བྱང་སེམས་སྡོམ་པའི་རྒྱས་བཤད། ༡༡ ནས་ ༡༨ བར་དང་། སྡོམ་པ་དང་འགལ་བར་བྱེད་པ།

ང་ཚོས་བྱང་སེམས་སྡོམ་པའི་སྐོར་བཤད་དང་ཤོད་མུས་རེད། བྱང་སེམས་སྡོམ་པ་བཅོ་བརྒྱད་ལས་བཅུའི་སྐོར་བཤད་ཟིན་པ་དང་སྡོམ་པ་བཅུ་གཅིག་པར་སླེབས་ཡོད། འདིའི་སྐབས་སུ་ང་ཚོས་གང་སྤོང་དགོས་ཞེ་ན། སེམས་མ་དུལ་བའི་གདུལ་བྱ་རྣམས་སྟོང་ཉིད་ཀྱི་ཆོས་བཤད་པ་སྟེ། སྣོད་མིན་ལ་ཟབ་མོ་བཤད་པ་དེ་སྤོང་དགོས་ཀྱི་ཡོད། འདི་ནི་སྟོང་ཉིད་དོན་མཐར་ཐུག་གམ་གཏིང་ཟབ་ཤོས་དེའི་སྐོར་ཤོད་ཀྱིན་ཡོད་པ་དང་། དམིགས་བསལ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་གང་ཟག་ཅིག་སྟོང་ཉིད་ཀྱི་ཆོས་ལ་གོ་རྟོགས་ཡོང་བའི་གྲ་སྒྲིག་ཨང་བསར་མེད་མཁན་ཞིག་གི་སྐོར་ཤོད་ཀྱིན་ཡོད། དེ་ལྟ་བུའི་གང་ཟག་ནི་སྟོང་ཉིད་ཀྱི་དོན་ལ་རྨོངས་པ་དང་དངངས་སྐྲག་སྐྱེས་པ་དང་། དེའི་རྗེས་འབྲས་སུ་བྱང་ཆུབ་སེམས་དཔའི་ལམ་སྤོང་ངེས་ཤིང་། སོ་སོ་རང་ཉིད་ཀྱི་ཐར་པ་ཁོ་ནའི་རྗེས་སུ་འབྲང་གི་ཡོད། འདི་ནི་གང་འཚམ་གྱི་དམིགས་སུ་བཀར་བ་ཡིན། འགྲེལ་བའི་ནང་། དེ་འདྲའི་མི་ཞིག་གིས་སྟོང་ཉིད་ཅེས་པ་ནི་སུ་གཅིག་ཀྱང་མེད་པའི་དོན་ལ་གོ་གི་ཡོད་པར་བསམ་སྲིད་ཅེས་བཤད་ཡོད། བྱས་ཙང་། ཁོང་ཚོས་གལ་ཏེ་སུ་གཅིག་ཀྱང་མེད་ན། གཞན་ལ་ཕན་འདོགས་ཐབས་བྱེད་པ་ནི་ངལ་བ་དོན་མེད་རེད་བསམ་གྱི་ཡོད། དེར་བརྟེན་ཁོང་ཚོས་སོ་སོ་རང་ཉིད་ཀྱི་ཐར་པའི་རྗེས་སུ་འཇུག་གི་ཡོད།

ང་ཚོས་འགྲེལ་བ་འདི་དབུ་མའི་ལྟ་བ་ཙམ་མིན་པར་སེམས་ཙམ་པའི་ལྟ་བའི་ཐོག་ནས་ཀྱང་གོ་བ་ལེན་ཆོག །གང་ཡིན་ཟེར་ན། སེམས་ཙམ་པའི་ལྟ་ཚུལ་ཐོག་ནས་མི་ཞིག་དེས་རྨོངས་པའི་དབང་དུ་བཏང་ན། མི་དེས་སེམས་ཙམ་པའི་སྟོང་ཉིད་ཀྱི་དོན་ལ་རྨོངས་སྲིད་པ་དང་། མི་དེས་ཚང་མ་སོ་སོའི་སེམས་ནང་གྲུབ་པ་དང་སེམས་ལས་ལོགས་སུ་དངོས་པོའི་གནས་ལུགས་ཤིག་རྩ་ནས་མེད་ཅེས་བསམ་གྱི་ཡོད། དེ་འདྲ་སོང་ཙང་། མི་གཞན་དག་སོ་སོའི་སེམས་ནང་གྲུབ་པ་ཙམ་རེད། དེ་དག་དངོས་གནས་གྲུབ་མེད་པས། ངས་ཕན་འདོགས་ཐབས་བྱེད་དགོས་དོན་ཅི་ཡོད་དམ། དབུ་མ་པའི་ལུགས་ལྟར་བྱས་ན། ཨ་ཅང་ཅང་། ཁོང་ཚོས་ཅི་ཡང་གྲུབ་མེད་ཅེས་བསམ་སྲིད། འོན་ཀྱང་ལས་འདིའི་ནང་དུ་སྟོང་ཉིད་རྟོགས་ངེས་པའི་མི་སུ་འདྲ་ཞིག་ལའང་བཤད་པ་དེ་ཚུད་ཡོད་སྲིད། དེ་ལྟ་བས་ན་ཁོང་ཚོས་ཆོས་མཐའ་གཅིག་ཏུ་སྤོང་གི་རེད། དཔེར་ན། ཁོང་ཚོས་ནང་ཆོས་ཀྱིས་ཅི་གང་གྲུབ་མེད་པའི་སྐོར་ཤོད་ཀྱི་ཡོད་པ་སོང་ཙང་། དེ་ནི་རྦད་དེ་དོན་མེད་རེད་ཅེས་བསམ་སྲིད། རྒྱུ་མཚན་དེ་ལྟར་ན། ཆོས་ཀྱི་རྒྱབ་ལྗོངས་གནས་ཚུལ་འགའ་ཞིག་སྤྲད་ནས་མི་རྣམས་རིམ་པས་སྣེ་འཁྲིད་བྱ་རྒྱུ་གལ་ཆེན་པོ་རེད། གལ་ཏེ་ང་ཚོས་སྟོང་ཉིད་ཀྱི་སྐོར་ཆོས་འཁྲིད་བྱེད་འཆར་ཡོད་ན། དེ་ཡང་སྟབས་བདེ་ལ་གོ་བདེ་ཞིང་ཚིགས་ཉུང་ལ་སྙིང་པོར་བསྡུས་པ་ཤོད་དགོས། དེ་ལྟར་བྱུང་ན་མི་རྣམས་མགོ་མི་རྨོངས་བ་དང་གོ་བ་ལོག་སྒྲུབ་ཡོང་གི་མ་རེད། འདི་ནི་དངོས་གནས་དཀའ་ལས་ཁག་པོ་རེད། གང་ཡིན་ཞེ་ན། ང་ཚོར་མངོན་ཤེས་མེད་ན། ང་ཚོས་གང་འགྲེལ་བཤད་རྒྱག་པ་དེ་གཞན་གྱིས་རྟོགས་ཀྱི་ཡོད་མེད་དམ། ཡང་ན་རྟོགས་པར་གྲ་སྒྲིག་ཡོད་མེད་ཤེས་དཀའ་མོ་ཡིན།

འོན་ཀྱང་ང་ཚོས་ད་བར་བརྩམས་པའི་གཞུང་ལུགས་སྣ་ཚོགས་པར་བལྟས་ན། རྒྱ་གར་གྱི་སློབ་དཔོན་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་ཟླ་བ་གྲགས་པ་སོགས་ཀྱིས་སྟོང་ཉིད་ཀྱི་སྐོར་ལ་གཞུང་ལུགས་སྣ་ཚོགས་མཛད་ཡོད་པ་དང་། ཁོང་ཚོས་ཐེག་པ་ཆེན་པོའི་ལུགས་ལྟར་མཛད་ཡོད་ངེས་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་དུས་རྟག་ཏུ་མང་ཚོགས་ཆོས་ཞུ་བ་ཚོར་སྟོང་ཉིད་ཀྱི་སྐོར་ཆོས་གསུང་གནང་གི་ཡོད། བྱས་ཙང་། ཁོང་རྣམ་པ་བྱང་སེམས་སྡོམ་པ་དང་འགལ་གྱི་ཡོད་དམ་ཞེས་པ་ནི་དྲི་བ་ཞིག་རེད། ཁོང་རྣམས་ཀྱིས་སེམས་མ་དུལ་བའམ་སྣོད་མིན་ཞིག་ལ་ཟབ་མོ་སྟོང་ཉིད་ཀྱི་ཆོས་གསུང་གི་ཡོད་དམ། དེ་ནི་དྲི་བ་དཀའ་ལས་ཁག་པོ་ཞིག་རེད། འོན་ཀྱང་ཕལ་ཆེར་གནད་དོན་ཕན་ཐོགས་ཅན་ཞིག་ནི། ཁོང་ཚོས་ཆོས་གསུང་ལུགས་གསུང་སྟངས་དེ་ཧ་ཅང་རྙོག་འཛིངས་ཅན་ཞིག་དང་གོ་དཀའ་བ། གོ་ཐུབ་པར་གྲ་སྒྲིག་མེད་མཁན་རྣམས་ཀྱིས་ཅི་གང་མི་རྟོགས་པ་ཡིན་པ་ཤེས་དགོས་རྒྱུ་དེ་རེད། ཁོང་ཚོར་བསམ་བློ་ནོར་བ་ཞིག་རག་གི་ཡོད་པའི་དོན་མིན། ཁོང་ཚོར་ “ངས་འདི་རྟོགས་ཐུབ་ཀྱི་མི་འདུག་” ཅེས་པའི་བསམ་བློ་ཙམ་རག་གི་རེད། བྱས་ཙང་། ང་ཚོས་མི་ཞིག་ལ་སྒེར་གྱི་ངོས་ནས་ཆོས་འཁྲིད་ཀྱིན་ཡོད་ན། ཨ་ཅང་ཅང་། ང་ཚོས་རྟག་ཏུ་ལྟ་ཞིབ་བྱས་ཏེ་ཁོང་ཚོའི་གོ་རྟོགས་དེ་གང་ཡིན་བལྟ་ཆོག །འོན་ཀྱང་ང་ཚོས་མི་མང་པོ་ཞིག་ལ་ཆོས་འཁྲིད་བྱེད་པའི་སྐབས། དེ་ནི་རྦད་དེ་དཀའ་ལས་ཆེ་བ་ཡོད། ཡིན་ནའང་འདིའི་འགྲེལ་ཚུལ་ཆེ་ཁག་ལས་ཁྱེད་ཀྱིས་མཐོང་ཐུབ་པ་ལྟར། ང་ཚོས་གང་གི་སྐོར་ཤོད་ཀྱིན་ཡོད་ཅེ་ན། ང་ཚོས་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་གང་ཟག་ཅིག་གི་སྐོར་ཤོད་ཀྱིན་ཡོད་པས། སྟོང་ཉིད་ཀྱི་ཆོས་བཤད་པ་ལ་བརྟེན་ནས་ཁོང་ཚོས་དེ་བློས་གཏོང་བྱེད་ཀྱི་ཡོད།

སྡོམ་པ་བཅུ་གཉིས་པ་ནི། གཞན་རྣམས་མངོན་པར་རྫོགས་པ་སངས་རྒྱས་ཀྱི་གོ་འཕང་ལས་བཟློག་པར་བྱེད་པ་སྟེ། ཐེག་ཆེན་ལས་བཟློག་པ་དེ་རེད། འདིར་ཡང་ལས་འདིའི་ཡུལ་ནི་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྔོན་ནས་བསྐྱེད་ཟིན་པ་དང་སངས་རྒྱས་ཀྱི་གོ་འཕང་ལ་བགྲོད་ཕྱིར་འབད་བརྩོན་བྱས་ཟིན་པ་རྣམས་ཡིན། ང་ཚོས་ཁོང་ཚོར་སྦྱིན་པ་དང་བཟོད་པ་སོགས་ལ་བརྟེན་ནས་དུས་རྟག་ཏུ་ལས་བརྩམ་པའི་ནུས་པ་མེད་ཅེས་བརྗོད་ཀྱི་ཡོད། ང་ཚོས་སེམས་ཤུགས་བཅག་ནས་ཁྱེད་ཚོ་སངས་རྒྱས་ཀྱི་གོ་འཕང་ནམ་ཡང་འཐོབ་མི་ཐུབ་ཟེར་བ་དང་། དེ་ནི་ཧ་ཅང་དཀའ་ངལ་ཅན་རེད། དེ་ལས་ཁྱེད་རང་སོ་སོ་རང་ཉིད་ཀྱི་ཐར་པའི་ཆེད་དུ་འབད་བརྩོན་བྱས་ན་ཡག་ག་ཡོད་ཅེས་ཟེར་གྱི་ཡོད། འོན་ཀྱང་ཁོང་ཚོས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འབད་རྩོན་བྱེད་པ་ལས་དངོས་གནས་ཕྱིར་མ་ལྡོག་ན། ལས་དེ་མཇུག་རྫོགས་ཀྱི་མེད། བྱང་ཆུབ་སེམས་དཔའ་ཞིག་ཡིན་པའི་ཆ་ནས་ང་ཚོས་སེམས་ཅན་ཐམས་ཅད་འཚང་རྒྱ་བའི་ཕྱིར་ཕན་འདོགས་ཐབས་བྱེད་ཀྱིན་ཡོད། བྱས་ཙང་། ང་ཚོས་ཁོང་ཚོ་དེ་ལས་ཁ་ཕྱོགས་བསྒྱུར་བའི་རྒྱུ་བྱེད་འདོད་མེད།

སྡོམ་པ་བཅུ་གསུམ་པ་དེ་ནི། གཞན་རྣམས་སོ་སོ་ཐར་པའི་སྡོམ་པ་ལས་བཟློག་པར་བྱེད་པ་སྟེ། སོ་ཐར་སྤོང་བ་དེ་རེད། སོ་སོ་རང་ཉིད་ཐར་པ་འཐོབ་ཕྱིར། ཁོང་ཚོ་ཁྱིམ་པ་ཞིག་ཡིན་པའམ། ཡང་ན་དགེ་འདུན་པའམ་བཙུན་མ་གང་ཡིན་ལ་མ་ལྟོས་པར། སོ་ཐར་གྱི་སྡོམ་པའི་རིམ་པ་གང་རུང་ལ་གོ་བ་ཡིན། འདིར་ཡུལ་ནི་སོ་ཐར་གྱི་སྡོམ་གང་རུང་གཅིག་བསྲུང་མཁན་ཞིག་ཡིན་དགོས་ཤིང་། ང་ཚོས་བྱང་ཆུབ་སེམས་དཔའ་ཞིག་ཡིན་པའི་ཆ་ནས་དེ་ལྟར་བྱེད་པས་ཕན་ཐོགས་མེད། གང་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ལ་ནི་སྤྱོད་ལམ་ཐམས་ཅད་དག་པ་རེད། ག་རེ་ཡིན་ནའང་འགྲིག་གི་རེད་ཅེས་ཟེར་གྱི་ཡོད། ལྟུང་བ་འདི་ཡོངས་སུ་རྫོགས་པར། ཁོང་ཚོས་སོ་སོའི་སྡོམ་པ་བློས་གཏོང་བྱེད་དགོས་ཀྱི་ཡོད། ཐར་པའམ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པའི་རྨང་གཞི་ལྟ་བུ་ནི་སོ་ཐར་གྱི་སྡོམ་པ་གང་འཚམ་ཞིག་བསྲུང་རྒྱུ་དེ་རེད། ཡང་དེ་དང་འདྲ་བའི་སྡོམ་པའི་ཡན་ལག་ཅིག་ཡོད་པ་དེ་ལ་ཉན་ཐོས་ཐེག་པའམ་ཐེག་དམན་སྤོང་བ་ཟེར། འདིར་ང་ཚོས་བྱང་ཆུབ་སེམས་དཔའ་ཞིག་ལ་ཉན་ཐོས་ཐེག་པ་ནས་ཆོས་ཉན་དགོས་པ་མེད་ཅེས་བསམ་པའམ། ཡང་ན་དེ་ལྟར་ཤོད་ཀྱི་ཡོད། དེ་ནི་བྱེ་བྲག་ཏུ་ཐེག་དམན་གྱི་སོ་ཐར་སྡོམ་པ་ལ་གོ་བ་ཡིན། ཡང་ན་ང་ཚོས་ཆོས་དེ་རྒྱུན་འཛིན་དང་སྦྱོང་བརྡར་བྱེད་དགོས་པ་མེད་ཅེས་བརྗོད་ཀྱི་ཡོད། སྡོམ་པའི་ཡན་ལག་འདི་ཤོར་བར་དེས་འདང་ངེས་ཡིན། ཁོང་ཚོས་སྡོམ་པ་དངོས་གནས་སྤོང་དགོས་པ་མེད། གལ་ཏེ་ཁོང་ཚོས་དངོས་གནས་སྡོམ་པ་སྤོང་བ་ཡིན་ན། དེ་ནི་རྩ་བའི་སྡོམ་པ་ཡིན།

