རྒྱབ་ལྗོངས་ཀྱི་ལོ་རྒྱུས།
སྡོམ་པ་ཞེས་བྱ་ནི་སེམས་རྒྱུན་དུ་ཡོད་པའི་ཕྲ་ཞིང་མཐོང་རེག་བྲལ་བའི་རྣམ་པ་ཞིག་ཡིན། དེ་ལ་བརྟེན་ནས་སྤྱོད་ལམ་བཟོ་ལྟ་བཟོ་ཡི་ཡོད། ལྷག་དོན་དུ་དེ་ནི་ཁ་ན་མ་ཐོ་བའི་ལས་སྤོང་བ་དེ་ཡིན། དེ་ཡང་གང་ཟག་སྒེར་པ་བྱེ་བྲག་པ་དམིགས་ཡུལ་བྱེ་བྲག་པ་འཐོབ་ཕྱིར་སློབ་གཉེར་བྱེད་མཁན་གྱི་ཆེད་དུ་རང་བཞིན་གྱི་ཁ་ན་མ་ཐོ་བའམ། ཡང་ན་བཅས་པའི་ཁ་ན་མ་ཐོ་བ་གཉིས་གང་རུང་ཡོད་པ་དེ་ཡིན། སྔ་མའི་དཔེ་ནི་གཞན་གྱི་སྲོག་གཅོད་པ་ལྟ་བུ་དང་། ཕྱི་མའི་དཔེ་ནི་ཕྱི་དྲོའི་ཁ་ཟས་ཟ་བ་སྟེ། རབ་ཏུ་བྱུང་བ་རྣམས་མཚན་དང་ཕྱི་ཉིན་ཞོགས་པར་སྒོམ་རྒྱག་པའི་སྐབས་དྲན་པ་གསལ་བ་ཡོང་ཕྱིར་དེ་སྤོང་དགོས་ཀྱི་ཡོད།
སེམས་བསྐྱེད་རིམ་པ་གཉིས་ཏེ། སྨོན་པའི་སེམས་བསྐྱེད་དང་འཇུག་པའི་སེམས་བསྐྱེད་གཉིས་ལས། ཕྱི་མ་འཇུག་པ་སེམས་བསྐྱེད་སྐབས་སུ་ང་ཚོས་བྱང་སེམས་སྡོམ་པ་ལེན་གྱི་ཡོད། ༼སེམས་བསྐྱེད་དེ་གཉིས་དབར་གྱི་ཁྱད་པར་ཤེས་ཕྱིར། དམ་བཅའ་ཅན་གྱི་བྱང་ཆུབ་སེམས་ཀྱི་བསླབ་བྱ་ཞེས་པར་གཟིགས།༽
བྱང་སེམས་སྡོམ་པ་ལེན་པར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སངས་རྒྱས་ཀྱི་གོ་འཕང་ལ་འཐོབ་ཕྱིར་དང་གཞན་དོན་གང་ཐུབ་ཅི་ཐུབ་སྒྲུབ་པའི་ཕྱིར་དུ་སངས་རྒྱས་ཀྱིས་བཀག་གནང་བའི་མི་དགེ་བའི་ལས་གཉིས་སྤོང་བར་དམ་བཅའ་དགོས་པ་ཡིན།
༡། ལས་བཅོ་བརྒྱད་ཡོད་པ་དེ་དག་བྱས་ན། བྱང་སེམས་ཀྱི་རྩ་ལྟུང་ཕོག་གི་ཡོད།
༢། ཉེས་བྱས་བཞི་བཅུ་རྩ་དྲུག་ཡོད།
རྩ་ལྟུང་ཟེར་བ་ནི་བྱང་སེམས་སྡོམ་པ་ཡོངས་སུ་རྫོགས་པ་ཤོར་བའི་དོན་ཡིན། ལྟུང་བ་ཞེས་ཆོས་ཕྱོགས་ཀྱི་ཡར་རྒྱས་དང་དགེ་བའི་ཡོན་ཏན་རྣམས་ལ་གེགས་བྱེད་ཀྱི་ཡོད། རྩ་བ་ཞེས་པའི་ཚིག་གིས་སྤང་བྱར་གྱུར་བའི་རྩ་བ་ཡིན་པར་མཚོན། དེ་འགྲེལ་བརྗོད་སླ་བའི་ཕྱིར། དེ་གཉིས་ལ་ནམ་རྒྱུན་རྩ་བ་དང་ཡན་ལག་གི་བྱང་སེམས་སྡོམ་པ་ཞེས་བརྗོད་པ་ཡིན། གལ་ཏེ་ང་ཚོར་གཞན་སེམས་ཅན་རྣམས་ལ་ཡང་དག་པ་དང་ཆ་ཚང་བའི་སྒོ་ནས་ཕན་འདོགས་པའི་འདུན་པ་ཡོད་ན། དེ་དག་གིས་སྤང་བྱར་གྱུར་བའི་སྤྱོད་ལམ་གྱི་རིགས་ལ་ཁྱད་དུ་འཕགས་པའི་ལམ་སྟོན་སྦྱིན་གྱི་ཡོད།
དུས་རབས་བཅུ་པའི་མཇུག་གི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤར་འདི་ལྟ་བུའི་བྱེ་བྲག་གི་བྱང་སེམས་སྡོམ་པ་དེ་སུ་མ་ཏྲ་ནས་ཡིན་པའི་ཁོང་ཉིད་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་གསེར་གླིང་པ་ཆོས་ཀྱི་གྲགས་པའམ་དྷརྨ་ཀཱིརྟི་ ༼དྷརྨ་པཱ་ལ་༽ དྲུང་ནས་ཐོབ་ཡོད་ཅིང་། དུས་ཕྱིས་སུ་ཁོང་གིས་བོད་དུ་དར་སྤེལ་མཛད། འགྲེལ་ཚུལ་འདི་ནི་དུས་རབས་བརྒྱད་པའི་ནང་། རྒྱ་གར་དུ་སློབ་དཔོན་ཆེན་པོ་ཞི་བ་ལྷས་ཕྱོགས་བསྡུས་མཛད་པའི་བསླབ་བཏུས་ལས། ནམ་མཁའི་སྙིང་པོའི་མདོ་ཞེས་བྱ་བ་ལས་འབྱུང་ཞེས་ལུང་འདྲེན་གནང་ཡོད། བོད་ཀྱི་ཆོས་བརྒྱུད་ཚང་མས་ད་ལྟ་དེའི་རྗེས་སུ་འབྲང་གི་ཡོད་པ་དང་། རྒྱ་ནག་ནས་བྱུང་བའི་ནང་པའི་སྲོལ་རྒྱུན་གྱིས་བྱང་སེམས་ཀྱི་སྡོམ་པའི་འགྲེལ་ཚུལ་རིགས་འདྲ་མིན་བསྲུང་གི་ཡོད།
བྱང་སེམས་སྡོམ་སྲུང་བའི་དམ་བཅའ་དེ་ཚེ་འདི་ཙམ་དུ་མ་ཟད། སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་ཚེ་རབས་རེ་རེ་བཞིན་ལག་བསྟར་བྱེད་ཀྱི་ཡོད། དེར་བརྟེན་ཕྲ་བའི་རྣམ་པའི་ཐོག་ནས་བཤད་ན། སྡོམ་པ་འདི་དག་ང་ཚོའི་སེམས་རྒྱུན་གྱི་སྟེང་དུ་མུ་མཐུད་དེ་ཚེ་རབས་རྗེས་མར་འགྲོ་གི་ཡོད། གལ་ཏེ་ང་ཚོས་ཚེ་རབས་སྔོན་མ་སྡོམ་པ་བླངས་ཡོད་ན། ད་ལྟའི་མི་ཚེ་འདིའི་ནང་དེ་དག་གསར་པ་བླངས་ཡོད་ན་མ་གཏོགས་ད་ལྟ་ཧ་མ་གོ་བར་སྡོམ་པ་ཡོངས་སུ་ཉམས་པ་ལ་བརྟེན་ནས་ཤོར་གྱི་མེད། ཚེ་འདིའི་ནང་སྡོམ་པ་ཐེངས་དང་པོ་སླར་བླངས་པ་དེས་ང་ཚོས་ཐོག་མ་ཉིད་ནས་བླངས་པའི་སྡོམ་པ་ནས་འཕེལ་རྒྱས་འགྲོ་མུས་བཞིན་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྩོལ་བའི་ངར་དེ་ཤུགས་ཆེ་རུ་གཏོང་གི་ཡོད། དེ་འདྲ་སོང་ཙང་། ཐེག་ཆེན་གྱི་སློབ་དཔོན་རྣམས་ཀྱིས་བྱང་སེམས་སྡོམ་པ་ཚང་ལ་ཤུགས་ཆེར་ལྡན་པའི་ཐོག་ནས་འཆི་རྒྱུ་གལ་གནད་དུ་ནན་བརྗོད་བྱེད་ཀྱི་ཡོད། ཐ་ན་དེ་དག་སླར་ཡང་བླངས་ནས་སླར་གསོ་མ་བྱས་གོང་ནས་ང་ཚོའི་སེམས་རྒྱུན་དུ་གནས་ཡོད་པ་དེས་ཚེ་རབས་རྗེས་མ་དགེ་བའི་ནུས་པའམ་ཚོགས་མུ་མཐུད་གསོག་གི་ཡོད།
དུས་རབས་བཅོ་ལྔ་པའི་ནང་། རི་བོ་དགེ་ལྡན་པའི་སྲོལ་གཏོད་པ་པོ་རྗེ་བླ་མ་ཙོང་ཁ་པ་བློ་བཟང་གྲཌ་པས་མཛད་པའི་བྱང་སེམས་སྡོམ་པའི་འགྲེལ་བ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་རྣམ་བཤད་བྱང་ཆུབ་གཞུང་ལམ་ཞེས་པའི་རྗེས་སུ་འབྲངས་ནས་རྩ་ལྟུང་དང་ལྡན་པའི་མི་དགེ་བའི་ལས་བཅོ་བརྒྱད་ཀྱི་སྐོར་དཔྱད་པ་བྱ་རྒྱུ་ཡིན། དེ་དག་རེ་རེ་ལ་ང་ཚོས་ཤེས་དགོས་པའི་གནད་དོན་ཁ་ཤས་ཡོད།
