔེར་ན། ཁོང་ཚོས་ང་ཚོའི་གདུང་བ་དང་དཀའ་ངལ་རྣམས་སེལ་གྱི་རེད་བསམ་པ་དང་། ཁོང་ཚོའི་མི་ཚེའི་ནང་ང་ཚོ་གཅིག་པུ་ལས་གཞན་མེད་པ་མ་ཡིན་པའི་བདེན་དོན་དེ་ང་ཚོས་མཐོང་གི་མེད། ཁོང་ཚོས་དུས་ཚོད་དང་ནུས་པ་ཆ་ཚང་གཏོང་སའི་ཡུལ་གལ་ཆེ་ཤོས་དེ་ང་ཚོ་ཡིན་དགོས་པའི་རྒྱུ་མཚན་གང་རེད་དམ། དེ་ནི་རང་གཅེས་འཛིན་གྱི་བློ་ཞིག་ཡིན། མ་ཡིན་ནམ། རེ་བ་དེ་ལ་བརྟེན་ནས་ཁོང་ཚོས་ང་ཚོ་སེམས་ཤུགས་གཅོག་རྒྱུ་ཡིན་པ་གོར་མ་ཆག །ཁོང་ཚོར་ལས་དོན་དང་སེམས་འཁུར་བྱ་ཡུལ་གཞན་ཡོད་ལ་དཀའ་ངལ་གྱི་རིགས་གཞན་ཡོད།

ང་ཚོའི་དགེ་བའི་བཤེས་གཉེན་རྣམས་བྲེལ་བ་ཡོད་པ་དང་དུས་ཚོད་མེད་སྲིད། ཁོང་རྣམ་རྒྱལ་ཁབ་གཞན་དུ་ཕེབས་པ་སོགས་གང་ཡིན་ནའང་ཡོང་སྲིད། འོན་ཀྱང་དགེ་བའི་བཤེས་གཉེན་གྱི་བྱིན་རླབས་དང་སེམས་སྐུལ་ནི་རྟག་ཏུ་ཡོད་པ་རེད། གལ་ཏེ་ང་ཚོས་སེམས་སྐུལ་དེ་ལ་དངོས་གནས་གོ་ཤེས་ཅན་དང་ཐབས་ལམ་དེ་དག་ལག་ལེན་བསྟར་ཐབས་བྱས་ན། དེ་དག་གིས་ང་ཚོར་སེམས་ཤུགས་གཅོག་པ་དང་བློ་ཕམ་དུ་འཇུག་གི་མ་རེད། 

༦༽ གདམས་ངག་དེ་དག་ནང་གི་དམ་བཅའ་མཐའ་མ་དེ་ནི། མི་ཚེའི་ནང་གནས་སྟང་གང་འདྲ་ཞིག་འབྱུང་བ་ཡིན་ནའང་ཁ་ཕྱོགས་དེ་ནམ་ཡང་བློས་གཏོང་མི་བྱེད་པ་དེ་རེད། འཁོར་བ་དང་ང་ཚོའི་མི་ཚེའི་རང་བཞིན་ནི་དགའ་སྐྱོའམ་སྐྱིད་སྡུག་འདྲེས་མ་ཡིན་ཞིང་རྒྱུན་དུ་འཕེལ་འགྲིབ་འགྲོ་གི་ཡོད། ང་ཚོས་བོད་ཀྱི་ནང་པའི་བླ་ཆེན་དང་རླབས་ཆེན་གྱི་ཉམས་ལེན་པ་འགའ་ཞིག་གི་ཉམས་མྱོང་ལ་བལྟ་ཆོག །ཁོང་ཚོ་ནི་མི་ཚེ་ཧྲིལ་པོར་ཆོས་ཉམས་ལེན་ལ་རྩེ་གཅིག་ཏུ་འབད་ཡོད་པ་དང་། མཐར་ཁོང་ཚོ་རྒྱ་དམར་པོའི་བཙོན་པའི་གསོག་སྒར་ནང་ལོ་ཉི་ཤུའི་རིང་རྫོགས་འགྲོ་གི་ཡོད། ཁོང་ཚོས་ཆོས་ཉམས་ལེན་དེ་ཕན་ཐོགས་མེད་པ་ཞིག་ཏུ་ཚོར་ནས་བློས་གཏོང་བྱེད་སྲིད་ནའང་། ད་དུང་བྱེད་ཀྱི་མེད། དཔེ་མཚོན་གཞན་ཞིག་ནི་མི་ཚེའི་ནང་ཉམས་ལེན་ཧ་ཅང་ཤུགས་ཆེན་བྱས་པ་དང་། དེ་ནས་ཟུག་གཟེར་ཅན་གྱི་འབྲས་ནད་འགོས་པ་ལྟ་བུ་རེད། དེ་འདྲའི་སྐབས་སུའང་ཁོང་ཚོས་ཆོས་ཉམས་ལེན་བློས་གཏོང་བྱེད་ཀྱི་མེད།