མི་འགའ་ཞིག་གིས་བྱང་སེམས་སྡོམ་པ་ནི་འདང་ངེས་ཡིན་པ་བསམ་པ་དང་། ཁོང་ཚོས་ད་དུང་གསང་སྔགས་ཀྱི་སྡོམ་པའང་འདང་ངེས་ཡིན་པར་བསམ་སྲིད། དེ་བས་ན་ཁྱེད་ལ་བྱང་སེམས་སྡོམ་པ་དང་སོ་ཐར་གྱི་སྡོམ་པ་མི་དགོས་བསམ་སྲིད། རྗེ་ཙོང་ཁ་པས་དེའི་ཐད་དགག་པ་ནན་གྱིས་གནང་ཡོད། རྗེ་ཙོང་ཁ་པས་རྟག་ཏུ་མདོ་ལ་སོགས་པ་སྣ་ཚོགས་ལ་རྒྱབ་རྟེན་དུ་བྱས་ཏེ། ཉམས་ལེན་པ་སུ་འདྲ་ཞིག་ཡིན་ནའང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་སོ་ཐར་གྱི་སྡོམ་པ་ནི་མེད་དུ་མི་རུང་བར་གཟིགས་ཡོད་པ་དང་། སངས་རྒྱས་ཀྱིས་དེའི་ཐད་ནན་གྱིས་གསུངས་ཡོད་པ་མཛུབ་སྟོན་གནང་ཡོད། བྱས་ཙང་། སྤྱིར་བཏང་ཉུང་མཐར་ཡང་རྫུན་སྨྲ་བ་དང་མ་བྱིན་པར་ལེན་པ་སོགས་མི་དགེ་བའི་སྤྱོད་ལམ་ཤུགས་ཆེ་ཤོས་ཀྱི་རིགས་རྣམས་སྤོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།

དེའི་རྗེས་སྡོམ་པ་བཅུ་བཞི་པ་ནི། ཉན་ཐོས་ཐེག་པ་ལ་མཐོང་ཆུང་བྱེད་པ་སྟེ། ཉན་ཐོས་ཐེག་པར་སྐུར་བ་འདེབས་པ་དེ་རེད། ཉན་ཐོས་ཟེར་བ་དེ་ཐེག་དམན་གྱི་མིང་གཞན་ཞིག་རེད། བྱས་ཙང་། བྱང་སེམས་རྩ་བའི་སྡོམ་པ་དྲུག་པ་ལ་བརྟེན་ནས་ང་ཚོས་ཐེག་དམན་གྱི་གཞུང་རྣམས་སངས་རྒྱས་ཀྱི་བཀའ་ཡིན་པར་ཁས་ལེན་བྱས་མེད། འདིར་ང་ཚོས་དེ་དག་སངས་རྒྱས་ཀྱི་བཀའ་ཡིན་པར་ཁས་ལེན་གྱི་ཡོད། འོན་ཀྱང་ཁོང་ཚོའི་གཞུང་ནང་ཡོད་པའི་ཆོས་རྣམས་ཉམས་ལེན་བྱེད་པ་དེ་འབྲས་ལྡན་ཞིག་ཡིན་པ་ཁས་ལེན་མི་བྱེད་པ་ཡིན། ཁོང་ཚོའི་ཐབས་ལམ་ཁག་ལ་བརྟེན་ནས་ང་ཚོས་ཉོན་མོངས་སྤོང་མི་ཐུབ་པར་འདོད་ཀྱི་ཡོད། བྱས་ཙང་། འདི་ནི་ལས་སླ་པོའི་སྒོ་ནས་འབྱུང་སྲིད་པ་ཞིག་ཡིན། དེང་སང་གི་དུས་སུ་ས་ཕྱོགས་གང་སར་ལྷག་མཐོང་སྒོམ་གྱི་སློབ་ཚན་བླང་རྒྱུ་ཡོད་པ་དང་། དེ་དག་ཀྱང་གཞི་རྩའི་ཆ་ནས་ཐེག་དམན་གྱི་སྲོལ་རྒྱུན་ནས་བྱུང་བ་ཞིག་ཡིན། ཐེག་ཆེན་གྱི་ཉམས་ལེན་པ་ཞིག་ཡིན་པའི་ཆ་ནས་ང་ཚོས་དེ་དག་ནུས་པ་དང་ལྡན་པ་ཞིག་མིན་ཞེས་དང་། དེ་དག་ལ་ཆོབ་འདྲ་པོ་བཟོ་བ། དེ་དག་ཉམས་ལེན་བྱེད་པ་ཆོ་མེད་ཅེས་ཟེར་སྲིད། དེ་དག་གིས་ཁྱེད་ཉོན་མོངས་ལས་ཐར་བར་མི་བྱེད། མར་བསྡད་པ་ཙམ་དང་དབུགས་ལ་ལྟ་བ་ཙམ་གྱིས་ཅི་ཕན་ཞེས་ཟེར་གྱི་ཡོད། འོན་ཀྱང་ངའི་བསམ་པར། འདིར་དཀའ་ངལ་ཡོད་པ་ནི། ང་ཚོས་ནམ་རྒྱུན་ཆོས་དེ་དག་གི་སྐོར་ལ་གཏིང་ཟབ་པོ་སྦྱོང་གི་མེད། ང་ཚོས་དེ་དག་གི་ཕྱི་ཚུལ་ཙམ་ལ་བལྟས་ནས་སྐྱུར་གྱི་ཡོད། དེ་དག་ཉམས་སུ་བླངས་པའི་ནང་དོན་ཡོངས་སུ་རྫོགས་པ་དང་། དེ་ལ་བརྟེན་ནས་སྒོམ་གྱི་རིམ་པ་ཆ་ཚང་མཐར་ཕྱིན་པ་ཡོང་གི་ཡོད་པའི་ཐོག་བལྟ་གི་མེད། ཉམས་ལེན་གཞན་གྱི་ཐད་ལྟ་ཕྱོགས་ངན་པ་འཛིན་རྒྱུ་ལ་དངོས་གནས་གཟབ་ནན་བྱེད་དགོས་ཤིང་། དམིགས་བསལ་ཐེག་དམན་གྱི་གཞུང་ལུགས་ནས་གསུངས་པའི་ཉམས་ལེན་ཁག་ལ་གཟབ་དགོས། ཐེག་པ་ཆེན་པོའི་ཆོས་ཀྱི་གཞི་རྟེན་ནི་ཐེག་དམན་གྱི་ཆོས་ཡིན། དེའི་སྒང་ལ་ད་དུང་གནད་དོན་འགའ་ཞིག་ཁ་སྣོན་བྱེད་ཀྱི་ཡོད། དེ་འདྲ་སོང་ཙང་། ཐེག་པ་དམན་པའི་ཆོས་དང་ལམ་སོགས་ལ་གུས་ཞབས་བྱེད་དགོས་ཞེས་རྟག་ཏུ་ནན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད། བྱང་སེམས་སྡོམ་པའི་ཡན་ལག་གི་ཁྲོད་དུ་གལ་ཏེ་གནད་དོན་གཅིག་པའི་ཐོག་ང་ཚོར་ཐེག་ཆེན་གྱི་ཐབས་ལམ་ཁག་ཡོད་སྐབས། དུས་ཚོད་ཡོད་ཚད་ཐེག་དམན་གྱི་ཐབས་ལམ་ཁག་ལ་གཏོང་རྒྱུ་མིན་པ་ཤེས་ཀྱི་ཡོད།

ང་ཚོར་མཚན་བདུན་ལས་ལྷག་པའི་དུས་ཚོད་ཐེག་དམན་གྱི་ཉམས་ལེན་པ་དང་མཉམ་དུ་མི་བསྐྱལ་བའི་བཀའ་ཁྱབ་ཡོད་པའི་སྐབས་སུའང་། ང་ཚོས་དེའི་དོན་དག་ཡང་དག་པ་རྟོགས་དགོས། ང་ཚོས་སོ་སོ་རང་ཉིད་ཀྱི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་འདོད་ནས་འབད་བརྩོན་བྱེད་མཁན་གྱི་སྐོར་ཤོད་ཀྱིན་ཡོད་པ་ལས་གཞན་དོན་བསྒྲུབ་པར་སྣང་མེད་གཏོང་མཁན་དང་། ཐེག་པ་ཆེན་པོ་སྔགས་དང་བཅས་པའི་ཉམས་ལེན་རྣམས་ལ་ཀུ་རེ་དང་ཆོབ་ལྟར་བརྩི་ཞིང་། ང་ཚོར་སེམས་ཤུགས་གཅོག་ཐབས་བྱས་ཏེ། ང་ཚོས་ཉམས་ལེན་བྱེད་བཞིན་པ་ནི་གླེན་རྟགས་རེད་ཅེས་དང་། “འདི་ནི་ནང་ཆོས་མ་རེད།” ཅེས་བརྗོད་མཁན་རྣམས་ཀྱི་སྐོར་ཤོད་ཀྱིན་ཡོད། གལ་ཏེ་ང་ཚོས་ཁོང་ཚོ་དང་མཉམ་དུ་དུས་ཡུན་རིང་པོ་བསྐྱལ་ན། ང་ཚོས་སོ་སོའི་ཉམས་ལེན་དེ་སྤོང་དགོས་པའི་རྒྱུ་བྱེད་སྲིད། འོན་ཀྱང་གནས་བརྟན་སྨྲ་བ་མང་པོ་དང་གཞན་དག་ཀྱང་ཡོད། གནས་བརྟན་སྡེ་པ་ནི་དུས་དེང་སང་གི་བར་དུ་གནས་པའི་ཐེག་དམན་གྱི་སྲོལ་རྒྱུན་གཅིག་པུ་དེ་ཡིན། གནས་བརྟན་སྡེ་པའི་ཉམས་ལེན་པ་མང་པོ་ཞིག་གིས་ཐེག་པ་ཆེན་པོའི་ཉམས་ལེན་ལ་དངོས་གནས་དྲང་གནས་བློའི་ཁྱེར་སོ་དེ་འདྲ་མི་འཛིན་མཁན་མང་པོ་ཡོད། བྱས་ཙང་། རྩ་བའི་ལམ་སྟོན་དེ་ནི་གནས་བརྟན་སྡེ་པའི་ཉམས་ལེན་པ་རྣམས་ལ་ཟེར་གྱིན་མེད།

དེར་བརྟེན་འདིར་ང་ཚོས་སྤྱིར་བཏང་གི་བརྗོད་གཞི་ཞིག་མཐོང་ཐུབ་པ་ནི། གལ་ཏེ་བྱང་ཆུབ་སེམས་དཔའ་ཞིག་གམ་ནུས་ལྡན་གྱི་བྱང་ཆུབ་སེམས་དཔའ་ཞིག་ཡིན་པའི་ཆ་ནས་སོ་སོ་རང་ཉིད་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་དང་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་འབད་བརྩོན་བྱེད་ཀྱིན་ཡོད་ན། ང་ཚོ་ལས་བཟློག་པར་ཤུགས་རྐྱེན་སྤྲོད་སྲིད་པའི་གནས་སྟངས་ཤིག་གི་ནང་འཚུད་འདོད་མེད་ལ། གཞན་རྣམས་ཀྱང་དམིགས་ཡུལ་དེ་ལས་བཟློག་ཏུ་འཇུག་འདོད་མེད། དེ་ཡང་ཁོང་ཚོར་དམིགས་སུ་བཀར་ནས་བཟློག་དགོས་ཞེས་བཤད་པའམ་ཡང་ན་སངས་རྒྱས་ཀྱི་གོ་འཕང་འཐོབ་ཆེད་འབད་བརྩོན་བྱེད་པ་ལས་ཁ་བསྒྱུར་སྲིད་པའི་ཆོས་ཤིག་བཤད་པ་གང་རུང་གི་སྒོ་ནས་ཡོང་སྲིད།

སྡོམ་པ་བཅོ་ལྔ་པ་ནི། སྟོང་ཉིད་ལོག་པར་རྟོགས་པ་གཞན་ལ་ཁྱབ་སྤེལ་བྱེད་པ་སྟེ། མི་ཆོས་བླ་མའི་རྫུན་སྨྲ་བ་དེ་རེད། འདི་ནི་ང་ཚོས་སྟོང་ཉིད་ཆ་ཚང་མ་རྟོགས་པའི་སྐབས་ད་དུང་རྟོགས་ཡོད་ཁུལ་གྱིས་གཞན་ལ་འཆད་པར་གོ། དེ་ནི་སློབ་དཔོན་ཆེན་པོ་དག་ལ་ཕྲག་དོག་བྱེད་པའི་རྒྱུ་མཚན་གྱིས་ཡིན། སློབ་དཔོན་ཆེན་པོ་རྣམས་ཀྱིས་སྟོང་ཉིད་ཀྱི་དོན་མ་ནོར་བར་འཆད་བཞིན་ཡོད་པས། ང་ཚོས་དེ་ལ་ཕྲག་དོག་བྱེད་ཀྱི་ཡོད། ང་ཚོས་དེ་མ་རྟོགས་ནའང་། སོ་སོ་སློབ་དཔོན་ནམ་དགེ་བའི་བཤེས་གཉེན་རླབས་ཆེན་ཞིག་ཡིན་ཁུལ་བྱས་ཏེ། སྟོང་ཉིད་རྟོགས་ཡོད་ཁུལ་བྱེད་ཀྱི་ཡོད། ང་ཚོས་སྟོང་ཉིད་རྟོགས་ཡོད་ཅེས་མཐོང་སྣང་ལོག་པ་འདི་སྦྱིན་སའི་མི་རྣམས་ལ་ཆོས་འཁྲིད་པའི་སྐབས། གང་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དེ་ཁོང་ཚོའི་ངོས་ནས་ཤེས་དགོས། ང་ཚོའི་ཟོག་རྫུ་ལ་བརྟེན་ནས་ཁོང་ཚོ་བསླུ་བྲིད་བྱེད་པའམ། ཡང་ན་ང་ཚོས་ཟོག་བསླུ་བྱེད་ཀྱིན་ཡོད་པ་དེ་ཁོང་ཚོས་ཤེས་ཀྱི་ཡོད་ན་འདྲ་མེད་ནའང་འདྲ་སྟེ། དེས་ཁྱད་པར་བཟོ་གི་མེད། བྱས་ཙང་། ཁོང་ཚོས། ཨོ། ང་ཚོ་དཔེ་མི་སྲིད་ཡག་པོ་རེད། ང་ཚོས་དངོས་གནས་རྟོགས་སོང་ཞེས་བསམ་སྲིད། ཡང་ཁོང་ཚོས། མི་འདི་ནི་གླེན་པ་རེད། རྟོགས་མེད་ནའང་ཡོད་མདོག་བྱེད་ཀྱི་འདུག་ཅེས་བསམ་སྲིད། འདིར་དེས་ཁྱད་པར་གང་ཡང་བཟོ་གི་མེད། གལ་ཏེ་ཁོང་ཚོས་མ་རྟོགས་པ་དང་ང་ཚོའི་འགྲེལ་བརྗོད་དེ་ཐོས་ཀྱི་མེད་ན། ང་ཚོའི་ལས་དེ་ཆ་མི་ཚང་བ་ཡིན།

དེར་བརྟེན་འདི་ནི་དམིགས་བསལ་སྟོང་ཉིད་ལོག་པར་རྟོགས་པ་དེ་གཞན་ལ་འཆད་པ་དེ་ལ་གོ་བ་ཡིན། ང་ཚོས་བྱང་ཆུབ་ཀྱི་སེམས་དང་ཆོས་ཀྱི་སྙིང་དོན་གཞན་ལའང་གཅིག་པ་སྤོང་དགོས་པ་ནི་གསལ་པོ་རེད། ང་ཚོར་རྟོགས་པ་ཆ་ཚང་བ་ཐོབ་ཡོད་ཁུལ་གྱིས་གཞན་ལ་འཆད་མི་རུང་། གང་ཡིན་ཟེར་ན། ང་ཚོས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་འཐོབ་ཕྱིར་ཕན་འདོགས་ཐབས་བྱེད་ཀྱིན་ཡོད་པ་སོང་ཙང་། ཁོང་ཚོ་ཆ་མ་ཚང་བ་དང་གནས་ཚུལ་ལོག་པ་སྤྲོད་ཀྱི་ཡོད། ང་ཚོས། “ངས་འདི་ཆ་ཚང་རྟོགས་མ་སོང་། འོན་ཀྱང་ངས་གང་ཤེས་ཚོད་ལྟར་བྱས་ན། དོན་དག་འདི་རེད་བསམ་གྱི་འདུག་” ཅེས་ཇི་སྲིད་ང་ཚོས་ངོས་ལེན་བྱས་ནས་སྟོང་ཉིད་ཆ་ཚང་རྟོགས་མེད་ནའང་། གཞན་ལ་སྟོང་ཉིད་འཆད་པར་སྐྱོན་གང་ཡང་མེད། ང་ཚོས་གང་བདེན་པ་མིན་པ་ཞིག་ལ་བདེན་ཁུལ་བྱེད་ཀྱི་མེད་པས། དེ་ནི་འགྲིག་ཐག་ཆོད་རེད།

