ངོ་སྤྲོད།
ཐུན་མོང་སྔགས་ཀྱི་རྩ་བའི་སྡོམ་པ་དང་དམིགས་བསལ་དུས་འཁོར་དང་འབྲེལ་བ་གཉིས་ཀའི་ནང་སྒོམ་ཉམས་ལེན་ལ་གནོད་པ་དང་བླ་མེད་རྒྱུད་ཀྱི་ལམ་འགྲིམ་པའི་སྐབས་བར་ཆད་བྱེད་པའི་སྦོམ་པོ་བརྒྱད་སྤོང་བའི་དམ་བཅའ་ཞིག་ཡོད། ང་ཚོས་ཉེས་ལྟུང་འབྱུང་བར་བྱེད་པའི་གྲོགས་སུ་ཀུན་དཀྲིས་ཀྱི་གྲངས་དང་ཤུགས་ཀྱི་ཚད་དང་མཐུན་པ་ཡིན། ང་ཚོས་སྤོང་བར་དམ་བཅའ་བའི་བྱང་སེམས་སྡོམ་པའི་ཡན་ལག་གི་ཉེས་པའི་ལས་སམ་ཉེས་བྱས་ཞེ་དྲུག་ལས། ཀུན་དཀྲིས་བཞི་པོ་ཚང་བའི་སྒོ་ནས་བརྒྱད་ཀྱི་ཉེས་པ་བྱུང་བས་སྔགས་སྡོམ་སྤོང་བ་མིན།
སྦོམ་པོའི་ལྟུང་བ་བརྒྱད། ༼སྦོམ་པོ་བརྒྱད།༽
༡། སྟོབས་ཀྱིས་ཤེས་རབ་མ་བདག་གིར་བྱེད་པ། ༼དམ་ཚིག་དང་མི་ལྡན་པའི་རིག་པ་བསྟེན་པའམ་ཤེས་རབ་སྟོབས་ཀྱིས་ལེན་པ།༽ སྐབས་འདིར་ཤེས་རབ་ཅེས་པ་ནི་བུད་མེད་ཀྱི་མིང་གཞན་ཞིག་ཡིན། ཡབ་ཡུམ་ཟུང་འབྲེལ་གྱི་སྒོ་ནས་བྱུང་བའི་བདེ་བ་དང་དགའ་བ་ལ་བརྟེན་ནས་འཁྲིག་སྦྱོར་གྱི་ཚོར་བ་མཐར་ཐུག་གི་ཁུ་བ་མི་འབྱིན་པར་སྐྱེས་པས་སྟོང་ཉིད་ཀྱི་བདེ་བའི་ཡེ་ཤེས་འཕེལ་རྒྱས་གཏོང་བ་དང་། བུད་མེད་ནས་ཀྱང་གཅིག་མཚུངས་སུ་སྐྱེས་པ་ཟུང་འབྲེལ་ཐོག་འཁྲིག་སྦྱོར་གྱི་ཚོར་བ་མཐར་ཐུག་མི་གློད་པར་བདེ་བ་དགའ་བ་ཐོབ་པར་བྱེད་ཐུབ། དེ་ཡང་དོན་ངོ་མར་བུད་མེད་ཀྱི་ལུས་རྟེན་ལ་བརྟེན་ནས་དེ་ལྟར་སྒྲུབ་ཐུབ།
སྦོམ་པོའི་ལྟུང་བ་འདི་ལ་གདམ་ཀའི་སྒོ་ནས་མཚན་ཉིད་མི་ཚང་བའི་ཕྱག་རྒྱའམ་རིག་མར་བསྟེན་པ་ཞེས་ཀྱང་བརྗོད། བུད་མེད་ཀྱི་མིང་ལ་ཕྱག་རྒྱ་དང་རིག་མ་ཞེས་ཀྱང་ཟེར། དེ་དག་གིས་འོད་གསལ་གྱི་སེམས་དང་ལྷན་དུ་ཕྱག་རྒྱ་ཆེན་པོ་རྟོགས་པར་རོགས་བྱེད་ཀྱི་ཡོད། སྔ་འགྱུར་རྙིང་མའི་ལུགས་ཀྱི་རྫོགས་པ་ཆེན་པོ་ལྟར་བྱས་ན། རིག་པ་དང་དོན་གཅིག་ཡིན། དུས་འཁོར་གྱི་རྩ་ལྟུང་དྲུག་པ་ལྟར་ན། ཐ་མལ་པའམ་སོ་སོ་སྐྱེ་བོ་ཕོ་མོའི་དབར་གྱི་འཁྲིག་སྤྱོད་ཀྱི་ལས་ལ་བརྟེན་ནས་བདེ་བའི་ཁུ་བ་ཕྱི་འབྱིན་པ་དེ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལྟར་འཛིན་པ་དེས་སྔགས་ཀྱི་ཉམས་ལེན་ལ་མཐའ་གཅིག་ཏུ་ནུས་མེད་བཟོ་གི་ཡོད། གནད་དོན་འདིས་སྐབས་འདི་དང་རྗེས་ཀྱི་སྦོམ་པོའི་ལྟུང་བའི་དོན་རྟོགས་པའི་སྐོར་སྟོན་གྱི་ཡོད་པ་ནི་དུས་འཁོར་དང་བླ་མེད་ཀྱི་རྒྱུད་ཀྱི་ལམ་ལུགས་གཞན་དུའང་ཡོད། སྟོང་ཉིད་ཀྱི་བདེ་བའི་ཡེ་ཤེས་ཀྱི་གནས་ཚད་དང་ལྡན་པ་ཞིག་མེད་ནའང་། ཁུ་བ་མ་འབྱིན་པའི་འཁྲིག་སྤྱོད་ཀྱི་བདེ་འཕེལ་རྒྱས་གཏོང་ཐུབ་པ་དང་། ང་ཚོར་རྩ་རླུང་ལ་མཁས་པར་བྱས་ཏེ་རྣལ་འབྱོར་གྱི་ཐབས་ལ་བརྟེན་ནས་ཐོབ་པའི་ནུས་པ་མེད་ཀྱང་། ཟུང་འབྲེལ་དུ་འཁྲིག་སྤྱོད་སྐབས་ཁུ་བ་འབྱིན་པར་འཛེམ་པའི་ཆེད་གང་ཟག་གང་ཞིག་སྔགས་སྡོམ་དང་ལྡན་པ་དེས་རང་བཞིན་གྱིས་ཡིད་སྨོན་དང་རིམ་པ་དེར་འཐོབ་འདོད་ཟོལ་མེད་བྱེད་ངེས་རེད། ང་ཚོས་འཁྲིག་སྤྱོད་ཀྱི་མི་ཚེ་ལྟ་ཚུལ་འདིའི་ནང་དུ་ཡོད་པར་ཆ་འཇོག་བྱེད་དགོས།
དམ་བཅའ་འདི་ཞན་དུ་མི་འགྲོ་བའི་ཆེད་ང་ཚོའི་འཁྲིག་སྤྱོད་མཉམ་དུ་བྱེད་མཁན་དེས་འཁྲིག་སྤྱོད་ཐད་བསམ་ཕྱོགས་མཉམ་སྤྱོད་བྱ་རྒྱུ་གལ་ཆེ། འཁྲིག་སྤྱོད་བྱེད་རོགས་མཚན་ཉིད་དང་མི་ལྡན་པ་ནི། གང་ཟག་གང་ཞིག་འཁྲིག་སྤྱོད་དེ་སྔགས་ཀྱི་ལུགས་ལྟར་ལྟ་ཚུལ་མི་འཛིན་མཁན་དེ་ཡིན། ལྷག་པར་དུ་ང་ཚོའི་འཁྲིག་སྤྱོད་ཀྱི་ཟླ་རོགས་དེ་དབང་ཐོབ་དགོས་པ་དང་། སྔགས་སྡོམ་སྲུང་དགོས་པ། ཉམས་ལེན་དང་ལྷན་དུ་དམ་ཚིག་སྲུང་དགོས་ཀྱི་ཡོད། གལ་ཆེ་ཤོས་ཤིག་ནི། ཕོ་མོ་གཉིས་ཀས་དུས་འཁོར་ལུགས་ཀྱི་རྩ་བའི་སྡོམ་པ་ལྔ་པ་ཡང་དག་པར་བསྲུང་དགོས་ཤིང་། འཁྲིག་སྤྱོད་ཕལ་པར་མི་འཛིན་པ་དང་། ཁུ་བ་འབྱིན་པའི་བདེ་བ་དེ་ཆོས་ཕྱོགས་འདྲ་ཞིག་གམ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་བྱེད་ཀྱི་ལམ་ལྟ་བུར་ཆ་འཇོག་བྱ་རྒྱུ་མེད།