བོད་ཀྱི་བླ་མ་ཞིག་གིས་ཧ་ཅང་ཁ་གསལ་པོའི་སྒོ་ནས་ང་ཚོས་འཁོར་བ་ལས་རེ་བ་གང་བྱེད་དམ་ཞེས་གསུངས་ཡོད། ང་ཚོས་ཚང་མ་ཧ་ཅང་ཡག་པོ་འགྲོ་གི་ཡོད་པའམ། ཡང་ན་གནས་སྟངས་ཡག་ཏུ་འགྲོ་བ་ཙམ་ལ་རེ་བ་བྱེད་ཀྱི་ཡོད་དམ། འཁོར་བའི་རང་བཞིན་ནི་ཡར་མར་འཕེལ་འགྲིབ་འགྲོ་བ་དེ་ཡིན། སྐབས་རེར་གནས་སྟངས་ཐབས་སྐྱོ་པོ་ཆགས་ནས་ང་ཚོས་དགེ་བའི་ལས་བཟང་པོ་གང་བྱས་ཡོད་མེད་ལ་མ་ལྟོས་པར་གནས་སྟངས་ཧ་ཅང་མི་སྡུག་པ་མྱོང་གི་ཡོད། ང་ཚོས་དེ་ལ་བརྟེན་ནས་སེམས་ཤུགས་མི་ཆག་པ་བྱེད་དགོས། གནས་སྟངས་གང་འདྲ་ཞིག་འབྱུང་བ་ཡིན་ནའང་། དགེ་བའི་ཁ་ཕྱོགས་དེའི་ནང་མུ་མཐུད་འགྲོ་དགོས།

སྐབས་རེར་བོད་པ་ཚོས་དུད་འགྲོ་སེམས་ཅན་ལ་དཔེ་མཚོན་བཞག་ནས་འགྲེལ་བརྗོད་བྱ་རྒྱུ་དགའ་པོ་བྱེད་ཀྱི་ཡོད། སེར་ཀོང་རིན་པོ་ཆེས་རྟག་ཏུ་ཌོལ་ཧྥིན་ ༼ཉ་ཀླུ་མོ་རྣ་རིང་༽ དང་མཚོ་གླང་སྦྱོང་བརྡར་སྤྲོད་སའི་སྒྱུ་རྩལ་འཁྲབ་སྟོན་བྱེད་ས་དང་གཤེར་གནས་སྲོག་ཆགས་རྫིང་བུ་ aquarium ཡོད་ས་དེ་འདྲར་ཕེབས་རྒྱུ་ཐུགས་མཉེས་པོ་གནང་གི་རེད། ང་ཚོས་ཆོས་ཉམས་ལེན་དང་དགེ་བའི་ལས་བྱེད་པའི་སྐབས། སྦྱོང་བརྡར་སྤྲད་ཟིན་པའི་ཌོལ་ཧྥིན་དང་མཚོ་གླང་དང་འདྲ་པོ་ཆགས་ཀྱི་ཡོད་པའི་རེ་བ་བྱེད་པ་དང་། སངས་རྒྱས་ཀྱིས་ང་ཚོར་ཉ་ཞིག་གཡུག་གནང་གི་ཡོད་དམ། ང་ཚོས་དགེ་བའི་ལས་ག་དུས་བརྩམས་ནའང་། དེ་ལ་བྱ་དགའ་ཞིག་རག་གི་ཡོད་ཅེས་བསམ་གྱི་ཡོད་དམ། སྦྱོང་བརྡར་དེའི་རིགས་ཉམས་ལེན་བྱེད་ཚུལ་དེ་འདྲ་མིན་པ་གསལ་པོ་རེད། 