ཐ་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་། “ངས་དངོས་གནས་འདི་ཚང་མ་རྟོགས་མ་སོང་། ཡིན་ནའང་འདི་ནི་ངས་གང་རྟོགས་པ་དེ་རེད་” ཅེས་གསུང་གི་རེད། ༧གོང་ས་མཆོག་ནས་སྟོང་ཉིད་སྐོར་གྱི་གཞུང་ཁག་ཤོས་འགའ་ཞིག་གི་ཐོག་གསུང་ཆོས་གནང་བ་དེ་དག་དངོས་སུ་མཇལ་བ་ནི་དངོས་གནས་ངོ་མཚར་ཅན་ཞིག་ཡོད། སྐབས་རེར་ཚིགས་སུ་བཅད་པ་བྱེ་བྲག་ཅིག་ལ་སླེབས་སྐབས། ཁོང་གིས། “ངས་དངོས་གནས་འདི་གོ་ཚོད་མ་སོང་” ཞེས་གསུང་གི་ཡོད། དེ་ནས་ཁོང་གིས་འགྲེལ་བ་འདིའི་ནང་འདི་འདྲ་ཞིག་དང་འགྲེལ་བ་གཞན་དེའི་ནང་འདི་འདྲ་ཞིག་འདུག་ཀྱང་། དེས་གོ་དོན་སྟོན་གྱི་མི་འདུག་ཅེས་གསུངས་ནས་ཁོང་གི་ཉེ་འཁོར་དུ་བཞུགས་པའི་དགེ་བཤེས་དང་མཁན་པོ་མཁས་པ་རྣམས་ལ་དགོངས་ཚུལ་གང་ཡིན་བཀའ་འདྲི་གནང་གི་རེད། ༼མཁན་པོ་ནི་དགེ་ལུགས་མིན་པའི་ཆོས་བརྒྱུད་གཞན་གྱི་ནང་དགེ་བཤེས་དང་གཅིག་པ་དེ་རེད།༽ དགེ་བཤེས་དང་མཁན་པོ་དེ་དག་བློ་ཁོག་དང་འཚེར་སྣང་མེད་མཁན་ཚོས་ཡར་གཅིག་ཞུ་གི་རེད། སྐབས་རེར་༧གོང་ས་མཆོག་གིས་དགེ་བཤེས་དང་མཁན་པོ་སོ་སོ་སྒེར་གྱི་མཚན་ནས་འབོད་གནང་གི་རེད། དེ་དུས་ཁོང་ཚོས་གཅིག་ཤོད་དགོས་པ་ཆགས་ཀྱི་ཡོད། ཐ་ན་ཆོས་ཞུ་བ་གྲངས་སྟོང་ཕྲག་ཉི་ཤུ་ཡོད་ནའང་། ༧གོང་ས་མཆོག་ནས་ཁོང་ཚོ་དང་མཉམ་དུ་ནམ་རྒྱུན་རྩོད་གླེང་དང་བཅས་ “དེའི་དོན་དག་དེ་འདྲ་ཡིན་གྱི་མ་རེད། གང་ཡིན་ཞེ་ན། རྒྱུ་མཚན་འདི་དང་དེ་” ཞེས་གསུངས་ནས་གསུང་ཆོས་འགོ་འཛུགས་གནང་གི་ཡོད། དེ་ནས་ཁོང་གི་མི་གཞན་ཞིག་ལ་ཞུ་གི་རེད། གང་ཡིན་ཟེར་ན། ནམ་རྒྱུན་དགོན་སྡེ་ཁག་གི་སྡེ་ཚན་མི་འདྲ་བ་སོ་སོའི་གཞུང་མི་འདྲ་བ་བེད་སྤྱོད་བྱེད་པ་དང་འགྲེལ་ཚུལ་མི་འདྲ་བ་ཡོད།

༧གོང་ས་མཆོག་ནས་སངས་རྒྱས་ཀྱི་རིགས་སམ་རྒྱུ་བདེ་བར་གཤེགས་པའི་སྙིང་པོའི་སྐོར་གསུང་ཆོས་ཤིག་གནང་བའི་སྐབས། དེ་དང་འདྲ་བའི་གནས་ཚུལ་ཞིག་བྱུང་བ་དྲན་གྱིས་འདུག །དེ་ནི་དཔེར་ན། སངས་རྒྱས་ཀྱི་རིགས་གང་གི་ནང་གནད་དོན་གང་ཚུད་ཡོད་པ་དང་། ཐ་སྙད་བྱེ་བྲག་རིགས་བེད་སྤྱོད་བྱེད་སྟངས་བཅས་ཧ་ཅང་གསལ་ཁ་མེད་པའི་སྐོར་ལ་རེད། དེར་བཞུགས་པའི་བླ་མ་མཁས་པ་དང་མཉམ་དུ་གྲོས་བསྡུར་རྒྱུན་རིང་གནང་བའི་རྗེས་སུ་མཐའ་སྡོམ་ཞིག་གི་སྒང་ལ་སླེབས་མ་སོང་། འོན་ཀྱང་དཔེ་མཚོན་འདི་ལས་གསལ་པོ་ཞིག་ག་རེ་ཆགས་ཡོད་ཅེ་ན། ༧གོང་ས་མཆོག་ནས་གང་མ་མཁྱེན་པ་ལ་མཁྱེན་གྱི་ཡོད་མདོག་མདོག་གི་ཟོག་རྫུ་ནམ་ཡང་གནང་གི་མེད་པ་དེ་སྟོན་གྱི་ཡོད། དེ་ལས་གཞན་པ་ཚང་མ་ཁོང་གིས་མཁྱེན་གྱི་ཡོད་པའི་གདེང་ཚོད་ཆེན་པོ་ཞིག་ཁྱེད་ལ་སྤྲོད་ཀྱི་ཡོད། དེ་ཡང་ཁོང་གིས་ལུང་ཞིག་གནང་བའི་སྐབས་ཀྱི་ཧ་ཅང་མྱུར་པོ་ཀློག་འདོན་གནང་བ་དེ་ནི་གང་འཚམ་གྱི་ཡ་མཚན་སྐྱེ་འོས་པ་ཞིག་ཡོད་པ་དང་། ཧ་ཅང་མྱུར་པོ་ཀློག་བཞིན་པའི་སྐབས་དེར་གློ་བུར་དུ་ཁོང་ནས་མཚམས་འཇོག་གནང་གི་ཡོད། དེ་ལྟར་མཚམས་འཇོག་གནང་དགོས་དོན་ནི་ཁོང་གིས་མ་མཁྱེན་པའི་གནད་དོན་ཞིག་གི་ཐོག་སླེབས་ཀྱི་ཡོད། བྱས་ཙང་། ཁོང་གི་ཉེ་འགྲམ་དུ་བཞུགས་པ་རྣམས་ལ་འདྲི་གནང་གི་ཡོད། ད་དུང་ཡིད་ཆེས་དཀའ་བ་ཞིག་ནི་ཁོང་ཚོས་ཀྱང་ཀློག་མཚམས་གང་དུ་སླེབས་ཡོད་མེད་ཤེས་ཀྱི་ཡོད་པ་དང་ལན་འདེབས་ཀྱང་ཐུབ་ཀྱི་ཡོད་པ་ནི་ཡ་མཚན་ཅན་ཞིག་རེད། ༧གོང་ས་མཆོག་ནས་ཧ་ཅང་མྱུར་པོ་ཀློག་འདོན་གནང་ནའང་། ཁོང་གིས་ད་དུང་ནང་དོན་རྟོགས་པའི་སྒོ་ནས་ཀློག་གནང་གི་ཡོད། དེ་ནི་དངོས་གནས་དྲང་གནས་སེམས་སྐུལ་ཐེབ་འོས་པ་རེད་ཅེས་ཞུ་དགོས་ངེས་རེད། 

དེ་ནས་བཅུ་དྲུག་པ་ནི། དཀོན་མཆོག་གསུམ་ཀྱི་འབུལ་བ་སོགས་མཆོད་རྫས་གང་མ་བྱིན་པར་ལེན་པ་དེ་ངོས་ལེན་བྱེད་པ་སྟེ། དཀོན་མཆོག་གི་དཀོར་མ་བྱིན་པར་ལེན་པ་དེ་ཡིན། འདིར་ང་ཚོས་དྲན་དགོས་པ་ཞིག་ལ། རྩ་བའི་སྡོམ་པའི་སྐབས་སུ། དཀོན་མཆོག་གསུམ་ལ་ཕུལ་བའི་དངོས་རྒྱུ་གང་ཡིན་རུང་རང་ཉིད་ཀྱིས་མ་བྱིན་པར་ལེན་པའམ་གཞན་ལ་མ་བྱིན་པར་ལེན་དུ་འཇུག་པ་སྤོང་དགོས་ཀྱི་ཡོད། འོན་ཀྱང་སྐབས་འདིར་ང་ཚོས་རྔན་པའམ་འབུལ་བའི་ཚུལ་དུ་ངོས་ལེན་བྱེད་པའམ། ཡང་ན་སོ་སོའི་གླ་ཕོགས་དང་གསོལ་རས་ཚུལ་དུ་ངོས་ལེན་བྱེད་ཀྱི་ཡོད། དེ་ཡང་ང་ཚོས་སོ་སོ་སྒེར་གྱི་ངོས་ནས་བྱེད་པའམ་ཡང་ན་གཞན་ཞིག་གི་བརྒྱུད་ནས་བྱེད་དགོས་ཀྱི་ཡོད། རྒྱུ་དངོས་གང་རུང་དེ་རྩ་བའི་སྡོམ་པ་གཞན་ནང་བཞིན་རབ་ཏུ་བྱུང་བ་བཞིའམ་བཞི་ལས་མང་བ་ཙམ་ལ་དག་མེད་པར། འདིར་རབ་ཏུ་བྱུང་བའི་དགེ་འདུན་དང་བཙུན་མ་གཅིག་གམ། གཉིས་གསུམ་གང་རུང་ལ་དག་ཡོད།

རྒྱུ་དངོས་དེ་དག་དཀོན་མཆོག་གསུམ་ནས་མ་བྱིན་པར་བླངས་པ་ཡིན་དང་མིན་ང་ཚོས་ཤེས་དགོས་མིན་གྱི་ཐད་འགྲེལ་བ་ཞིག་མཐོང་མ་སོང་། འོན་ཀྱང་ངས་བསམ་བློའི་ནང་ང་ཚོས་དེ་ཤེས་དགོས་ཀྱི་འདུག་སྙམ། གལ་ཏེ་ཕྱིས་སུ་ཤེས་རྟོགས་བྱུང་ན། ང་ཚོའི་ངོས་ནས་དེ་ཕར་རང་འཇགས་སྤྲོད་ཐབས་བྱེད་ཆོག །བྱས་ཙང་། སླར་ཡང་འདིར་དཀོན་མཆོག་གསུམ་ནས་མ་བྱིན་པར་ལེན་པ་སྤོང་དགོས་པའི་གནད་དོན་ཐད་ཧ་ཅང་ནན་བརྗོད་བྱེད་ཀྱི་ཡོད་པའི་རྒྱུ་མཚན་གང་ཡིན་སྐོར་ང་ཚོས་འདྲི་ཆོག །འོན་ཀྱང་གལ་ཏེ་ང་ཚོས་དེའི་སྐོར་ལ་བསམ་བློ་བཏང་ན། དངུལ་སོགས་ཆོས་གོང་དུ་སྤེལ་ཕྱིར་འབུལ་བ་དང་། དཔེར་ན། པར་སྐྲུན་བྱེད་པ་དང་། དཔེ་ཆ་ཡིག་བསྒྱུར་བྱེད་པ། དགོན་པའི་ནང་སྐུ་འདྲ་བཞེངས་བ། དགེ་འདུན་བཙུན་མ་རྣམས་ལ་གསོ་སྐྱོང་བྱེད་པ་སོགས་དེ་དག་ཐམས་ཅད་ནི་གཞན་རྣམས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་དམིགས་ནས་མཐུན་རྐྱེན་མཁོ་སྤྲོད་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོར་དངོས་གནས་དགོས་ཀྱི་མེད་པ་ནི། སྨོན་པ་བྱང་ཆུབ་སེམས་དཔའ་ཞིག་གིས་བྱང་སེམས་སྡོམ་པ་ཉམས་ལེན་བྱེད་བཞིན་ཡོད་ན། གཞན་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་གོ་སྐབས་མེད་པ་བཟོ་བའི་ལས་གང་ཡང་བྱེད་འདོད་མེད།

བཅུ་བདུན་པ་ནི། དྲང་བདེན་མིན་པའི་སྲིད་བྱུས་འདིངས་བ་སྟེ། ཁྲིམས་ངན་འཆའ་བ་དེ་རེད། འདི་ནི་ཕྱོགས་ལྷུང་དང་ཉེ་དགའ་ཕྱོགས་ཞེན་གྱི་སྒོ་ནས་ལས་བརྩམ་པར་གོ་བ་ཡིན། དོ་གལ་ཆེར་འཛིན་གྱི་ཉམས་ལེན་པ་མང་པོ་ཡོད་པ་དང་། དེ་དག་ལ་ང་ཚོས་མི་དགའ་བའམ་ཁོང་ཁྲོ་ལངས་ནས་ཁོང་ཚོའི་རྒྱུ་དངོས་གང་རུང་ཁྱེར་ཕྱིན་པ། ཡང་ན་འགྲུབ་འབྲས་ཆུང་བ་ཐོན་མཁན་གྱི་ཆེད་དུ་དྲང་བདེན་མིན་པའི་ཐོག་ནས་ལྟ་ཚུལ་འཛིན་གྱི་ཡོད། གང་ཡིན་ཞེ་ན། ང་ཚོ་ཁོང་ཚོར་ཆགས་ནས་ཡོད།

དཔེ་མཚོན་ཞིག་ནི། ནང་པའི་ཆོས་ཚོགས་སུ་སྒོམ་རྒྱག་མཁན་དེ་ཚོས་རང་ཉིད་ལ་སྡིགས་ར་གཏོང་གི་ཡོད་པ་ཚོར་བ་དང་། ང་ཚོས་ཆོས་ཚོགས་དེ་ལ་གཙོ་བོ་སྤྱི་ཚོགས་འདུ་འཛོམས་དང་དུས་ཆེན་གྱི་གནས་ཤིག་ཏུ་བལྟས་ནས། དེར་རང་དང་དོ་དབྱངས་དང་བསམ་ཚུལ་མཐུན་པའི་གྲོགས་པོ་ཚོ་དང་མཉམ་དུ་འགྲོ་གི་ཡོད། མི་ཞིག་གིས་ཆོས་ཚོགས་ལ་ཞལ་འདེབས་ཕུལ་བ་དེ་སྒོམ་སྒྲུབ་ཉམས་ལེན་བསྟི་གནས་ཤིག་སྐྲུན་པའི་མཐུན་རྐྱེན་དུ་བེད་སྤྱོད་མ་བཏང་བར། དེ་ལས་ལྡོག་སྟེ། ང་ཚོས་ཞལ་འདེབས་དེ་ཆོས་ཞུ་བ་རྣམས་ཆོས་ཞུས་ཟིན་པའི་རྗེས་སུ་ངལ་གསོ་བ་དང་སྤྱི་ཚོགས་འདུ་འཛོམས་ཀྱིས་ཕན་ཚུན་ཐུག་འཕྲད་ཆེད་དུ་ཇ་དང་འཚིག་ཇ་འཐུང་སའི་ངལ་གསོ་ཁང་དེ་འདྲ་སྐྲུན་ཆེད་དུ་གཏོང་གི་ཡོད། འདི་ནི་དྲང་བདེན་མིན་པའི་བྱ་ཐབས་ཤིག་འདིང་བར་གོ་བ་ཡིན། ཕྱོགས་གཞན་ཞིག་ནས་ང་ཚོས་ངེས་པར་དུ་ཞབས་འདེགས་སྒྲུབ་ཐབས་བྱེད་པ་དང་དངོས་གནས་ཛ་དྲག་ཅན་གྱི་སློབ་མ་དང་ཉམས་ལེན་པ་རྣམས་ལ་ནན་གྱིས་བརྗོད་དགོས། ཁོང་ཚོར་རོགས་པ་བྱེད་དགོས་པ་དང་། དོ་གལ་དུ་རྩ་ནས་མི་འཛིན་མཁན་སྤྱི་ཚོགས་འདུ་འཛོམས་ཁོ་ནའི་དོན་དུ་སླེབས་པ་རྣམས་ལ་མ་ཡིན་པར། གལ་ཆེན་གཙིགས་ཆེན་འཛིན་མཁན་རྣམས་ལ་རོགས་བྱེད་དགོས། ཁོང་ཚོས་ཆོས་ལ་ཁ་ཕྱོགས་བསྒྱུར་བ་ནི། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་དངོས་གནས་འབད་བརྩོན་བྱ་རྒྱུ་ལས་ལྡོག་སྟེ་ཆོས་དེ་ཧ་ཅང་ཡག་པོ་ཡོད་པ་སོགས་རྒྱུ་མཚན་གྱིས་ཡིན།