ང་ཚོས་སྔགས་ལུགས་ལྟར་འཁྲིག་སྦྱོར་ལ་ལྟ་བ་དང་། སོ་སོའི་འཁྲིག་སྦྱོར་སྐབས་ཀྱི་ཟླ་རོགས་དེས་བརྩེ་བ་དང་བདེ་ཐང་ཙམ་མཉམ་སྤྱོད་བྱེད་འདོད་ཡོད་སྐབས། ཕྱོགས་གཉིས་ཀའི་བསམ་ཕྱོགས་གཞི་མཐུན་མི་སྲིད་པ་ཡིན་པ་ཚོར་དགོས་དོན་མེད། གང་གི་ཟླ་རོགས་དང་ཟུང་འབྲེལ་གྱི་སྟོང་ཉིད་ཀྱི་བདེ་བའི་ཡེ་ཤེས་འཕེལ་རྒྱས་གཏོང་བ་དེ་བརྩེ་བ་མཉམ་སྤྱོད་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་རྨང་གཞིར་བྱས་ཡོད། འོན་ཀྱང་སོ་སོའི་འཁྲིག་སྦྱོར་སྐབས་ཀྱི་ཟླ་རོགས་དེ་འཁྲིག་སྤྱོད་ཀྱི་བདེ་བ་ལ་འདོད་ཆགས་དང་འདོད་རྔམ་གྱིས་སེམས་ཡོངས་སུ་མནན་ཡོད་པ་ཁོ་ནའམ། ཡང་ན་སེམས་ཁམས་མི་བདེ་བའི་གནས་སྟངས་གསོ་བའི་ཆེད་འཁྲིག་སྦྱོར་གྱི་ཚོར་བའི་མཐར་ཐུག་གི་བདེ་ཞིག་མྱོང་བར་བལྟས་ན། ང་ཚོ་ལས་སླ་པོའི་ངང་སེམས་ཚོར་དང་བློའི་ཁྱེར་སོ་དེ་འདྲའི་དབང་དུ་ཤོར་ནས་སོ་སོའི་ལྟ་ཚུལ་བརླག་འགྲོ་བ་ཡིན།
གལ་ཏེ་ང་ཚོར་འཁྲིག་སྤྱོད་བྱེད་རོགས་ཤིག་ཡོད་པ་དང་གསང་སྔགས་ཀྱི་ཉམས་ལེན་ལ་ཞུགས་པ་དང་། ཁོའམ་མོ་ལ་དེ་ལྟར་མེད་པའི་སྐབས་སུ་ཟླ་རོགས་དེ་སྤོང་ངེས་མ་རེད། ཡང་ན་སྔགས་སྡོམ་བསྲུང་མཁན་ཞིག་དང་མཉམ་དུ་འཁྲིག་སྤྱོད་དམ་གཉེན་སྒྲིག་ཟིན་ནའང་ད་དུང་འབྲེལ་བ་འཕར་མ་མི་བྱེད། དེ་ག་ནང་བཞིན་སོ་སོའི་ཟླ་རོགས་དེ་ནང་པར་བསྒྱུར་ནས་དབང་ཞུ་དགོས་ཞེས་གནོན་ཤུགས་སྤྲོད་མི་དགོས། ཕྱོགས་གཞན་ཞིག་ནས་རང་གི་སེམས་ནང་ཞེ་འཁོན་ཡོད་པའི་སྐབས་ང་ཚོས་གང་ཟག་དེ་ཆོས་ཉམས་ལེན་གྱི་ཆེད་བེད་སྤྱོད་བྱེད་པ་དང་། སོ་སོའི་ཚོར་བ་ལ་དྲང་པོ་མི་བྱེད་པ། མི་འདོད་བཞིན་དུ་འགན་འཁྲི་ཡིན་པ་ལྟར་འཁྲིག་སྤྱོད་བྱེད་མི་ཉན། ང་ཚོས་བྱང་སེམས་ཀྱི་སྡོམ་པ་དང་རྩ་འཛིན་ལམ་སྟོན་ཁག་ལ་བལྟ་དགོས། སོ་སོའི་ཟླ་རོགས་དེ་གོ་ཤེས་ལྡན་པའི་ཐོག་སྔགས་དང་ནང་ཆོས