ང་ཚོས་བྱང་སེམས་སྡོམ་པ་ལེན་སྐབས། བྱ་སྤྱོད་ཀྱི་ཚན་གཉིས་སྤོང་རྒྱུའི་དམ་བཅའ་འཇོག་གི་ཡོད། དེ་དག་ལ་ནམ་རྒྱུན་ང་ཚོ་ནུབ་ཕྱོགས་ཀྱི་སྐད་ཡིག་ནང་བྱང་སེམས་སྡོམ་པའི་རྩ་བ་ Root Bodhisattva Vows དང་བྱང་སེམས་སྡོམ་པའི་ཡན་ལག་ Secondary Bodhisattva Vows ཞེས་ཟེར་གྱི་ཡོད། འོན་ཀྱང་སྐད་ཡིག་ངོ་མའི་ནང་གི་ཐ་སྙད་དངོས་དེ་མ་རེད། སྤྱིར་བཏང་རྩ་ལྟུང་གི་སྒོ་ནས་བཅོ་བརྒྱད་ཡོད། རྩ་བའི་ལྟུང་བ་ཟེར་བ་ནི། བྱང་སེམས་སྡོམ་པ་ཤོར་བ་དེ་རེད། དེ་ལ་ལྟུང་བ་ཞེས་བརྗོད་དགོས་དོན་ནི། ལྟུང་བ་འབྱུང་བའི་སྐབས། དེས་ང་ཚོའི་ཆོས་ཀྱི་ལམ་ནས་འོག་ཏུ་ལྟུང་བར་བྱེད་པ་དང་ཡོན་ཏན་སྐྱེད་པར་བར་ཆད་བྱེད་ཀྱི་ཡོད། དེ་ནས་རྩ་བ་ཞེས་བརྗོད་པའི་རྒྱུ་མཚན་ནི། འདི་ནི་སྤོང་བྱའི་རྩ་བ་ཡིན་པ་རེད། ང་ཚོས་ལྟུང་བར་བྱེད་པའི་རྩ་བ་མེད་པ་བཟོ་དགོས། དེར་བརྟེན་འགྲེལ་བ་ཁག་གི་ནང་དེ་ལ་རྩ་བ་ཞེས་བརྗོད་ཡོད། བྱས་ཙང་། ནུབ་ཕྱོགས་སུ་དེ་ལ་མདོར་བསྡུས་སུ་བྱང་སེམས་སྡོམ་པའི་རྩ་བ་བརྗོད་ཀྱི་ཡོད། འོན་ཀྱང་དོན་ངོ་མར་ང་ཚོས་རྩ་བའི་ལྟུང་བ་བཅོ་བརྒྱད་སྤོང་བའི་ཕྱིར་སྡོམ་པ་ལེན་གྱིན་ཡོད།
དེ་ནས་ཉེས་བྱས་ཀྱི་རིགས་བཞི་བཅུ་ཞེ་དྲུག་ཡོད། འདི་ལ་ཨིན་སྐད་དུ་སྒྲ་ཐད་བསྒྱུར་ལྟར་ faulty behavior ཞེས་བརྒྱུར་ཡོད། དེ་དག་ལ་ནམ་རྒྱུན་བྱང་སེམས་སྡོམ་པའི་ཡན་ལག་ཅེས་བརྗོད་ཀྱི་ཡོད། གལ་ཏེ་ང་ཚོས་སྡོམ་པ་ཤོར་བར་དགོས་ངེས་ཀྱི་ཆ་རྐྱེན་ཚང་བའི་སྒོ་ནས་བྱང་སེམས་སྡོམ་པའི་རྩ་བ་གཅིག་དང་འགལ་བ་ཡིན་ན། ང་ཚོས་སྡོམ་པ་དེ་སེམས་རྒྱུན་ནས་ཤོར་གྱི་ཡོད། དེ་ནི་ཨིན་སྐད་ནང་འགྲེལ་བརྗོད་ཡག་པོ་ཞིག་ཡོང་གི་མེད་པས། དགོངས་གསལ་ཞུ། འོན་ཀྱང་ཁྱེད་རང་ཚོར་བསམ་བློ་དེ་རག་ཡོད་སྲིད། ཕྱོགས་གཞན་ཞིག་ནས་བཤད་ན། གནད་དོན་ཁ་ཤས་ངེས་པར་དུ་ཚང་དགོས་ཀྱི་ཡོད། དེ་ཡང་གནད་དོན་བཞི་ཡོད་དེ། ང་ཚོས་རྩ་བའི་སྡོམ་པ་དེ་དག་ལས་གཅིག་དང་འགལ་བའི་སྐབས། བསམ་བློའི་ནང་གནད་དོན་དེ་དག་ཚང་ཡོད་ན། ཁྱེད་ཀྱི་སེམས་རྒྱུན་ལ་ཡོད་པའི་སྡོམ་པ་ཚང་མ་ཤོར་གྱི་ཡོད། དམིགས་བསལ་གཉིས་མ་གཏོགས་གཞན་ཁྱེད་ལ་བྱང་སེམས་སྡོམ་པ་མེད། དམིགས་བསལ་ནི་སྡོམ་པ་གཉིས་ཏེ། དེ་ལ་གནད་དོན་དེ་དག་ཚང་མ་ཚང་མི་དགོས་ཤིང་། གལ་ཏེ་ཁྱེད་རང་དེ་དག་དང་འགལ་ན། ཁྱེད་རང་སྡོམ་པ་ཤོར་གྱི་ཡོད། ཉེས་བྱས་དེ་དག་ལ་ཆ་རྐྱེན་བཞི་པོ་ཚང་ཡོད་ནའང་། བྱང་སེམས་སྡོམ་པ་ཤོར་གྱི་མེད། དེ་ནི་མི་འདྲ་བའི་ཁྱད་པར་དེ་རེད།
གང་ལྟར་ཡང་། ངས་འདིར་བརྗོད་དགོས་པ་ཞིག་ནི། ང་ཚོས་གོང་དུ་ཞུས་ཟིན་པ་ལྟར། བྱང་སེམས་སྡོམ་དེ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་ཚེ་རབས་ཐམས་ཅད་དུ་ལེན་དགོས། བྱས་ཙང་། དཔེར་ན། ངས་ཚེ་སྔ་མའི་ནང་སྡོམ་པ་བླངས་ཡོད་པ་དང་། ཚེ་འདིའི་ནང་ངས་ད་དུང་ཡང་བླངས་མེད་པ་ལྟ་བུ་རེད། ཆ་རྐྱེན་གང་དགོས་ཚང་མ་ཚང་ཡོད། གལ་ཏེ་ངས་ཚེ་འདིའི་ནང་སྡོམ་པ་བླངས་ཡོད་པ་དང་ཆ་རྐྱེད་དེ་དག་ཚང་ཡོད་ན། ངའི་སེམས་རྒྱུན་ནས་སྡོམ་པ་ཤོར་གྱི་རེད། དེར་བརྟེན་ངས་ཚེ་འདིར་སྡོམ་པ་མ་བླངས་གོང་ནས་ཆ་རྐྱེན་དེ་དག་ཚང་ཡོད་པའི་དབང་དུ་བཏང་ན། གནས་སྟངས་དེ་འདྲའི་ནང་ཁྱེད་ཀྱིས་བྱང་སེམས་སྡོམ་པ་ཤོར་གྱི་མེད། འོན་ཀྱང་ཚེ་འདིའི་ནང་བྱང་སེམས་སྡོམ་པ་ཐེངས་དང་པོ་ལེན་པ་དེས་ཚེ་རབས་སྔ་མའི་ནང་གང་བླངས་པ་དེ་ཤུགས་ཆེ་རུ་གཏོང་གི་རེད།
ད་ང་ཚོས་བྱང་སེམས་རྩ་བའི་སྡོམ་པ་ཞེས་བརྗོད་པའི་རྩ་བའི་ལྟུང་བ་དེ་དག་གང་ཡིན་པའི་སྐོར་བལྟ་རྒྱུ་ཡིན། ང་ཚོས་དེ་དག་གི་སྐོར་ལ་འགྲེལ་བ་མི་འདྲ་མ་དུ་མ་ཞིག་མཇལ་ཐུབ་པ་དང་། དེ་དག་གི་ནང་ནན་བརྗོད་བྱེད་ཚུལ་ཐད་ཅུང་ཟད་མི་འདྲ་བ་ཡོད་སྲིད། ང་ཚོས་རྗེ་ཙོང་ཁ་པའི་འགྲེལ་བ་གཞིར་བཟུང་ཐོག་འགྲོ་རྒྱུ་ཡིན། གང་ལྟར་སངས་རྒྱས་ཀྱི་མདོ་མི་འདྲ་བ་ལས་བྱུང་བའི་བྱང་སེམས་སྡོམ་པའི་སྲོལ་རྒྱུན་འགའ་ཞིག་ཡོད་པས། བོད་མི་ཚོས་རྒྱ་གར་གྱི་སྲོལ་རྒྱུན་གཅིག་གི་རྗེས་སུ་འབྲང་གི་ཡོད་པ་ནི། མདོ་གཅིག་ཡོད་ ༼མདོ་དེའི་མཚན་བྱང་དྲན་གྱི་མི་འདུག །བལྟ་ཀློག་བྱ་རྒྱུ་བྱུང་མ་སོང་། དགོངས་དག་ཞུ།༽ འོན་ཀྱང་རྒྱ་ནག་གི་སྲོལ་རྒྱུན་དང་རྒྱ་ནག་གི་སྲོལ་རྒྱུན་ལས་བརྒྱུད་པའི་སྲོལ་རྒྱུན་རྣམས་ལ་བྱང་སེམས་སྡོམ་པ་མི་འདྲ་བ་ཞིག་ཡོད། དེ་ཡང་བོད་དང་རྒྱ་ནག་གི་སྲོལ་རྒྱུན་དུ་ཏོག་ཙམ་མི་འདྲ་བའི་སྒོ་ནས་ལག་བསྟར་བྱེད་ཀྱིན་ཡོད། གནས་བརྟན་སྡེ་པའི་ལུགས་དང་ཐེག་དམན་གྱི་སྲོལ་རྒྱུན་གཞན་ཁག་གི་ནང་དུའང་བྱང་ཆུབ་སེམས་དཔའ་ཡོད་པ་དང་། སངས་མ་རྒྱས་གོང་བྱང་ཆུབ་སེམས་དཔའ་ཡིན་ཞེས་འདོད་མཁན་ཡོད། དེ་ནི་ང་ཚོ་མང་ཆེ་བས་རྗེས་སུ་འབྲང་ངེས་པའི་ལམ་ཙམ་ཞིག་མིན་ལ། ངས་ད་བར་གནས་བརྟན་སྡེ་པའི་ལུགས་སུ་བྱང་ཆུབ་སེམས་དཔའ་དེ་འདྲ་བས་བླང་བར་འགྱུར་བའི་བྱང་སེམས་སྡོམ་པ་ཟེར་བ་ཞིག་ཐོས་མྱོང་མེད། གནས་བརྟན་སྡེ་པའི་ལུགས་སུ་སངས་རྒྱས་ཀྱི་སྐུ་སྐྱེ་སྔོན་མའི་སྐོར་གྱི་ལོ་རྒྱུས་རྣམ་ཐར་སོགས་ཀྱང་ཡོད་པ་ནི་སྨྲོས་མེད་རེད།