འོན་ཀྱང་ཀུན་སློང་ནི་འདིར་བསྟན་ཡོད་པས་དོ་སྣང་བྱེད་དགོས། ང་ཚོས་མི་དགའ་བ་བྱེད་པའམ་སྡིགས་ར་སྐུལ་བར་ཚོར་བ། དེ་ག་ནང་བཞིན་ང་ཚོས་དོ་གལ་ཆེར་འཛིན་གྱི་སློབ་ཕྲུག་རྣམས་ལ་ཁོང་ཁྲོ་ཟ་གི་ཡོད། གང་ཡིན་ཟེར་ན། ཁོང་ཚོས་འབད་བརྩོན་བྱེད་ཐབས་དང་ལས་དོན་ཧ་ཅང་བྱེད་ཀྱིན་ཡོད་པ་སོང་ཙང་། མི་བདེ་བ་ཚོར་སྲིད་པ་དང་། སོ་སོའི་བསླབ་པ་སློབ་གཉེར་དང་ཆོས་ཉམས་ལེན་གྱི་ཐད་འབད་བརྩོན་དེ་ཙམ་རྩ་ནས་བྱེད་ཀྱི་མེད། ང་ཚོ་ངེས་མེད་ཀྱི་སློབ་ཕྲུག་ཚོར་ཆགས་ཞེན་ཆེ་བ་ཡོད་པ་དང་། ཁོང་ཚོ་ང་ཚོ་དང་གྲོགས་འདྲིས་ཆེ་བ་ཡོད། ཁོང་ཚོ་དང་མཉམ་དུ་ཇ་དང་འཚིག་ཇ་སོགས་འཐུང་ནས་དུས་ཚོད་སྐྱེལ་རྒྱུ་དེ་སྐྱིད་པོ་ཡོད། བྱས་ཙང་། ང་ཚོས་དོ་གལ་ཆེར་འཛིན་གྱི་སློབ་ཕྲུག་ཚོའི་དོན་དུ་འབད་བརྩོན་ཆ་ཚང་བྱེད་ཀྱི་ཡོད། འགྲིག་སོང་ངམ། གལ་ཏེ་ང་ཚོས་དེ་ལ་བསམས་ན། དགོན་པ་ཁག་གི་ནང་དུའང་ང་ཚོས་དཔེ་མཚོན་དེ་དང་འདྲ་བ་མང་པོ་རག་ཐུབ། དཔེར་ན། ཞལ་འདེབས་ཀྱི་དངུལ་དེ་ཤེས་ཡོན་ཡར་རྒྱས་ཆེད་དུ་བེད་སྤྱོད་གཏོང་རྒྱུའི་ཚབ་ལ། དངུལ་དེ་དགོན་པའི་ནང་བཅར་མཁན་རྣམས་ཀྱི་ཆེད་དུ་ཁང་པ་ཆེན་པོ་ཞིག་རྒྱག་དགོས་པའི་ཐད་ལ་ནན་བརྗོད་མང་བ་བྱེད་པ་ལྟ་བུ་རེད།

མཐའ་མ་དེ་ནི་བྱང་ཆུབ་ཀྱི་སེམས་སྤོང་བའམ་འདོར་བ་དེ་རེད། བྱང་ཆུབ་ཀྱི་སེམས་ནམ་ཡང་འདོར་མི་རུང་། འདི་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་འདོད་ཀྱི་འདུན་སེམས་དེ་བློས་གཏོང་བྱེད་པ་ལ་གོ་བ་ཡིན། ང་ཚོར་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཡོད་པ་དེ་དྲན་དགོས། དེ་གཉིས་ནི། སྨོན་སེམས་དང་འཇུག་སེམས་གཉིས་རེད། སྨོན་པའི་སེམས་ནི་གཞན་དོན་དུ་བྱང་ཆུབ་འཐོབ་པར་ཡིད་སྨོན་བྱེད་པ་དང་། འཇུག་སེམས་ནི་བྱང་སེམས་སྡོམ་པ་ཞུས་ནས་ཉམས་ལེན་ལ་དངོས་སུ་འཇུག་པ་དེ་ཡིན། འདི་ནི་དེ་གཉིས་ལས་དང་པོ་སྨོན་པ་བྱང་ཆུབ་ཀྱི་སེམས་དེ་སྤོང་བར་གོ་གི་ཡོད། དེ་གང་ཡིན་ཞེ་ན། གལ་ཏེ་ང་ཚོས་གཞན་དོན་དུ་བྱང་ཆུབ་འཐོབ་པའི་ཡིད་སྨོན་དེ་སྤངས་ན། དེ་ནས་ང་ཚོས་གཉིས་པ་འཇུག་སེམས་ཏེ། བྱང་སེམས་སྡོམ་པ་བསྲུང་རྒྱུ་སོགས་ཀྱང་སྤོང་ངེས་རེད།

དེ་དག་ནི་ང་ཚོས་སྤོང་བར་འགྱུར་བའི་གནད་དོན་སྣ་ཚོགས་པའི་བྱང་སེམས་སྡོམ་པའི་ཐོ་གྲངས་དེ་རེད། མི་འགའ་ཞིག་གིས་རྙོག་དྲ་བསླངས་ཏེ། “ཨོ། སྒྲིག་ཁྲིམས་ཧ་ཅང་མང་པོ་འདུག །བསྲུང་རྒྱུ་མང་པོ་འདུག །འདི་ནི་མང་དྲགས་ཀྱི་འདུག་” ཅེས་ཟེར་གྱི་ཡོད། ང་ཚོས་སྒྲིག་ཁྲིམས་ཡོངས་སུ་རྫོགས་པ་ཞིག་སེམས་ནང་བསྲུང་ཐུབ་པའི་དཔེ་མཚོན་གསལ་པོ་ཞིག་ནི་མོ་ཊ་ཞིག་གཏོང་བ་ལྟ་བུ་རེད། མོ་ཊ་གཏོང་བའི་སྐབས་སུ། ང་ཚོས་སྒྲིག་ཁྲིམས་ཆ་ཚང་བ་ཞིག་བསྲུང་དགོས་ཤིང་། མོ་ཊ་ཞིག་དངོས་གནས་ཇི་ལྟར་གཏོང་བའི་ཚུལ་དེ་ཧ་ཅང་མགོ་རྙོག་ཚ་པོ་ཡོད། རྒྱལ་ཁབ་འགའ་ཞིག་གི་ནང་ཁྱེད་ཀྱིས་ལྐོག་རྔན་སྤྲད་ནས་མོ་ཊ་གཏོང་ཆོག་པའི་ལག་ཁྱེར་རག་ཐབས་བྱེད་ཆོག་པ་ནི་གསལ་པོ་རེད། འདིར་མིང་འབོད་ཀྱི་མིན། འོན་ཀྱང་རྒྱལ་ཁབ་མང་ཆེ་བའི་ནང་ཁྱེད་ཀྱིས་འཁོར་ལམ་གྱི་སྒྲིག་ཁྲིམས་ལ་སློབ་སྦྱོང་བྱེད་དགོས་ཤིང་། མོ་ཊ་གཏོང་ཆོག་པའི་ལག་ཁྱེར་མ་ཐོབ་སྔོན་ལ་ཡིག་རྒྱུགས་འཕྲོད་དགོས་ཀྱི་ཡོད། གང་ལྟར་ཁྱེད་ཀྱིས་སྒྲིག་ཁྲིམས་རྣམས་སྦྱངས་པའི་རྗེས་སུ་མོ་ཊ་གཏོང་བའི་སྐབས། དེ་དག་སེམས་ནང་ཉར་དགོས་ཤིང་། སོ་སོའི་སྤྱོད་ལམ་དང་། གློག་དམར་རྟགས་ཅན་དང་བཀག་འགོག་གི་རྟགས་ལ་བཀག་འགོག་བྱེད་པ་དང་། སོ་སོའི་འགྲོ་ལམ་ནང་ཏག་ཏག་ཁ་བསྒྱུར་དགོས་པ་སོགས་དེ་དག་ཚང་མར་དོ་སྣང་བྱེད་ཐུབ་ཀྱི་ཡོད། མི་འགའ་ཞིག་གིས་དེ་འདྲ་བྱེད་ཀྱི་མེད་པའང་ཡོད་ངེས་རེད།

འདི་ག་མཽསྐོ་ལ་ངས་དོ་སྣང་བྱུང་བ་ལྟར་ན། འདིར་མོ་ཊ་འཚང་འགག་ཧ་ཅང་ཆེན་པོ་ཡོད་པ་དེས་ང་རང་དགོད་བྲོ་བོ་བཟོས་སོང་། དེ་ནི་རྒྱ་གར་ནང་མོ་ཊ་འཚང་འགག་ཡོད་པ་དང་ཧ་ཅང་འདྲ་པོ་འདུག །དེ་ཡང་ཁྱེད་རང་གི་མོ་ཊ་ཡོད་སའི་ལམ་དེ་ཆ་ཚང་འགགས་ཏེ། དེ་ནས་རྩ་བ་ནས་འགུལ་གྱི་མེད། ངས་མོ་ཊ་རེ་ཟུང་ཞིག་འཚང་འགག་ཉུང་སའི་འགྲོ་ལམ་ནོར་བར་འཛུལ་ཕྱིན་པ་མཐོང་སོང་། འོན་ཀྱང་རྒྱལ་ཁབ་ཆེ་བའི་ནང་གི་མི་མང་ཆེ་བས་འཁོར་ལམ་གྱི་སྒྲིག་ཁྲིམས་བསྲུང་གི་ཡོད། ང་རང་མེཀྶི་ཀོ་ལ་ཡང་སེ་འགྲོ་གི་ཡོད་པ་དང་། ཁོང་ཚོར་ཤོད་སྲོལ་ཆོབ་ཚ་པོ་ཞིག་འདུག །ཁོང་ཚོས་གློག་དམར་པོའི་རྟགས་ཅན་དེ་ནི་བསམ་འཆར་ཙམ་རེད་ཟེར།

གང་ལྟར་ཡང་། དེ་དག་ཐམས་ཅད་ཀྱི་དོན་དག་ངོ་མ་ནི། སྡོམ་པ་སྣ་ཚོགས་པ་འདི་དང་དེ་འདུག་ཅེས་རྙོག་དྲ་ཤོད་པའི་རྒྱུ་མཚན་མེད་པ་རེད། དེ་དག་ནི་ཧ་ཅང་ཕན་ཐོགས་ཅན་རེད། དགེ་ལུགས་པའི་སྲོལ་རྒྱུན་ནང་། མ་མཐར་ཡང་ཐུན་དྲུག་གི་རྣལ་འབྱོར་ཟེར་བ་ཞིག་ཡོད། དེའི་བཀའ་དབང་དེ་བླ་མེད་རྒྱུད་ཀྱི་ནང་ཁྱེད་ལ་ཐོབ་ཡོད་ན། དེའི་ཉམས་ལེན་གྱི་དམ་བཅའ་ཞིག་ནི། ཉིན་རེར་ཐེངས་དྲུག་ཀློག་འདོན་བྱ་རྒྱུ་དེ་རེད། དེའི་ཆ་ཤས་སུ་ཁྱེད་ཀྱིས་སྡོམ་པ་དེ་དག་འདོན་གྱི་ཡོད། དེ་དག་དྲན་གསོས་པར་འདིས་ང་ཚོར་ཕན་གྱི་ཡོད། དེ་མིན་ཁྱེད་ཀྱིས་ཧ་ཅང་མྱུར་པོ་བཏོན་ནས་དོན་མེད་ཆོ་མེད་དུ་འགྱུར་གྱི་ཡོད། ཡིན་ནའང་བོད་པ་ཚོས་བྱེད་པ་ནང་བཞིན་དེ་དག་བློ་འཛིན་བྱས་མེད་ན། དེ་དག་གང་ཡིན་ཡང་ནས་ཡང་དུ་དྲན་གསོ་བྱེད་དགོས། དེ་ལ་བརྟེན་ནས་ང་ཚོས་དེ་དག་དྲན་ཐུབ། འགྲིག་སོང་ངམ།

ང་ཚོས་སྡོམ་པ་དེ་དག་ཇི་ལྟར་ཉམས་ཆག་གཏོང་བའམ་ཤོར་བའི་སྐོར་གྲོས་བསྡུར་མ་བྱས་གོང་ལ་སྡོམ་པ་དེ་དག་གང་རུང་གི་ཐད་ལ་དྲི་བ་འདྲ་ཡོད་དམ།

གལ་ཏེ་མི་ཞིག་གིས་དཀོན་མཆོག་གསུམ་གྱི་མདུན་ནས་དངུལ་རྐུས་པ་དང་། དེ་ནས་མི་དེས་མཆོད་པ་ཕུལ་ན། མི་དེས་འབུལ་བའི་དངུལ་དེ་ཁོས་མ་བྱིན་པར་ལེན་པའི་དངུལ་དེ་རང་ཡིན་པ་ཇི་ལྟར་རྟོགས་ཐུབ་བམ། དམིགས་བསལ་དངུལ་དེ་དངུལ་དམར་མིན་པ་དང་། དངུལ་དེ་དངུལ་ཁང་རྩིས་ཁྲ་བརྒྱུད་སྤྲད་ཡོད་པའི་དབང་དུ་བཏང་ན། དེ་ཇི་ལྟར་ཤེས་ཐུབ་བམ། དངུལ་དེ་ནི་མི་དེས་རྐུས་པའི་དངུལ་དེ་དང་གཅིག་པ་གཅིག་རྐྱང་རེད་ཅེས་ཤོད་ཐུབ་བམ། གང་ཡིན་ཞེ་ན། མི་དེ་ལ་རྐུས་པའི་དངུལ་དེའི་སྒང་ལ་ཁོ་རང་ལ་དག་པའི་དངུལ་དེའང་ཡོད་པས་སོ།།

ང་ཚོས་གང་ཞིག་མ་བྱིན་པར་བླངས་ཡོད་མེད་ཤེས་དགོས་དང་མི་དགོས་ཀྱི་ཐོག་ལ་ངས་མཇལ་མྱོང་བའི་གཞུང་གི་ནང་དམིགས་སུ་བཀར་ནས་གསུངས་མི་འདུག །ང་ཚོའི་ངོས་ནས་དེ་དག་ཤེས་རྒྱུ་ཧ་ཅང་དཀའ་མོ་ཡིན་པ་གསལ་པོ་རེད། གལ་ཏེ་དེ་གཟུགས་སུ་གྲུབ་པའི་དངོས་པོ་ཞིག་ཡིན་ན། དེ་ནི་གང་འཚམ་གྱི་གསལ་པོ་རེད། དཔེར་ན། སྐུ་འདྲ་དང་ཐང་ག་རྐུ་ཤོར་བ་ལྟ་བུ་ནི་དཔེ་མཚོན་ཡག་པོ་ཞིག་ཡིན། བོད་ནང་རིག་གནས་གསར་བརྗེའི་སྐབས། མི་མང་པོས་སྐུ་འདྲ་དང་། སྐུ་པར། སྐུ་ཐང་སོགས་དགོན་པ་ཁག་ནས་རྐུ་འཕྲོག་བྱས་ཤིང་། དེ་དག་ཧོང་ཀོང་སོགས་ཕྱི་མི་རྣམས་ལ་བཙོང་ཡོད། བྱས་ཙང་། གལ་ཏེ་ང་ཚོས་དགོན་སྡེ་ཁག་ནས་རྐུས་པའི་དངོས་རྫས་ནང་ནས་གཅིག་ཡིན་པ་ཤེས་ནས་ང་ཚོས་དངོས་པོ་དེ་ཉོས་ན། དེ་ནི་སྡོམ་པ་དང་འགལ་བ་གསལ་པོ་རེད། དེར་བརྟེན་ཁྲོམ་རའི་ནང་ཡོད་པའི་ཐང་ག་རྙིང་པ་ལ་སོགས་པ་ནི་རིག་གནས་གསར་བརྗེའི་སྐབས་སུ་བཙན་འཕྲོག་བྱས་པ་ཞིག་ཡིན་པ་ཏག་ཏག་ཅིག་ང་ཚོས་ཤེས་ཀྱི་མེད་སྲིད་ཀྱང་། ཕལ་ཆེར་དགོན་པ་ཞིག་ནས་རྐུས་པ་ཐེ་ཚོམ་མེད། དགོན་པས་དེ་དག་འཚོང་གི་མ་རེད།