བྱང་སེམས་སྡོམ་པའི་རྩ་ལྟུང་བཅོ་བརྒྱད།
༡། རང་གིས་རང་ལ་བསྟོད་པ་དང་གཞན་ལ་མཐོང་ཆུང་་བྱེད་པ། ༼བདག་བསྟོད་གཞན་སྨོད།༽ ལྟུང་བ་འདི་ནི་གཞན་ཞིག་གནས་རིམ་དམའ་བར་མཐོང་ཆུང་གི་ཚིག་བེད་སྤྱོད་བཏང་ནས་སྐད་ཆ་བཤད་པ་ལ་གོ་བ་ཡིན། དེའི་ཀུན་སློང་ལ་དེ་ལྟར་ཤོད་སའི་གང་ཟག་དེ་ལས་ཁེ་ཕན་དང་། བསྟོད་པ། བྱམས་བརྩེ། གུས་ཞབས་སོགས་འདོད་པའམ། ཡང་ན་མཐོང་ཆུང་བྱས་པའི་གང་ཟག་ལ་ཕྲག་དོག་བྱེད་པ་གང་རུང་ཡིན་ཆོག །ང་ཚོས་གང་བཤད་པ་དེ་བདེན་པ་ཡིན་དང་རྫུན་མ་ཡིན་ཁྱད་པར་གང་ཡང་མེད། ཆེད་མཁས་པ་ཚོས་ལྟུང་བ་དེའི་རིགས་མི་འབྱུང་བར་གཟབ་དགོས་པའི་ནང་པ་མང་པོ་ཡོད་སྐོར་ཁྱབ་བསྒྲགས་བྱེད་ཀྱི་ཡོད།
༢། ཆོས་སམ་ནོར་མཉམ་སྤྱོད་མི་བྱེད་པ། ༼ཆོས་ནོར་མི་སྟེར་བ།༽ འདིར་ཀུན་སློང་ནི་གཙོ་བོ་འདོད་ཆགས་དང་སེར་སྣ་དགོས་ཀྱི་ཡོད། མི་དགེ་བ་འདིའི་ནང་སོ་སོའི་ཟིན་བྲིས་སམ་སྒྲ་སྡུད་འཁོར་ཐག་ལ་ཞེན་ཆགས་བྱེད་པ་ཚུད་ཡོད་པ་མ་ཟད། དུས་ཚོད་ལ་སེར་སྣ་དང་དགོས་གལ་ཆེ་སྐབས་རོགས་པ་མི་བྱེད་པའང་ཚུད་ཡོད།
༣། གཞན་གྱི་བཟོད་གསོལ་ལ་མི་ཉན་པའམ་གཞན་ལ་རྡུང་རྡེག་གཏོང་བ། ༼ཤད་སྦྱང་མི་ལེན་ཞིང་གཞན་ལ་འཚོག་པ།༽ དེ་གཉིས་ཀ་གང་རུང་གི་ཀུན་སློང་ནི་ཁོང་ཁྲོ་ཡིན་དགོས། སྔ་མ་བཟོད་གསོལ་ལ་མི་ཉན་པ་ནི་མི་ཞིག་ལ་སྐད་ལོག་རྒྱག་པའམ་རྡུང་རྡེག་གཏོང་སྐབས་ཀྱི་དུས་ཚོད་དེ་ག་རང་ལ་ཕ་རོལ་པོ་དེས་བཟོད་གསོལ་ཞུ་འབོད་བྱེད་པའམ། ཡང་ན་མི་གཞན་ཞིག་གིས་ང་ཚོར་མཚམས་འཇོག་བྱེད་དགོས་པའི་ཞུ་འབོད་ལ་ང་ཚོས་ངོས་ལེན་མི་བྱེད་པ་གང་རུང་ཡིན་ཆོག །ཕྱི་མ་རྡུང་རྡེག་གཏོང་བ་ནི་ཐད་ཀར་གང་ཟག་གཞན་ཞིག་ལ་གཞུས་པའམ་རྡེག་པར་གོ་བ་ཡིན། སྐབས་རེར་ཕྲུ་གུ་དང་རང་ཉིད་ཀྱི་དགའ་སའི་དུད་འགྲོ་སེམས་ཅན་རིགས་འགྲོ་ལམ་དུ་ཕར་རྒྱུག་ཚུར་རྒྱུག་མ་བྱོས་ཞེས་བཤད་ཀྱང་ད་དུང་མ་ཉན་ན། དེ་ནས་ང་ཚོས་གཞུས་ནས་བཀག་སྡོམ་བྱེད་དགོས་ངེས་ཆགས་སྲིད། འོན་ཀྱང་ཁོང་ཁྲོས་ཀུན་ལས་བསླངས་ཏེ་སྒྲིག་ཁྲིམས་བསླབ་རྒྱུ་དེ་ནམ་ཡང་རན་པོ་དང་ཕན་ཐོགས་ལྡན་པ་ཞིག་མིན།
༤། ཐེག་ཆེན་སྤོང་ཞིང་རང་བཟོའི་ཆོས་འཆད་པ། ༼ཐེག་ཆེན་སྤོང་ཞིང་དམ་ཆོས་འདྲར་སྣང་སྟོན་པ།༽ བྱང་ཆུབ་སེམས་དཔའ་དང་འབྲེལ་བའི་ཡང་དག་པའི་ཆོས་བཟང་སྤྱོད་ལྟ་བུ་བརྗོད་གཞི་འགའ་ཞིག་ངོས་ལེན་མི་བྱེད་པ་དང་། བརྗོད་གཞི་དེ་གའི་ཐོག་ནས་ལོག་འདྲེན་གྱི་གདམས་པ་ཡིན་ནའང་ད་དུང་ཡིན་མདོག་རང་བཟོ་དང་བཅས་ཚད་ལྡན་ཡིན་ཁུལ་བརྗོད་པ། དེབཞིན་རྗེས་འབྲང་པ་མང་པོ་ཐོབ་ཕྱིར་གཞན་ལ་ཆོས་ཁྲིད་བྱེད་པ་ལ་གོ་བ་ཡིན། ལྟུང་བ་འདིའི་དཔེ་ཞིག་ནི། དགེ་བའི་བཤེས་གཉེན་ཀྱིས་འབྱུང་ངེས་ཀྱི་སློབ་ཕྲུག་ཚོར་རང་དབང་གི་བཟང་སྤྱོད་ལ་ཆག་ཡང་གཏོང་བར་ཞེད་སྣང་སྐུལ་འདོད་མེད་པར། བྱ་བ་གང་འདྲ་ཞིག་ཡིན་ནའང་གཞན་ལ་མི་གནོད་ན་ངོས་ལེན་བྱ་རུང་བ་ཡིན་ཞེས་འགྲེལ་བརྗོད་བྱེད་ཀྱི་ཡོད། ང་ཚོ་དེ་འདྲ་བའི་ལྟུང་བ་ཕོག་མཁན་གྱི་དགེ་བའི་བཤེས་གཉེན་ཡིན་མི་དགོས་པར། དུས་རྒྱུན་གཏན་ནས་གཞན་དང་ཁ་བརྡའམ་གླེང་མོལ་བྱེད་སྐབས་སུའང་ལྟུང་བ་དེ་འབྱུང་བར་བྱེད་ཐུབ།
༥། དཀོན་མཆོག་གསུམ་ལ་འབུལ་རྒྱུའི་མཆོད་པའི་རྫས་མ་བྱིན་པར་ལེན་པ། ༼དཀོན་མཆོག་གི་དཀོར་མ་བྱིན་པར་ལེན་པ།༽ འདི་ནི་སངས་རྒྱས་དང་། ཆོས། དགེ་འདུན་བཅས་དཀོན་མཆོག་གསུམ་ལ་ཕུལ་བའམ་དབང་བའི་མཆོད་པའི་རྫས་ཅི་འདྲ་ཞིག་ཡིན་རུང་དེ་དག་རང་ངོས་ནས་སམ་གཞན་ཞིག་མངགས་གཏོང་བྱས་པ་བརྒྱུད་མ་བྱིན་པར་ལེན་པའམ་ཧམ་ཟ་བྱས་ཏེ་རང་ཉིད་ཀྱི་ཡིན་བསམ་པ་དེ་ཡིན། སྐབས་འདིར་དཀོན་མཆོག་གསུམ་ལས་དགེ་འདུན་ནི་བཙུན་པ་ཁྲིམས་ལྡན་བཞི་སྡེ་ཡན་ཆད་ལ་གོ་བ་ཡིན། དཔེར་ན། ནང་པའི་རྟེན་བཞེངས་རྒྱུའི་ཆེད་དང་། ཆོས་དཔེ་པར་སྐྲུན་ཆེད། དགེ་འདུན་བཙུན་མའི་སྡེའི་ཞལ་ལག་ཆེད་ཞལ་འདེབས་བྱུང་བ་རྣམས་ཧམ་ཟ་བྱེད་པ་ལྟ་བུ་རེད།
༦། དམ་པའི་ཆོས་སྤོང་བ། ལྟུང་བ་འདི་ནི་ཉན་ཐོས་དང་། རང་རྒྱལ། དེ་བཞིན་བྱང་སེམས་ཐེག་པ་བཅས་ཀྱི་ལུང་གི་ཆོས་རྣམས་སངས་རྒྱས་ཀྱི་བཀའ་ཡིན་ཞེས་སོ་སོའི་བསམ་ཚུལ་ཤུགས་ཆེན་བརྗོད་པའམ་གཞན་ལ་དེ་ལྟར་བརྗོད་དུ་བཅུག་ནས་ཁས་ལེན་མི་བྱེད་པ་དེ་ཡིན། ཉན་ཐོས་རྣམས་ནི་ཡོད་བཞིན་དུ་ད་དུང་སངས་རྒྱས་ཀྱི་ཆོས་ལ་ཉན་མཁན་རྣམས་ཡིན། རང་རྒྱལ་ནི་དམ་པའི་ཆོས་ཐད་ཀར་ཐོབ་རྒྱུ་མེད་པའི་དུས་ངན་སྙིགས་མའི་སྐབས་སུ་གཙོ་བོར་གནས་པའི་རང་སངས་རྒྱས་ཀྱི་ཉམས་ལེན་པ་རྣམས་ཡིན། རང་རྒྱུད་ཀྱི་རྟོགས་པ་གོང་ནས་གོང་དུ་སྤེལ་ཕྱིར། ཚེ་རབས་སྔོན་མ་ནས་བྱས་པའི་སློབ་གཉེར་དང་ཉམས་ལེན་ལ་བརྟེན་ནས་བྱུང་བའི་མངོན་རྟོགས་ལ་བརྟེན་གྱི་ཡོད། དེ་གཉིས་ཀ་ལ་ཐུན་མོང་གི་སྒོ་ནས་སོ་སོ་རང་ཉིད་འཁོར་བ་ལས་ཐར་ནས་ཐར་པའི་གོ་འཕང་ཐོབ་ཕྱིར་ཐེག་དམན་ནམ་ཚུལ་ལྡན་ཉམ་ཆུང་ཐེག་པ་དང་། ཐེག་པ་ཆེན་པོས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར་ཐབས་ལམ་ཁག་ནན་བརྗོད་བྱེད་ཀྱི་ཡོད། ཐེག་པ་གཉིས་གང་རུང་གི་བསྟན་བཅོས་ཆ་ཚང་ངམ་འགའ་ཞིག་སངས་རྒྱས་ཀྱི་བཀར་ཁས་མི་ལེན་པ་ནི་རྩ་ལྟུང་ཡིན།