ད་ང་ཚོས་བྱང་སེམས་རྩ་བའི་སྡོམ་པ་བཅོ་བརྒྱད་ཀྱི་སྐོར་ཤོད་ཀྱིན་ཡོད། འདི་དག་ནི་གལ་ཏེ་ང་ཚོས་ཆ་རྐྱེན་ཀུན་ཚང་བའི་སྒོ་ནས་འགལ་བ་ཡིན་ན། ལྟུང་བ་འབྱུང་བའི་མི་དགེ་བའི་ལས་བཅོ་བརྒྱད་ཡིན། དེ་དག་རེ་རེ་ལ་བརྟེན་ནས་ང་ཚོས་གནད་དོན་འགའ་ཞིག་མེད་དུ་མི་རུང་བའི་ཆ་རྐྱེན་དུ་གྱུར་བའམ་དམིགས་སུ་བཀར་ཡོད་པ་དེའི་དོན་ངོ་མ་གང་ཡིན་པ་རྟོགས་དགོས།
དང་པོ་ནི་མི་དགེ་བའི་ལས་ཏེ། ང་ཚོས་སྤོང་བར་འདོད་པ་དང་སྤང་བར་དམ་བཅའ་བ་ཡིན། དེ་ནི་རང་གིས་རང་ལ་བསྟོད་པ་དང་གཞན་ལ་མཐོང་ཆུང་བྱེད་པ་སྟེ། རང་བསྟོད་གཞན་སྨོད་དེ་ཡིན། ང་ཚོས་སྐད་ཆ་ཤོད་ས་དེ་ནི་ང་ཚོ་ལས་གནས་རིམ་དམའ་བ་ཞིག་དགོས། ང་ཚོའི་ཀུན་སློང་དེ་ཕྱོགས་གཅིག་ནས་གང་ཟག་དེ་ལས་རྒྱུ་དངོས་ཁེ་བཟང་དང་། བསྟོད་པ། བརྩེ་བ། གུས་ཞབས་སོགས་འཐོབ་པར་འདོད་པའི་འདོད་ཆགས་དང་རྔམ་སེམས་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་ང་ཚོས་མཐོང་ཆུང་བྱེད་པའི་མི་དེའི་ཕྲག་དོག་ཡིན། རང་གིས་རང་ལ་བསྟོད་ར་དང་གཞན་ལ་མཐོང་ཆུང་དང་འབྲེལ་བའི་ཐོག་ནས་ང་ཚོས་གང་བརྗོད་པ་དེ་བདེན་རྫུན་གཉིས་ཀ་ཡིན་ཆོག །དེ་ལ་ཁྱད་པར་མེད།
དེ་བས་ན་གཞི་རྩའི་ཆ་ནས་ང་ཚོ་ལས་གནད་རིམ་དམའ་བའི་མི་དེ་ལས་གཅིག་འཐོབ་ཐབས་བྱེད་ཀྱི་ཡོད་པ་དང་། གཅིག་འཐོབ་ཐབས་བྱེད་པ་དེ་ཡང་རང་ཉིད་ཕུལ་དུ་བྱུང་བ་ཡིན་པ་དང་གཞན་རྣམས་ནི་སྡུག་ཅག་ཡིན་པར་བརྗོད་པའི་སྒོ་ནས་གུས་ཞབས་སམ་དངུལ་སོགས་གང་ཡིན་ནའང་མི་དེ་ལས་འཐོབ་ཐབས་བྱེད་ཀྱི་ཡོད། འདི་ལ་དཔེ་མཚོན་ཞིག་ནི་སེམས་ཁམས་རིག་པ་བ་ཞིག་རང་ལ་སློབ་སྟོན་ཞུ་མིའམ་འཛད་སྤྱོད་པ་རག་ཐབས་ཆེད་ “ང་ནི་ནང་པའི་སེམས་ཁམས་རིག་པ་བ་ཞིག་ཡིན། གཞན་དོན་ཁོ་ནར་དམིགས་ཀྱི་ཡོད། ནང་པ་མིན་པའི་སེམས་ཁམས་རིག་པ་བ་གཞན་ཚང་མ་ནི་དངུལ་གྱི་རྗེས་སུ་རྒྱུག་མཁན་ཤ་སྟག་རེད།” ཅེས་ཁྱབ་བསྒྲགས་བྱེད་པ་ལྟ་བུ་རེད། འོན་ཀྱང་ཀུན་སློང་ནི་དངོས་གནས་སློབ་སྟོན་ཞུ་མི་གང་མང་རག་ཐབས་བྱ་རྒྱུ་དེ་རེད། “ང་ནི་དགེ་རྒན་ཡག་ཤོས་དེ་ཡིན། ང་ནི་དགེ་རྒན་མཐོ་ཤོས་དེ་ཡིན། གཞན་རྣམས་ནི་ང་ནང་བཞིན་ཡག་པོ་མེད།” ཅེས་ང་ལ་དགོས་འདོད་པ་ནི་སློབ་མ་མང་ཙམ་རག་རྒྱུ་དེ་རེད་ཅེས་ཟེར་གྱི་ཡོད། སྟབས་ཉེས་པ་ཞིག་ལ་ང་ཚོའི་མང་གཙོ་དང་འོས་བསྡུའི་ལམ་ལུགས་ཡོངས་སུ་རྫོགས་པ་ནི། འོས་ཤོག་དང་དབང་ཆ་འཐོབ་པའི་ཆེད་དུ་རང་བསྟོད་དང་རང་གི་ཁ་གཏད་ཀྱི་འོས་མིར་མཐོང་ཆུང་བྱེད་པའི་རྩ་འཛིན་ཐོག་གཞི་བྱས་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་མང་གཙོ་དང་འོས་བསྡུའི་རྣམ་པ་འདི་བོད་མི་ཚོས་དངོས་གནས་ལག་བསྟར་བྱ་རྒྱུའི་དཀའ་ངལ་ཆེན་པོ་ཡོད། གང་ཡིན་ཞེ་ན། “ང་ནི་འོས་མི་ཡག་ཤོས་དེ་ཡིན། གཞན་དེ་ཡག་པོ་མི་མིན། ང་ལ་འོས་ཤོག་བླུགས་ཤོག་” ཅེས་མི་སུ་འདྲ་ཞིག་གིས་ཀྱང་དེ་ལྟར་བརྗོད་ཀྱི་ཡོད། བོད་མི་ཚོས་མི་དེ་འདྲ་ལ་རང་ཤུགས་ཀྱིས་ཡིད་ཆེས་མི་བྱེད། གང་ཡིན་ཟེར་ན། ཁོང་ཚོས་བཙན་པོ་དབང་ཡོད་བྱེད་ཀྱིན་ཡོད་པ་དང་བྱང་སེམས་སྡོམ་པ་དང་འགལ་གྱི་ཡོད། བོད་མི་མང་ཆེ་བ་ནི་ཧ་ཅང་སྙེམ་ཆུང་དང་བཅས་ཏེ། “ཨོ། ང་རང་དངོས་གནས་མཚན་ཉིད་ཚང་བ་ཞིག་མིན། ངས་འདི་ཇི་ལྟར་བྱེད་དགོས་མིན་དངོས་གནས་ཤེས་ཀྱི་མེད།” ཅེས་སོགས་བརྗོད་ཀྱི་ཡོད། ཁོང་ཚོ་ཧ་ཅང་སྙེམ་ཆུང་ཡོད་པས་མི་སུས་ཀྱང་འོས་ཤོག་འཕེན་གྱི་མེད། བྱས་ཙང་། མང་གཙོའི་འོས་བསྡུའི་ལམ་ལུགས་ཡོངས་སུ་རྫོགས་པ་བོད་མི་ཚོས་དངོས་གནས་ཤེས་རྟོགས་ཡོང་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་ཆགས་ཡོད།
འོན་ཀྱང་ང་ཚོས་བྱང་ཆུབ་སེམས་དཔའི་ལམ་དང་འབྲེལ་བའི་ཐོག་ནས་བསམ་བློ་བཏང་ན། སྡོམ་པ་དེ་དག་ལ་བརྟེན་ནས་གལ་ཏེ་ང་ཚོས་ཁ་ནས་བྱེད་ཀྱི་མིན་ཞེས་གང་བཤད་པ་དེ་བྱས་ན། གཞན་ལ་ཕན་འདོགས་པའི་ནུས་པ་ལ་ཇི་ལྟར་གནོད་སྐྱོན་གཏོང་གི་ཡོད་པ་ཤེས་རྒྱུ་ཧ་ཅང་གལ་ཆེ། འདི་ཁྱེད་ཀྱིས་ངེས་པར་དུ་ཤེས་དགོས། འོ་ན་འདིས་ངའི་གཞན་དོན་བསྒྲུབ་པའི་ནུས་པ་དེ་ཇི་ལྟར་གནོད་སྐྱོན་གཏོང་གི་ཡོད་དམ། བྱས་ཙང་། ང་ཚོས་བརྟག་དཔྱད་བྱེད་པ་དང་དེའི་ཐོག་བསམ་བློ་གཏོང་དགོས། གལ་ཏེ་ང་ཚོ་ “ང་རང་ཡག་ཤོས་དང་གཞན་ཚང་མ་ཡག་པོ་མིན་” ཞེས་ཟེར་མཁན་ཞིག་དང་ཐུག་པ་ཡིན་ན། ང་ཚོས་དེ་ལ་དངོས་གནས་ཡིད་ཆེས་བྱེད་དམ། ངས་མི་ཤེས། ཕལ་ཆེར་ནུབ་ཕྱོགས་པའི་མི་མང་པོས་ཡིད་ཆེས་བྱེད་སྲིད། ང་ཚོའི་ཁྱབ་བསྒྲགས་ཀྱི་ལམ་ལུགས་ཡོངས་རྫོགས་དེའི་ཐོག་ལ་གཞི་བྱས་ཡོད། མ་རེད་དམ། “འདི་ནི་ཁྱེད་ཀྱི་གྱོན་ཆས་བཀྲུ་བྱེད་ཀྱི་འདག་རྫས་ཡག་ཤོས་དེ་རེད། གཞན་ཚང་མ་ཡག་པོ་མེད། འདི་ཉོས་ཤིག” །ཅེས་ཟེར་བ་ལྟ་བུ་རེད། འོན་ཀྱང་ང་ཚོས་དེ་ལས་གཏིང་ཟབ་ཏུ་དཔྱད་ན། དེ་དག་ལ་ང་ཚོའི་དངུལ་དེ་དགོས་ཀྱི་ཡོད། བྱས་ཙང་། ང་ཚོས་ “ང་ནི་བྱང་ཆུབ་སེམས་དཔའ་ཡག་ཤོས་དེ་ཡིན། ཁྱེད་ལ་རོགས་བྱེད་མཁན་ཡག་ཤོས་དེ་ང་ཡིན། ངས་ཁྱེད་ཀྱི་དཀའ་ངལ་ཚང་མ་སེལ་གྱི་ཡིན། ངའི་རྩ་ལ་ཤོག །ང་ནང་བཞིན་ཡག་པོ་སུ་གཅིག་ཀྱང་མེད་” ཅེས་རང་གིས་རང་ལ་ཁྱབ་བསྒྲགས་གཏོང་ཐབས་བྱེད་ཀྱི་ཡོད་མེད་ཐོག་ལ་བསམ་བློ་ཡག་པོ་གཏོང་དགོས། ཐ་ན་དེ་ཡང་བདེན་པ་ཡིན་ནའང་། དེས་དངོས་གཙོ་སྨྲ་བའི་ཀུན་སློང་ཞིག་སྟོན་གྱིན་ཡོད། གལ་ཏེ་ང་ལ་སློབ་ཕྲུག་མང་ཙམ་འཐོབ་འདོད་ཡོད་ཅེས་པར་གཞི་བྱས་ཡོད་ནའང་། དེ་འདྲ་ཆགས་ཀྱི་ཡོད། བྱས་ཙང་། ང་ཚོས་དེའི་ཆེད་དུ་དོ་སྣང་བྱེད་དགོས།