ཡང་དགོན་པ་ཁག་དང་བླ་མའམ་སློབ་དཔོན་ཆེན་མོ་རྣམས་ཀྱིས་རྔན་པའམ་ལག་རྟགས་ཀྱི་ཚུལ་དུ་གནང་བའི་ཐང་ག་དང་སྐུ་འདྲ་ཡོད་ངེས་རེད། འོན་ཀྱང་དགོན་པ་ཁག་གི་ནང་སྤྱིར་བཏང་དགོན་པར་དག་པའི་དངོས་པོ་རྣམས་གང་ཡིན་པ་དང་རང་སྒེར་གྱི་དངོས་རྒྱུ་གང་ཡིན་པའི་ཐོག་ལ་ཧ་ཅང་དམ་བསྒྲགས་ཡོད། ཁྱེད་ཀྱིས་ཁྱིམ་པ་ཞིག་ལ་ཞལ་འདེབས་འབུལ་བའི་སྐབས། དཔེར་ན། བོད་ཀྱི་དགོན་པའི་ནང་གི་རིན་པོ་ཆེའི་ཁྱིམ་ཚང་ཞིག་ལ་ཞལ་འདེབས་འབུལ་བའམ། ཡང་ན་ཁོང་ཚོ་དགོན་པའི་ནང་སྡོད་ཀྱི་མེད་པ་དང་། ད་ལྟ་བཙན་བྱོལ་དུ་ཡོད་པའི་སྐབས་སུ། ཁྱེད་ཀྱིས་ཞལ་འདེབས་འབུལ་བའི་སྐབས་གང་གི་ཆེད་དུ་ཡིན་མིན་ཐོག་ལ་གཟབ་ནན་དང་ངེས་བརྟན་བཟོ་དགོས་ཀྱི་ཡོད། དེ་ནི་ཁྱིམ་ཚང་དེའི་ཆེད་དུ་ཡིན་ནམ། དེ་ལ་བོད་སྐད་དུ་ནམ་རྒྱུན་བླ་བྲང་ཞེས་ཟེར་གྱི་ཡོད། སྤྱིར་བཏང་གི་ཁྱིམ་པ་ཚོའི་ཆེད་དུ་ཡིན་ནམ། ཡང་ན་ཁྱེད་ཀྱིས་དམིགས་བསལ་ཁྱིམ་ཚང་ནང་གི་མི་གཅིག་ལ་སྒེར་གྱིས་བེད་སྤྱོད་གཏོང་ཆེད་སྦྱིན་གྱི་ཡོད་དམ། ཁྱིམ་ཚང་ཟེར་དུས་ནང་མི་ཚང་མར་གོ་གི་ཡོད། དཔེར་ན། རིན་པོ་ཆེའི་ཁྱིམ་ཚང་ངམ་བླ་བྲང་ནང་ཞབས་ཕྱི་མང་པོ་དང་སློབ་མ་མང་པོ་སྡོད་ཀྱི་ཡོད། དེ་དག་ཐམས་ཅད་བོད་སྐད་ནང་བླ་བྲང་ཟེར་གྱི་ཡོད། ངས་དེ་ཚིག་འགའ་ཞིག་ལ་བརྟེན་ནས་བསྒྱུར་ཐབས་བྱེད་ཀྱིན་ཡོད། བྱས་ཙང་། དེ་ལ་ཨིན་སྐད་དུ་ household ཁྱིམ་ཚང་ཞེས་འབོད་ཀྱི་ཡོད། ཁྱིམ་པ་ནི་མི་སྐྱ་ཁྱིམ་ཐབ་འཛིན་མཁན་དེ་རེད། གལ་ཏེ་ཁྱེད་ཀྱིས་དངུལ་དེ་བླ་བྲང་གི་ཆེད་དུ་འབུལ་གྱི་ཡོད་ན། ཁྱིམ་ཚང་དེ་རང་གི་ཆེད་དུ་ཡིན་པས། དེ་སྤྱི་ཐབ་ཀྱི་ཆེད་དུ་བེད་སྤྱོད་བཏང་ནས་ཚང་མར་ཞལ་ལག་གཏོང་དགོས། ཡང་མིན་ན་ཁང་པ་ཡར་རྒྱས་ཀྱི་ཆེད་དུ་བཟོ་བཅོས་དང་རྒྱ་སྐྱེད་ཆེད་ཡིན། དེ་ནི་རིན་པོ་ཆེ་གཙོས་པའི་ཁྱིམ་ཚང་དེའི་མི་བྱེ་བྲག་ཅིག་གིས་ན་བཟའ་ཉོ་རྒྱུ་དང་། དེ་མིན་སྒེར་དོན་དུ་བཀོལ་སྤྱོད་ཆེད་དུ་མིན། ད་དུང་ཁོང་ཚོས་ཁྱིམ་ཚང་གི་ཆེད་དུ་ཆོ་ག་ཕྱག་ལེན་སོགས་བསྒྲུབ་རྒྱུ་དང་མཆོད་ཤོམ་སྟེང་དུ་མཆོད་པ་འབུལ་རྒྱུ་ལ་སོགས་པའི་ཆེད་སྦྱིན་བདག་བྱེད་ངེས་རེད། བྱས་ཙང་། བླ་བྲང་གི་ནང་དེ་དག་ཧ་ཅང་དམ་པོ་ཉམས་ལེན་བྱེད་ཀྱི་ཡོད།

འོན་ཀྱང་ཁྱེད་ཀྱི་དྲི་བ་ནི་དེ་ལས་དཀའ་བ་ཞིག་རེད་འདུག །མི་ཞིག་གིས་དཀོན་མཆོག་གསུམ་གྱི་འབུལ་བའམ་དངུལ་རྐུ་བའི་སྐབས། དཔེར་ན། མི་ཞིག་གིས་ནང་པའི་ཆོས་ཚོགས་ཤིག་ལ་དངུལ་ཞལ་འདེབས་འབུལ་བ་དང་། ནང་པའི་ཆོས་ཚོགས་རྣམས་དམིགས་སུ་བཀར་ནས་ཇི་བཞིན་དུ་འདིར་ཚུད་མེད་ནའང་། ང་ཚོས་དགེ་འདུན་དང་འབྲེལ་བའི་དགོན་པ་ཁག་གི་སྐོར་ཤོད་ཀྱིན་ཡོད། ནུབ་ཕྱོགས་སུ་ཡོངས་གྲགས་འབྱུང་བའི་གནས་ཚུལ་ནི་ང་ཚོས་ཆོས་ཚོགས་ཀྱི་སྐོར་ཤོད་ཀྱིན་ཡོད་པ་དེ་རེད། གཞན་ནུབ་ཕྱོགས་སུ་དགོན་པ་མང་པོ་དེ་འདྲ་མེད། ད་དུང་ནུབ་ཕྱོགས་སུ་ང་ཚོས་ལེགས་སྦྱར་སྐད་ཀྱི་སངྒཱ་ཞེས་པ་དེ་ཨིན་སྐད་དུ་ Sangha ཞེས་རང་འཇགས་ཚིག་དེ་བེད་སྤྱོད་བྱེད་ཀྱི་ཡོད་པ་ནི། སྒྲ་ཧ་ཅང་ཡངས་པའི་དབང་དུ་ཡིན་ཞིང་། སྲོལ་རྒྱུན་གྱི་བོད་པ་དང་ནང་པའི་གང་ཟག་གིས་ནམ་ཡང་བེད་སྤྱོད་བྱེད་ཀྱི་མ་རེད། དེ་ཡང་མི་སྐྱའིི་སྤྱི་ཚོགས་ནང་གི་ཆོས་ཚོགས་ཤིག་ལ་གོ་བ་ཡིན་པས། དེ་ནི་དགེ་འདུན་ནམ་སངྒཱ་ཞེས་པ་དེ་མིན། བྱས་ཙང་། ད་སོ་སོ་རང་ཉིད་ཀྱི་དོན་དུ་ཆོས་ཚོགས་ལ་ཞལ་འདེབས་ཕུལ་བའི་དངུལ་དེ་རྐུ་བ་ལ་སྡོམ་པ་འདི་བཀོལ་སྤྱོད་བྱེད་ཀྱི་ཡོད་དམ་ཞེས་ང་ཚོས་འདྲི་བཞིན་ཡོད། དངོས་གནས་བྱས་ན། འགྲེལ་བ་ཁག་ལ་གཞིགས་ན། ང་ཚོས་དགེ་འདུན་ནས་མ་བྱིན་པར་ལེན་པའི་སྐོར་ཤོད་སྐབས། ང་ཚོས་དགེ་འདུན་པའམ་བཙུན་མ་བཞིའམ་དེ་ལས་མང་བར་གོ་གི་ཡོད། ཡང་དགེ་འདུན་པའམ་བཙུན་མ་གཅིག་དང་། གཉིས། ཡང་ན་གསུམ་ནས་མ་བྱིན་པར་ལེན་པའི་སྡོམ་པ་ལོགས་ཀ་ཞིག་ཡོད། དོན་ངོ་མ་བྱས་ན། སྡོམ་པ་འདི་དག་གཏན་ལ་དབབ་པའི་སྐབས། ཁྱིམ་པ་མི་ནག་གི་ཆོས་ཚོགས་མེད་པ་ངེས་པ་རེད། བྱས་ཙང་། ཆོས་ཚོགས་ཁག་ལ་ཕུལ་བའི་མཆོད་པའི་རྫས་རྣམས་རྐུ་བ་ལ་བྱང་སེམས་སྡོམ་པ་དང་འགལ་གྱི་ཡོད་དང་མེད་ཅེ་ན། དེ་ནི་དངོས་གནས་ང་ཚོས་སྤོང་དགོས་པ་ཞིག་ཡིན།

ནུབ་ཕྱོགས་སུ་གྲགས་ཆེ་བ་ནི་མི་ཞིག་གིས་ཆོས་ཚོགས་སུ་འབུལ་བ་ཕུལ་བ་དང་། ཆོས་ཚོགས་དེའི་འགན་འཛིན་པའམ་དངུལ་གཉེར་སོགས་ཀྱིས་དངུལ་དེ་སོ་སོ་རང་ཉིད་ཀྱི་དངུལ་ཁང་རྩིས་ཁྲའི་ནང་བླུགས་ཀྱི་ཡོད། ངས་གོང་དུ་ཞུས་པ་ལྟར། མི་ཞིག་གིས་ལས་ཀ་བྱེད་ཀྱིན་ཡོད་པ་དང་མི་དེ་ལ་དངུལ་དེ་ལས་གླ་ཕོགས་སྤྲོད་ཀྱི་ཡོད་པའི་སྐོར་ཤོད་ཀྱིན་མེད། དེར་བརྟེན་དངུལ་འདི་དངུལ་ཁང་གི་རྩིས་ཁྲའི་ནང་དངུལ་འབོར་གཞན་མང་དག་དང་མཉམ་དུ་ཡོད་པ་དང་། མི་དེས་ང་ཚོར་རྔན་པའམ་དངུལ་ཏོག་ཙམ་སྤྲོད་ཀྱི་ཡོད། ཐ་ན་མི་དེས་དྲན་ཤེས་ལྡན་པའི་སྒོ་ནས། “ངས་ཁྱེད་ལ་སྤྲོད་ཕྱིར་མ་བྱིན་པར་བླངས་པའི་དངུལ་དེ་སྤྲོད་ཀྱིན་ཡོད་” ཅེས་ཤོད་ཀྱིན་ཡོད་མེད་ནི་ཧ་ཅང་ཤོད་དཀའ་མོ་རེད། ཡང་ན་ད་ལྟ་རང་ཁོང་ཚོའི་དངུལ་ནང་དུ་བླུགས་ནས་ཁྱད་པར་གང་ཡང་བཟོ་གི་མེད། བྱས་ཙང་། གཞི་རྩའི་ཆ་ནས་མི་ཞིག་གིས་ཆོས་ཚོགས་དང་དགོན་པ། དེ་བཞིན་ཆོས་ཀྱི་ལས་གཞི་གང་འདྲ་ཞིག་ནས་མ་དངུལ་རྐུ་བའམ་ཧམ་ཟ་བྱེད་ཀྱིན་ཡོད་པ་ང་ཚོས་ཤེས་ན། དངུལ་དེ་བླང་རྒྱུ་སྤོང་དགོས།

མི་ཞིག་གིས་སྐུ་འདྲའམ་ཐང་ག་རྐུས་ནས་བཙོང་བ་དང་། དེ་ལས་བྱུང་བའི་དངུལ་དེ་མི་གཞན་ཞིག་ལ་སྦྱིན་པའམ། ཡང་ན་མི་གཞན་ཞིག་ལ་སྦྱིན་པའི་ཆེད་དངུལ་དེས་ཅ་ལག་ཅིག་ཉོས་པ་གཉིས་གཅིག་ཡིན་ནམ། དེ་གཅིག་པ་རེད་དམ།

རྒྱས་པར་བཤད་ན། རེད། གཅིག་པ་རེད།

གལ་ཏེ་མི་ཞིག་གིས་སྐུ་འདྲ་ལྟ་བུ་ཞིག་རྐུས་པ་དང་། དེ་ནས་མི་དེས་འགྱོད་བཤགས་བྱས་ཤིང་། ད་གཟོད་མི་དེ་ལ་སྐུ་འདྲ་དེ་མི་དགོས་པས། ཁོས་སྐུ་འདྲ་དེ་མི་གཞན་ཞིག་གམ་ཆོས་ཚོགས་ཤིག་ལ་ཕུལ་ན། ག་རེ་ཆགས་ཀྱི་རེད་དམ།

བསམ་བློའི་རྣམ་གཞག་གི་ཐོག་ནས་བཤད་ན། མི་དེས་སྐུ་དེ་གང་ནས་རྐུས་པ་དེར་རང་འཇགས་སྤྲོད་དགོས། དཀོན་མཆོག་གསུམ་གྱི་དངོས་རྫས་མ་བྱིན་པར་ལེན་པར་ཆ་བཞག་ན། དངོས་པོ་འདི་ད་ནས་བཟུང་སྟེ་ང་ལ་དག་པ་ཡིན་ཞེས་པའི་ཚོར་བ་དང་བཅས་ཏེ་བྱ་བ་མཇུག་རྫོགས་དགོས་ཞེས་བཤད་ཡོད་པ་དྲན་དགོས། བྱས་ཙང་། གལ་ཏེ་མི་ཞིག་གིས་གང་རྐུས་པ་དེ་ལ་འགྱོད་པ་སྐྱེས་ཏེ། རང་ཉིད་ཀྱི་ཡིན་བསམ་པའམ་རང་ཉིད་ལ་དག་སོང་མ་བསམས་ན། མི་དེས་དངོས་པོ་དེ་རང་འཇགས་ཕར་སློག་ཐབས་བྱེད་ཀྱི་ཡོད། འོན་ཀྱང་ཁྱེད་ཀྱིས་དེ་གཞན་ཞིག་ལ་འཚོང་རྒྱུ་མེད།

ཡིན་ནའང་ང་ཚོར་གོ་སྐབས་འདི་རྟག་པར་མེད། དཔེར་ན། གལ་ཏེ་ང་ཚོས་རྒྱལ་ཁབ་གཞན་དུ་ཕྱིན་ཏེ། དེར་རྐུ་མ་རྐུས་པ་དང་། དེ་ནས་ཚུར་ནང་དུ་སླེབས་ནས་ལོ་མང་ཕྱིན་པ་ལྟ་བུ་རེད། བྱས་ཙང་། ངའི་དོན་དག་གཙོ་བོ་ནི། འདིར་ཀུན་སློང་མི་འདྲ་བ་གཉིས་ཡོད། དང་པོ་ནི་ཁྱེད་ཀྱིས་དམིགས་བསལ་གཞན་ཞིག་གི་ཆེད་དུ་ཕུལ་བ་དེ་མ་བྱིན་པར་ལེན་ཡོད་པ་དང་། གཉིས་པ་ནི་ཁྱེད་ཀྱིས་སོ་སོ་རང་ཉིད་སོ་སོའི་བསམ་བློ་འགྱུར་བ་བཏང་ནས་མ་བྱིན་པར་ལེན་པའི་སྐབས་དེ་རེད། ཀུན་སློང་མི་འདྲ་བ་ཡིན།

རེད། ཀུན་སློང་མི་འདྲ་བ་རེད། ངས་ཀྱང་ཁྱེད་ཀྱིས་བརྗོད་པའི་གནས་སྟངས་ནང་བཞིན་བསམ་བློ་གཏོང་གི་ཡོད། ཁྱེད་ཀྱི་ནང་དུ་ཐང་གའམ་སྐུ་འདྲ་ཞིག་ཡོད་པའི་དབང་དུ་བཏང་། ལོ་མང་རྗེས་སུ་ཁྱེད་ཀྱིས་དེ་རིག་གནས་གསར་བརྗེའི་སྐབས་སུ་དགོན་པ་ཞིག་ནས་རྐུས་ཡིན་པ་ཤེས་པ་རེད། ང་ཚོས་དེ་གང་ནས་རྐུས་པའི་དགོན་པ་དེར་རང་འཇགས་འབུལ་རྒྱུའི་གོ་སྐབས་མེད། དགོན་པ་དེ་གཅིག་བྱས་ན་ད་ལྟ་མེད་པ་ཆགས་ཡོད་སྲིད། འོན་ཀྱང་ངའི་བསམ་པར། ང་ཚོ་ཐང་གའམ་སྐུ་འདྲ་དེ་གང་བྱེད་དགོས་མིན་མི་ཤེས་པའི་ཅི་བཏོལ་མེད་དུ་ཡོད་སྐབས། ང་རང་སྒེར་གྱི་བསམ་ཚོད་ཙམ་དུ་བྱས་ན། ཕལ་ཆེར་ཆོས་ཚོགས་ལྟ་བུ་ཞིག་ཏུ་ཕྱིན་ཏེ་གསོལ་རས་ཚུལ་དུ་འབུལ་སྲིད་པ་ལས། འཚོང་རྒྱུ་མིན་པ་རེད། འོན་ཀྱང་གནས་སྟངས་འགྲེལ་བརྗོད་བྱེད་ཀྱི་རེད། ཡང་ན་དགོན་པ་ཞིག་ལ་ཕུལ་ནས་གནས་སྟངས་འགྲེལ་བརྗོད་བྱེད་དགོས། དེ་ལྟར་བྱས་པས་ང་ཚོས་དཀོན་མཆོག་གསུམ་ལ་རང་འཇགས་འབུལ་གྱིན་ཡོད་པའི་ཚོར་བ་ཞིག་ཡོང་གི་ཡོད། དེ་ནི་ངས་བསམ་ཐུབ་པའི་ཐབས་ཁོ་ན་དེ་རེད།