། དེ་བཞིན་སོ་སོ་རང་ཉིད་བཅས་ལ་ཞེ་གཏིང་ནས་ལོག་པ་སོང་ཙང་། གལ་ཏེ་ང་ཚོས་ཁེངས་དྲེགས་ཀྱིས་ཟླ་རོགས་དང་མཉམ་དུ་ཉལ་རྒྱུ་དེ་ཆོ་མེད་པ་དང་རན་པོ་མེད་པ་ལྟར་ཐེར་འདོན་བྱས་ན། མ་མཐར་ཡང་ང་ཚོས་དེ་ལྟར་མི་འབྱུང་བའི་ཆེད། མུ་མཐུད་བྱམས་པ་དང་སྙིང་རྗེས་ཀུན་ནས་བསླངས་པའི་གང་ཟག་དེ་དང་མཉམ་དུ་འཁྲིག་སྤྱོད་བྱེད་ཀྱི་རེད། དེ་ནས་དམ་བཅའ་ཅན་གྱི་བྱང་ཆུབ་སྨོན་པའི་སེམས་འཕེལ་རྒྱས་གཏོང་ཆེད་ཀྱི་ཉམས་ལེན་ལ་བརྟེན་ནས། སོ་སོའི་ཟླ་རོཌ་ཀྱི་དགེ་བའི་ལས་དཔེར་ན། ང་ཚོ་ལ་བྱམས་བརྩེ་དང་བདེ་སྐྱིད་སྟེར་འདོད་ཡོད་པ་ལྟ་བུ་ལ་འགྱོད་པ་སྐྱེ་བའི་རྒྱུ་མི་བྱེད་པར། དེའི་ཚབ་ཏུ་གལ་ཏེ་གོ་ཤེས་ཅན་ཡིན་ན། ང་ཚོས་འཇམ་པོའི་སྒོ་ནས་གང་ཟག་དེའི་སྐྱོན་གྱི་ཆ་ལས་ཐར་བ་དང་ནུས་པའི་ཆ་རྟོགས་པའི་ཆེད་སེམས་ཤུགས་སྤར་དགོས། དེ་ཡང་ནུས་ལྡན་གྱི་ཐབས་ལམ་བརྒྱུད་ནས་སེམས་ཤུགས་སྤར་དགོས་པ་མ་གཏོགས་འཁྲིག་སྤྱོད་ཕལ་པ་ལ་བརྟེན་ནས་མ་ཡིན། དེའདྲའི་ལམ་ནས་ང་ཚོས་བསམ་ཕྱོགས་གཉིས་ཀྱི་སྒོ་ནས་འཁྲིག་སྤྱོད་ཐད་བསམ་བློ་གཏོང་ཐབས་དང་། གལ་ཏེ་གཅིག་པ་མིན་ནའང་། དེ་དང་རྗེས་སུ་མཐུན་པ་ཞིག་བཟོ་དགོས།
༼དམ་བཅའ་ཅན་གྱི་བྱང་ཆུབ་སེམས་ཀྱི་བསླབ་བྱ་ཞེས་པར་གཟིགས།༽
གཞན་ཡང་ནུས་ལྡན་གྱི་འཁྲིག་སྤྱོད་ཟླ་རོགས་དེ་ཕྲ་བའི་སེམས་ཁམས་ཀྱི་གནོན་ཤུགས་ཡང་ན་བཙན་ཤུགས་གང་རུང་གི་སྒོ་ནས་བློ་འདོད་མེད་ཀྱང་འཁྲིག་སྤྱོད་ཀྱི་ལས་བྱེད་དུ་འཇུག་པ་ཞིག་དགོས། སྔ་མའི་དཔེ་བཞག་ན། ཆོས་ཀྱི་གནས་ཚད་མཐོན་པོ་ཡོད་ཅེས་གང་ཟག་དེར་ངོ་བསྟོད་དང་བཅས་རང་ཉིད་ལ་རོགས་བྱེད་བཞིན་ཡོད་པ་དང་། གསང་སྔགས་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོ། ལམ་མཐོན་པོར་སླེབས་ནས་གཞན་ཕན་དེ་ལས་ཀྱང་རྒྱ་ཆེ་བ་སྒྲུབ་ཀྱི་ཡོད་ཚུལ་བརྗོད་པ་ལྟ་བུ་རེད། བཙན་སྐུལ་གྱིས་འཁྲིག་སྤྱོད་བྱེད་དུ་འཇུག་པའི་ནང་། གང་ཟག་དེ་ལ་རྡེག་པ་དང་། རང་གི་དབང་འོག་ཏུ་འཇུག་པའམ། ཡང་ན་ངོ་ཚ་ཁ་སྐྱེངས་བཟོ་བ་བཅས་ཡིན་སྲིད།