ནང་ཆོས་ནི་ཡག་ཤོས་རེད། གཞན་ཚང་མ་ཡག་པོ་མ་རེད། ཆོས་ཀྱི་ལམ་གཞན་རྣམས་ཡག་པོ་མ་རེད་ཅེས་བརྗོད་པ་དེ་གང་འདྲ་ཡིན་ནམ། གལ་ཏེ་ང་ཚོས་བྱ་སྤྱོད་དེ་འདྲ་སྤེལ་ན། སྡོམ་པ་དང་འགལ་བ་ཡིན་ནམ། ཁྱེད་ཀྱིས་ག་རེ་བསམ་གྱི་འདུག་གམ།
ང་ཚོའི་ཀུན་སློང་ལ་རག་ལུས་ཡོད།
དེ་ནི་དངོས་གནས་བདེན་པ་རེད། འོན་ཀྱང་དེ་ལྟར་བྱེད་པའི་ཀུན་སློང་ཡང་དག་པའམ་མ་ནོར་བ་ཞིག་དེ་གང་ཡིན་སྲིད་དམ།
གཞན་ལ་ཕན་འདོགས་པའི་ཆེད།
གཞན་དོན་བསྒྲུབ་པ་དེ་བྱིས་བློའི་རང་བཞིན་ཞིག་ཆགས་ཀྱི་ཡོད་དམ། ད་གཟོད་མི་ཚང་མར་ནང་པའི་ལམ་དེ་ཡག་ཤོས་རེད་དམ། གལ་ཏེ་ང་ཚོས་༧གོང་ས་མཆོག་གིས་ཆོས་ལུགས་གཞན་དག་ལ་གང་གསུང་གི་ཡོད་པར་བལྟས་ན། ཁོང་གིས་གང་གསུངས་པ་དེ་ནི་བདེན་པ་གཅིག་དང་བདེན་པའི་ཆོས་ལུགས་གཅིག་ཡོད་པའི་ལྟ་བའི་རྣམ་གཞག་ཡོངས་ཀྱི་ལན་འདེབས་ཡིན། དེ་ཡང་ཁོང་གིས་གང་གསུང་ཐུབ་པ་ནི། ནང་ཆོས་དེ་ངོས་ལ་ཡག་ཤོས་རེད་འདུག །འོན་ཀྱང་ཁྱེད་ལ་ཡག་ཤོས་རེད་ཅེས་ངས་ཤོད་མི་ཐུབ་ཅེས་པ་དེ་རེད། ཆོས་ལུགས་རེ་རེས་སོ་སོའི་ཆོས་ཕྱོགས་ཀྱི་དམིགས་ཡུལ་སྐོར་གསུང་གི་ཡོད། ཡེ་ཤུའི་ཆོས་ལུགས་ཀྱིས། གལ་ཏེ་ཁྱེད་ཀྱིས་ཡེ་ཤུའི་རྗེས་སུ་འབྲངས་ན། ཁྱེད་ཀྱིས་ནང་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་ཀྱི་རེད་ཅེས་བརྗོད་ཀྱི་མེད། འོན་ཀྱང་ཁྱེད་རང་ཡེ་ཤུའི་དམིགས་ཡུལ་དེ་འཐོབ་ཀྱི་རེད་ཅེས་བརྗོད་ཀྱི་ཡོད། བྱས་ཙང་། དེའི་ཐད་རྩོད་གླེང་བྱེད་པའི་རྒྱུ་མཚན་མེད།
གོ་བདེ་པོའི་ཐོག་ནས་བཤད་ན། གལ་ཏེ་ཁྱེད་ཀྱིས་ནང་པའི་ལུགས་ནས་བཤད་པའི་ལྷ་ཡུལ་དུ་སྐྱེ་བར་སྨོན་ལམ་བཏབ་ན། ཁྱེད་རང་དེར་སྐྱེ་གི་རེད། གལ་ཏེ་ཁྱེད་ཀྱིས་ཡེ་ཤུའི་ལུགས་ནས་བཤད་པའི་ལྷ་ཡུལ་དུ་སྐྱེ་བར་སྨོན་ལམ་བཏབ་ན། དེ་བཞིན་ཁྱེད་རང་དེར་སྐྱེ་གི་རེད། ད་དུང་གོ་སླ་བར་བརྗོད་ན། ཁྱེད་ཀྱིས་ནང་པའི་ལྷ་ཡུལ་དུ་སྐྱེས་ནས་མཐར་ཡེ་ཤུའི་ལྷ་ཡུལ་དུ་སྐྱེ་བར་ཤོག་ཅེས་སྨོན་ལམ་འདེབས་ཀྱི་མ་རེད། རྒྱུ་མཚན་དེ་ལྟར་ན། དུས་ཚོད་བྱེ་བྲག་འདིའི་ནང་ཆོས་ཀྱི་ལམ་མི་འདྲ་བ་རྣམས་མི་སོ་སོར་རན་ཞིག་འཚམ་པ་ཡོད་སྲིད། དེར་བརྟེན་༧གོང་ས་མཆོག་གིས་དུས་རྟག་ཏུ་ཆོས་ལུགས་གཞན་ལ་ཧ་ཅང་གུས་ཞབས་དང་ལྡན་པ་གནང་གི་ཡོད་པ་དང་། ཁོང་གི་ནང་པའི་སྲོལ་རྒྱུན་ཐད་གནད་དོན་གཅིག་རང་གསུང་གི་ཡོད་པ་ནི། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཞེས་ནང་ཆོས་ནས་འགྲེལ་བརྗོད་གནང་སྟངས་གང་ཡིན་པའི་དམིགས་ཡུལ་དེ་བསྒྲུབ་རྒྱུ་ནི་ཡག་ཤོས་ཡིན་པ་གསལ་པོ་རེད་ཅེས་གསུངས།
བྱས་ཙང་། འདི་ནི་དང་པོ་དེ་རེད། ང་ཚོའི་ཀུན་སློང་དེ་ཕྱོགས་གཅིག་ནས་འདོད་ཆགས་དང་རྔམ་སེམས་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་ཕྲག་དོག་ཡིན་པའི་སྐབས། རང་གིས་རང་ལ་བསྟོད་ར་དང་གཞན་ལ་མཐོང་ཆུང་བྱ་རྒྱུ་དེ་སྤོང་དགོས། གལ་ཏེ་ང་ཚོས་ཚོང་གི་ལས་དོན་བྱེད་འདོད་ཡོད་ན། འདི་ནི་ལག་བསྟར་བྱེད་དཀའ། ང་ཚོས་ཚོང་འབྲེལ་ཁྱབ་བསྒྲགས་ཇི་ལྟར་བྱེད་དམ། ངའི་བསམ་པར། གལ་སྲིད་ང་ཚོས་གཞན་གྱི་ཐོན་རྫས་རྣམས་ཡག་པོ་མིན་ཚུལ་བརྗོད་ནས་ཁྱབ་བསྒྲགས་ངན་པ་བྱས་ན། དེ་ནི་སྡོམ་པ་དང་མཐུན་པ་ཞིག་མིན་པ་ངེས་པ་རེད། གལ་ཏེ་ང་ཚོས་སོ་སོ་རང་ཉིད་ལ་བསྟོད་ར་གཏོང་བཞིན་དུ་སོ་སོའི་ཐོན་རྫས་རྣམས་ཕུལ་དུ་བྱུང་བ་ཡིན་པ་དང་། གཞན་ཐམས་ཅད་ལས་ཡག་ག་ཡིན་ཞེས་སོགས་བརྗོད་ན། དེ་ཡང་ཕལ་ཆེར་སྡོམ་པ་འདི་དང་མཐུན་པ་ཞིག་མིན། འོ་ན་ང་ཚོས་ཁྱབ་བསྒྲགས་ཇི་ལྟར་བྱེད་དམ། ང་ཚོས་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་སོང་ཙང་། ང་ཚོའི་ཀུན་སློང་གང་རེད་དམ། ཁེ་བཟང་ཧ་ཅང་མང་པོ་རག་ཐབས་བྱ་རྒྱུ་དེ་རེད་དམ། ཡང་ན་ང་ཚོའི་ཐོན་རྫས་རྣམས་གཞན་ལ་ཕན་གྱི་ཡོད་པ་སོང་ཙང་། ཁྱེད་ལ་འབུལ་བའི་ཕྱིར་དུ་རེད་དམ། བྱས་ཙང་། ཁྱེད་རང་ཚོའི་ནང་ནས་གཅིག་གིས། དེ་དག་ཚང་མ་རང་སོ་སོའི་ཀུན་སློང་ལ་རག་ལུས་ཡོད་ཅེས་གང་བཤད་པ་དེ་གལ་ཆེན་པོ་རེད། འགྲིགས་སོང་སམ།