ཡང་དགོན་སྡེ་ཁག་ཧ་ཅང་སྐྱོ་པོ་ཡིན་པའི་གནས་སྟངས་དེ་འདྲ་ཡོད། དེ་འདྲའི་སྐབས་སུ་ཁོང་ཚོས་གཏེར་གྱི་རིགས་རྣམས་སྒྱུ་རྩལ་ཚོང་ལས་པ་རྣམས་ལ་འཚོང་བ་དང་། ཚོང་པ་དེ་དག་གིས་བཙོང་ནས་ཁེ་བཟང་ལེན་གྱི་ཡོད། འོ་ན་དེ་འདྲ་བྱས་ན། བཟང་སྤྱོད་དང་མཐུན་པ་རེད་དམ་མ་རེད། ངས་དངོས་གནས་མི་ཤེས། ཁོང་ཚོས་མ་བྱིན་པར་ལེན་གྱི་མེད་ནའང་། ཁེ་བཟང་ཆེད་དུ་བཀོལ་སྤྱོད་བྱེད་ཀྱིན་ཡོད། གལ་ཏེ་ཁོང་ཚོས་རྒྱུ་མཚན་དང་མི་ལྡན་པའི་ཁེ་བཟང་ཞིག་ལེན་གྱིན་ཡོད་ན། སྤྱིར་བཏང་དེ་ཆོས་དང་འབྲེལ་བའི་དངོས་པོ་ཞིག་འཚོང་བཞིན་ཡོད་མེད་ལ་མ་ལྟོས་པར། དེ་ནི་འདོད་རྔམ་གྱི་དབང་གིས་ལས་དེ་བརྩམ་བཞིན་ཡོད། དེ་ནི་ལས་བཟང་པོ་ཞིག་མིན། 

ང་ཚོས་འདུལ་བའི་སྐོར་བསླབ་པ་སློབ་གཉེར་ལ་འཇུག་ཆོག་པ་དང་། ཁྲིམས་རྩོད་པ་ཞིག་ལྟར་གནད་དོན་ཆུང་ཙག་ནས་བཟུང་སྟེ་ཞིབ་ཚགས་པོ་དང་དམིགས་བསལ་རྣམས་འཚོལ་ཐབས་བྱེད་ཀྱི་ཡོད། མཁས་པ་ཚོས་དེ་ལྟར་བྱས་ཡོད་ཤག་རེད་ལ་མུ་མཐུད་དེ་བྱ་རྒྱུ་ངེས་པ་རེད། འོན་ཀྱང་ངས་ཐོག་མར་འགོ་འཛུགས་སྐབས་ནས་ནང་པའི་བཟང་སྤྱོད་ཀྱི་རྣམ་གཞག་སྐོར་འགྲེལ་བརྗོད་ཞུས་པ་ལྟར། ང་ཚོས་ག་རེ་བྱེད་འདོད་ཡོད་ཅེ་ན། སོ་སོའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་དུ་སྤེལ་ནས་གནས་སྟངས་ངོ་མ་གང་ཡིན་པ་དང་། གནས་སྟངས་དེ་ལ་སྟངས་འཛིན་བྱེད་ཚུལ་ཡག་ཤོས་དེ་གང་ཡིན་རྟོགས་ཐབས་བྱེད་དགོས་ཤིང་། སྡོམ་པ་དང་འགལ་བའི་ཉེས་ལྟུང་ལྕི་མོ་དེ་ཡང་དུ་གཏོང་ཐབས་བྱེད་དགོས། དཔེར་ན། ཁྱེད་ཀྱི་གནས་སྟངས་ལྟར། ཁྱེད་ཀྱི་ནང་དུ་ཡོད་པའི་དངོས་པོ་ཤིག་དགོན་པ་ཞིག་ནས་རྐུས་པ་ཡིན་པ་རྟོགས་པ་ལྟ་བུ་རེད། 

དོན་དག་གཙོ་བོ་ནི། སྡོམ་པ་དེ་དག་ནི་ཕྲ་བའི་གཟུགས་རྣམས་རེད། ང་ཚོས་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་སྐོར་བཤད་པ་དྲན་དགོས། དེ་དག་གིས་ང་ཚོའི་སྤྱོད་ལམ་ལ་བཟོ་ལྟ་བཟོ་གི་ཡོད། དེ་ལྟ་བུའི་ཕྲ་བའི་གཟུགས་དེ་མཐའ་གཅིག་ཏུ་ནུས་སྟོབས་ལྡན་པའམ། ཡང་ན་ཞན་པོ་ཞིག་ཡིན་སྲིད། ངའི་བསམ་པར། དེ་ནི་ཐོག་མར་སྡོམ་པ་དེ་དག་ལེན་པར། ང་ཚོའི་ཀུན་སློང་གི་ནུས་སྟོབས་ལ་རག་ལུས་ཡོད། གལ་ཏེ་ང་ཚོས་ལད་ཟློས་ཀྱིས་གྲོགས་པོ་ཚོས་སྡོམ་པ་ལེན་གྱིན་འདུག་བསམས་ནས། སོ་སོ་དེ་དག་གི་ཁོངས་སུ་འཚུད་འདོད་དང་བཅས་ཏེ་སྡོམ་པ་བླངས་ན། སྡོམ་པ་དེའི་ནུས་སྟོབས་ནི་ང་ཚོར་དངོས་གནས་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ཡོད་པ་ལས་རྦད་དེ་ཞན་པ་ཡོང་གི་ཡོད་པ་གསལ་པོ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བྱང་སེམས་སྡོམ་པ་དང་འབྲེལ་བའི་ང་ཚོའི་ཉིན་རེའི་ཉམས་ལེན་དེ་རང་གི་ཀུན་སློང་ལ་སླར་ཡང་ངེས་བརྟན་བཟོ་བའི་སྒོ་ནས་ནུས་ཤུགས་ཆེ་རུ་གཏོང་བར། ང་ཚོས་ཉིན་ལྟར་བསྐྱར་གསོ་དང་བསྐྱར་དུ་སྲ་བརྟན་བཟོ་གི་ཡོད། གལ་ཏེ་ང་ཚོས་སྡོམ་པ་དེ་དག་དང་འགལ་བ་སྟེ། དེ་ནི་ང་ཚོ་ཚང་མས་འགལ་གྱི་ཡོད་པ་ཐེ་ཚོམ་མེད་པ་རེད། དེ་འདྲའི་གནས་སྟངས་མང་ཆེ་བའི་ནང་ང་ཚོས་སྡོམ་པ་དེའི་ནུས་ཤུགས་ཞན་དུ་གཏོང་བ་ཙམ་རེད། ང་ཚོའི་སེམས་རྒྱུན་ནས་སྡོམ་པ་དེ་ཤོར་བར། “ངས་སྡོམ་པ་བློས་གཏོང་གི་ཡིན། སྡོམ་པ་དེ་དག་ང་ལ་དགོས་ཀྱི་མི་འདུག་” ཅེས་ཟེར་བ་ཙམ་དུ་མ་ཟད། ད་དུང་གནད་དོན་སྣ་ཚོགས་པ་ཞིག་ཚང་དགོས་ཀྱི་ཡོད། གང་ལྟར་སྡོམ་པ་དེ་ཤོར་གྱི་ཡོད་པ་ཐེ་ཚོམ་མེད། 

དང་པོ་ནི་དེ་དག་ཐམས་ཅད་གཞུང་སྣ་ཚོགས་པའི་ནང་། ང་ཚོའི་སྡོམ་པ་ཤོར་བའི་རྐྱེན་རྣམས་གསལ་ཡོད། མི་ཞིག་གིས་སྡོམ་པ་གང་ཡིན་ཤེས་ཀྱི་མེད། ང་ཚོས་ཤེས་ཀྱི་མེད། གཉིས་པ་ནི། གཟབ་ནན་མི་བྱེད་པ་སྟེ་སྣང་མེད་གཏོང་གི་ཡོད། དཔེར་ན། “ངའི་སྤྱོད་ལམ་དང་སྡོམ་པ་ལ་གལ་ཆེན་བརྩི་གི་མེད། དེ་ནི་གལ་ཆེན་ཞིག་མིན་” ཞེས་ཟེར་བ་ལྟ་བུ་རེད། རྒྱུ་མཚན་གཞན་ཞིག་ནི་ཉོན་མོངས་འགའ་ཞིག་གིས་དབང་འོག་ཏུ་ཚུད་ནས་ང་ཚོ་ཧ་ཅང་ཁོང་ཁྲོ་ལངས་པའམ་འདོད་ཆགས་སྐྱེས་ཏེ། སོ་སོའི་སྡོམ་པ་དྲན་པ་བརྗེད་ཀྱི་ཡོད། དེ་ལ་བརྟེན་ནས་སྡོམ་པ་ཤོར་གྱི་ཡོད། ཡང་རྒྱུ་མཚན་གཞན་ཞིག་ནི་གུས་ཞབས་མེད་པ་དེ་རེད། ང་ཚོས་སྡོམ་པ་དང་སྡོམ་པ་བསྲུང་མཁན་རྣམས་ལ་གུས་ཞབས་བྱེད་ཀྱི་མེད། ཡང་སྡོམ་པ་རྣམས་དྲན་པ་བརྗེད་པའི་རྒྱུ་མཚན་གྱིས་བརྗེད་ངེས་ཡིན་སྲིད། ཡང་མིན་ན་དྲན་པ་ཞན་པོའམ་སྐྱོ་པོ་ཡིན་པའི་རྒྱུ་མཚན་ཡིན་སྲིད། བྱས་ཙང་། ང་ཚོར་དྲན་པ་སྐྱོ་པོ་ཡོད་པ་དང་སོ་སོའི་སྤྱོད་ལམ་ལ་དོ་སྣང་སྤྲོད་རྒྱུའི་ཐད་ཞན་པོ་ཡོད།

སྡོམ་པ་བཅོ་བརྒྱད་དེ་དག་གི་ཁྲོད་ནས། “ལོག་པའི་ལྟ་བ་འཛིན་པ་” དང་ “བྱང་ཆུབ་ཀྱི་སེམས་སྤོང་བ་” མ་གཏོགས་པའི་གཞན་ཚང་མར་སྡོམ་པ་ཆ་ཚང་ཤོར་བར། ཀུན་དཀྲིས་བཞི་ཚང་དགོས་ཀྱི་ཡོད། གལ་ཏེ་ང་ཚོར་ “འདི་ནི་གླེན་པ་རང་རེད་” ཅེས་ཟེར་བ་སོགས་དང་། “བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་རིན་ཐང་ཅན་རེད་ཅེས་བསམ་མཁན་མི་སུ་འདྲ་ཞིག་ཡིན་ནའང་ངས་རྩོད་པ་རྒྱག་གི་ཡིན་” ཞེས་པའི་ལོག་ལྟའི་བསམ་བློ་འདི་ཡོད་ན། ང་ཚོས་དེ་ལྟར་བསམ་མ་ཐག་གམ། ཡང་ན་ང་ཚོས་སྨོན་པ་བྱང་ཆུབ་ཀྱི་སེམས་སྤོང་མ་ཐག་སྡོམ་པ་ཤོར་གྱི་ཡོད། 

སྡོམ་པ་གཞན་བཅུ་དྲུག་ལ་མཚོན་ན། ཀུན་དཀྲིས་བཞི་པོ་དེ་དག་སྡོམ་པ་བློས་གཏོང་གི་ཀུན་སློང་བསྐྱེད་མ་ཐག་ནས་རྒྱུན་སྐྱོང་དགོས་ཤིང་། དེ་ཡང་སྐད་ཅིག་དེ་ནས་བཟུང་སྟེ་སྡོམ་པ་མ་ཤོར་གྱི་བར་དུ་རྒྱུན་སྐྱོང་དགོས། བྱས་ཙང་། སྡོམ་པ་བློས་གཏོང་གི་དཀྱིལ་ཙམ་ནས་ང་ཚོས་གང་བྱེད་ཀྱིན་ཡོད་པར་འགྱོད་པ་སྐྱེས་ན། དེ་ནི་མཇུག་རྫོགས་ཀྱི་མེད། སྡོམ་པ་ཤོར་བའི་རྒྱུད་རིམ་ཡོངས་སུ་རྫོགས་པའི་ནང་ང་ཚོས་ཀུན་དཀྲིས་བཞི་ཀ་དང་ལྡན་དགོས། 

དེ་དག་ལས་དང་པོ་ནི། ང་ཚོས་གང་བྱེད་བཞིན་པ་དེ་བར་ཆད་དུ་མི་འཛིན་པ་སྟེ། ཉེས་དམིགས་སུ་མི་བལྟ་བ་དེ་རེད། ཕྱོགས་གཞན་ཞིག་ནས་ང་ཚོས་ག་རེ་བྱེད་ཀྱིན་ཡོད་པ་ལ་ནོར་འཁྲུལ་ཅི་ཡང་མེད་པར་ཁེ་ཕན་ཁོ་ན་མཐོང་ནས་འགྱོད་པ་མེད་པའི་ཐོག་ལས་བརྩམ་གྱི་ཡོད། གཉིས་པ་ནི། སྔོན་ནས་སྡོམ་པ་ཤོར་བའི་ལས་བརྩམས་པ་དང་། ད་ལྟ་ང་ཚོར་མཚམས་འཇོག་བྱ་རྒྱུ་དང་མ་འོངས་པར་དེ་སླར་ཡང་མི་བྱེད་པའི་འདོད་པ་དང་འདུན་པ་མེད་སྟེ། སྤྱོད་འདོད་མ་ལོག་པ་དེ་རེད། གསུམ་པ་ནི། ང་ཚོས་གང་བྱེད་བཞིན་པར་སྤྲོ་བས་ངང་འཇུག་པ་སྟེ། དགའ་མགུ་བྱེད་པ་དེ་རེད། སོ་སོའི་སྡོམ་པ་ཤོར་གྱིན་ཡོད་ནའང་དེ་ལ་སྤྲོ་བ་ཡོད་པ་དེ་རེད། བཞི་པ་ནི། ང་ཚོར་བཟང་སྤྱོད་ཀྱི་རང་མཐོང་མེད་པ་དང་ང་ཚོའི་སྤྱོད་ལམ་གྱིས་གཞན་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པའི་ཐད་ལ་སེམས་འཁུར་མེད་པ་སྟེ། ངོ་ཚ་དང་ཁྲེལ་མེད་པ་དེ་རེད། བྱས་ཙང་། སོ་སོའི་མིང་དང་སྐད་གྲགས་ལ་གལ་ཆེན་བརྩི་གི་མེད། སོ་སོ་རང་ཉིད་ཀྱི་རྗེས་འབྲས་རྣམས་ལ་གལ་ཆེན་བརྩི་གི་མེད། དེ་ནི་བཟང་སྤྱོད་ཀྱི་རང་མཐོང་མེད་པ་དེ་རེད། ཡང་ཆ་ཤས་གཞན་ཞིག་ནི། ངས་བྱ་སྤྱོད་འདི་འདྲ་ཞིག་སྤེལ་བ་དེས་ངའི་དགེ་བའི་བཤེས་གཉེན་ནམ་ནང་ཆོས། ཡང་ན་གཞན་སུ་འདྲ་ཞིག་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པའི་ཐོག་ལ་གལ་ཆེན་དུ་འཛིན་གྱི་མེད། གལ་ཏེ་དེ་ལྟའི་བློའི་ཁྱེར་སོའམ་ཀུན་དཀྲིས་བཞི་ཀ་ཚང་ཡོད་ན། དེ་ནས་ང་ཚོའི་བྱང་སེམས་སྡོམ་པ་ཚང་མ་ཤོར་གྱི་ཡོད། གལ་ཏེ་དེ་དག་ཚང་མ་ཚང་མེད་ན། དེ་ནས་སྡོམ་པ་དེ་ཇེ་ཞན་དུ་འགྲོ་བ་ཙམ་ཡིན།