ནུས་ལྡན་གྱི་འཁྲིག་རོགས་དེ་དབང་ཐོབ་པ་དང་། སྔགས་སྡོམ་བསྲུང་བ། འཁྲིག་སྤྱོད་ཐོག་ལྟ་ཚུལ་མཉམ་སྤྱོད་བྱེད་ཀྱང་། གལ་ཏེ་ང་ཚོས་གང་ཟག་དེར་དུས་དང་གནས་སྐབས་འོས་འཚམ་མིན་པའི་སྐབས་འཁྲིག་སྤྱོད་བྱེད་དགོས་ཞེས་བཙན་དབང་བྱས་ན། ང་ཚོར་སྦོམ་པོའི་ལྟུང་བ་དང་པོ་དེ་འབྱུང་བ་ཡིན། དེ་ཡང་གང་ཟག་དེ་ནད་པ་ཡིན་པ་དང་། གཞན་གྱིས་བདག་ཏུ་བཟུང་བ། གཞན་ཞིག་གི་ལྟ་སྐྱོང་འོག་ཏུ་ཡོད་པ། སྤྱོད་ལམ་དེ་ལྟ་བུ་བྱེད་མི་ཆོག་པའི་སྡོམ་པ་གཞན་བསྲུང་བཞིན་ཡོད་པ། ངོ་ཚ་བའམ་འདོད་འདུན་མེད་པའི་སྐབས་ཡིན་ན། དེ་འདྲ་ཡོང་སྲིད་པ་ཡིན། དེ་ག་ནང་བཞིན་རྩ་བའི་ལམ་སྟོན་དེ་དག་ཐམས་ཅད་ང་ཚོའི་སྤྱིར་བཏང་གི་འཁྲིག་པའི་སྤྱོད་ཚུལ་ལ་ལག་བསྟར་བྱེད་ཀྱི་ཡོད།
༢། ཤེས་རབ་མའི་བདུད་རྩི་བཙན་དབང་གིས་བདག་གིར་བྱེད་པ། ༼མཚན་ཉིད་དང་མི་ལྡན་པའི་རིག་མ་ལས་རང་སྟོབས་ཀྱིས་བདུད་རྩི་ལེན་པ།༽ སྦོམ་པོའི་ལྟུང་བ་འདི་ལ་འདུ་ཤེས་གསུམ་དང་བྲལ་བའི་སྒོ་ནས་འཁྲིག་པར་སྤྱོད་པ་ཞེས་ཀྱང་ཟེར། འདི་ནི་སྔགས་ཀྱི་འགྲོ་སྟངས་ཀྱི་རྗེས་སུ་མི་འབྲང་བར་གཞན་དང་མཉམ་དུ་སོ་སོའི་བསམ་ཕྱོགས་མཉམ་སྤྱོད་བྱེད་བཞིན་དུ་འཁྲིག་སྤྱོད་བྱེད་པའི་དོན་ཡིན། སྟོང་ཉིད་ཀྱི་བདེ་བའི་ཡེ་ཤེས་འཕེལ་རྒྱས་གཏོང་བའི་ཆེད་ཟུང་འཇུག་གི་བདེ་བ་བེད་སྤྱོད་བྱེད་པའི་སྐབས། དེ་ཡང་ཟླ་རོགས་དང་མཉམ་དུ་ལུས་འབྲེལ་དངོས་སུ་བྱེད་པའམ་རང་གི་བསམ་བློའི་ནང་དམིགས་རྣམ་དུ་བྱེད་པ་གང་ཡིན་རུང་ང་ཚོས་སོ་སོའི་ལུས་ངག་ཡིད་གསུམ་པོ་ཟག་པ་མེད་པར་ངོས་བཟུང་དང་ཆ་འཇོག་བྱེད་ཀྱི་ཡོད། དེ་ལ་ང་ཚོས་‘འདུ་ཤེས་གསུམ་’ཞེས་བརྗོད་ཀྱི་ཡོད། བློའི་ཁྱེར་སོ་དེ་འདྲ་ཞིག་མེད་པའི་སྒོ་ནས་ཟུང་འཇུག་གི་བདེ་བས་འདོད་པ་དང་ཆགས་སེམས་ཁོ་ན་འཕེལ་རྒྱས་གཏོང་བ་ལས་སྟོང་ཉིད་ཀྱི་བདེ་བའི་ཡེ་ཤེས་འཕེལ་རྒྱས་མི་གཏོང་བ་ཡིན།