ཚོང་ལས་པ་མང་པོ་ཞིག་ལ་སྡོམ་པ་དེ་དག་དང་འབྲེལ་བའི་དཀའ་ངལ་གྱི་རིགས་ཡོད། ནང་པའི་བཟང་སྤྱོད་ཀྱི་རྣམ་གཞག་ལ་གཞི་བྱས་ཏེ་ཚོང་ཇི་ལྟར་རྒྱག་དགོས་སམ། གལ་སྲིད་ང་ཚོའི་དམིགས་ཡུལ་དང་ཀུན་སློང་དེ་ཁེ་བཟང་ཁོ་ན་ཡིན་ན། འདི་ནི་དྲི་བ་ལས་སླ་པོ་ཞིག་མ་རེད། གང་ཡིན་ཞེ་ན། འདི་ལ་དཔེ་ཡག་པོ་ཞིག་ནི་ཨ་རིའི་སྨན་གྱི་ལམ་ལུགས་དེ་རེད་བསམ་གྱི་འདུག །ཉེ་ཆར་ལོ་བཅུ་ཕྲག་ཁ་ཤས་ཀྱི་ནང་། ཨ་རིའི་རྒྱལ་ཁབ་ཀྱི་འཕྲོད་བསྟེན་ལམ་ལུགས་དེ་ཁེ་བཟང་ཆེད་འཕྲོད་བསྟེན་མཐུན་རྐྱེན་གྱི་ཕྱོགས་སུ་ཁ་བསྒྱུར་ཡོད། སྨན་ཁང་རྣམས་མ་ཤེར་ཡོད་མཁན་གྱི་ཤོག་ཁག་ཚོས་བདག་གཉེར་བྱས་ཏེ། ཁོང་ཚོའི་བསམ་བློ་ཡོངས་སུ་རྫོགས་པ་ནི་མ་ཤེར་བདག་པོ་ཚོར་ཁེ་བཟང་གང་མང་སྤྲོད་རྒྱུ་དེ་ཡིན། དེ་འདྲ་སོང་ཙང་། ཁོང་ཚོས་ནད་པ་ལས་དངུལ་མང་ཤོས་བཟོ་འདོད་བྱེད་ཀྱི་ཡོད་པ་དང་། ནད་པ་སྣམས་སྨན་ཁང་ནང་དུས་ཚོད་གང་ཉུང་ཉུང་ཉར་བ་དང་། དེ་ལ་བརྟེན་ནས་ནད་པ་གཞན་གང་མང་རག་ཐབས་བྱེད་ཀྱི་ཡོད། བྱས་ཙང་། ནད་པ་ཞིག་གིས་ཉལ་ཁྲིའི་ས་མིག་ལེན་འཇུག་འདོད་མེད། དེ་ག་ནང་བཞིན་གནས་སྟངས་ཆ་ཚང་ནི་ནད་པ་ཚོར་སྨན་བཅོས་ཡང་དག་པ་ཞིག་སྤྲོད་ཀྱིན་མེད་པ་ལྟ་བུར་སྣང་། བྱས་ཙང་། སྨན་གྱི་སྤུས་ཚད་ཀྱང་ཉམས་རྒུད་འགྲོ་བཞིན་ཡོད་པ་ང་ཚོས་ཡང་སེ་མཐོང་གི་ཡོད། གལ་སྲིད་ང་ཚོའི་གཞན་ལ་ཕན་པའི་ཀུན་སློང་དེ་ཁེ་བཟང་ཙམ་ཡིན་ན། ཕན་ཐོགས་དེའི་སྤུས་ཚད་ནི་རྟག་ཏུ་ཉམས་རྒུད་འགྲོ་གི་ཡོད་པའི་གནས་སྟངས་ཤིག་རྟག་ཏུ་ཆགས་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་བྱང་ཆུབ་སེམས་དཔའི་ལམ་ལ་འཇུག་པའི་སྐབས། སོ་སོ་རང་ཉིད་ཀྱི་ཆེད་དུ་གཅིག་འཐོབ་ཐབས་ཀྱི་རེ་བ་དང་བཅས་མི་བྱ་རྒྱུ་དེ་ཧ་ཅང་གལ་ཆེ། ལྷག་པར་དུ་གལ་ཏེ་ང་ཚོས་ཉམས་ལེན་པ་གཞན་དཔེར་ན། དགེ་བའི་བཤེས་གཉེན་སོགས་ལ་གནོད་ཀྱི་ཡོད་མེད་ལ་མ་ལྟོས་པར་སོ་སོ་རང་ཉིད་ལ་གཅིག་འཐོབ་འདོད་བྱ་རྒྱུ་མེད།
བྱང་སེམས་སྡོམ་པ་གཉིས་པ་ནི། ང་ཚོས་སྤོང་བར་དམ་བཅའ་བའི་མི་དགེ་བའི་ལས། དཔེར་ན། ཆོས་དང་སོ་སོའི་རྒྱུ་ནོར་མཉམ་སྤྱོད་མི་བྱེད་པ་སྟེ། ཆོས་ནོར་མི་སྟེར་བ་དེ་རེད། འདིར་ཀུན་སློང་ནི་འདོད་ཆགས་དང་སེར་སྣ་ཡིན། དེ་འདྲ་ཡིན་དུས་ང་ཚོས་རང་གི་ཆོས་ཀྱི་ཟིན་དེབ་ཁག་དང་། གློང་ཀླད། གློག་ཀླད་ནང་གི་ཡིག་སྣོད་ཁག་ལ་གཅེས་འཛིན་ཆེ་དྲགས་ནས་གཞན་དང་མཉམ་སྤྱོད་མི་བྱེད་པ་ཡོང་སྲིད་པ་དང་། དེ་ལ་སྙད་འདོགས་ས་མང་པོ་འཚོལ་གྱི་ཡོད། དཔེར་ན། “གལ་ཏེ་ངས་ཁྱེད་ལ་དཔེ་དེབ་ཅིག་གཡར་འཆར་ཡོད་པ་དང་དེའི་སྒང་ལ་ཁྱེད་ཀྱིས་འཚིག་ཇ་གཤོས་སྲིད་པ་ཡིན་ན། ངས་དེ་གཡར་འདོད་མི་བྱེད་པ་” ལྟ་བུ་རེད། ང་ཚོས་སོ་སོའི་དངུལ་ལ་གཅེས་འཛིན་ཆེ་དྲགས་ནས་གཞན་དང་མཉམ་སྤྱོད་མི་བྱེད་པ་སྲིད། དཔེར་ན། ཁྱེད་ཀྱིས་མི་རྣམས་ལ། “ཁྱེད་རང་ཆོས་ཀྱི་སློབ་ཚན་འདིའི་ནང་འཛུལ་བཞུགས་བྱེད་མི་ཐུབ། གང་ཡིན་ཟེར་ན། ཁྱེད་ལ་འདིའི་ཆེད་དུ་འབུལ་རྒྱུའི་དངུལ་མེད།” ཅེས་ཟེར་བ་ལྟ་བུ་རེད། དེའི་དོན་ནི་ཆོས་དེ་རང་སོ་སོས་ཉར་ནས་གཞན་དང་མཉམ་དུ་ཆོས་ཀྱི་སློབ་ཚན་དེའི་ནང་འཛུལ་བཞུགས་ཆེད་དཔལ་འབྱོར་གྱི་སྟབས་བསྟུན་བདེ་བ་དེ་མཉམ་སྤྱོད་བྱེད་ཀྱི་མེད།
ང་ཚོ་ད་དུང་སོ་སོའི་དུས་ཚོད་ལ་ཧ་ཅང་ཆགས་ཞེན་བྱས་ཏེ། གཞན་དོན་དུ་དུས་ཚོད་གཏོང་གི་མེད་པའང་ཡོང་སྲིད། དཔེར་ན། “འདི་ནི་ངའི་གུང་སེང་ཉིན་མོ་རེད། རོགས་བྱེད་རོགས་ཤོད་མ་ཡོང་” ཞེས་གཟའ་མཇུག་གི་དུས་ཚོད་ལ་ཧ་ཅང་ཞེན་ཆགས་བྱེད་མཁན་གྱི་མི་འགའ་ཞིག་ཡོད། འདི་ནི་ང་ཚོས་ནམ་རྒྱུན་ཡང་སེ་མཐོང་གི་ཡོད། ང་རང་ལྟ་བུར་མཚོན་ན། ཕྲན་ལ་དྲྭ་ལྗོངས་ཀྱི་ལས་གཞི་འདི་ཡོད། སྐབས་འགར་དྲྭ་ལྗོངས་འདི་ལ་དྭང་བླངས་པ་དང་ལས་བྱེད་པ་དང་འབྲེལ་བའི་གནད་དོན་ཐད་གཟབ་ནན་གྱིས་སྟངས་འཛིན་བྱེད་དགོས་པ་མང་པོ་ཞིག་འབྱུང་གི་ཡོད། སྐབས་འགར་མི་རྣམས་ཀྱིས། “གཟའ་མཇུག་སྐབས་སུ་ལས་དོན་གང་རུང་བྱེད་རོགས་ཞེས་མ་གསུང་རོགས། འདི་ནི་ངའི་རྩ་ཆེ་བའི་དུས་ཚོད་ཡིན།” ཞེས་བརྗོད་ཀྱི་ཡོད། དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞིག་མ་རེད། རེད་དམ། གལ་ཏེ་མི་ཞིག་ལ་ང་ཚོའི་རོགས་དགོས་ཡོད་ན། ང་ཚོས་མི་ཞིག་གིས་རྟག་ཏུ་གཞན་གྱི་དུས་ཚོད་ལོག་པར་སྤྱོད་མཁན་གྱི་སྐོར་ཤོད་ཀྱིན་མེད། འོན་ཀྱང་མི་ཞིག་ལ་ང་ཚོའི་རོགས་པ་དངོས་གནས་དགོས་ཀྱི་ཡོད་ན། དེ་ནས་ཉིན་དང་མཚན་གཟའ་མཇུག་གི་གུང་སེང་སོགས་གང་ཡིན་རུང་ང་ཚོས་མི་དེ་ལ་རོགས་བྱེད་དགོས། དེ་ནི་ང་ཚོའི་ཕྲུ་གུ་མ་འབྱར་ངུ་བཞིན་ཡོད་པའམ། ཡང་ན་དེ་ཉལ་ཁྲིའི་སྒང་ནས་མར་ཟགས་ན། ང་ཚོས་ “དགོངས་དག །ངས་ཁྱེད་ལ་སང་ཞོགས་རོགས་བྱེད་ཆོག །གང་ཡིན་ཟེར་ན། ད་ལྟ་ང་རང་ཉལ་བའི་དུས་ཚོད་རེད།” ཅེས་བརྗོད་ཀྱི་མེད། གལ་སྲིད་ང་ཚོས་མི་གཞན་དེ་ལ་དངོས་གནས་རོགས་པ་བྱས་ན། རྟག་པར་རྙོག་དྲ་ཤོད་བཞིན་དུ་བྱ་རྒྱུ་མེད། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གཞིགས་ན། མི་གཞན་ལ་ང་ཚོའི་རོགས་པ་དགོས་པ་དང་རོགས་པ་བྱེད་རོགས་ཞེས་ཟེར་དུས་ང་ཚོ་ཧ་ཅང་དགའ་པོ་ཡོང་ངེས་རེད། སངས་རྒྱས་ནང་བཞིན་གཞན་ཐམས་ཅད་ལ་ཕན་འདོགས་པའི་བྱ་བ་དེ་འདྲ་ཞིག་བྱེད་ཐུབ་པའི་ཆེད་དུ་ང་ཚོས་ཉམས་ལེན་བྱེད་བཞིན་ཡོད། བྱས་ཙང་། གཞན་ཞིག་ལ་དངོས་གནས་ང་ཚོའི་རོགས་པ་དགོས་འདོད་ཡོད་ན། དེ་ནི་ཧ་ཅང་ཡག་པོ་རེད། གལ་ཏེ་གཞན་ཞིག་ང་ཚོ་རྩ་ནས་ལེགས་ཆ་སྦྱོང་འདོད་དང་། ཆོས་ཀྱི་ཟིན་དེབ་མཉམ་སྤྱོད་སོགས་བྱེད་འདོད་ཡོད་པ། དེའི་ཐད་ཁོང་ཚོ་ལྷག་བསམ་རྣམ་དག་ཡིན་པ་དང་ཆོས་དེ་དག་ཁོང་ཚོར་རན་འཚམས་ཤིག་ཡོད་ན། ཨ་ཅང་ཅང་ང་ཚོས་ཁོང་ཚོར་དེ་ལྟར་མཉམ་སྤྱོད་བྱེད་ཐུབ་པ་ལ་ཧ་ཅང་དགའ་པོ་ཡོང་ངེས་རེད། སྐབས་རེར་མི་རྣམས་ཁོང་ཚོས་གང་ཞིག་ཞུ་འབོད་བྱེད་པའི་ཀུན་སློང་དེ་ཏོག་ཙམ་ཁྱད་མཚར་པོ་ཞིག་ཡོད།