དཔེ་མཚོན་ཞིག་ཞུས་ན། ང་ཚོས་གཞན་ཞིག་ལ་ནང་པའི་དཔེ་དེབ་ཅིག་གཡར་གྱི་མེད། གང་ཡིན་ཞེ་ན། ང་ཚོ་དཔེ་དེབ་དེར་ཞེན་ཆགས་ཡོད་པ་དང་སེར་སྣ་ཡོད། མི་གཞན་དེས་དཔེ་དེབ་སྒང་ལ་འཚིག་ཇ་གཤོ་སྲིད་པ་དང་ཚུར་སློག་མི་སྲིད་པ་ཡིན་ཙང་། ང་ཚོས་དེ་ལ་སྐྱོན་གང་ཡང་མེད་པར་མཐོང་གི་ཡོད། ང་ཚོས་དཔེ་དེབ་དེ་སྔོན་ནམ་ཡང་གཡར་མེད་པ་དང་། ད་ལྟ་དང་མ་འོངས་པར་ཡང་ང་ཚོས་བྱ་ཐབས་དེ་འགྱུར་བ་གཏོང་རྒྱུའི་བསམ་བློ་མེད། ང་ཚོས་ངོས་ལེན་མི་བྱེད་པའི་སྐབས། སོ་སོའི་ཐག་གཅོད་དེ་ལ་དགའ་པོ་བྱེད་ཀྱི་ཡོད། དོན་ངོ་མར་ང་ཚོས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་རོགས་བྱེད་ཁུལ་ཡིན་ནའང་། མིན་ཞེས་བརྗོད་རྒྱུ་ལ་ངོ་ཚ་མེད་པ་རེད། དེ་བས་ན་ང་ཚོས་ཆོས་ཀྱི་དཔེ་དེབ་ཅིག་མཉམ་སྤྱོད་བྱེད་མི་འདོད་པ་ཇི་ལྟར་སྲིད་དམ། དེའི་ཐད་ལ་ངོ་ཚ་དང་ཁྲེལ་སྤུ་ཙམ་ཡང་མེད་ལ་དེས་ནང་པའི་སློབ་དཔོན་རྣམས་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་མིན་ལ་གལ་ཆེན་འཛིན་གྱི་མེད། དེ་ག་ནང་བཞིན་སོ་སོའི་རང་འདོད་དོན་གཉེར་གྱི་ལས་དེ་ལ་ཆ་སྙོམ་བཟོ་བའི་ཆེད་ཐབས་ཤེས་འཚོལ་རྒྱུའི་འདུན་སེམས་མེད། དེ་ནི་ཆ་རྐྱེན་བཞི་པ་དེའི་ཆ་ཤས་ཤིག་རེད། ངས་དེ་ཞུ་རྒྱུ་བརྗེད་འདུག །དེ་ཡང་ང་ཚོས་གང་བྱས་པ་ལ་ཆ་སྙོམ་བཟོ་རྒྱུའི་འདུན་སེམས་མེད། བྱས་ཙང་། བསམ་ཕྱོགས་དེའི་རིགས་ཆ་ཚང་བ་ཡིན་ན། མི་ཞིག་ལ་དཔེ་དེབ་གཡར་རྒྱུ་ངོས་ལེན་མི་བྱེད་པའི་སྐབས། ང་ཚོའི་བྱང་སེམས་སྡོམ་པ་ཤོར་གྱི་ཡོད། འོན་ཀྱང་གལ་ཏེ་ང་ཚོར་བསམ་ཕྱོགས་དེ་དག་ལས་འགའ་ཞིག་ཚང་མེད་ན། ང་ཚོས་སྡོམ་པ་ཇེ་ཞན་དུ་གཏོང་བ་ཙམ་ཡིན་ཞིང་། དེ་ནི་བསམ་ཕྱོགས་དེ་དག་ག་ཚོད་ཚང་ཡོད་མེད་ལ་རག་ལུས་ཡོད།

དཔེར་ན། གལ་ཏེ་ང་ཚོས་ཀུན་དཀྲིས་བཞི་པོ་གང་རུང་མེད་པའི་སྒོ་ནས་སྡོམ་པ་དེ་དག་ལས་གཅིག་ཤོར་གྱི་ཡོད། གནས་སྟངས་འདིའི་སྐབས་སུ་ང་ཚོས་སྡོམ་པ་དངོས་གནས་ཇེ་ཞན་དུ་གཏོང་གི་མེད། དཔེར་ན། མི་གཞན་དག་གིས་དཔེ་དེབ་གཡར་རོགས་ཟེར་བའམ་ཡང་ན་ཟིན་དེབ་གཡར་རོགས་ཟེར་ན། ང་ཚོས་མི་གཡར་བ་ལྟ་བུ་རེད། འགྲིག་སོང་ངམ། འདི་ནི་ཆོས་མཉམ་སྤྱོད་མི་བྱེད་པ་རེད། འོན་ཀྱང་ང་ཚོས་དེ་ནི་གཞི་རྩའི་ཆ་ནས་ནོར་འཁྲུལ་ཡིན་པ་ཤེས་ཀྱི་ཡོད་པ་དང་། ང་ཚོས་དེ་སྲིད་བྱུས་ལྟ་བུ་བྱ་རྒྱུའི་དམིགས་འདུན་མེད། ང་ཚོས་མིན་ཞེས་བརྗོད་རྒྱུར་སྐྱིད་པོ་མེད་པ་དང་། སོ་སོ་རང་ཉིད་ཀྱི་ཆེ་མཐོང་དང་དེས་རང་གི་དགེ་བའི་བཤེས་གཉེན་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་མིན་ལ་སེམས་འཁུར་ཡོད། འོན་ཀྱང་ང་ཚོར་མི་གཡར་བའི་རྒྱུ་མཚན་ཡང་དག་པ་ཞིག་ཡོད། དཔེ་ཆ་བཞག་ན། དཔེ་དེབ་དེ་སོ་སོའི་ངོས་ནས་བེད་སྤྱོད་གཏོང་དགོས་གལ་ཆེ་བ་དང་། ང་ཚོས་ཆོས་དང་འབྲེལ་བའི་ཡིག་བསྒྱུར་བྱེད་ཀྱིན་ཡོད་པའི་དབང་དུ་བཏང་ན། མི་ཞིག་གིས་ང་ཚོའི་ཚིག་མཛོད་དེ་ཉིན་ཤས་རིང་གཡར་རོགས་ཟེར་དུས། ཚིག་མཛོད་དེ་ང་རང་ཡིག་བསྒྱུར་ལ་དགོས་ཀྱི་འདུག་པས། ང་རང་ལ་ཧ་ཅང་དགོས་གལ་ཆེ་ཞེས་བརྗོད་པའམ། ཡང་ན་ངས་ཚིག་མཛོད་འདི་མི་གཞན་ཞིག་ལ་གཡར་རྒྱུའི་དམ་བཅའ་བཞག་ཟིན་ཞེས་བརྗོད་པ་ལྟ་བུ་རེད། བྱས་ཙང་། འདིར་ང་ཚོའི་ཀུན་སློང་ནི་དཔེ་དེབ་ལ་ཆགས་པ་དང་སེར་སྣ་བྱེད་པ་མིན། ང་ཚོས་ཆ་སྙོམ་བཟོ་ཐབས་བྱེད་ཀྱི་ཡོད། དེར་བརྟེན་ད་ལྟ་གཡར་ཐུབ་མ་སོང་ཞེས་ང་ཚོས་དགོངས་དག་ཞུ་བ་དང་། གཡར་མི་ཐུབ་པའི་རྒྱུ་མཚན་འགྲེལ་བརྗོད་བྱེད་དགོས། དེ་ནས་གང་མགྱོགས་གཡར་རྒྱུའི་ངེས་བརྟན་བཟོ་དགོས། གྱོང་གུན་དེ་སེལ་ཕྱིར། ང་ཚོས་ཟིན་དེབ་མཉམ་སྤྱོད་བྱེད་ཆོག་པའམ་ཡང་ན་དཔེ་དེབ་ནས་འགྲེལ་བརྗོད་བྱེད་ཆོག །ཡང་མིན་ན་ང་ཚོས་བེད་སྤྱོད་མི་བྱེད་པའི་སྐབས། ང་ཚོའི་ནང་དུ་དཔེ་དེབ་དེ་བེད་སྤྱོད་བྱེད་འཇུག་པ་སོགས་རེད། ང་ཚོས་ཆོས་ཀྱི་དཔེ་དེབ་མི་གཡར་བ་སོང་ཙང་། སྡོམ་པ་ཤོར་བ་ལྟར་སྣང་ནའང་། དེ་ལྟའི་ལམ་ནས་ང་ཚོས་བྱང་སེམས་སྡོམ་པ་ཆ་ཚང་རྒྱུན་འཛིན་བྱེད་ཀྱི་ཡོད།

དེའི་ནུས་ཤུགས་སམ་སྡོམ་པ་དེ་ད་དུང་ཤུགས་ཆེ་ལོད་ཇི་ཙམ་ཡོད་མེད་དང་། ནུས་ཤུགས་དེ་མི་འདྲ་བ་ཇི་ལྟར་ཆགས་པ། ང་ཚོས་སྡོམ་པ་དེ་ག་ཚོད་ཀྱིས་ཞན་དུ་གཏོང་བ། ཀུན་དཀྲིས་བཞིའི་ནང་ནས་གང་ཚང་ཡོད་པ་དང་། མཉམ་སྡེབ་གང་ཡིན་པ་སོགས་ལ་རག་ལུས་ཡོད་པའི་སྐོར་ལ་རྒྱས་པོ་ཡོད། དེ་དག་གི་སྐོར་རྒྱས་པོ་འགྲོ་དགོས་པ་མེད། བྱས་ཙང་། སྡོམ་པ་ཚང་མ་དང་ཐ་ན་ང་ཚོས་སྤོང་རྒྱུ་དམ་བཅའ་བྱས་མེད་པའི་མི་དགེ་བའི་སྤྱོད་ལམ་ལ་མཚོན་ན། མི་དགེ་བའི་ནུས་པའམ་སྡིག་པའི་ལས་ཀྱི་ནུས་ཤུགས་དེ་གང་ཐུབ་ཐུབ་ཀྱིས་ཇེ་ཞན་དུ་གཏོང་ཐབས་བྱ་རྒྱུ་གལ་ཆེ། ལས་སླ་པོའི་ཐོག་ནས་ཞུས་ན། ང་ཚོས་དེ་ཧ་ཅང་སྡུག་ཅག་མིན་པ་བཟོ་ཐབས་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། ལས་ཀྱི་རྗེས་འབྲས་ཀྱི་ནུས་ཤུགས་དེ་ཀུན་དཀྲིས་བཞི་ཙམ་མིན་པར་རྐྱེན་མང་པོ་ལ་རག་ལུས་པ་རེད། དེའི་ནང་ཚུད་པའི་ཉོན་མོངས་དེ་ཤུགས་ཆེ་ལོད་ཇི་ཙམ་ཡོད་དམ། ང་ཚོས་དེ་ཐེངས་མ་ག་ཚོད་བྱེད་ཀྱི་ཡོད་དམ། ཆོས་ཕྱོགས་ཀྱི་གནས་བབས་ཀྱི་ཆ་ནས་ཀྱང་གང་ཟག་༼ཡུལ་༽དང་སོ་སོ་རང་ཉིད་ལ་གོ་བ་ཡིན། 

གལ་ཏེ་ང་ཚོས་ཆོས་ཀྱི་དཔེ་དེབ་གཡར་རྒྱུ་ངོས་ལེན་མ་བྱས་ན། ཆོས་ཀྱི་དགེ་བའི་བཤེས་གཉེན་དེས་སློབ་མ་ཚོར་འགྲེལ་བརྗོད་ཅིག་བྱེད་པར་དཔེ་དེབ་དེར་གཟིགས་དགོས་ཀྱི་ཡོད་པས་དེ་ལ་མ་གཡར་ན། དེ་ནི་མི་ག་གེ་མོ་ཞིག་ལ་དམིགས་བསལ་གྱི་རྒྱུ་མཚན་ཡང་དག་མེད་པའི་ཐོག་དཔེ་དེབ་ལ་བལྟ་འདོད་ཙམ་ཡོད་པ་ཞིག་ལ་མི་གཡར་བ་ལས་ལྕི་བ་ཡོད། ལྕི་བའི་རང་བཞིན་དེ་ང་རང་ཚོ་སོ་སོའི་ཆོས་ཕྱོགས་ཀྱི་གནས་རིམ་ལ་རག་ལུས་ཡོད། ངས་འདི་མི་བྱེད་པའི་སྡོམ་པ་ཞིག་བླངས་ཡོད་དམ། ཡང་ན་སྡོམ་པ་ཞིག་བླངས་མེད་པ་ཡིན་ནམ། དེ་བས་ན་གལ་ཏེ་ང་ཚོས་སྡོམ་པ་བསྲུང་མི་ཐུབ་ན། སྡོམ་པ་བླང་རྒྱུ་མེད། རྒྱུ་མཚན་དེ་ལ་བརྟེན་ནས་ཁྱིམ་པའི་སྡོམ་པ་ལྔའི་ནང་ང་ཚོས་ག་ཚོད་བསྲུང་ཐུབ་པ་དེ་ཚོད་ཀྱི་སྡོམ་པ་ལེན་ཆོག་པའི་གདམ་ཀ་ཡོད་པ་དེ་ཕན་ཐོགས་ཆེན་པོ་ཡོད། བྱས་ཙང་། གལ་ཏེ་ཆང་རག་སྤོང་རྒྱུ་དང་འཁྲིག་སྤྱོད་རིགས་བྱེ་བྲག་ཅིག་གམ་ལོག་གཡེམ་སྤོང་མི་ཐུབ་པ་ཡིན་ན། སྡོམ་པ་བླང་རྒྱུ་མེད། དེ་དག་ཐམས་ཅད་ཀྱི་ནང་ལས་ཤིག་གི་འབྲས་བུ་ཤུགས་ཆེ་རུ་གཏོང་གི་ཡོད། ང་ཚོས་ཞིབ་ཕྲའི་ལས་ཀྱི་རྣམ་གཞག་སྐོར་ལས་ཤེས་ཐུབ། དེར་འགྲེལ་བརྗོད་ཧ་ཅང་རིང་པོ་ཤིག་ཡོད། དེར་བརྟེན་ང་ཚོས་སྡོམ་པ་ཤིག་ཤོར་བ་ལས་མི་དགེ་བའི་ནུས་པ་གང་ཐུབ་ཐུབ་ཀྱིས་ཞན་དུ་གཏོང་ཐབས་བྱེད་དགོས། 

ང་ཚོས་ཀུན་དཀྲིས་དེ་དག་གི་ལྡོག་ཕྱོགས་དེ་བྱ་རྒྱུའི་ཐབས་ཤེས་བྱེད་དགོས། བྱས་ཙང་། དེ་ལ་སྐྱོན་གང་ཡང་མེད་ཅེས་བསམ་བློ་གཏོང་རྒྱུའི་ཚབ་ཏུ་ང་ཚོས་ཐད་ཀར་སྐྱོན་དང་མ་འགྲིག་པར་ངོས་ལེན་བྱེད་དགོས་ཤིང་། རང་གི་བྱས་པའི་ལས་ལ་དགའ་བ་སྐྱེ་བ་དང་སྤྲོ་བ་མི་སྐྱེད་པར། དེ་ལས་ལྡོག་སྟེ། འགྱོད་པ་སྐྱེ་དགོས་ཀྱི་ཡོད།  འགྱོད་པ་སྐྱེ་བ་ནི་རང་ཉིད་ནག་ཉེས་ཅན་ཞིག་ཏུ་ཚོར་བའི་དོན་མིན། དེ་ནི་ངས་དེ་ལྟར་བྱས་མེད་ན་ཅི་མ་རུང་ཞེས་པའམ། ཡང་ན་ངས་དེ་ལྟར་བྱས་དགོས་པ་ཞིག་ཆགས་མེད། དེ་ནི་དཔེར་ན། ངས་ཁྱེད་ལ་ངའི་དཔེ་དེབ་གཡར་མ་ཐུབ་པར་འགྱོད་པ་སྐྱེ་བ་ལྟ་བུ་རེད། ང་ཚོས་སྡོམ་པ་ཡང་བསྐྱར་མི་ཤོར་བ་བྱ་རྒྱུའི་ཐག་གཅོད་བྱེད་ཀྱི་ཡོད་པ་ལས། མཚམས་འཇོག་བྱ་རྒྱུ་འདུན་སེམས་མེད་པ་དེ་འདྲ་མ་རེད། ང་ཚོས་བཟང་སྤྱོད་ཀྱི་རང་མཐོང་དང་རང་གི་ལས་དེས་གཞན་དགེ་བའི་བཤེས་གཉེན་རྣམས་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་མེད་ལ་སེམས་འཁུར་མེད་པ་ལས་ལྡོག་སྟེ། སོ་སོའི་ཆོས་ཀྱི་གཞི་རྟེན་སླར་ཡང་ངེས་བརྟན་བཟོ་དགོས་ཤིང་། དེ་ནི་ཉེན་མེད་ཀྱི་ཁ་ཕྱོགས་སམ་སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་ཡིན། ཕྱོགས་གཞན་ཞིག་ནས་ད་གཟོད་ངས་སོ་སོའི་མ་འོངས་པ་དང་རང་གིས་གང་མྱོང་རྒྱུ་ཡིན་པར་སེམས་འཁུར་ཡོད་པ་རེད། དེ་བཞིན་ངས་དགེ་བའི་བཤེས་གཉེན་ལ་སེམས་འཁུར་ཡོད་སོགས་བརྗོད་ནས་སོ་སོའི་མི་ཚེའི་ནང་སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་ནི་གཙོ་བོ་ལྟ་བུར་བསྟེན་གྱི་ཡོད། སྡོམ་པ་ཤོར་བ་འདི་ལ་ཆ་སྙོམ་དུ་བཟོ་ཕྱིར། དེའི་ཁ་གཏད་ཀྱི་གཉེན་པོ་འགའ་ཞིག་བསྟེན་དགོས་པ་ལས། རང་གིས་རང་ལ་གནོད་པ་བྱས་པ་ལ་བཟོ་བཅོས་གཏོང་རྒྱུའི་འདུན་སེམས་མེད་པ་བྱ་མི་ཉན། དེ་འདྲ་སོང་ཙང་། ང་ཚོས་ཀུན་དཀྲིས་བཞིའི་ལྡོག་ཟླ་རུ་གཉེན་པོ་སྟོབས་བཞི་བསྟེན་དགོས།