༼ཐེག་དམན་དང་ཐེག་ཆེན་ཞེས་པའི་ཐ་སྙད་སྐོར་ཅེས་པར་གཟིགས།༽
སྡོམ་པ་འདི་རྒྱུན་འཛིན་བྱེད་པ་དེ་ལོ་རྒྱུས་ལྡན་པའི་ལྟ་ཚུལ་ཞིག་སྤོང་བའི་དོན་མིན། སངས་རྒྱས་ཀྱི་ཆོས་ནི་ཡིག་ཐོག་ཏུ་མ་ཕབ་གོང་གི་ལོ་ངོ་བརྒྱ་ཕྲག་གི་རིང་ངག་རྒྱུན་ཐོག་ནས་ཁྱབ་སྤེལ་བྱུང་ཡོད་པར་བརྟེན་ཟུར་ཆག་དང་རྫུན་བཟོ་སོགས་བྱུང་ཡོད་ཤག་རེད། སྔོན་བྱོན་མཁས་གྲུབ་དག་གིས་བོད་ཀྱི་ནང་པའི་ནང་པའི་གསུང་རབ་བསྡུ་བསྒྲིགས་གནང་སྐབས་ཁོང་ཚོས་ཚད་ལྡན་གྱི་གྲས་སུ་མ་ཚུད་པའི་བསྟན་བཅོས་ཁག་ངོས་ལེན་བྱས་མེད་ངེས་རེད། གང་ལྟར་ཡང་། ཁོང་རྣམས་ཀྱི་ཐག་གཅོད་དེ་རྣམ་རྟོག་ཚོད་དཔག་ཙམ་ལ་གཞི་བཞག་རྒྱུའི་ཚབ་ལ་ཁོང་ཚོས་དུས་རབས་བདུན་པའི་སྐབས་བྱོན་པའི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཆོས་ཀྱི་གྲགས་པའི་ཚད་མ་སྤྱད་ནས་རྒྱུ་ཆ་གང་འདྲ་ཞིག་ཚད་ལྡན་ཡིན་མིན་བརྟག་ཅིང་། དེ་དག་ཉམས་ལེན་བྱས་པའི་ནུས་པས་སྐྱེ་བ་བཟང་པོ་དང་། ཐར་པ། སངས་རྒྱས་ཀྱི་གོ་འཕང་བཅས་ནང་པའི་དམིགས་ཡུལ་ཁག་གྲུབ་པར་བྱས་ཡོད། ནང་པའི་གཞུང་ལུགས་ཁག་ནང་འགྲོས་དང་འགྲོ་སྟངས་ཀྱི་ཆ་ནས་མི་འདྲ་བ་དང་། ཐ་ན་དཔེ་ཆ་བྱེ་བྲག་པ་ཞིག་གི་ནང་དུའང་སངས་རྒྱས་ཀྱི་གསུང་གི་ཆ་ཤས་སྣ་ཚོགས་པ་ཡིག་ཐོག་ཏུ་ཕབ་པ་དང་སྐད་རིགས་འདྲ་མིན་ནང་བསྒྱུར་བའི་སྐབས་དུས་ཚིགས་མི་འདྲ་བ་ཡང་སེ་སྟོན་གྱི་ཡོད། དེར་བརྟེན་དེང་དུས་གཞུང་ལུགས་དཔྱད་པའི་ཐབས་ལམ་བརྒྱུད་ནང་པའི་གསུང་རབ་ལ་སློབ་གཉེར་བྱེད་པ་དེ་ནམ་རྒྱུན་གྲུབ་འབྲས་ལྡན་པ་དང་སྡོམ་པ་འདི་དང་འགལ་གྱི་མེད།
༧། རབ་བྱུང་སྐྱ་སར་ཕབ་པའམ། ཡང་ན་གྲྭ་ཆས་རྐུ་བ་ལྟ་བུའི་ལས་རྩོམ་པ། ༼རབ་བྱུང་ལ་འཚེ་བ།༽ ལྟུང་བ་འདི་ནི་ཀུན་སྤྱོད་དང་ཤེས་ཡོན་ཉམས་ལེན་གྱི་གནས་རིམ་ལ་ལྟོས་མེད་ཀྱིས་ནང་པའི་དགེ་འདུན་བཙུན་པའམ་བཙུན་མ་གཅིག་གམ། གཉིས་སམ་གསུམ་ལ་གནོད་པའི་ལས་བྱེད་པ་ལ་དམིགས་བསལ་གོ་བ་ཡིན། དེ་ལྟ་བུའི་ལས་ནི་རྣབ་སེམས་སྡང་སེམས་ཀྱིས་ཀུན་ནས་བསླངས་པ་ཞིག་དགོས་པ་དང་། དེའི་ནང་རྡུང་རྡེག་གཏོང་བའམ། ཡང་ན་ངག་ནས་ཚིག་ངན་བརྗོད་པ། ཁོང་ཚོའི་དངོས་པོ་གཞུང་བཞེས་གཏོང་བ། དེ་བཞིན་དགོན་པ་ནས་ཕྱིར་འབུད་གཏོང་བ་བཅས་ཚུད་ཡོད། ཡིན་ནའང་གལ་ཏེ་ཁོང་ཚོས་སྡོམ་པ་ཆེ་ཁག་བཞིའི་ ༼སྲོག་མི་གཅོད་པའམ་དམིགས་བསལ་འགྲོ་བ་མི་གཞན་གྱི་སྲོག་མི་གཅོད་པ། མ་བྱིན་པར་མི་ལེན་པའམ་དམིགས་བསལ་དགེ་འདུན་གྱི་སྡེར་དབང་བའི་རྒྱུ་དངོས་མི་རྐུ་བ། རྫུན་མི་བཤད་པའམ་དམིགས་བསལ་ཆོས་ཀྱི་རྟོགས་པ་ཐོབ་ཡོད་པའི་རྫུན་མི་བཤད་པ། དེ་བཞིན་མཐའ་གཅིག་ཏུ་ཚངས་སྤྱོད་དུ་གནས་པ་༽ ནང་ནས་གཅིག་ཤོར་ཡོད་ན། རབ་བྱུང་གི་སྡེ་ནས་ཕྱིར་འབུད་གཏོང་བ་དེ་ལྟུང་བ་མིན།
༨། མཚམས་མེད་ལྔ་གང་རུང་བྱེད་པ། ༼མཚམས་མེད་བྱེད་པ།༽ མཚམས་མེད་ལྔའི་ལས་ནི། ༡། རང་གི་ཕ་གསོད་པ། ༢། རང་གི་མ་གསོད་པ། ༣། དགྲ་བཅོམ་པ་གསོད་པ། ༤། ངན་སེམས་ཀྱིས་དེ་བཞིན་གཤེཌ་པའི་སྐུ་ལ་ཁྲག་འབྱིན་པ། ༥། དགེ་འདུན་དབར་དབྱེན་བྱེད་པ་བཅས་ཡིན། ཕྱི་མ་དགེ་འདུན་དབྱེན་བྱེད་ཀྱི་མཚམས་མེད་པ་ནི། སངས་རྒྱས་ཀྱི་ཆོས་དང་དགེ་འདུན་གྱི་སྡེ་ལ་ཁས་ལེན་མི་བྱེད་པ་དང་། དགེ་འདུན་རྣམས་ཐག་རིང་དུ་བཏོན་ནས་དེ་དག་རང་ཉིད་ཀྱིས་གསར་དུ་འཛུགས་པའི་དགོན་སྡེའི་སྲོལ་རྒྱུན་གྱི་ནང་ཐོ་འགོད་བྱེད་པ་ལ་གོ་བ་ཡིན། འདི་ནི་ཆོས་ཚོགས་སམ་ཆོས་ཀྱི་སྒྲིག་འཛུཌ་ཤིག་སྐྱུར་བ་ལ་གོ་བ་མིན། དཔེར་ན། དམིགས་བསལ་ཆོས་ཚོགས་བསྟི་གནས་དེ་དང་དགེ་བའི་དགེ་གཉེན་དེར་ལྐོག་ཟ་རུལ་སྲུངས་ཡོད་པའི་རྐྱེན་གྱིས་སྐྱུར་ནས་སངས་རྒྱས་ཀྱི་ཆོས་ཀྱི་རྗེས་སུ་འབྲང་མཁན་གྱི་ཚོགས་སྡེ་གཞན་ཞིག་གསར་འཛུགས་བྱེད་པའི་དོན་ལྟ་བུ་ནི་མ་ཡིན། དེར་མ་ཟད། མཚམས་མེད་པའི་ལས་ཀྱི་ནང་དགེ་འདུན་ཞེས་པའི་ཐ་སྙད་དེ་དམིགས་བསལ་རབ་བྱུང་གི་སྡེ་ལ་གོ་བ་ཡིན། ཐ་སྙད་དེ་དེང་སང་ནུབ་ཕྱོགས་ནང་པ་ཚོས་སྤྱོད་པའི་སྲོལ་རྒྱུན་མིན་པའི་ཆོས་ཀྱི་ཚོགས་སྡེའམ་སྒྲིག་འཛུགས་ཀྱི་སཾཧྒཿཞེས་པའི་སྐད་དོད་དུ་གོ་བ་མིན།
༩། ཕྱིན་ཅི་ལོག་གམ་རྒྱབ་འགལ་གྱི་ལྟ་ཚུལ་འཛིན་པ། ༼ལོག་ལྟ་འཛིན་པ།༽ འདི་ནི་སྤྱོད་ལམ་གྱི་ལས་རྒྱུ་འབྲས་ཀྱི་རྣམ་གཞག་དང་། མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོའམ་སྐྱབས་འགྲོ། ཡང་བསྐྱར་སྐྱེ་བ་དང་དེ་ལས་ཐར་བ་ལྟ་བུ་གང་བདེན་པ་དང་རིན་ཐང་ཡིན་པ་ལ་ངོས་ལེན་མི་བྱེད་པར་དེ་དག་ལ་རྒྱབ་འགལ་གྱི་ལྟ་ཚུལ་ཡོད་པ་དང་། ལོག་ལྟ་འཛིན་མཁན་ལ་གོ་བ་ཡིན།