ཐེངས་ཤིག་ངས་སེར་ཀོང་རིན་པོ་ཆེའི་གསུང་བསྒྱུར་བྱེད་བཞིན་པའི་སྐབས། ༼འདི་ནི་ཧི་པཱིའི་དུས་སྐབས་རེད་༽ ཧ་ཅང་ར་བཟི་ཡོད་པའི་ཧི་པཱིའི་མི་ཞིག་རིན་པོ་ཆེ་མཇལ་བཅར་དུ་སླེབས་སོང་། མི་དེས་ “ཨོ། ང་རང་ནཱ་རོ་ཆོས་དྲུག་སྦྱོང་འདོད་འདུག །སྐུ་མཁྱེན། ནཱ་རོ་ཆོས་དྲུག་དེ་བསླབ་གནང་རོགས།” ཞེས་ཞུས་སོང་། རིན་པོ་ཆེས་མི་དེ་ལ་དོ་གལ་དང་ཐུགས་འཁུར་ཆེ་བཞེས་ཐོག་ནས། “ཁྱེད་རང་ནཱ་རོ་ཆོས་དྲུག་གི་སྐོར་སྦྱོང་འདོད་ཡོད་པ་དེ་དཔེ་མི་སྲིད་པའི་ཡག་པོ་རེད། དེ་ནི་དངོས་གནས་ངོ་མཚར་ཅན་གྱི་སེམས་སྐུལ་ཞིག་རེད། འོན་ཀྱང་དེ་སྦྱོང་བར། ཐོག་མར་ཁྱེད་རང་འདི་དང་དེའི་སྐོར་སློབ་སྦྱོང་བྱེད་དགོས་ཤིང་། དེ་ནས་རྒྱུད་རིམ་ཆ་ཚང་ཕྱིན་ཏེ་འབད་བརྩོན་བྱེད་དགོས།” ཞེས་གསུངས་སོང་། བྱས་ཙང་། ཁོང་གིས་མི་དེ་ལ་ནཱ་རོ་ཆོས་དྲུག་མི་སློབ་པའི་ཆོས་ལ་སེར་སྣ་ཅན་གནང་མེད། མི་དེ་རྒྱུད་རིམ་དེ་དག་འགྲིམ་པར་གྲ་སྒྲིག་མི་འདུག །འོན་ཀྱང་རིན་པོ་ཆེས་མི་དེ་ལ་འབྲེལ་བ་བྱེད་སྟངས་རན་ཞིང་འཚམ་པའི་སྒོ་ནས་མཐར་ཆོས་ཁྲིད་འདིར་འཇུག་པའི་ལམ་སྟོན་གནང་ཡོད།
ངས་གོང་དུ་ཞུས་པའི་སྤྱིར་བཏང་གི་རྩ་དོན་ནི། བྱང་ཆུབ་སེམས་དཔའ་ས་འོག་མར་གནས་པ་རྣམས་ཀྱིས་ཉམས་ལེན་བྱེད་མི་ཐུབ་པའི་སྐབས། ས་གོང་མའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉམས་ལེན་རྣམས་བྱེད་ཐབས་མི་བྱེད་པ་ཡིན། བྱས་ཙང་། གལ་ཏེ་མི་ཞིག་གིས་ང་ཚོར་རོགས་བྱེད་རོགས་བརྗོད་པའི་སྐབས། ང་ཚོར་རོགས་བྱེད་པའི་ནུས་པ་དང་མི་ལྡན་ན། སོ་སོས་གང་བྱེད་ཐུབ་པ་ལས་ལྷག་པ་ཞིག་བྱེད་ཐུབ་ཀྱི་ཡོད་ཁུལ་བྱ་མི་རུང་། ང་ཚོས་ “ངས་རོགས་པ་དེ་བྱས་ཐུབ་ན་ཅི་མ་རུང་། འོན་ཀྱང་བྱེད་ཐུབ་པའི་མཚན་ཉིད་དེ་ང་ལ་ཚང་མེད།” ཅེས་བརྗོད་དགོས། གལ་ཏེ་ཁྱེད་ཀྱིས་དེ་བོད་པ་ཞིག་ལ་བརྗོད་ན། བོད་པ་དེས་ཁྱེད་རང་སྙེམ་ཆུང་ཡིན་པ་ཚོར་གྱི་རེད། ཁྱེད་རང་མཚན་ཉིད་ཚང་ཡོད་ནའང་། ད་དུང་ཁྱེད་ཀྱིས། “མིན། མིན། ང་མཚན་ཉིད་ཚང་བ་ཞིག་མིན། ངས་བྱེད་མི་ཐུབ།” ཅེས་བརྗོད་ཀྱི་ཡོད། དེར་བརྟེན་ཁོང་ཚོས་ཨུ་ཚུགས་རྒྱག་གི་རེད། ཡིན་ནའང་ཁྱེད་ཀྱིས། “མིན། ང་རང་སྙེམ་ཆུང་ཙམ་མིན་པར། ངས་འདི་བྱེད་ཐུབ་པའི་མཚན་ཉིད་དངོས་གནས་ཚང་མེད།” ཅེས་དངོས་གནས་དྲང་གནས་ཨུ་ཚུགས་རྒྱག་དགོས།
ངས་དཔེ་མཚོན་ཞིག་ཞུ་རྒྱུ་ཡིན། ཨིཊ་ལིར་ཡོད་པའི་བླ་མ་ཙོང་ཁ་པའི་ཆོས་ཀྱི་བསྟི་གནས་ཁང་དུ་རབ་བྱུང་བ་རྣམས་ཀྱི་གཞུང་ཆེན་ཁག་ལ་སློབ་གཉེར་བྱ་རྒྱུའི་གཙུག་ལག་རབ་འབྱམས་པའི་སློབ་གཞིའི་ལས་འཆར་ཞིག་འདུག །དེ་ཡང་ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་ཀྱི་ཆེད་དུ་རེད། དེ་ནི་ལོ་དྲུག་གི་སློབ་གཞིའི་ལས་འཆར་ཞིག་རེད་འདུག །འས་འཆར་དེའི་གཞུང་འཁྲིད་དང་པོ་སློབ་འཁྲིད་གནང་མཁན་དགེ་བཤེས་ཤིག་འདུག །དེ་ནས་གཞུང་འཁྲིད་གཉིས་པ་དབུ་མའི་སྐོར་སློབ་རྒྱུ་འགོ་འཛུགས་བྱེད་པའི་མཚམས་སུ་སླེབས་སྐབས། ཁོང་གིས་ “གཞུང་འདི་བསླབ་པའི་མཚན་ཉིད་ང་ལ་ཚང་མེད་” ཅེས་གསུངས་ཡོད། འོན་ཀྱང་མི་ཚང་མས་ཁོང་གིས་བག་ཡོ་དང་ཁེངས་བསྐྱུངས་གནང་གི་འདུག་བསམས་ནས་ད་དུང་ཨུ་ཚུགས་ནན་སྐུལ་བྱས་ཏེ། ཁོང་གིས་བསླབ་ངེས་ཡིན་ཤག་བྱས་པ་རེད། ཡིན་ནའང་ཁོང་གིས། “མིན། ང་རང་དངོས་གནས་མཚན་ཉིད་ཚང་མེད་” ཅེས་གསུངས་པ་རེད། དེ་ནས་ཁོང་ཚོས་དགེ་བཤེས་ལགས་ཀྱི་འཛིན་གྲོགས་རྙིང་པ་དང་དགེ་རྒན་རྣམས་ལ་སྐད་ཆ་དྲིས་སྐབས། ཁོང་དངོས་གནས་མཚན་ཉིད་ཚང་མེད་པ་དེ་བདེན་པ་ཆགས་པ་རེད། ཁོང་དགེ་བཤེས་ཤིག་ཡིན་ནའང་། སློབ་ཚན་དེ་ཁོང་ལ་རན་འཚམ་ཞིག་མིན་པ་རེད། འོན་ཀྱང་ཁོང་བཞུགས་ནས་གལ་ཏེ་མཚན་ཉིད་ཚང་བའི་དགེ་བཤེས་ཤིག་རྙེད་སོན་བྱུང་ནས་སློབ་འཁྲིད་ཆེད་ཕེབས་ན། དེ་ལ་ཕྱག་རོགས་གནང་རྒྱུའི་ཞལ་བཞེས་གནང་། དེར་བརྟེན་བསྟི་གནས་ཁང་གིས་དགེ་བཤེས་གཞན་ཞིག་བཙལ་ནས་ཁོང་ད་ལྟ་ཕེབས་འཆར་དང་སློབ་འཁྲིད་གནང་རྒྱུ་མོས་མཐུན་བྱུང་ཡོད། དགེ་བཤེས་དང་པོ་མཚན་ཉིད་ཚང་མེད་ཅེས་གསུང་མཁན་དེ་ཕྱག་རོགས་ཆེད་དུ་མུ་མཐུད་དེར་བཞུགས་པ་རེད། བྱས་ཙང་། དགེ་བཤེས་དང་པོ་དེས་གཞན་ལ་ཆོས་མི་གསུང་བའི་བྱང་ཆུབ་སེམས་དཔའི་སྡོམ་དང་འགལ་གྱི་མེད། དོན་ངོ་མར་ཁོང་གིས་རང་ཉིད་ལ་ཡོན་ཏན་མེད་ནའང་ཡོད་ཁུལ་གནང་མེད་པས། སྨོན་པ་དམ་བཅའ་ཅན་གྱི་བྱང་ཆུབ་སེམས་ལ་བརྟེན་ནས་བསླབ་བྱའི་རྗེས་སུ་འབྲང་བཞིན་ཡོད།