དང་པོ། ཟུང་འཇུག་སྐབས་སུ་ང་ཚོའི་སེམས་ཀྱི་གནས་བབས་དེ་རིམ་པ་གང་གི་ཐོག་ནས་ང་ཚོས་རྒྱུན་འཛིན་བྱེད་ཐུབ་ཀྱང་། དེ་ནི་སྟོང་ཉིད་ཀྱི་བདེ་བའི་ཡེ་ཤེས་ཡིན། ང་ཚོའི་འཁྲིག་སྤྱོད་ཀྱི་བྱ་བ་དེ་མི་གཞན་དང་བསྡུར་ན་རིམ་གང་དུ་ཡོད་པ་ལྟ་བུའི་བསམ་བློ་དང་སེམས་འཁྲལ་ཕལ་པའི་རིགས་འཛིན་གྱི་མེད།
གཉིས་པ། ང་ཚོའི་ངག་ནས་གང་བརྗོད་པ་དེ་རྨོངས་སེམས་ཀྱིས་མི་འཛིན་པའི་སྐབས་ཀུན་རྫོབ་ཏུ་ཅི་ལྟར་ཡོད་པ་ལྟར་ཆོས་རྣམས་ལ་མིང་འདོགས་ཀྱི་ཡོད། འོན་ཀྱང་དེ་ནི་སྟོང་ཉིད་ཀྱི་བདེ་བའི་ཡེ་ཤེས་དེ་གཅིག་གིས་འདོགས་ཀྱི་ཡོད། ང་ཚོས་དེ་མཚོན་པར་བྱེད་པར་སེམས་ཀྱི་རྣམ་པ་གཅིག་བེད་སྤྱོད་བྱེད་ཀྱི་ཡོད། དེ་ཡང་གཏིང་ཟབ་པོའི་ཐོག་ནས་ད་དུང་ཡང་སྟོང་ཉིད་ཀྱི་བདེ་བའི་ཡེ་ཤེས་དེ་ཡིན་པ་དང་། སོ་སོ་རང་ཉིད་དང་རང་གི་ཟླ་རོགས་ཀྱི་འཁྲིག་སྦྱོར་གྱི་དབང་པོ་གཉིས་ཕན་ཚུན་བརྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་དམིགས་རྣམ་བྱེད་པར། ས་བོན་གྱི་ཡི་གེ་ནས་རྡོ་དྲིལ་གྱི་རྣམ་པའི་ཐོག་མཚོན་པར་བྱེད། རྡོ་རྗེ་དང་དྲིལ་བུ་གཉིས་ནི་སྔགས་ཉམས་ལེན་གྱི་ནང་རྒྱ་ཆེར་བེད་སྤྱོད་བྱེད་ཅིང་། དེ་གཉིས་ཀྱིས་བདེ་བའི་ཡེ་ཤེས་དང་སྟོང་ཉིད་རྟོགས་པའི་ཤེས་རབ་མཚོན་གྱི་ཡོད། ང་ཚོས་ས་བོན་གྱི་ཡི་གེས་རྟགས་བཀོད་པའི་རྡོ་དྲིལ་གཉིས་བློའི་འདོགས་བྱ་ཡང་དག་པའི་བརྡ་དོན་དུ་དམིགས་རྣམ་བྱེད་ཀྱི་ཡོད། ཟག་པ་དང་རྗེས་མཐུན་གྱི་འདོད་ཆགས་ལ་བརྟེན་ནས་ང་ཚོས་འཁྲིག་སྦྱོར་གྱི་དབང་པོ་དེ་ཡུད་ཙམ་ལས་མི་གནད་པའི་འཁྲིག་སྦྱོར་གྱི་བདེ་བ་མཐར་ཐུག་དེ་ཐོབ་བྱེད་ཀྱི་འདོད་པའི་ཡུལ་དུ་བློས་འདོགས་ཀྱི་ཡོད། ཟག་པ་དང་བྲལ་བ་ན། དེ་དག་དེ་ལས་ཀྱང་ཡང་དག་པའི་ཚུལ་གྱིས་བློས་འདོགས་པ་སྟེ། སྟོང་ཉིད་ཀྱི་བདེ་བའི་ཤེས་རབ་འཕེལ་རྒྱས་གཏོང་བ་ལ་ཕན་པའི་ཡུལ་དུ་འདོགས་པ་ཡིན།