༡༠། གྲོང་ལྟ་བུ་གནས་ལ་གཏོར་སྐྱོན་བྱེད་པ། ༼གནས་འཇིག་པ།༽ ལྟུང་བ་འདིའི་ནང་བསམ་བཞིན་དུ་གཏོར་བ་དང་། འབར་རྫས་འཕེན་པའམ་གྲོང་དང་གྲོང་ཁྱེར། རྫོང་དང་གྲོང་གསེབ་ཀྱི་ཁོར་ཡུག་གནོད་སྐྱོན་བཟོ་བ་དང་། དེ་དག་འོས་འཚམ་མིན་པ་དང་གནོད་འཚེ་ཅན། དེ་བཞིན་མི་དང་དུད་འགྲོ་རྣམས་འཚོ་ཐབས་དཀའ་མོ་བཟོ་བའི་དོན་ཡིན།
༡༡། སེམས་བཏུལ་མེད་པའི་གང་ཟག་ལ་ཆོས་བཤད་པ། ༼སྣོད་མིན་ལ་ཟབ་མོ་བཤད་པ།༽ ལྟུང་བ་འདིའི་ཡུལ་གཙོ་བོ་ནི། བྱང་ཆུབ་སེམས་དང་ལྡན་པའི་གང་ཟག་སྟོང་ཉིད་ཀྱི་དོན་རྟོགས་པར་ད་དུང་ཡང་གྲ་སྒྲིག་མེད་མཁན་རྣམས་ཡིན། དེ་ལྟ་བུའི་གང་ཟག་རྣམས་ཆོས་འདི་ལྟ་བུར་རྨོངས་ཤིང་འཇིཌ་དེའི་ནས་རྗེས་འབྲས་སུ། རང་ཉིད་ཐར་པའི་གོ་འཕང་ཐོབ་བྱེད་ཀྱི་བྱང་ཆུབ་སེམས་ཀྱི་ལམ་དེ་སྤོང་གི་ཡོད། འདི་ནི་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་དང་རྙེད་དུ་མེད་པ་ན། དེ་ནས་སུ་གཅིག་ཀྱང་གྲུབ་མེད་པས། གཞན་དོན་གྲུབ་པར་འབད་དོན་ཅི་ཡོད་དེ་མེད་བསམ་པའི་རྐྱེན་གྱིས་འབྱུང་གི་ཡོད། ལས་འདིའི་ནང་ད་དུང་སྟོང་ཉིད་གོ་ཚོད་ངེས་ཀྱི་མི་གང་རུང་ཞིག་ལ་སྟོང་ཉིད་འཆད་པ་དང་། དེ་ལ་བརྟེན་ནས་ཆོས་ཡོངས་སུ་སྤོང་བ་དེ་ཡང་ཚུད་ཡོད། དཔེར་ན། ནང་ཆོས་ནས་ཅི་ཡང་མ་གྲུབ་ཅེས་སློབ་ཀྱི་ཡོད་པས། དེ་ནི་དོན་མེད་ཁོ་ནར་ཟད་ཅེས་བསམ་པ་ལྟ་བུ་རེད། ཁྱད་འཕགས་ཀྱི་དབང་པོའི་ནུས་པའམ་མངོན་ཤེས་མེད་པར། གཞན་དག་གིས་ཆོས་ཐམས་ཅད་སྟོང་པའི་རང་བཞིན་ཡིན་པ་ལ་གོ་བ་ལོག་སྒྲུབ་མི་བྱེད་པའི་ཕྱིར། ཁོང་ཚོའི་སེམས་དེ་འདང་ངེས་ཤིག་སྦྱོང་བརྡར་ཐོབ་ཡོད་མེད་རྟོགས་དཀའ་བ་ཡིན། དེར་བརྟེན་གཞན་རྣམས་བློ་ཁ་ཆོས་ལ་ཕྱོགས་པར་རྙོག་འཛིངས་ཀྱི་རིམ་པ་རྣམས་གཅིག་ནས་གཅིག་བརྒྱུད་དེ་འགྲེལ་བརྗོད་ཐོག་དུས་མཚམས་སུ་ཁོང་དག་གི་གོ་རྟོགས་ལ་ཞིབ་འཇུག་བྱ་རྒྱུ་གལ་ཆེན་ཡིན།
༡༢། གཞན་རྣམས་སངས་རྒྱས་ཀྱི་གོ་འཕང་ལས་བཟློག་པར་བྱེད་པ། ༼ཐེག་ཆེན་ལས་བཟློག་པ།༽ ལྟུང་བའི་ལས་འདིའི་ཡུལ་ནི། བྱང་ཆུབ་ཀྱི་སེམས་བསྐྱེད་ཟིན་པ་དང་སངས་རྒྱས་ཀྱི་གོ་འཕང་ཐོབ་ཆེད་འབད་མཁན་གྱི་གང་ཟག་རྣམས་ཡིན། ལྟུང་བ་འདི་ནི་ཕ་རོལ་པོ་རྣམས་ལ་དུས་རྟག་ཏུ་བྱིན་པ་དང་བཟོད་པ་སོགས་ལ་བརྟེན་ནས་ལས་རྩོམ་པའི་ནུས་པ་མེད་པར་ཤོད་རྒྱུ་དང་། ཁོང་ཚོ་ཕལ་ཆེར་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་ཐུབ་པས་ན། རང་ཉིད་ཀྱི་དོན་དུ་ཐར་པའི་གོ་འཕང་འཐོབ་པར་འབད་ན་དེ་བཟང་བ་ཡིན་པར་ཤོད་ཀྱི་ཡོད། ཁོང་ཚོས་དམིགས་ཡུལ་དེ་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་ལས་དངོས་སུ་མ་བཟློག་ན། རྩ་ལྟུང་ཡོངས་སུ་རྫོགས་པ་ཆགས་ཀྱི་མེད།
༡༣། སོ་ཐར་གྱི་སྡོམ་པ་ངོས་ལེན་མི་བྱེད་པ། ༼སོ་ཐར་སྤོང་བ།༽ སོ་སོ་ཐར་པའི་སྡོམ་པའི་ནང་དགེ་བསྙེན་ཕ་མ་གཉིས། དགེ་ཚུལ་ཕ་མ་གཉིས། དགེ་སློང་ཕ་མ་གཉིས། དགེ་སློབ་མ་བཅས་ཡོད། འདིར་ཡུལ་ནི། སོ་ཐར་གྱི་སྡོམ་པ་དེ་དག་གང་རུང་སྲུང་མཁན་གྱི་གང་ཟག་རྣམས་ཡིན། ལྟུང་བ་འབྱུང་ཚུལ་ནི། ཁོང་ཚོར་བྱང་ཆུབ་སེམས་དཔའ་ཞིག་ཡིན་པའི་ཆ་ནས་སོ་ཐར་གྱི་སྡོམ་པ་བསྲུང་པས་ཕན་ཡོན་མེད། གང་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ལ་ནི་ལས་ཐམས་ཅད་དག་པའམ་དགེ་བ་ཡིན་ཞེས་བརྗོད་ཀྱི་ཡོད། རྩ་ལྟུང་འདི་ཡོངས་སུ་རྫོགས་པར་བྱེད་པར་རང་གི་སྡོམ་པ་དངོས་སུ་བློས་གཏོང་བྱེད་དགོས་ཀྱི་ཡོད།
༡༤། ཉན་ཐོས་ཐེག་པར་མཐོང་ཆུང་བྱེད་པ། ༼ཉན་ཐོས་ཀྱི་ཐེག་པར་སྐུར་བ་འདེབས་པ།༽ རྩ་ལྟུང་དྲུག་པ་ནི། ཉན་རང་ཐེག་པའི་གཞུང་ལུགས་རྣམས་སངས་རྒྱས་ཀྱི་བཀའ་ཚད་ལྡན་ཡིན་པར་ཁས་མི་ལེན་པ་དེ་རེད། འདིར་ང་ཚོས་དེ་དག་སངས་རྒྱས་ཀྱི་བཀར་ཁས་ལེན་གྱི་ཡོད། འོན་ཀྱང་དེ་དག་གི་ཆོས་ཀྱི་ཕན་ནུས་ལ་ངོས་ལེན་མི་བྱེད་པ་དང་། ཁོང་དག་གི་གདམས་ངག་གི་ཐབས་ལམ་ལྷག་མཐོང་ལྟ་བུ་ལ་བརྟེན་ནས་རང་རྒྱུད་ཀྱི་ཉོན་མོངས་པ་ཐམས་ཅད་སྤོང་མི་ཐུབ་པར་འདོད་ཀྱི་ཡོད།
༡༥། སྟོང་ཉིད་ལོག་པར་རྟོགས་པ་དེ་ཁྱབ་སྤེལ་བྱེད་པ། ༼མི་ཆོས་བླ་མའི་རྫུན་སྨྲ་བ།༽ གལ་ཏེ་ང་ཚོས་སྟོང་ཉིད་ཡང་དག་པར་རྟོགས་མེད་ནའང་། ད་དུང་རྟོགས་ཡོད་མདོག་གིས་གཞན་ལ་སློབ་པའམ་རང་ཉིད་ཀྱིས་དེའི་སྐོར་འབྲི་བ་སོགས་བྱེད་པ་ནི། མཁས་པ་སློབ་དཔོན་རྣམས་ལ་ཕྲག་དོག་ཟ་བའི་རྒྱུ་མཚན་གྱིས་རེད། དེ་ལྟར་བྱས་ན་ལྟུང་བའི་ལས་གསོག་གི་ཡོད། སློབ་ཕྲུག་དང་ཀློག་པ་པོ་སུ་འདྲ་ཞིག་ང་ཚོའི་ཟོག་རྫུའི་ལས་ལ་བརྟེན་ནས་མགོ་སྐོར་ཐེབས་ཡོད་མེད་ལ་ཁྱད་པར་གང་ཡང་མེད། ཡིན་ནའང་ང་ཚོས་གང་འགྲེལ་བཤད་བྱེད་པ་དེ་ཁོང་ཚོས་ངེས་པར་དུ་གོ་ཚོད་དགོས། གལ་ཏེ་ཁོང་ཚོས་གང་བཤད་པ་དེ་གོ་མ་ཚོད་ན། ལྟུང་བ་དེ་ཡོངས་སུ་རྫོགས་ཀྱི་མེད། སྡོམ་པ་འདི་དམིགས་བསལ་སྟོང་ཉིད་ལྟ་བུར་ལོག་པར་རྟོགས་པ་དེ་ཁྱབ་སྤེལ་བྱེད་པར་གོ་ནའང་། བྱང་ཆུབ་ཀྱི་སེམས་དང་ཆོས་ཀྱི་གནད་དོན་གཞན་སློབ་ཁྲིད་བྱེད་སྐབས་ཀྱང་དེ་ག་ནང་བཞིན་གྱི་ལོག་པར་རྟོགས་པ་དེ་ཁྱབ་སྤེལ་བྱ་རྒྱུ་སྤོང་དགོས་ཀྱི་ཡོད་པ་ནི་གསལ་པོ་རེད། སྟོང་ཉིད་ཡོངས་སུ་མ་རྟོགས་གོང་ནས་སྟོང་ཉིད་སློབ་པ་དེར་སྐྱོན་གང་ཡང་མེད། གང་ལྟར་ཡང་། བདེན་དོན་འདི་ང་ཚོས་གུ་ཡངས་ཐོག་ངོས་ལེན་བྱེད་པའི་བར་དུ་དང་ང་ཚོས་གང་འགྲེལ་བརྗོད་བྱེད་པ་ནི་གནས་སྐབས་ཀྱི་གོ་རྟོགས་ཁོ་ནར་བརྟེན་ནས་ཡོད་པའི་བར་ཡིན།