དེས་བསམ་བློ་གཏོང་གཞི་ཞིག་སྦྱིན་གྱི་ཡོད། ང་ཚོས་ཆོས་ཉམས་ལེན་དེ་གཡོ་བྱུས་ལྟ་བུ་ཙམ་བྱེད་ཀྱིན་ཡོད་དམ། དཔེར་ན། སྦྱོང་བརྡར་སྤྲད་ཟིན་པའི་དུད་འགྲོ་སྲོག་ཆགས་ལྟ་བུ། བྱ་དགའ་ཞིག་རག་ཐབས་ཙམ་གྱི་ཆེད་ང་ཚོས་དགེ་བའི་ལས་བྱེད་ཀྱིན་ཡོད་དམ། ཡང་ན་ང་ཚོས་སོ་སོའི་མི་ཚེ་ཡར་རྒྱས་བཏང་ནས་མཐར་ཐུག་གཞན་ལ་གང་ཐུབ་ཀྱིས་ཕན་འདོགས་པའི་ཆེད་དུ་ཆོས་ཉམས་ལེན་བྱེད་ཀྱིན་ཡོད་དམ། གནས་སྟངས་ཡག་པོ་འགྲོ་གི་ཡོད་མེད་ལ་མ་ལྟོས་པར། ཕུགས་རྒྱང་རིང་པོའི་ནང་གནས་སྟངས་ཡག་ཏུ་འགྲོ་རྒྱུ་ཡིན་པའི་ཡིད་ཆེས་ཡོད། བྱས་ཙང་། ང་ཚོས་ནམ་ཡང་བློས་གཏོང་བྱེད་ཀྱི་མེད།

མཇུག་སྡོམ་གྱི་གཏམ།

འདིས་སློབ་དཔོན་ཐོགས་མེད་ཀྱིས་དམིགས་སུ་བཀར་ནས་གསུངས་པའི་བསླབ་བྱའི་རིགས་སྣ་ཚོགས་པ་དང་། ང་ཚོའི་མི་ཚེའི་ནང་དཀོན་མཆོག་གསུམ་ལ་སྐྱབས་སུ་ཇི་ལྟར་འགྲོ་བའི་ཚུལ་མན་ངག་ལས་བྱུང་བ་བཅས་ཀྱི་ངོ་སྤྲོད་མདོར་བསྡུས་དེ་མཇུག་རྫོགས་པ་རེད། མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་འདི་ཁ་ཡོད་ལག་ཡོད་ཀྱིས་ལག་བསྟར་བྱེད་པའི་བརྡ་དོན་གསལ་པོ་ཞིག་སྟེར་གྱི་ཡོད་པ་དང་། ང་ཚོས་ཉིན་ལྟར་གང་བྱེད་དགོས་པ་དང་མི་ཚེའི་ནང་ཁ་ཕྱོགས་འདི་ཡོད་པ་ལ་བརྟེན་ནས་ཉིན་མ་རེ་རེའི་ནང་གི་རྩ་བའི་ལམ་སྟོན་རྣམས་ཀྱང་གསལ་སྟོན་བྱེད་ཀྱི་ཡོད། སྐྱབས་སུ་འགྲོ་བ་ནི་མི་བཟང་པོ་ཞིག་བྱེད་པ་ཁོ་ན་མིན་པར། དེའི་ནང་ཆོས་ལ་ཐོས་བསམ་སློབ་གཉེར་བྱེད་པ་དང་། ཆོས་ཀྱི་ལམ་དང་དེའི་རྗེས་སུ་འཇུག་པའི་གཞན་རྣམས་ལ་གུས་ཞབས་བྱེད་པ། དེ་མིན་གྱི་གནད་དོན་བྱེ་བྲག་ཚང་མ་ཤེས་དགོས་པ་བཅས་ཚུད་ཡོད། དེ་ནི་རང་གི་མི་ཚེའི་ནང་བཟང་ཕྱོགས་དགེ་བའི་དོན་སྙིང་ཞིག་སྐྲུན་པའི་བྱེད་སྒོའི་རིམ་པ་ཆ་ཚང་བ་ཞིག་ཡིན།།

Top