མཁྱེན་སོང་སམ། དེ་དག་ནི་བྱང་སེམས་སྡོམ་པའི་གཞི་རྩའི་ཆོས་རྣམས་རེད། སྡོམ་དེ་དག་བླང་བར་ང་ཚོར་ཀུན་སློང་ཡང་དག་པ་དང་གྲ་སྒྲིག་ཡང་དག་པ་དགོས་ཤིང་། ང་ཚོས་སྡོམ་པ་དེ་དག་རང་ངོས་ནས་སམ་ཡང་ན་དགེ་བའི་བཤེས་གཉེན་ཞིག་ལ་བརྟེན་ནས་ཡང་ནས་ཡང་དུ་བླངས་ཏེ་ཤུགས་ཆེ་རུ་གཏོང་ཐུབ་པ་ཤེས་ཀྱི་ཡོད། སྡོམ་པ་དེ་དག་གང་ཡིན་དྲན་དགོས་རྒྱུ་ཧ་ཅང་གལ་ཆེ། གལ་ཏེ་ང་ཚོས་ཉིན་ལྟར་དྲན་གསོ་མ་བཏང་ན། མ་མཐར་ཡང་སྐབས་སྐབས་སུ་སྡོམ་པ་དེ་དག་གི་ཐོ་གྲངས་བཀླགས་ནས་རྩ་བའི་སྡོམ་པ་དང་ཡན་ལག་གི་སྡོམ་པ་གཉིས་ཀ་དྲན་གསོ་གཏོང་དགོས། གལ་ཏེ་ང་ཚོས་སྡོམ་པ་བློས་གཏོང་དགོས་པའི་རྒྱུ་མཚན་ཞིག་མཐོང་ན། ཀུན་དཀྲིས་བཞི་པོ་དེ་དག་མི་ཚང་བའི་ཐབས་ཤེས་བྱེད་དགོས། སྡོམ་པ་ཤོར་བ་དེ་གང་ཉུང་ཉུང་གཏོང་ཐབས་བྱེད་དགོས་ཤིང་། སྡོམ་པ་ཡང་བསྐྱར་ཤུགས་ཆེ་རུ་གཏོང་ཐབས་བྱེད་དགོས། 

ད་དུང་དྲི་བ་མཐའ་མ་དེ་འདྲ་འདུག་གམ།

ཕྲན་ལ་བསྐྱར་སྐྲུན་བདག་དབང་གི་སྐོར་ལ་དྲི་བ་ཞིག་ཡོད། ཆོས་ཀྱི་དཔེ་དེབ་ཁག་ལ་བསྐྱར་སྐྲུན་བདག་དབང་ཡོད་པ་དང་། ཁྱེད་ཀྱིས་པར་སྐྲུན་ཁང་ཞིག་ནས་བསྐྱར་དུ་པར་སྐྲུན་བྱེད་མི་ཆོག །གལ་ཏེ་ཁྱེད་ཀྱིས་རང་ཉིད་སྒེར་གྱི་བེད་སྤྱོད་ཆེད་བསྐྱར་སྐྲུན་བྱས་ན། དེས་དཀོན་མཆོག་གསུམ་ནས་མ་བྱིན་པར་ལེན་པའི་དོན་རེད་དམ། དེ་ག་ནང་བཞིན་དྲྭ་ལྗོངས་སམ་དྲྭ་ཚིགས་ཁག་གམ། ཡང་ན་དྲྭ་རྒྱའི་ནང་གི་ངོ་ཤོག་པར་རྩ་གང་འདྲ་ཞིག་ཁྱེད་ཀྱིས་འཚོང་བའི་སྐབས། དེ་ཇི་ལྟར་ཡིན་ནམ།

གནད་དོན་དེ་འདྲའི་ཐོག་ལ་ང་ཚོས་ཁྲིམས་རྩོད་པ་ཞིག་གི་ལམ་སྟོན་ཞུ་དགོས། གང་ཡིན་ཞེ་ན། དྲྭ་རྒྱ་ལ་མཚོན་ན། ངའི་ཤེས་ཚོད་ལྟར་བྱས་ན། འདི་ནི་མང་ཚོགས་སྤྱིའི་ཁོངས་སུ་ཡོད་པ་ཤིག་ཡིན་པས། སུས་ཀྱང་བཤུ་བ་དང་གཏུབ་པ་སོགས་བྱེད་ཐུབ། དེ་ནས་དྲྭ་རྒྱའི་ནང་མི་ཞིག་གིས་ཁྱེད་རང་རྒྱུ་ཆ་དེ་བེད་སྤྱོད་གཏོང་འཇུག་འདོད་མེད་ན། དེས་ཁྱེད་ལ་དངུལ་སྤྲོད་དགོས་པ་བཟོ་གི་རེད། གལ་ཏེ་ཁྱེད་ཀྱིས་དངུལ་སྤྲད་མེད་ན། རྒྱུ་ཆ་དེ་བཀོལ་སྤྱོད་བྱེད་མི་ཐུབ་པ་ཡིན། དྲྭ་རྒྱའི་དཔེ་ཟོབ་བྱེད་མཁན་དེ་འདྲ་ཡོད་པས། དེ་དག་གིས་རོགས་བྱེད་ཀྱི་ཡོད་པ་གསལ་པོ་རེད། གལ་ཏེ་ཀུན་སློང་དེ་ཁྱེད་ཀྱིས་དངུལ་སྤྲད་ནས་ཉོ་དགོས་ཀྱི་ཡོད་ན། དེ་ནི་ཆོས་མ་བྱིན་པར་ལེན་པ་རེད།

འོན་ཀྱང་དཔེ་དེབ་ཀྱི་བསྐྱར་སྐྲུན་བདག་དབང་ལ་ཆ་བཞག་ན། དེ་ནི་ཁྲིམས་མཐུན་གྱི་གནད་དོན་ཞིག་རེད། ད་ལྟའི་ཆར་དགོས་རྒུའམ་ Google གྱི་ཐད་ལ་ཁྲིམས་མཐུན་གྱི་རྩོད་གླེང་ཤུགས་ཆེན་འགྲོ་བཞིན་ཡོད། དེ་ནི་ཁོང་ཚོས་དཔེ་དེབ་ཆ་ཚང་ཀློག་ཐུབ་པར་བཟོ་འདོད་ཡོད་པ་དེ་རེད། གལ་ཏེ་ཁོང་ཚོས་དཔེ་དེབ་དེ་དག་རིན་པ་མེད་དམ། ཡང་ན་རིན་པ་སྤྲོད་དགོས་པ་གང་ཡིན་རུང་། དྲྭ་རྒྱའི་ནང་གནས་ཚུལ་བླུགས་པ་རྣམས་ནི། ནམ་རྒྱུན་པར་སྐྲུན་བྱ་རྒྱུ་མེད་པ་དེ་དག་རེད། འོན་ཀྱང་པར་སྐྲུན་བྱེད་པོའམ་ཡང་ན་རྩོམ་པ་པོ་གང་རུང་ལ་ད་དུང་ཡང་བསྐྱར་སྐྲུན་བདག་དབང་ཡོད། དེའི་ཐད་ལ་ཁྲིམས་མཐུན་གྱི་རྩོད་གླེང་ཧ་ཅང་མང་པོ་ཡོད་པ་དང་། དགོས་རྒུས་ google རྩོམ་པ་པོ་རྣམས་ལ་དངུལ་ཏོག་ཙམ་སྤྲོད་འདོད་བྱེད་ཀྱི་ཡོད། དེའི་ཐོག་གང་འབྱུང་རྒྱུ་ཡིན་གསལ་པོ་ཞིག་རྩ་ནས་མེད།

ཆོས་ལ་བརྟེན་ནས་དངུལ་བཟོ་རྒྱུ་དང་ཁེ་བཟང་ལེན་རྒྱུའི་གནད་དོན་ཡོངས་སུ་རྫོགས་པ་ནི། བཟང་སྤྱོད་དང་འབྲེལ་བའི་གནད་དོན་མི་འདྲ་བ་ཞིག་ཡིན་པས། དེའི་སྐོར་ཞུ་རྒྱུའི་དུས་ཚོད་འདང་ངེས་ཤིག་ང་ཚོར་མེད། འོན་ཀྱང་སློབ་དཔོན་ཆེན་པོ་ཞི་བ་ལྷས། གལ་ཏེ་གཡོག་པོས་ལས་ཀ་ཡག་པོ་བྱེད་ཀྱི་ཡོད་ན། གཡོག་པོར་གང་དགོས་གལ་ཡོད་པ་དེ་སྤྲོད་རྒྱུ་གལ་ཆེ། གལ་ཏེ་གཡོག་པོས་ལས་ཀ་ཡག་པོ་བྱེད་ཀྱི་མེད་པའམ་ལས་ཀ་རྩ་ནས་བྱེད་ཀྱི་མེད་ན། གཡོག་པོ་དེར་དངུལ་སྤྲོད་རྒྱུ་དེ་རན་འཚམ་ཞིག་མིན། དཔེ་མཚོན་དེ་ག་རང་ང་ཚོའི་ཆེད་དུ་ལས་ཀ་བྱེད་མཁན་གྱི་ལས་བྱེད་ཞིག་ལའང་བེད་སྤྱོད་བྱེད་ཆོག །གལ་ཏེ་ང་ཚོ་བྱང་ཆུབ་སེམས་དཔའ་ཞིག་ཡིན་པ་དང་། སེམས་ཅན་ཐམས་ཅད་ལ་ཞབས་འདེགས་བསྒྲུབ་ཕྱིར་རང་ཉིད་གཡོག་པོའམ་གཡོག་མོ་ལྟ་བུར་བྱེད་པའི་དཔེ་དང་འདྲ་བ་ཡིན། དཔེར་ན། ང་ཚོས་སོ་སོའི་མི་ཚེ་འདི་ཆོས་ཀྱི་དཔེ་དེབ་རྣམས་བསྒྱུར་བ་དང་། དེ་དག་གཞན་གྱི་ཀློག་ཐུབ་པར་བཟོ་བ་སོགས་འབད་བརྩོན་བྱེད་ཀྱིན་ཡོད་པ་དང་། གལ་ཏེ་ང་ཚོས་ལས་ཀ་དེ་དངོས་གནས་བྱེད་ཀྱིན་ཡོད་ན། ང་ཚོར་དངུལ་སྤྲོད་པའམ་གཡོག་པོར་དངུལ་སྤྲོད་ན་འགྲིག་པ་རེད། གལ་ཏེ་ང་ཚོས་ལས་ཀ་བྱེད་ཀྱིན་མེད་ན། དངུལ་སྤྲོད་རྒྱུ་མེད། དེ་ལ་བརྟེན་ནས་ཕྱུག་པོ་ཆགས་རྒྱུ་དེ་མིན་པར། སོ་སོ་རང་ཉིད་རྒྱུན་སྐྱོང་བའི་ཆེད་དུ་ཡིན། དེ་ནི་སློབ་དཔོན་ཞི་བ་ལྷའི་བསླབ་བྱ་དང་རན་འཚམ་ལྟ་བུར་སྣང་། བྱས་ཙང་། གལ་ཏེ་མི་རྣམས་ཀྱིས་སོ་སོ་རང་ཉིད་དང་། དེ་དག་གི་ཐོག་ལ་ཕྱག་ལས་གནང་མཁན་གྱི་ལས་བྱེད་པ། རྩོམ་པ་པོ་སོགས་ལ་དངུལ་སྤྲོད་པའི་ཕྱིར། ཆོས་དཔེ་ཁག་ལ་རིན་པ་སྤྲོད་དགོས་ཀྱི་ཡོད་ན། དེ་དག་ལ་མི་སྤྲོད་པ་དང་། དཔེ་དེབ་དེ་བསྐྱར་སྐྲུན་བྱེད་པ་ཙམ་ནི་དཀའ་ངལ་ཞིག་ཡིན་པ་གསལ་པོ་རེད།

འོན་ཀྱང་གནད་དོན་འདི་དག་ཧ་ཅང་དཀའ་ལས་ཁག་པོ་ཆགས་ཀྱི་ཡོད། ང་ཚོས་དཔེ་མཛོད་དཔེ་དེབ་བཤེར་འབེབས་བྱེད་པའམ་པར་སློག་རྒྱག་བཞིན་ཡོད་དམ། རེད། གཙུག་ལག་སློམ་ཁང་ཆེན་མོ་ཁག་གི་ནང་སློབ་ཕྲུག་ཚོའི་ཆེད་དུ་པར་སློག་རྒྱག་ཕྱིར་དཔེ་མཛོད་ནང་པར་སློག་འཕྲུལ་ཆས་ཡོད། ཁོང་ཚོས་ཁྱེད་ཀྱིས་དཔེ་དེབ་ཆ་ཚང་པར་སློག་རྒྱག་རྒྱུ་མིན་ཚུལ་བརྗོད་ཀྱི་ཡོད། འོན་ན་ཁྱེད་ཀྱིས་པར་སློག་ག་ཚོད་ཙམ་རྒྱག་ཐུབ་བམ། བྱས་ཙང་། གནད་དོན་ཚང་མ་ཁྲིམས་མཐུན་གྱི་རྩོད་གླེང་ཞིག་ཆགས་རྒྱུ་འགོ་བཙུག་གི་ཡོད། མང་པོ་ཞིག་ནི་སོ་སོའི་ཀུན་སློང་ལ་རག་ལུས་ཡོད་རེད་བསམ་གྱི་འདུག །གལ་ཏེ་ང་ཚོའི་ངོས་ནས་དཔེ་དེབ་དེ་ཉོ་ཐུབ་པའི་དངུལ་འདང་ངེས་ཡོད་ནའང་། ང་ཚོས་ཉོས་མེད། གང་ཡིན་ཞེ་ན། ང་ཚོས་པར་སྐྲུན་ཁང་ལ་མགོ་སྐོར་གཏོང་ཐུབ་པ་ནི་རང་ཉིད་ཧ་ཅང་སྤྱང་གྲུང་ལྡན་པ་ཡིན་བསམ་གྱི་ཡོད་པའམ། ཡང་ན་ང་ཚོ་དངུལ་གཏོང་འདོད་མེད་པ་དང་སེར་སྣའི་སྒོ་ནས་ཡིན་ན། དེ་ནི་ཧ་ཅང་ལྷག་བསམ་རྣམ་པར་དག་པའི་ཆོས་ཉམས་ལེན་པ་ཞིག་ཡིན་པ་དང་རྦད་དེ་མི་འདྲ་ཞིང་། ང་ཚོར་ཉམས་ལེན་གྱི་ཆེད་དུ་དཔེ་དེབ་འདིའི་ནང་གི་རྒྱུ་ཆ་དགོས་ཀྱི་ཡོད་པ་དང་། དེ་ང་ཚོའི་ངོས་ནས་ཉོ་བའི་དངུལ་མེད་པ་རེད། ངའི་བསམ་པར། དེ་ནི་རྦད་དེ་མི་འདྲ་བ་ཞིག་རེད། དེར་བརྟེན་གང་བྱས་ཀྱང་ཚང་མ་སོ་སོའི་ཀུན་སློང་ལ་རག་ལུས་ཡོད་རེད་བསམ་གྱི་འདུག །སྡོམ་པ་ཤོར་གྱི་ཡོད་མེད་ལ་མ་ལྟོས་པར། དོན་དག་གཙོ་བོ་ནི་དེ་ལས་མི་དགེ་བའི་ལས་གང་འབྱུང་སྲིད་པ་དེ་གང་ཐུབ་ཀྱིས་ཇེ་ཉུང་དུ་གཏོང་རྒྱུ་དེ་རེད། 

འདིར་སླར་ཡང་ཞུ་རྒྱུར། ནང་ཆོས་ནང་གི་བཟང་སྤྱོད་ཀྱི་ཁྲིམས་རང་བསྲུང་ངམ་ཚུལ་ཁྲིམས་ཀྱི་ཉམས་ལེན་ནི་ཆོས་རྣམ་འབྱེད་ཀྱི་ཤེས་རབ་དང་ཀུན་སློང་། དེ་བཞིན་ཆ་རྐྱེན་གཞན་ཚང་མར་ཧ་ཅང་རག་ལུས་ཡོད། དེ་ནི་ “སྒྲིག་ཁྲིམས་ཀྱི་རྗེས་སུ་འབྲང་བ་དང་བཀའ་བརྩི་དང་ལེན་བྱེད་པ་ཙམ་ཞིག་” མ་ཡིན།།

Top