༡༦། མཆོག་གསུམ་ནས་གང་མ་བྱིན་པར་ལེན་པ་དེ་ངོས་ལེན་བྱེད་པ། ༼དཀོན་མཆོག་གི་དཀོར་བྱིན་པ་ལེན་པ།༽ ལྟུང་བ་འདི་ནི། རྔན་པའམ་ལག་རྟགས་དང་། མཆོད་པ། གླ་ཕོགས། གཟེངས་རྟགས། ཆད་པ། ལྐོག་རྔན་སོགས་གང་ཡིན་རུང་གཞན་གྱིས་རྐུས་པའམ་ཧམ་ཟ་བྱས་པ། དེ་ཡང་རང་ཉིད་ཀྱི་ངོས་ནས་སམ་གཞན་ལ་བསྐུལ་ནས་དཀོན་མཆོག་གསུམ་གྱི་དངོས་རྫས་དང་། དེ་ག་ནང་བཞིན་དེ་དག་ཀྱང་དགེ་འདུན་བཙུན་མ་གཅིག་གམ། གཉིས། གསུམ་ལ་དབང་བ་རྣམས་ངོས་ལེན་བྱེད་པ་དེ་རེད།
༡༧། དྲང་པོ་མིན་པའི་སྲིད་བྱུས་འདིངས་བ། ༼ཁྲིམས་ངན་འཆའ་བ།༽ འདི་ནི་དོ་ནན་དང་ཟབ་ནན་ཅན་གྱི་ཉམས་ལེན་པ་རྣམས་ལ་ཕྱོགས་རིས་བྱེད་ཀྱི་ཡོད། རྒྱུ་མཚན་ནི་དེ་དག་གི་ཕྱོགས་སུ་ཁོང་ཁྲོ་དང་སྡང་འཛིན་ཡོད་པས་རེད། རྟོགས་པ་དམའ་བ་རྣམས་ལ་རོཌ་བྱེད་པའམ་ཅི་གང་མི་བྱེད་པ། རྒྱུ་མཚན་ནི་དེའི་ཕྱོགས་སུ་འདོད་ཆགས་ཡོད་པས་ཡིན། ལྟུང་བ་འདིའི་དཔེ་ཞིག་ནི། དགེ་རྒན་ཞིག་ཡིན་པའི་ཆ་ནས་རང་གི་དུས་ཚོད་མང་ཆེ་བ་ནམ་རྒྱུན་གླ་མཐོ་པོ་སྤྲོད་ཐུབ་མཁན་སྒེར་གྱི་སློབ་ཕྲུག་ཚོའི་ཆེད་དུ་གཏོང་བ་དང་། དོ་ནན་ཅན་གྱི་སློབ་ཕྲུག་ཚོར་སྣང་མེད་གཏོང་བ་ལྟ་བུ་རེད།
༡༨། བྱང་ཆུབ་ཀྱི་སེམས་འདོར་བ། འདི་ནི་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་འདུན་པའམ་ཡིད་སྨོན་དེ་སྤོང་བ་དེ་ཡིན། བྱང་ཆུབ་ཀྱི་སེམས་ལ་གཉིས་ཏེ། བྱང་ཆུབ་སྨོན་པའི་སེམས་དང་འཇུག་པའི་སེམས་གཉིས་ལས། འདི་ནི་དམིགས་བསལ་སྔ་མ་དེ་སྤོང་བར་གོ། དེ་ལྟར་སྔ་མ་སྤངས་བར་བརྟེན་ཕྱི་མའང་སྤོང་གི་ཡོད།
སྐབས་འགར་རྩ་ལྟུང་བཅུ་དགུའང་དབྱེ་བ་ཕྱེས་ཡོད། དེ་ཡང་། ༡༩། གཞན་ལ་བརྙས་པའི་ཚིག་དང་ཚིགས་བཅད་སྤྱད་དེ་མཐོང་ཆུང་བྱེད་པ་དེ་ཡིན། འདི་ནི་བྱང་སེམས་སྡོམ་པའི་རྩ་ལྟུང་དང་པོའི་ནང་འཇུག་ན་ཆོག
སྡོམ་པ་བསྲུང་བ།
མི་རྣམས་དེ་ལྟའི་སྡོམ་པའི་སྐོར་ཤེས་པའི་སྐབས། ཁོང་ཚོས་སྐབས་རེ་དེ་དག་བསྲུང་རྒྱུ་ཁག་པོ་ཡིན་པར་ཚོར་ནས་སྡོམ་པ་ལེན་པར་ཞེད་སྣང་བྱེད་ཀྱི་ཡོད། གང་ལྟར་རང་ཚོས་སྡོམ་པ་ཞེས་པ་དེ་གང་ཡིན་པ་གསལ་པོར་ཤེས་ནས་ཞེད་སྣང་སྤོང་གི་ཡོད། དེ་དག་ལ་འགྲེལ་ཚུལ་གཉིས་ཡོད་དེ། དང་པོ་ནི། སྡོམ་པ་ནི་རང་ཉིད་མི་དགེ་བའི་སྤྱོད་ཚུལ་བྱེ་བྲག་པ་སྤོང་བར་བློའི་ཁྱེར་སོ་ཞིག་ང་ཚོའི་མི་ཚེའི་ནང་དང་དུ་ལེན་པ་དེ་ཡིན། གཉིས་པ་ནི། ང་ཚོས་སོ་སོའི་མི་ཚེ་ལ་སྦྱིན་པའི་ཕྲ་བའི་བཟོ་ལྟའམ་རྣམ་པ་འགའ་ཡོད་པ་དེ་ཡིན། དེ་གཉིས་གང་ཡིན་རུང་། སྡོམ་པ་སྲུང་བར་དྲན་པ་དང་། ཤེས་བཞིན། རང་གིས་རང་ལ་སྟངས་འཛིན་བཅས་དགོས། དྲན་པ་ལ་བརྟེན་ནས་ང་ཚོས་སོ་སོའི་སྡོམ་པ་དེ་ཉིན་གང་པོར་སེམས་ནང་ཉར་བ་དང་། ཤེས་བཞིན་ལ་བརྟེན་ནས་རང་གི་སྤྱོད་ལམ་དེ་སྡོམ་པ་དང་མཐུན་མིན་བྱ་ར་རྟོག་ཞིབ་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་སྡོམ་པ་ལས་ཉམས་ཀྱི་ཡོད་པའམ། ཡང་ན་སྡོམ་པ་ཉམས་གྲབས་ཡོད་པར་ཤེས་ཚེ། ང་ཚོས་རང་གིས་རང་ལ་སྟངས་འཛིན་བྱེད་དགོས། དེ་འདྲའི་ལམ་ནས་སོ་སོའི་མི་ཚེ་ལ་བཟང་སྤྱོད་དང་ལྡན་པའི་བཟོ་ལྟ་ཞིག་རྒྱུན་སྐྱོང་དང་ཚད་འཛིན་བཟོ་གི་ཡོད།
སྡོམ་པ་སྲུང་བ་དང་དེ་དག་ལ་དྲན་པ་རྒྱུན་སྐྱོང་བ་ནི་ཁྱད་མཚར་པོ་དང་དཀའ་ལས་ཁག་པོ་མེད། གལ་ཏེ་མོ་ཊ་ཞིག་གཏོང་བ་ཡིན་ན། བརྡབ་སྐྱོན་ཉུང་བ་དང་སྲུང་སྐྱོབ་ཆེ་བ་ཡོང་ཕྱིར་སྒྲིག་ཁྲིམས་ཁ་ཤས་བརྩི་སྲུང་བྱེད་དགོས་པ་ང་ཚོས་མོས་མཐུན་བྱེད་ཀྱི་ཡོད། སྒྲིག་ཁྲིམས་དེ་དག་གིས་མོ་ཊ་གཏོང་ཕྱོགས་ཐད་སྟངས་འཛིན་བྱེད་ཀྱི་ཡོད་པ་དཔེར་ན། མགྱོགས་ཚད་གཅོག་རྒྱུ་དང་རང་ཉིད་བགྲོད་སའི་ལམ་དུ་འགྲོ་རྒྱུ་སོགས་ལ་ཟབ་ནན་བྱས་ཏེ། རང་ཉིད་འགྲོ་ཡུལ་དུ་སླེབས་པར་ཁ་ཡོད་ལག་ཡོད་དང་དངོས་ཡོད་དོན་མཐུན་གྱི་ཐབས་ཤིག་སྟོན་གྱི་ཡོད། དེ་ལྟར་ཉམས་མྱོང་གང་ཙམ་བྱུང་རྗེས་སྒྲིག་ཁྲིམས་དེ་དག་གི་རྗེས་སུ་འབྲང་རྒྱུ་དེ་རང་བཞིན་གྱིས་གོམས་ནས་དེར་དྲན་པ་བསྟེན་རྒྱུ་དེ་རྩོལ་མེད་ངང་ཡོང་ཞིང་། དེ་ནི་ཁུར་ཆེན་དཀའ་བ་ཞིག་ནམ་ཡང་མི་ཚོར། དེ་ག་ནང་བཞིན་བྱང་སེམས་སྡོམ་པའམ་བཟང་སྤྱོད་ཀྱི་སྡོམ་པ་གང་འདྲ་ཞིག་བསྲུང་བའི་སྐབས་དེ་དང་གཅིག་པ་ཡོང་གི་ཡོད།
སྡོམ་པ་ཤོར་བར་ཀུན་དཀྲིས་བཞི།