དེ་འདྲ་སོང་ཙང་། མི་ཞིག་གིས་ཁྱེད་ལ་ཆོས་ཀྱི་སྐོར་འགྲེལ་བརྗོད་བྱེད་རོགས་ཟེར་བའམ། ཡང་ན་ཆོས་ཀྱི་ཟིན་བྲིས་རྣམས་མཉམ་སྤྱོད་བྱེད་རོགས་ཞེས་བརྗོད་ན། དེ་ལ་ཁྱེད་ཀྱིས། “འགྲིག་གི་རེད། ཁྱེད་ཀྱིས་ངའི་ཟིན་བྲིས་མཉམ་སྤྱོད་བྱེད་ན་ཆོག །ཡིན་ནའང་ཟིན་བྲིས་ཡག་པོ་ཞེ་དྲགས་མེད། ཟིན་བྲིས་ཁ་གསལ་པོ་མེད། ཡང་མིན་ན་ངའི་གོ་རྟོགས་དེ་ཡག་པོ་དེ་ཙམ་མེད།” ཅེས་བརྗོད་ཆོག །དེ་འདྲའི་ཐད་ལ་དྲང་པོ་དྲང་གཞག་བྱེད་དགོས། གལ་ཏེ་ང་ཚོས་དེ་རྟོགས་ཀྱི་མེད་ན། ང་ཚོས་ “ངས་ཡག་པོ་ཤེས་མ་སོང་། འགྲེལ་བཤད་ཞུ་ཐུབ་པ་མི་འདུག་” ཅེས་བརྗོད་དགོས། ང་ཚོས་སོ་སོའི་དུས་ཚོད་སོགས་མཉམ་སྤྱོད་མི་བྱེད་པ་དེ་དག་ཚང་མའི་ནང་ཆོས་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་བྱེད་དགོས། བྱང་ཆུབ་སེམས་དཔའི་བསླབས་བྱའི་ཆ་ཤས་ཤིག་ནི། ང་ཚོས་ངལ་གསོ་ག་དུས་རྒྱག་དགོས་མིན་ཤེས་རྒྱུ་དེ་རེད། དེ་ལ་བརྟེན་ནས་ང་ཚོས་མུ་མཐུད་གཞན་དོན་བསྒྲུབ་པའི་ནུས་ཤུགས་འདང་ངེས་ཤིག་ཡོང་གི་ཡོད། གནས་སྟངས་དེ་འདྲའི་ནང་། ང་ཚོས་ “ངས་ཁྱེད་ལ་རོགས་བྱེད་འདོད་ཡོད་ཀྱང་། ང་རང་དཔེ་ཐང་ཆད་འདུག །ངལ་གསོ་ཤིག་རྒྱག་དགོས་འདུག །ངས་རོགས་བྱེད་ཐུབ་ས་མ་རེད།” ཅེས་བརྗོད་དགོས།
ད་དུང་དཀའ་ལས་ཁག་པོ་ཞིག་ཡོད་པ་ནི། མི་མང་པོས་དུས་གཅིག་ལ་ང་ཚོར་རོགས་པ་དགོས་ཞེས་བརྗོད་པའི་སྐབས། ང་ཚོས་སོ་སོ་རྣམ་པ་མི་འདྲ་བ་སྟོང་ཕྲག་ཙམ་ལ་བསྒྱུར་ནས་དུས་གཅིག་ལ་ཚང་མར་རོགས་བྱེད་མི་ཐུབ། ང་ཚོས་སངས་རྒྱས་ཟིན་པ་དེ་འདྲ་མ་རེད། ངས་ལམ་སེང་དུས་གཅིག་ལ་ཚང་མར་རོགས་བྱེད་མི་ཐུབ། དེ་བས་ན་གནས་སྟངས་དེ་འདྲའི་སྐབས། སྟབས་མི་ལེགས་པ་ཞིག་ལ་ང་ཚོས་གདམ་ཀ་བྱེད་དགོས་ཐུག་གི་ཡོད། འོ་ན་ང་ཚོས་གདམ་ཀ་ཇི་ལྟར་བྱེད་དམ། ང་ཚོས་གལ་གནད་ཆེ་ལོད་ཀྱི་གདམ་ཀ་ཇི་ལྟར་བྱེད་དམ། འདིའི་ཆེད་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་འགའ་ཞིག་གནང་ཡོད། ཁོང་གིས་ “འདི་གང་རེད་ལྟོས་དང་” ཞེས་གསུངས། དེ་ཡང་ཁྱེད་གཞན་ལ་ཕན་འདོགས་པར་མཚན་ཉིད་ཡོངས་སུ་ཚང་བ་དེ་རེད། དེའི་ཐོག་ལ་གཙོ་ནན་གཅིག་པ་བྱེད་མཁན་དཀོན་པོ་རེད། ཁྱེད་ཀྱིས་བྱེད་ཐུབ་པ་ནང་བཞིན་དེ་འདྲ་བྱེད་ཐུབ་མཁན་མི་གཞན་དག་ཀྱང་ཡོད། ཁོང་ཚོར་ལམ་སྟོན་བྱེད་དགོས། ཁྱེད་ཀྱིས་ཐུན་མོང་མ་ཡིན་པ་གང་ཡག་ག་བྱེད་ཐུབ་པ་དེའི་ཐོག་ལ་དམིགས་པ་གཏད་དགོས། ངས་སོ་སོ་རང་ཉིད་ལ་དཔེ་བཞག་ན། གལ་ཏེ་མི་ཞིག་ངའི་རྩ་ལ་སླེབས་ནས། “ང་རང་བོད་སྐད་སྦྱོང་འདོད་འདུག །སྐུ་མཁྱེན། ང་ལ་བོད་སྐད་བསླབ་རོགས་གནང་” ཞེས་བརྗོད་ན། བོད་སྐད་སློབ་མཁན་མི་གཞན་དག་མང་པོ་ཡོད་པ་དང་། མི་གཞན་དག་མང་པོས་མི་བསླབ་པའི་གནད་དོན་གཞན་དག་མང་པོ་ཞིག་ངས་བསླབ་ཐུབ། བྱས་ཙང་། གནས་སྟངས་དེ་འདྲའི་ནང་། ངས་ “བོད་ཡིག་སློབ་མཁན་འདི་དང་འདི་ཡོད་” ཅེས་བཤད་པ་དང་། བོད་སྐད་སྦྱོང་རྒྱུ་དང་དམིགས་བསལ་བོད་ཡིག་ཐོག་མར་སྦྱོང་མཁན་ཚོར་དགེ་རྒན་གཞན་དག་ཁ་ཤས་ལ་གཏུགས་དགོས་སྐོར་ངས་ཤོད་ཀྱི་རེད།
རྩ་དོན་གཞན་ཞིག་ནི་གལ་གནད་ཆེ་ཤོས་དེ་ཇི་ལྟར་གདམ་ཀ་བྱེད་དགོས་པ་དེ་རེད། དེ་ཡང་ང་ཚོ་མི་གཞན་ཞིག་ལ་དངོས་གནས་དམིགས་བསལ་གྱི་ལས་འབྲེལ་ཞིག་ཡོད་པ་དང་། མི་དེ་རང་ཉིད་ལ་ཧ་ཅང་གོ་ཤེས་ཅན་ཞིག་ཡིན་པ་དེ་རེད། ངས་ཁྱེད་རྣམས་ལ་དཔེ་མཚོན་ཧ་ཅང་ཡག་པོ་ཞིག་ཞུ་རྒྱུ་ཡིན། ༧གོང་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཡོངས་འཛིན་དགེ་བའི་བཤེས་གཉེན་ཡོད། ད་ལྟ་ང་ཚོར་ཡོངས་འཛིན་བགྲེས་པ་༧སྐྱབས་རྗེ་གླིང་རིན་པོ་ཆེའི་ཡང་སྲིད་ཡོད། དེ་ག་ནང་བཞིན་ཡོངས་འཛིན་ཕྱག་རོགས་༧སྐྱབས་རྗེ་སེར་ཀོང་རིན་པོ་ཆེའི་ཡང་སྲིད་ཀྱང་ཡོད། སེར་ཀོང་རིན་པོ་ཆེ་ཞེས་པའི་མཚན་གནས་དེ་དོན་ངོ་མར་ཡོངས་འཛིན་ཕྱག་རོགས་མ་རེད། དེ་ནི་མཚན་ཉིད་སློབ་དཔོན་ནམ་མཚན་ཞབས་རེད། འོན་ཀྱང་དེ་དག་གི་སྐོར་ཞིབ་ཚགས་པོ་འགྲོ་མི་དགོས། ཁོང་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགེ་བའི་བཤེས་གཉེན་ཞིག་རེད། ཁོང་རྣམ་པ་གཉིས་དགུང་ལོ་གཅིག་ཙམ་ལས་ཁྱད་པར་མེད་པར་འཁྲུངས་ཡོད་ཙང་། དགུང་གྲངས་ཀྱི་ཆ་ནས་ཧ་ཅང་ཉེ་པོ་རེད། ཁོང་ཕྲུ་གུ་ཆུང་ངུ་ཕལ་ཆེར་དགུང་ལོ་གསུམ་མམ་བཞི་ཙམ་ཞིག་ཡིན་པའི་སྐབས། ༧གོང་ས་མཆོག་ནས་བོད་ཀྱི་ཀ་མད་ཐོག་མར་ཀློག་གནང་བཅུག་ཡོད། ད་གཟོད་༧གོང་ས་མཆོག་ཁོང་རྣམ་པའི་ཀ་མད་ཀྱི་དགེ་བའི་བཤེས་གཉེན་གནང་ནས་ཀློག་སྟངས་བསླབ་གནང་གི་མེད། འོན་ཀྱང་ཧ་ཅང་ཐུགས་ཉེ་བའི་འབྲེལ་ལམ་ཡོད་པའི་ཆ་ནས་ཁོང་དགེ་བའི་བཤེས་གཉེན་རྣམས་དང་མཉམ་དུ་ཡོད་པ་དང་། ཁོང་རྣམ་པའི་ཡང་སྲིད་རྙེད་སོན་བྱུང་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་ཁོང་རྣམ་ལ་ཡི་གེ་ཐོག་མར་སློབ་གནང་མཁན་ཆགས་ཡོད།