ང་ཚོས་སོ་སོའི་མི་ཚེ་ནས་སྡོམ་པ་ཡོངས་སུ་གཏོང་བའི་སྐབས་སམ། ཡང་ན་དེ་དག་བསྲུང་རྒྱུ་མཚམས་འཇོག་བྱེད་པའི་སྐབས། སྡོམ་པ་ཤོར་བ་ཡིན། དེ་ལ་རྩ་བའི་ལྟུང་བ་ཟེར་བ་ཡིན། སྡོམ་པ་དེ་ཤོར་བའི་སྐབས། སླར་ཐོབ་པའི་ཐབས་གཅིག་པུ་ནི་ཀུན་སློང་བསྐྱར་དུ་བཅོས་རྒྱུ་དེ་རེད། དེ་ཡང་བྱམས་པ་དང་སྙིང་རྗེ་སྒོམ་པ་ལྟ་བུའི་སྒོ་ནས་སྡིག་སྒྲིབ་དག་སྦྱོང་གི་རིམ་པ་བརྒྱུད་དེ་སྡོམ་པ་སླར་ལེན་དགོས། བྱང་སེམས་སྡོམ་པའི་རྩ་ལྟུང་བཅོ་བརྒྱད་ལས། ང་ཚོས་ལྟུང་བ་དགུ་པའམ་བཅོ་བརྒྱད་པའི་སེམས་ཀྱི་གནས་བབས་ཤིག་བསྐྱེད་པ་སྟེ། ལོག་ལྟ་འཛིན་པའམ། ཡང་ན་བྱང་ཆུབ་ཀྱི་སེམས་སྤོང་བ་ནི། དོན་ངོར་མར་སེམས་ཀྱི་འགྱུར་བ་དང་། བྱང་སེམས་སྡོམ་པ་ལ་བརྟེན་ནས་བཟོས་པའི་མི་ཚེའི་བཟང་སྤྱོད་ཀྱི་ཆ་ཤོར་གྱི་ཡོད། དེར་བརྟེན་ང་ཚོས་སྡོམ་པ་སྲུང་རྒྱུའི་རྩོལ་བ་ཡོངས་སུ་རྫོགས་པ་མཚམས་འཇོག་བྱེད་ཀྱི་ཡོད། དེའི་རྗེས་འབྲས་སུ་ང་ཚོས་དམིགས་བསལ་སྤངས་པ་དེ་ཙམ་དུ་མ་ཟད། སྡོམ་པ་གཞན་ཚང་མ་དེ་མ་ཐག་ཤོར་འགྲོ་བ་ཡིན།
དེ་མིན་གྱི་བྱང་སེམས་སྡོམ་པ་བཅུ་དྲུག་པོ་ཉམས་པའི་ཀུན་སློང་གི་གྲོགས་སུ་ཀུན་དཀྲིས་བཞི་མེད་ན་རྩ་བའི་ལྟུང་བ་མིན། ཀུན་དཀྲིས་བཞི་པོ་ནི་སྡོམ་པ་བློས་གཏོང་གི་ཀུན་སློང་བསྐྱེད་མ་ཐག་པའི་རྗེས་ཐོག་ཉིད་ནས་བཟུང་སྡོམ་པ་ཉམས་པའི་བྱ་བ་ཡོངས་སུ་རྫོགས་པའི་རྗེས་ཐོག་ཉིད་ཀྱི་བར་དུ་རྒྱུན་སྲིང་དགོས། ཀུན་དཀྲིས་བཞི་ནི།
༡། ཉེས་དམིགས་མི་བལྟ་བ། མི་དགེ་བའི་ལས་དེ་བར་ཆད་དུ་མི་བརྩི་བར་ཁེ་ཕན་ཁོ་ནར་བརྩི་བ་དང་། འགྱོད་མེད་ཐོག་ལས་དེ་རྩོམ་པ།
༢། སྤྱོད་འདོད་མ་ལོག་པ། སྔོན་ནས་སྡོམ་པ་ཉམས་པར་བྱེད་པའི་གོམས་པ་ཡོད་པ་དང་། ད་ལྟ་སྤོང་འདོད་དང་མ་འོངས་པར་བསྐྱར་བཟློས་བྱེད་འདོད་མེད་པ།
༣། དགའ་མགུ་བྱེད་པ། མི་དགེ་བའི་ལས་ལ་དགའ་མགུ་ངང་ནས་འཇུག་པ།
༤། ངོ་ཚ་དང་ཁྲེལ་མེད་པ། བཟང་སྤྱོད་ཀྱི་རང་མཐོང་ངམ་ངོ་ཚ་མེད་པ་དང་། རང་ཉིད་ཀྱི་ལས་དེས་གཞན་རང་གི་ཕ་མ་དང་དགེ་བའི་བཤེས་གཉེན་སོགས་ལ་ཤུགས་རྐྱེན་སྤྲོད་ཚུལ་ཐད་སེམས་འཁུར་མེད་པའམ་ཁྲེལ་མེད་པ། དེར་བརྟེན་རང་གིས་རང་ལ་བྱེད་བཞིན་པའི་གནོད་སྐྱོན་དང་སྡིག་ལྟུང་ལ་བཤགས་པ་དང་སླར་གསོའི་ཀུན་སློང་མེད་པ་བཅས་སོ།།
གལ་ཏེ་ཀུན་སློང་བཞི་པོས་སྡོམ་པ་བཅུ་དྲུག་གང་རུང་ཤོར་བའི་གྲོགས་བྱེད་ཀྱི་མེད་ན། ང་ཚོའི་སྤྱོད་པ་དེ་བྱང་ཆུབ་སེམས་དཔའ་དང་འདྲ་བ་ཡིན། དེ་ནི་རྒྱུན་སྲིང་བའི་འབད་བརྩོན་ཞིག་ཡིན། འོན་ཀྱང་དེ་གཉིས་ཀ་ཞན་པོ་ཆགས་ཡོད། སྡོམ་པ་བཅུ་དྲུག་ལ་བརྟེན་ནས་སྡོམ་པ་བློས་གཏོང་བྱེད་པ་ཙམ་དང་སྡོམ་པ་ཤོར་བའི་དབར་ཁྱད་པར་ཆེན་པོ་ཞིག་ཡོད།
དཔེར་ན། ང་ཚོའི་དཔེ་དེབ་ཅིག་ལ་ཧ་ཅང་ཆགས་ནས་སེར་སྣ་སྐྱེས་པའི་རྒྱུ་མཚན་གྱིས་མི་གཞན་ལ་གཡར་གྱི་མེད། ང་ཚོས་དེ་ལ་ནོར་འཁྲུལ་གང་ཡང་མཐོང་གི་མེད། གང་ལྟར་ཡང་མི་དེས་དཔེ་དེབ་སྒང་ཚིག་ཇ་གཞུ་སྲིད་པ་དང་ཚུར་སློག་མི་སྲིད་པ་རེད། ང་ཚོས་དཔེ་དེབ་དེ་སྔོན་ནམ་ཡང་གཡར་མྱོང་མེད། ད་ལྟའང་གཡར་རྒྱུའི་ཀུན་སློང་ལ་འགྱུར་བ་མེད་ལ་མ་འོངས་པར་ཡང་གཡར་རྒྱུའི་འདོད་པ་མེད། དེར་མ་ཟད། ང་ཚོས་གཡར་རྒྱུའི་ངོས་ལེན་མི་བྱེད་པའི་སྐབས། སོ་སོའི་ཐག་གཅོད་ལ་དགའ་བ་སྐྱེ་ཡི་ཡོད། ཁྲེལ་མེད་པ་ནི་ང་ཚོ་མིན་ཟེར་རྒྱུ་ལ་ངོ་ཚ་བ་དེ་ཡིན། སོ་སོས་ངོས་ལེན་མེད་པ་དེས་རང་ཉིད་ལ་ཤུགས་རྐྱེན་ག་འདྲ་སྤྲོད་པར་དོ་འཁུར་མེད། དོན་ངོ་མར་མི་ཞིག་གིས་གཞན་ཚང་མ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་འདོད་ཡོད་པ་དང་། ང་ཚོས་གཞན་ལ་རང་གི་ཤེས་བྱའི་འབྱུང་ཁུངས་ཅི་འདྲ་ཞིག་ཡོད་ནའང་མཉམ་སྤྱོད་ཇི་ལྟར་མི་བྱེད་དམ། ང་ཚོས་ངོ་ཚ་མེད་པའི་སྒོ་ནས་རང་གི་དགེ་བའི་བཤེས་གཉེན་དང་ནང་ཆོས་སྤྱི་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པ་དེར་དོ་འཁུར་སྤུ་ཙམ་མེད་པ་རེད། དེ་བཞིན་སོ་སོའི་རང་འདོད་དོན་གཉེར་གྱི་ལས་དེ་དང་ཆ་སྙོམ་པོར་བཟོ་བའི་བྱ་བ་བྱ་རྒྱུའི་ཀུན་སློང་མེད་པ་རེད།
གལ་ཏེ་ང་ཚོས་དཔེ་དེབ་མི་གཡར་བའི་སྐབས་ཀུན་སློང་དེ་དག་ཐམས་ཅད་ཡོད་ན། མི་ཚེའི་ནང་གི་བྱང་སེམས་སྡོམ་པ་དེ་ཤོར་ངེས་ཡིན། ང་ཚོ་ཐེག་ཆེན་གྱི་བསླབ་བྱ་དང་བྱང་སེམས་སྡོམ་པ་ལས་ཡོངས་སུ་ལྷུང་པ་རེད། ཕྱོགས་གཞན་ཞིག་ནས་གལ་ཏེ་ང་ཚོར་ཀུན་སློང་དེ་དག་ཁ་ཤས་མེད་པ་དང་དཔེ་དེབ་གཡར་མེད་ན། སོ་སོའི་མི་ཚེའི་ནང་བྱང་སེམས་སྡོམ་པ་སྲུང་བར་སྒྱིད་ལུག་པ་ཙམ་རེད། ང་ཚོར་ད་དུང་ཡང་སྡོམ་པ་ཡོད་ཀྱང་། དེ་ནི་ཧ་ཅང་ཞན་པའི་རྣམ་པར་ཡོད།
སྡོམ་པ་ཞན་དུ་འགྲོ་བ།
ཀུན་དཀྲིས་བཞི་པོ་གཅིག་ཀྱང་མེད་པར་སྡོམ་པ་བཅུ་དྲུག་ལས་གཅིག་ཉམས་པ་དེས་ང་ཚོའི་བྱང་སེམས་སྡོམ་པ་ཉམས་པར་བྱེད་ཀྱི་མེད། དཔེར་ན། གཞན་གྱིས་རེ་འབོད་ལྟར་ང་ཚོས་དཔེ་དེབ་གཡར་གྱི་མེད། འོན་ཀྱང་ང་ཚོས་གཞི་རྩའི་ཆ་ནས་དེ་ནོར་འཁྲུལ་ཡིན་པ་ཤེས་ཀྱི་ཡོད། ང་ཚོས་དེ་སྲིད་བྱུས་ལྟར་བྱེད་འདོད་མེད། གཡར་གྱི་མིན་ཟེར་དུས་སྐྱིད་པོ་ཞིག་མེད་ལ་སོ་སོས་ངོས་ལེན་མི་བྱེད་པ་དེས་རང་ཉིད་དང་རང་གི་དགེ་བའི་བཤེས་གཉེན་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པའི་ཐད་སེམས་འཁུར་ཡོད་པ་རེད། ང་ཚོར་མི་གཡར་བའི་རྒྱུ་མཚན་ཡང་དག་ཅིག་ཡོད་པ་རེད། དཔེར་ན། རང་ཉིད་ལ་དཔེ་དེབ་དེ་དགོས་མཁོ་ཧ་ཅང་ཆེ་བའམ། ཡང་ན་ང་ཚོས་སྔོན་ནས་མི་གཞན་ཞིག་ལ་གཡར་རྒྱུའི་ཁས་ལེན་བྱས་ཚར་ཡོད་སྲིད། ང་ཚོའི་ཀུན་སློང་ནི་དཔེ་དེབ་ལ་ཆགས་ཞེན་བྱེད་པའམ་སེར་སྣ་བྱེད་པ་ཞིག་མིན། ང་ཚོས་དཔེ་དེབ་གཡར་མི་ཐུབ་པའི་དགོངས་གསལ་ཞུ་བ་དང་གཡར་མི་ཐུབ་པའི་རྒྱུ་མཚན་འགྲེལ་བརྗོད་བྱེད་དགོས་ཤིང་། གང་ཟག་དེ་ལ་གང་མྱུར་གཡར་རྒྱུ་ཡིན་པའི་ངེས་བརྟན་བཟོ་དགོས། ཕམ་ཉེས་ཁ་གསབ་བྱེད་པར་སོ་སོའི་ཟིན་བྲིས་མཉམ་སྤྱོད་བྱེད་དགོས། དེ་ལྟར་ང་ཚོས་མི་ཚེའི་ནང་བྱང་སེམས་སྡོམ་པ་ཡང་དག་པ་སྲུང་ཐུབ།
ང་ཚོ་འདོད་ཆགས་དང་སེར་སྣའི་དབང་འོག་ཇི་ཙམ་གྱིས་ཤུགས་ཆེ་བ་འགྲོ་བ་དེ་ཚོད་ཀྱིས་སྡོམ་པ་དེ་ཉམས་འགོ་བཙུག་པ་དང་སྡོམ་པ་སྲུང་རྒྱུ་དེ་ཤོར་གྱི་ཡོད། གཞན་ལ་ཆོས་མི་འཆད་པ་སྤོང་བའམ། ཡང་ན་ཤེས་བྱའི་གནས་གང་ཞིག་མཉམ་སྤྱོད་བྱ་རྒྱུ་སྤོང་བའི་སྡོམ་པ་སྲུང་བ་དེས་ང་ཚོའི་དཔེ་དེབ་ལ་ཡོད་པའི་འདོད་ཆགས་དང་སེར་སྣ་མེད་པ་བཟོ་ཡི་མེད་པ་དེ་སེམས་ལ་ངེས་དགོས། དེས་ང་ཚོ་དེ་དག་གི་དབང་དུ་ཤོར་ནས་བྱ་སྤྱོད་མི་སྤེལ་བ་ལས་སྲུང་བ་ཙམ་ཡིན། ང་ཚོས་དཔེ་དེབ་གཡར་སྲིད་ལ་ཡང་ཛ་དྲག་དགོས་མཁོ་ལ་བརྟེན་ནས་སྐབས་དེར་མ་གཡར་བ་ཡིན་ནའང་། ད་དུང་དེར་ཆགས་པ་དང་གཞི་རྩའི་ཆ་ནས་སེར་སྣ་ཡོད་པ་རེད། གང་ལྟར་ཡང་སྡོམ་པ་ལ་བརྟེན་ནས་ཉོན་མོངས་དེ་དག་ལ་འཐབ་རྩོད་ཀྱིས་རྩ་མེད་གཏོང་བར་རོགས་བྱེད་པ་དང་། དེ་དག་ལས་བྱུང་བའི་དཀའ་ངལ་དང་སྡུག་བསྔལ་རྣམས་ལས་ཐར་བར་བྱེད་པ་ཡིན། དཀའ་ངལ་བཟོ་མཁན་གྱི་ཉོན་མོངས་དེ་དག་ཇི་ཙམ་གྱིས་ཤུགས་ཆེ་བ་ཡོད་པ་དེ་ཚོད་ཀྱིས་སོ་སོའི་སྤྱོད་ལམ་ལ་བཀོད་བྱུས་བྱེད་མི་འཇུག་པའི་ཆེད་རང་གིས་རང་ལ་སྟངས་འཛིན་བྱ་རྒྱུ་དེ་དཀའ་ལས་ཁག་པ་ཡོད།
ང་ཚོ་འདོད་ཆགས་དང་སེར་སྣས་དབང་གནོན་ཤུགས་ཆེར་བྱེད་ཀྱི་ཡོད་པ་དང་། ང་ཚོའི་སྡོམ་པ་ཧ་ཅང་ཞན་དུ་ཞན་དུ་འགྲོ་གི་ཡོད། ང་ཚོས་དཔེ་དེབ་མ་གཡར་བའི་སྐབས། དེ་ལྟར་བྱེད་པ་ནོར་གྱི་ཡོད་པ་ང་ཚོས་ཤེས་ཀྱང་། ང་ཚོས་ཀུན་དཀྲིས་ནང་ནས་གཅིག་གམ་གཉིས། ཡང་ན་ཀུན་དཀྲིས་གཞན་གསུམ་ག་འཛིན་གྱི་ཡོད། འདི་དག་གི་ནང་ང་ཚོའི་སྡོམ་པའི་ཟག་པ་ཆུང་བའི་ཆུང་བ་དང་། ཟག་པ་ཆུང་བའི་འབྲིང་། ཟག་པ་ཆུང་བའི་ཆེ་བ་བཅས་ཡོད་པ་རེད། དཔེ་ཆ་བཞག་ན། ང་ཚོས་དཔེ་དེབ་མ་གཡར་བ་དེ་ནོར་གྱི་ཡོད་པ་ཤེས་ཀྱང་། དེ་ནི་ང་ཚོའི་སྲིད་བྱུས་ཡིན་པས་ཆག་ཡང་མེད། གལ་ཏེ་རང་ཉིད་དེ་ལ་སྡུག་ཅག་ཚོར་བ་དང་སོ་སོས་ངོས་ལེན་མི་བྱེད་པ་དེས་རང་དང་རང་གི་དགེ་བའི་བཤེས་གཉེན་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པའི་ཐད་ངོ་ཚ་པོ་བྱུང་ན། ང་ཚོས་མི་ཚེའི་ནང་བཙུད་ཐབས་བྱེད་པའི་བྱང་སེམས་ཀྱི་སྡོམ་པ་དེ་ད་དུང་ཧ་ཅང་ཞན་པོ་མིན། འོན་ཀྱང་དེའི་སྟེང་ལ་སྲིད་བྱུས་དེ་ལ་དགའ་སྣང་དང་། གཞན་གྱིས་རང་ཉིད་དམ་རང་གི་དགེ་བའི་བཤེས་གཉེན་ལ་གང་བསམ་གྱི་ཡོད་པར་དོ་འཁུར་མི་བྱས་ན། ང་ཚོ་འདོད་ཆགས་དང་སེར་སྣའི་ཕྱོགས་སུ་ལྷུང་འགྲོ་གི་ཡོད།
དེ་ལས་ཀྱང་ཞན་པའི་སོ་སོའི་མི་ཚེའི་ནང་སྡོམ་པ་བསྲུང་རྒྱུ་དེ་དཔེ་དེབ་མི་གཡར་བ་དེ་ལ་ནོར་འཁྲུལ་གང་ཡོད་པ་དེ་ཁས་མི་ལེན་པའི་སྐབས་ནས་འགོ་བཙུག་གི་ཡོད། དེ་ནི་ཟག་པ་འབྲིང་གི་ཆུང་བ་དེ་རེད། ང་ཚོས་ཀུན་དཀྲིས་གཅིག་གམ་གཉིས་བསྡོམས་པའི་སྐབས། ཟག་པ་འབྲིང་གི་ཆེ་བ་དང་ཟག་པ་ཆེན་པོ་ལ་བརྟེན་ནས་ང་ཚོས་སྡོམ་པ་དེ་ད་དུང་ཞན་དུ་གཏོང་གི་ཡོད། ཀུན་དཀྲིས་བཞི་ཀ་ཚང་བའི་སྐབས། ང་ཚོར་རྩ་བའི་ལྟུང་བ་ཞིག་བྱུང་ནས་སྡོམ་པ་ཡོངས་སུ་རྫོགས་པ་ཤོར་གྱི་ཡོད། དེ་ནས་ང་ཚོ་འདོད་ཆགས་དང་སེར་སྣའི་དབང་འོག་ཏུ་ཡོངས་སུ་ཚུད་ནས་ཡོད། དེའི་དོན་ནི་ང་ཚོས་གཞན་ལ་ཕན་འདོགས་ཐུབ་པའི་ཆེད་དེ་དག་ལས་ཐར་བ་དང་རང་གི་ནུས་པ་རྟོགས་པར་འབད་ཀྱི་མེད། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་སྤོང་བ་དང་རིམ་པ་དེ་བཟོ་བཀོད་བྱེད་མཁན་གྱི་བྱང་སེམས་སྡོམ་པ་ཤོར་གྱི་ཡོད།
སྡོམ་པ་ཞན་པོ་དེ་ཤུགས་ཆེན་བཟོ་བ།
བྱང་སེམས་སྡོམ་པ་ཕྱིར་བཅོས་པའི་རིམ་པ་དང་པོ་ནི། གལ་ཏེ་ང་ཚོས་སྡོམ་པ་ཞན་དུ་བཏང་བའམ་ཤོར་བ་ཡིན་ན། དེ་ནི་སྡོམ་པ་ཉམས་པ་དེ་ནོར་འཁྲུལ་ཡིན་པ་ངོས་ལེན་བྱེད་ཀྱི་ཡོད། ང་ཚོས་ཕྱིར་བཅོས་ཇི་ལྟར་བྱེད་དམ་ཞེ་ན། ཕྱིར་འཆོས་སམ་ཕྱིར་བཅོས་ཀྱི་ཆོ་གའི་སྒོ་ནས་བྱེད་དགོས། དེ་ཡང་མི་གཞན་ཞིག་ལ་འགྱོད་བཤགས་བྱེད་པའམ་སངས་རྒྱས་ལ་བཟོད་གསོལ་ཞུ་བའི་སྒོ་ནས་མིན་པར། སོ་སོ་རང་ཉིད་དང་རང་གི་དམ་བཅའ་ལ་དྲང་པོ་དྲང་གཞག་བྱེད་དགོས། གལ་ཏེ་ང་ཚོས་སྡོམ་པ་བྱེ་བྲག་པ་ཞིག་མ་བསྲུང་བའི་སྐབས་དེ་ནོར་འཁྲུལ་ཡིན་པ་ཚོར་ཡོད་ན། སླར་ཡང་ནོར་འཁྲུལ་ངོས་ལེན་བྱེད་དགོས། དེ་ནས་ང་ཚོས་གཉེན་པོ་སྟོབས་བཞི་སྐྱེད་དགོས། གཉེན་པོ་བཞི་ནི།