ངའི་གྲོགས་པོ་ཨེ་ལེན་ཊར་ནར་ Alan Turner ༧སྐྱབས་རྗེ་སེར་ཀོང་རིན་པོ་ཆེ་དང་ཧ་ཅང་བློ་ཐག་ཉེ་བའི་འབྲེལ་བ་ཞིག་ཡོད། ཨེ་ལེན་གྱིས་བོད་ཡིག་ནམ་ཡང་སྦྱངས་མེད། འོན་ཀྱང་སེར་ཀོང་རིན་པོ་ཆེས་ཁོང་ལ་བོད་ཀྱི་སྐད་ཡིག་གི་ས་བོན་འདེབས་པའི་ཕྱིར་སློབ་ཚན་དང་པོ་དེ་གནང་ཡོད། ཁོང་གིས་མི་གཞན་ལ་དེ་ལྟར་གནང་གི་མེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ཁོང་དང་ཧ་ཅང་ཐུགས་ཐག་ཉེ་བའི་འབྲེལ་ལམ་ཡོད་པའི་ཡོངས་འཛིན་རྣམ་པ་མ་གཏོགས་གཞན་དག་ལ་བོད་ཡིག་སློབ་འཁྲིད་གནང་མེད། བྱས་ཙང་། ང་ཚོས་གལ་ཆེ་ལོད་ཀྱི་གདམ་ཀ་དེ་ལྟར་བྱེད་དགོས། དམིགས་བསལ་དགོས་གལ་དེ་གང་རེད་དམ། གལ་ཏེ་ངས་མི་འདི་ལ་སློབ་འཁྲིད་བྱས་ན། མི་དེས་གཞན་ལ་ཕན་ཐོགས་ཇི་ཙམ་ཞིག་བསྒྲུབ་ཐུབ་བམ། ང་ཚོས་དུས་ཚོད་བཀོལ་སྤྱོད་བྱེད་སྟངས་ལ་གཞིགས་ན། ང་ཚོར་འབྲེལ་ཐག་ཉེ་པོ་ཞིག་དངོས་གནས་ཡོད་དམ། མི་དེ་ང་ལ་དངོས་གནས་གོ་ཤེས་ཅན་ཞིག་རེད་དམ། ཡང་ན་སྤྱིར་བཏང་གི་ཆ་ནས། མི་གཞན་དག་མང་པོ་མི་བྱེད་པའི་ངའི་ངོས་ནས་བྱེད་ཐུབ་པ་དང་ང་རང་གང་ལ་མཚན་ཉིད་ཚང་བ་ཡིན་ནམ། གཞན་གྱིས་ང་ཚོའི་དུས་ཚོད་སློང་བ་ཆ་བཞག་ན། ང་ཚོས་ཏོག་ཙམ་བྱས་ཏེ། དེ་ནས་སོ་སོའི་བསམ་ཚུལ་བཤད་ན་འགྲིགས། ང་ཚོ་ཁོང་ཁྲོ་ལངས་ནས། “ང་རང་གཅིག་པུ་སྡོད་འཇུག་རོགས། ཕར་རྒྱུག་” ཅེས་བརྗོད་མི་ཉན། དེ་ནི་བྱང་སེམས་སྡོམ་པ་དང་འགལ་བ་ཡིན།
དེ་ནས་དོ་སྣང་བྱེད་འོས་པ་ཞིག་ནི། ངས་རི་མགུལ་སྤྲུལ་སྐུ་མཆོག་ལ་བཀའ་འདྲི་འདི་ཞུས་ཡིན། ཁོང་བཀའ་བརྒྱུད་པའི་བླ་མ་རླབས་ཆེན་ཞིག་རེད། ཁོང་གིས། ང་ཚོས་བསམ་བློ་གཏོང་ཆོག་པའི་ཆ་རྐྱེན་གཅིག་ནི། བདེན་དོན་ལ་བསམ་ཞིབ་ཐོག་ང་ཚོ་ད་དུང་འཁོར་བའི་སེམས་ཅན་ཡིན་པ་དང་། སངས་རྒྱས་མིན་པ། སོ་སོའི་དུས་ཚོད་གལ་ཆེ་ལོད་བརྩི་སྟངས་ཀྱི་ཆ་ནས་ཀྱང་ང་ཚོས་ག་རེ་བྱ་རྒྱུ་དགའ་པོ་ཡོད་པ་དེ་ཡིན། རང་འདོད་དོན་དུ་གཉེར་བའི་ཀུན་སློང་ཅུང་ཟད་ཅིག་ནི་དངོས་གནས་འགྲིག་པ་རེད། གང་ཡིན་ཞེ་ན། དེས་ང་ཚོར་ནུས་ཤུགས་དང་སྤྲོ་སེམས་མང་བ་སྤེལ་གྱི་ཡོད། དེ་ནི་ང་ཚོའི་བསམ་ཞིབ་གཙོ་བོ་དེ་མིན་ན་འགྲིག་པ་ཡིན་ཞེས་གསུངས།
དེར་བརྟེན་གཞན་ལ་ཕན་འདོགས་པའི་ཆེད་དུ་དུས་ཚོད་ཇི་ལྟར་བེད་སྤྱོད་གཏོང་བ་དང་འབྲེལ་བའི་ཆ་རྐྱེན་མང་པོ་ཞིག་ལ་ང་ཚོས་བསམ་ཞིབ་བྱེད་ཆོག
དེ་ནས་ང་ཚོས་བསམ་ཞིབ་བྱེད་དགོས་པ་ནི། ངས་འདི་བསྲུང་ཐུབ་བམ། ངས་འདི་བྱེད་ཐུབ་བམ། གལ་ཏེ་ང་ཚོས་བྱང་སེམས་སྡོམ་པ་བླང་རྒྱུ་ཡིན་ན། ངས་དེ་བླང་ཐུབ་བམ། དེ་བསྲུང་ཐུབ་བམ་མི་ཐུབ་ཅེས་བསམ་ཞིབ་བྱེད་དགོས། འགྲིག་གི་འདུག །ང་ཚོས་རང་གིས་རང་ལ་བསྟོད་ར་དང་གཞན་ལ་ཁྱད་གསོད་བྱ་རྒྱུ་སྤོང་འདོད་ཡོད། དེ་ནི་འཐོབ་འདོད་ཀྱི་འདོད་ཆགས་དང་རྔམ་སེམས་དང་གཞན་ལ་ཕྲག་དོག་བྱེད་པའི་རྒྱུ་མཚན་གྱིས་ཡིན། འདོད་ཆགས་དང་སེར་སྣའི་དབང་གིས་ང་ཚོས་ཆོས་དང་། ནོར་། རྒྱུ་དངོས། དེ་བཞིན་དུས་ཚོད་ལ་སོགས་པ་གཞན་དང་མཉམ་སྤྱོད་མི་བྱེད་པ་ཡིན།
གལ་ཏེ་ང་ཚོས་ལེ་ལོ་དང་ཁོང་ཁྲོ་སོགས་ཀུན་སློང་གཞན་ལ་བརྟེན་ནས་ “ང་ཁྱེད་ལ་མི་དགའ་བ་སོང་ཙང་། ངས་ཁྱེད་ལ་རོགས་མི་བྱེད་ལ་མཉམ་སྤྱོད་མི་བྱེད་” ཅེས་ཆོས་མཉམ་སྤྱོད་མ་བྱས་ན། དེ་སྤོང་རྒྱུ་ནི་བྱང་སེམས་སྡོམ་པའི་ཡན་ལག་ནང་གི་གཅིག་ཡིན། དེ་ནི་བྱང་སེམས་རྩ་བའི་སྡོམ་པ་མིན། བྱས་ཙང་། དྲི་བ་ནི་དེ་ག་རེ་བྱས་ནས་རེད་དམ། གཅིག་རྩ་བའི་སྡོམ་པ་དང་གཞན་དེ་ཡན་ལག་གི་སྡོམ་པ་ག་རེ་བྱས་ནས་རེད་དམ། དེ་གང་ཡིན་ཟེར་ན། བྱང་ཆུབ་སེམས་དཔའ་ཞིག་ཡིན་པའི་ཆ་ནས་སྡོམ་པ་དེ་རང་ཉིད་ཁོ་ནས་བསྲུང་བ་ཙམ་མིན་པར། གཞན་སེམས་ཅན་ཐམས་ཅད་ལ་སྦྱིན་པའི་འདུན་སེམས་ཡོད། དེ་བས་ན་ང་ཚོར་འདོད་ཆགས་དང་སེར་སྣ་ཅན་ཆགས་པ་ཞེས་པའི་དོན་ནི། ང་རང་གཞན་དང་མཉམ་སྤྱོད་བྱེད་འདོད་མི་འདུག་ཅེས་པ་དེ་ནི་བྱང་ཆུབ་སེམས་དཔའི་དམིགས་ཡུལ་དང་འགལ་གྱི་ཡོད། སོ་སོ་ཧ་ཅང་ལེ་ལོ་ཅན་ཡིན་པ་རེད། དེ་ནི་སེམས་ཀྱི་སྒྲོམ་གཞི་རྦད་དེ་མི་འདྲ་བ་ཞིག་རེད། མ་རེད་དམ། “ངས་ཁྱོད་ལ་རོགས་པ་བྱེད་འདོད་འདུག་སྟེ། ང་རང་ལེ་ལོ་ཆེ་དྲགས་འདུག་” ཟེར་བ་ལྟ་བུ་རེད།
བྱང་སེམས་སྡོམ་པ་གསུམ་པ་ནི། ང་ཚོས་གང་ཞིག་སྤོང་དགོས་ཞེ་ན། གཞན་གྱི་བཟོད་གསོལ་ལ་མི་ཉན་པའམ། གཞན་ལ་རྡུང་རེག་གཏོང་བ་སྟེ། ཤད་སྦྱང་མི་ལེན་ཞིང་གཞན་ལ་འཚོག་པ་དེ་སྤོང་དགོས། འདིར་གནད་དོན་གཉིས་ཡོད་དེ། དང་པོ་ནི་གཞན་གྱི་བཟོད་གསོལ་ལ་མི་ཉན་པའམ་གཞན་ལ་རྡུང་རྡེག་གཏོང་བ་སྟེ། དེ་གཉིས་ཀའི་ཀུན་སློང་ནི་གཙོ་བོ་ཁོང་ཁྲོ་རེད། བྱས་ཙང་། དང་པོ་དེ་ནི་ང་ཚོས་གཞན་ཞིག་ལ་སྐད་ལོག་རྒྱག་པའམ་རྡུང་རྡེག་གཏོང་བའི་སྐབས་ཀྱི་དུས་ཚོད་དངོས་དེ་རང་ལ་གོ་བ་ཡིན། དཔེར་ན། ང་ཚོའི་ཕྲུ་གུ་སྤྱོད་པ་འཚུབ་པོ་ལྟ་བུ་དང་། མི་དེས་བཟོད་གསོལ་ཞུ་བའམ་མི་གཞན་ཞིག་གིས་ཞུ་བ་དཔེར་ན། སོ་སོའི་ཆུང་མ་ལྟ་བུས་མཚམས་འཇོག་དགོས་པའི་ཞུ་བ་བྱེད་པ་དང་། ང་ཚོས་ངོས་ལེན་མི་བྱེད་པ་ལྟ་བུ་རེད། གཞན་དེ་ནི་མི་གཞན་ཞིག་ལ་རྡུང་རྡེག་གཏོང་བ་ཙམ་དེ་རེད། ང་ཚོས་འཁོན་འཛིན་བྱེད་པའི་སྐབས། དོན་རྐྱེན་དངོས་དེ་ཚར་བའི་རྗེས་སུ་གཞན་གྱི་བཟོད་གསོལ་ལ་ངོས་ལེན་མི་བྱེད་པ་ནི་བྱང་སེམས་སྡོམ་པའི་ཡན་ལག་ཆགས་ཀྱི་ཡོད། དེ་འདྲ་སོང་ཙང་། སྐབས་འདིར་གནས་སྟངས་གཉིས་ཡོད། ཁྱེད་ཀྱིས་མཁྱེན་གསལ་ལྟར། ང་ཚོས་མི་ཞིག་ལ་སྐད་ལོག་རྒྱག་པ་དང་། རྡུང་རྡེག་གཏོང་བ། ཁོང་ཁྲོའི་དབང་གིས་ཧ་ཅང་བརྙས་པའི་སྐབས། མི་དེས། “སྐུ་མཁྱེན། ང་ལ་སྐད་ལོག་རྒྱག་རྒྱུ་མཚམས་འཇོག་གནང་རོགས།” ཞེས་བཟོད་གསོལ་ཞུ་བ་ལྟ་བུ་རེད། དེའི་ཚེ་དེའི་དུས་སུ་ཁོང་ཁྲོ་ལངས་ནའང་། བྱང་ཆུབ་སེམས་དཔའ་ཞིག་ཡིན་པ་གསལ་པོ་རེད། མི་གཞན་དེས། “སྐུ་མཁྱེན། མཚམས་འཇོག་ནང་རོགས། དགོངས་དག་” ཅེས་བརྗོད་ཀྱི་ཡོད། ང་ཚོས་མཚམས་འཇོག་བྱེད་པ་དང་དགོངས་པ་དག་པར་བྱེད་དགོས་ཤིང་། ཁོང་ཚོའི་བཟོད་གསོལ་ལ་ངོས་ལེན་བྱེད་དགོས། མ་གཞི་ནས་ཨིན་སྐད་ནང་གི་ forgive དགོངས་ཡངས་གནང་བ་ནི་བསམ་བློ་ཁྱད་མཚར་པོ་ཞིག་རེད། མ་རེད་དམ། ངས་ཐ་ན་བོད་སྐད་ནང་གི་ཚིག་དགོངས་ཡངས་ཞེས་པ་དེ་ལ་བསམ་བློ་གཏོང་ཐུབ་ཀྱི་མི་འདུག །གཞི་རྩའི་ཆ་ནས་བཤད་ན། དེ་ནི་ཁོང་ཁྲོ་ཟ་རྒྱུ་དང་གཞན་ལ་རྡུང་རྡེག་གཏོང་རྒྱུ་མཚམས་འཇོག་བྱེད་པ་དེ་རེད། དགོངས་ཡངས་ཞེས་པ་དེས་མི་གཞན་དེ་ལས་ཀྱི་རྗེས་འབྲས་དང་ཁ་བྲལ་བར་བྱེད་པ་དེ་ང་ཚོའི་དབང་ཤུགས་ལ་རག་ལུས་པ་ལྟ་བུའི་བྱ་བ་བྱེད་ཀྱི་ཡོད། དེ་ནི་ནང་པའི་ལྟ་བ་མིན། བྱས་ཙང་། དེ་ནི་ང་ཚོས་དངོས་སུ་སྐད་ལོག་རྒྱག་པ་སོགས་བྱེད་པའི་དུས་སྐབས་དེའི་ཚེ་ན། ང་ལ་ཁོང་ཁྲོ་ཟ་བ་དང་། སྐད་ལོག་རྒྱག་པ། རྡུང་རྡེག་གཏོང་བ། ངོས་ལེན་མི་བྱེད་པ་བཅས་མཚམས་འཇོག་བྱེད་པ་ཙམ་དེ་ཡིན།
བྱང་སེམས་སྡོམ་པའི་ཡན་ལག་ནི་ཕྱི་མ་དང་འབྲེལ་བ་ཡིན། ང་ཚོས་ད་དུང་མི་གཞན་ལ་ཁོང་ཁྲོ་ཟ་བ་དང་།་འཁོན་འཛིན་བྱེད་བཞིན་ཡོད། ཕྱིས་སུ་ང་ཚོས། “དགོངས་དག་” ཟེར་གྱི་ཡོད། དེའི་ཚེ་ང་ཚོས་བཟོད་གསོལ་ངོས་ལེན་མི་བྱེད་པའམ། ཡང་ན་འཁོན་འཛིན་དང་ཁོང་ཁྲོ་གློད་གཏོང་དགོས། ངའི་བསམ་པར། སྐབས་འདིར་ཁྱད་པར་ནི། དཔེར་ན། གཞན་ལ་སྐད་ལོག་རྒྱག་པ་དང་། རྡུང་རྡེག་གཏོང་བ། ཡང་ན་དེའི་ཕྱོགས་སུ་གནོད་པའི་བྱ་སྤྱོད་སྤེལ་བ་ལྟ་བུ་ང་ཚོས་མི་དགེ་བའི་ལས་ཤིག་བྱེད་པར་སྐུལ་བའི་ཁོང་ཁྲོ་ཤུགས་ཆེ་བ་ཞིག་ཡོད་པ་དང་། གནས་སྟངས་གཞན་དེ་ནི། འཁོན་དུ་འཛིན་པ་སྟེ། ཁོང་ཁྲོ་རང་གི་སེམས་ཁོང་དུ་ཉར་ནས་དངོས་སུ་ཁོང་ཁྲོ་ཕྱིར་མི་བཏོན་པ་དེ་རེད། འགྲིག་སོང་ངམ།
རྒྱུ་མཚན་དེ་ལྟ་བས་ན། གལ་ཏེ་ཁྱེད་རང་གཞན་ལ་ཕན་འདོགས་འདོད་ཡོད་ན། གནས་སྐབས་རིང་ཁོང་ཁྲོ་བཟས་ནའང་། ང་ཚོས་ཁོང་ཁྲོའམ་འཁོན་འཛིན་དེ་སྤོང་དགོས། སྡོམ་པ་འདིའི་རྣམ་པ་གཞན་དེ་ནི། གཞན་ལ་གཞུ་རྡེག་སྤོང་རྒྱུ་དེ་རེད། འདི་ནི་ཁོང་ཁྲོའི་དབང་གིས་གཞན་ལ་རྡེག་གི་ཡོད། གཞན་ལ་གཞུ་རྡེག་གཏོང་དགོས་གལ་དང་དེས་ཕན་གྱི་ཡོད་པའི་གནས་སྟངས་དེ་འདྲ་ཡོང་སྲིད་ནའང། དེ་ཁོང་ཁྲོའི་དབང་གིས་བྱ་མི་ཉན། ང་ཚོས་འདིར་རྒྱ་གར་གྱི་དཔེ་མཚོན་ཞིག་འཇོག་ལོས་ཆོག །ཁྱེད་ཀྱིས་སོ་སོར་མ་ཧེ་ཞིག་ཡོད་པ་དེ་གོམ་པ་སྤོས་ནས་ས་ཆ་ཞིག་ལ་འགྲོ་འཇུག་པར། ཁྱེད་ཀྱིས་མ་ཧེ་དེའི་རྒྱབ་ལ་ཐལ་ལྕག་གཞུ་དགོས་སྲིད། གལ་ཏེ་ཁྱེད་ཀྱིས་མ་ཧེ་དེ་ལ། “སྐུན་མཁྱེན། དེའི་ཕྱོགས་སུ་འགྲོ་རོགས།” ཞེས་བརྗོད་པ་ཙམ་གྱིས་ཕལ་ཆེར་གོ་ཚོད་ཀྱི་མ་རེད། དེ་ནི་ཁོང་ཁྲོའི་དབང་གིས་མ་ཧེ་ལ་གཞུ་རྡེག་གཏོང་བ་མིན། མ་ཧེ་ནི་རྒྱ་གར་དང་བལ་ཡུལ་གྱི་ས་ཕྱོགས་གང་སར་ཡོད་པའི་དུད་འགྲོ་སེམས་ཅན་གྱི་རིགས་ཤིག་ཡིན། དེ་ནི་ཧ་ཅང་ཆེན་པོ་ཡོད་པ་དང་བ་ཕྱུགས་ལས་ཀྱང་ཆེ་བ་ཡོད། དེའི་ཁ་དོག་ནག་པོ་དང་རྭ་ཅོག་ཡོད་པ། འོ་མ་འབེལ་འབེལ་ལྷུག་ལྷུག་སྤྲོད་ཀྱི་ཡོད། བྱས་ཙང་། ཁྱེད་ལ་མ་ཧེ་མེད་སྲིད་ལ་ཁྱེད་ཀྱིས་མ་ཧེ་ཟེར་བ་དེ་གང་ཡིན་སྐོར་ལའང་ཆ་རྒྱུས་མེད་སྲིད། ང་ཚོ་མང་ཆེ་བར་གཞུ་རྡེག་བཏང་ནས་འགྲོ་འཇུག་དགོས་པའི་མ་ཧེ་དང་། རྟ། རྔ་མོང་སོགས་མེད། འོན་ཀྱང་སྐབས་རེར་ཕྲུ་གུ་ཧ་ཅང་སྤྱོད་པ་འཚུབ་པོ་ཞིག་ལ་མཚོན་ན། ཕྲུ་གུ་དེ་མོ་ཊའི་འགྲོ་ལམ་དང་སྲང་ལམ་དུ་རྒྱུག་ནས་འགྲོ་བའི་སྐབས། ཕྲུ་གུ་དེ་མོ་ཊས་བརྡུང་བ་སོགས་ཀྱི་ཉེན་ཁ་ཡོད་པས། ང་ཚོས་ཕྲུ་གུ་དེ་དམ་པོ་བཟུང་ནས་དྲག་ཤུལ་ཏོག་ཙམ་བྱེད་དགོས་པའམ། ཡང་ན་གཞུ་རྡེག་བཏང་ནས་མ་འགྲོ་ཞེས་བརྗོད་དགོས་ཐུག་གི་ཡོད། དེ་ནི་ཁོང་ཁྲོའི་དབང་གིས་བྱས་མེད། སོང་ཙང་སླར་ཡང་ལས་སྣ་ཚོགས་པའི་འབྲས་བུ་དེ་རང་སོ་སོའི་ཀུན་སློང་ལ་ཤུགས་ཆེར་རག་ལུས་ཡོད་པ་དང་། འདིར་ཀུན་སློང་ནི་ཁོང་ཁྲོ་དང་འཁོན་སེམས་རེད། ང་ཚོས་མི་གཞན་དེ་ལ་གནོད་འདོད་ཡོད། དུས་སྐབས་དེ་འདྲའི་ནང་། གལ་ཏེ་མི་དེས། “སྐུ་མཁྱེན། དེ་འདྲ་མ་གནང་རོགས། མཚམས་འཇོག་གནང་རོགས།” ཞེས་བརྗོད་ན། ང་ཚོས་ངོས་ལེན་བྱེད་ཀྱི་མེད། དེས་སྡོམ་པ་དང་འགལ་བའི་ལས་བྱེད་ཀྱིན་ཡོད། བྱས་ཙང་། དེ་ནི་བྱང་སེམས་སྡོམ་པ་གསུམ་པ་དེ་རེད།།