༡། ལས་བྱས་པ་ལ་འགྱོད་པ་སྐྱེ་བ། འགྱོད་པ་ནི་སྡོམ་པ་ཉམས་པའི་སྐབས་སམ་ཉམས་པའི་རྗེས་གང་རུང་ལ་འགྱོད་པ་སྐྱེ་བ་སྟེ། དེ་ནི་ནག་ཉེས་དང་དོན་གཅིག་མིན། འགྱོད་པ་ནི་ང་ཚོས་བྱེད་བཞིན་པའི་ལས་སམ་བྱས་ཚར་བའི་ལས་དེ་འདྲ་ཞིག་བྱས་མེད་ན་བསམ་པའི་འདུན་པ་དེ་ཡིན། དེ་ནི་སོ་སོའི་ལས་བྱས་པ་དང་བྱེད་བཞིན་པ་ལ་དགའ་སྒོམ་ཡི་རངས་བྱེད་པའི་ལྡོག་ཟླ་ཡིན། ཕྱོགས་གཞན་ཞིག་ནས་ནག་ཉེས་ནི། ང་ཚོས་བྱ་བ་བྱས་པ་དང་བྱེད་བཞིན་པ་ནི་དངོས་གནས་སྡུག་ཅག་ཡིན་པའི་ཚོར་བ་ཤུགས་དྲག་དང་བཅས་སོ་སོ་མི་ངན་པ་ངོ་མ་དེ་ཡིན་པར་ཚོར་བ་དེ་རེད། དེ་ལྟའི་ངོ་བོ་རང་བཞིན་དང་རྟག་པར་འཛིན་པའི་ཐོག་དེའི་སྟེང་སེམས་སྦུབས་དོག་པོར་གནས་ནས་གློད་གཏོང་བྱེད་ཀྱི་མེད། ནག་ཉེས་ནི་གང་ལྟར་ང་ཚོའི་ནོར་འཁྲུལ་གྱི་ཡ་ལན་ཕན་ཐོགས་ལྡན་པ་ཞིག་དང་འོས་འཚམ་ཞིག་ནམ་ཡང་མིན། དཔེར་ན། གལ་ཏེ་ང་ཚོར་ན་ཚ་འབྱུང་བའི་ཟས་རིགས་བཟས་ན། དེ་ལྟར་བྱས་པར་འགྱོད་པ་སྐྱེ་ཡི་ཡོད། དེ་ནི་ནོར་འཁྲུལ་ཞིག་ཡིན་པ་རེད། འོན་ཀྱང་ང་ཚོས་དོན་ངོ་མར་བཟའ་མ་དེ་བཟས་པ་ལ་བརྟེན་ནས་རང་ཉིད་རང་བཞིན་གྱིས་སྡུག་ཅག་བཟོ་བ་མིན། ལས་གང་བྱས་པ་དང་དེའི་རྗེས་འབྲས་ཀྱི་འགན་འཁྲི་དེ་ང་ཚོར་ཡོད། འོན་ཀྱང་ལས་དང་དེའི་རྗེས་འབྲས་ལ་ཉེས་འཛུགས་ཀྱི་ནག་ཉེས་ཅན་མ་ཡིན། དེས་ང་ཚོར་ཡོད་པའི་རང་གིས་རང་ལ་རིན་ཐང་དང་ཆེ་མཐོང་གི་ཚོར་བ་དང་ཕྲལ་བར་བྱེད་ཀྱི་ཡོད།
༢། ནོར་འཁྲུལ་སླར་ཡང་མི་བྱ་བའི་དམ་བཅའ་གང་ཐུབ་བྱེད་པ། ཐ་ན་སྡོམ་པ་ཉམས་པའི་སྐབས་སུ་ང་ཚོར་ཀུན་སློང་དེ་འདྲ་བ་ཞིག་ཡོད་ནའང་། ང་ཚོས་དྲན་ཤེས་ལྡན་པའི་ངང་ནས་སོ་སོའི་དམ་བཅའ་ལ་སླར་ཡང་ངེས་བརྟན་བཟོ་བ།
༣། གཞིའི་ཐོག་ལ་ཕྱིར་ལོག་པ། འདི་ནི་རང་གི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་སམ་སྐྱབས་འགྲོ་ལ་ངེས་བརྟན་བཟོ་བ་དང་། གཞན་ཐམས་ཅད་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཕྱིར་རང་གི་འབད་བརྩོན་སླར་ཡང་བྱེད་པ། ཕྱོགས་གཞན་ཞིག་ནས་བཤད་ན། རང་གི་སྐྱབས་འགྲོ་དང་བྱང་ཆུབ་སྨོན་པའི་སེམས་ལ་སླར་ཡང་ནུས་མཐུ་སྦྱིན་པ་དང་སྲ་བརྟན་བཟོ་བ་དེ་ཡིན།
༤། སོ་སོའི་སྡོམ་པ་ཉམས་པ་ལ་ཆ་སྙོམ་པོ་བཟོ་ཕྱིར་གཉེན་པོའི་ཐབས་ལག་བསྟར་བྱེད་པ། ཐབས་ལམ་དེ་ལྟ་བུའི་ནང་བྱམས་པ་དང་སྦྱིན་པ་སྒོམ་པ་དང་། ང་ཚོའི་སྤྱོད་ལམ་ངན་པ་རྣམས་ལ་བཟོད་གསོལ་ཞུ་བ། དེ་བཞིན་དགེ་བའི་ལས་གཞན་ལ་འཇུག་པ་བཅས་ཡིན། ཕན་བྱེད་དགེ་བའི་ལས་བྱེད་པར། བཟང་སྤྱོད་ཀྱི་རང་མཐོང་དང་། རང་གི་ལས་ལ་བརྟེན་ནས་སོ་སོའི་གུས་བརྩི་བྱ་ཡུལ་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པ་ལ་སེམས་འཁུར་ཞིག་དགོས་ཀྱི་ཡོད་པ་སོང་ཙང་། ང་ཚོས་མི་དགེ་བའི་ལས་བྱེད་སྐབས་བཟང་སྤྱོད་ཀྱི་རང་མཐོང་སོགས་མེད། སྡོམ་པ་ཉམས་པའི་སྐབས་ང་ཚོ་ངོ་ཚ་བ་དང་ཁ་སྐྱེངས་པོ་བྱུང་ནའང་། དགེ་བ་དང་བཟང་ཕྱོགས་ཀྱི་གོམ་པ་མདུན་སྤོ་བྱེད་པ་དེས་རང་གིས་རང་ལ་གུས་བརྩི་དང་གཞན་གྱིས་སོ་སོའི་དགེ་བའི་བཤེས་གཉེན་ལ་མཐོང་སྣང་འཛིན་ཚུལ་ཡག་ཏུ་གཏོང་གི་ཡོད།
མཇུག་སྡོམ་གྱི་གཏམ།
དེ་ལྟར་ང་ཚོས་ཤེས་ཐུབ་པ་ཞིག་ལ། བྱང་སེམས་སྡོམ་པ་དེ་དོན་ངོ་མར་ཡོངས་སུ་རྫོགས་པ་ཤོར་རྒྱུ་གང་ལ་གང་འཚམ་གྱི་དཀའ་མོ་ཡོད། ང་ཚོས་ཇི་སྲིད་བར་དུ་དེ་དག་ལྷག་བསམ་རྣམ་དག་ཐོག་གུས་བརྩི་དང་རྩ་འཛིན་ལམ་སྟོན་ལྟར་སྲུང་ཐབས་བྱེད་པ་དེ་སྲིད་དུ་ང་ཚོས་དེ་ནམ་ཡང་དངོས་སུ་ཤོར་གྱི་མེད། རྒྱུ་མཚན་དེ་ལ་བརྟེན་ནས་ཉོན་མོངས་ཀྱིས་ང་ཚོའི་སྡོམ་བ་ཤོར་བའི་རྒྱུ་བྱེད་ཀྱང་། ཀུན་དཀྲིས་བཞི་པོ་ནམ་ཡང་ཆ་ཚང་གི་མེད། དེ་ག་ནང་བཞིན་ལོག་ལྟ་འཛིན་པ་དང་བྱང་ཆུབ་ཀྱི་སེམས་བློས་གཏོང་བ་ཡིན་ནའང་། གལ་ཏེ་ང་ཚོས་ནོར་འཁྲུལ་ངོས་ལེན་དང་། འགྱོད་པའི་གཉེན་པོ་བསྟེན་པ་སོགས་བྱས་ནས་སྡོམ་པ་སླར་བླངས་ན། ང་ཚོས་སོ་སོའི་ཆོས་ཀྱི་ལམ་སླར་གསོ་དང་སླར་ཡང་འཇུག་ཐུབ་པ་ཡིན།
དེ་འདྲ་ཡིན་པ་སོང་ཙང་། སྡོམ་པ་ལེན་དགོས་མིན་ཐད་ཐག་གཅོད་བྱེད་སྐབས། ཐག་གཅོད་དེ་སྡོམ་པ་ཡང་དག་པར་བསྲུང་བའི་ནུས་པ་ཡོད་པར་གཞི་མི་བཞག་པར། དེ་ལས་ལྡོག་སྟེ། ཐག་གཅོད་དེ་སོ་སོའི་ནུས་པ་ལ་ཞིབ་དཔྱོད་ཐོག་སྡོམ་པ་དེ་དག་རང་གི་རྩ་འཛིན་ལམ་སྟོན་ལྟར་རྒྱུན་སྲིང་ཐབས་ཀྱི་འབད་བརྩོན་ལ་གཞི་བཞག་པ་ནི་རྒྱུ་མཚན་ལྡན་ཆེ་བ་ཡོད། གང་ལྟར་ཡང་། རང་གི་སྡོམ་པ་ནམ་ཡང་ཞན་དུ་མི་གཏོང་བ་དང་མ་ཤོར་བ་བྱ་རྒྱུ་དེ་ནི་ཡག་ཤོས་རེད། ང་ཚོ་རྐང་པ་ཆག་པའི་རྗེས་སུ་སླར་ཡང་གོམ་པ་སྤོས་ནས་འགྲོ་ཐུབ་ཀྱང་། ང་ཚོ་ཞ་བོ་ཆགས་ནས་ལྷག་ཀྱང་སྲིད་པ་ལྟ་བུ་རེད།།