གསུམ་པ། ང་ཚོའི་ལུས་པོ་དང་རང་གི་ཟླ་རོགས་ཀྱི་ལུས་པོ་ཡི་དམ་ལྷའི་རྣམ་པར་གསལ་ཞིང་། དུས་གཅིག་ཏུ་རྒྱུན་སྲིང་བའི་སྐབས་སེམས་ཀྱིས་སྐྱེད་པར་བྱེད། དེ་ལས་གཏིང་ཟབ་པའི་ཐོག་ནས་སྟོང་ཉིད་ཀྱི་བདེ་བའི་ཡེ་ཤེས་སྐྱེད་པར་བྱེད། དེ་ལྟ་བུའི་སྣང་བ་དེ་སྐྱེད་པར་བྱེད་མཁན་གྱི་སེམས་དེ་ཞེན་ཆགས་མིན་པ་སོང་ཙང་། དམིགས་རྣམ་བསྟེན་ཚུལ་འདི་ནི་རང་ཉིད་དང་རང་གི་འཁྲིག་རོགས་གཉིས་ཆགས་སྲེད་སློང་བའི་གློག་བརྙན་འཁྲབ་སྟོན་པ་ལྟ་བུར་འཆར་སྣང་དུ་སྐྲུན་པ་དང་གཅིག་པ་ཞིག་རྩ་བ་ནས་མ་ཡིན།
གལ་ཏེ་ང་ཚོས་འཁྲིག་པ་སྤྱོད་པའི་སྐབས་ལུས་ངག་ཡིད་གསུམ་གཙང་བར་ངོས་འཛིན་བྱས་པ་ཡིན་ནའང་། གལ་ཏེ་ང་ཚོས་གནས་སྐབས་དེའི་ནང་མྱོང་བའི་ཁུ་བ་འབྱིན་པའི་བདེ་བ་དེ་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་ཤིག་ལ་བསམ་བློ་གཏོང་བ་ཡིན་ན། ང་ཚོར་དུས་འཁོར་ལུགས་ཀྱི་སྔགས་སྡོམ་གྱི་རྩ་ལྟུང་འབྱུང་གི་ཡོད་པ་ངེས་པར་དུ་དྲན་དགོས། དེ་ཡང་ང་ཚོས་ཆེད་མངགས་ཁུ་བ་འདོན་པའམ་ཡང་ན་བསམ་བཞིན་དུ་མ་ཡིན་པར་བདེ་བ་མྱོང་བའི་སྒོ་ནས་ཀྱང་ཡོང་གི་ཡོད། དེར་མ་ཟད། ང་ཚོས་སོ་སོའི་ལུས་དང་རང་གི་ཟླ་རོགས་ཀྱི་ལུས་གཉིས་ཀ་ཡི་དམ་གྱི་ལྷའི་ངོ་བོར་དག་པར་དམིགས་རྣམ་དུ་བྱེད་པའི་སྐབས་སུའང་རང་ཉིད་འཇིག་རྟེན་ཀུན་རྫོབ་ཏུ་གང་ཟག་ཏུ་གྲུབ་ཡོད་པའི་བསམ་བློ་དེ་འདོར་གྱི་མེད། བྱས་ཙང་། ང་ཚོས་རྟག་ཏུ་སོ་སོ་རང་ཉིད་དང་རང་གི་ཟླ་རོགས་ཀྱི་ཚོར་བ་དང་དགོས་མཁོ་རྣམས་ཚོར་བ་སྐྱེན་པོར་གནས་ཀྱི་ཡོད། འདི་ནི་སོ་སོའི་ཟླ་རོགས་ཀྱིས་རང་གི་བསམ་ཕྱོགས་དང་དམིགས་རྣམ་མཉམ་སྤྱོད་བྱེད་ཀྱི་ཡོད་དམ་མེད། ཡང་ན་དེ་སྔགས་ཉམས་ལེན་ནང་ཚུད་མེད་པའི་དོན་དང་འབྲེལ་བ་ཡིན།
༣། སྣོད་ལྡན་མིན་པ་རྣམས་ལ་གསང་བའི་དངོས་པོ་སྟོན་པ། ༼དོན་གཉེར་ལྡན་པའི་སློབ་མར་གསང་སྔགས་ཀྱི་ཆོས་མི་སྟོན་པ།༽ ཐུན་མོང་རྩ་བའི་སྔགས་སྡོམ་གྱི་ལྟུང་བ་བདུན་པ་ལྟར་ན། ང་ཚོས་དབང་མ་ཐོབ་པ་རྣམས་ལ་གསང་བའི་ཆོས་ཕྱིར་སྒྲོག་གི་ཡོད། འདིར་གསང་བའི་དངོས་པོ་རྣམས་གང་ཟག་དེ་འདྲ་ལ་སྟོན་པའམ། ཡང་ན་དབང་ཐོབ་ཀྱང་མི་དད་པའམ་དེ་དག་ལ་གུས་ཞབས་མེད་པ་རྣམས་ལ་སྟོན་གྱི་ཡོད། དངོས་པོ་དེ་དག་གི་ནང་འདྲ་པར་དང་། རི་མོ། ཡི་དམ་ལྷའི་སྐུ་འདྲ། སྔགས་ཉམས་ལེན་ཐོག་ཐད་ཀར་གདམས་པའི་དཔེ་ཆའི་རིགས། དེ་བཞིན་ཆོ་གའི་སྐབས་ཀྱི་རྡོ་རྗེ་དང་དྲིལ་བུ་བཅས་ཡོད། ཆོ་གའི་དངོས་པོའམ་གསང་བའི་རྫས་དེ་དག་སོ་སོའི་ནང་དུ་མང་ཚོགས་ཀྱི་མདུན་དུ་འགྲེམས་སྟོན་བྱེད་པ་དེས་སྔགས་སྡོམ་ཤོར་གྱི་མེད་ཀྱང་། མི་རྣམས་ཀྱིས་ཡབ་ཡུམ་ཟུང་འཇུག་དུ་བཞུགས་པའི་ཡི་དམ་གྱི་ལྷའི་སྐོར་ཚིག་རྩུབ་དང་ཆགས་སྲེད་ཅན་གྱི་བཤད་པ་ལོག་པ་རྒྱག་པ་དང་། ང་ཚོ་རྨོངས་དད་ཅན་དང་སྨྱོན་པ་ལྟ་བུ་ཡོན་པར་བལྟས་ནས་འཕྱ་སྨོད་བྱེད་པའམ། ཡང་ན་ཆོ་གའི་དངོས་ཆས་རྣམས་ཤོག་གུ་གནོན་བྱེད་དུ་བེད་སྤྱོད་བྱེད་པའི་སྐབས། ང་ཚོས་སོ་སོའི་ཉམས་ལེན་ཉམས་ཉེས་སུ་གཏོང་གི་ཡོད། དེར་བརྟེན་ཆོ་གའི་དངོས་ཆས་རིགས་སྦས་པའམ་རས་སོགས་ཀྱིས་འགེབ་པའམ་སྒེར་གྱི་སྡོད་ཤག་ནང་ཁེ་གཙང་དུ་ཉར་ན་ཡག་ཤོས་ཡིན། དཔེར་ན། བོད་པ་ཚོས་ཐག་ག་དང་རི་མོའི་མདུན་ངོས་སུ་འགེབ་བྱེད་གོས་ཆེན་གྱི་ཡོལ་བ་ཞིག་དཔྱང་སྲོལ་ཡོད། དེ་ཡང་དམིགས་བསལ་ཐང་གའི་རྣམ་པ་དེ་ལ་བརྟེན་ནས་དབང་མ་ཐོབ་པ་རྣམས་ལ་གོ་ལོག་ཐེབ་སྲིད་པས་དེ་ལྟར་བཀབ་ནས་འཇོག་པ་དང་། སྒོམ་རྒྱག་པ་དང་ཆོ་ག་སྒྲུབ་པའི་སྐབས་སུ་ཡོལ་བ་དེ་ཕྱེ་སྲོལ་ཡོད།
༼ཐུན་མོང་རྩ་བའི་སྔགས་ཀྱི་སྡོམ་པ་ཞེས་པར་གཟིགས།༽
༤། ཚོགས་མཆོད་འབུལ་སྐབས་རྩོད་གླེང་བྱེད་པ། ༼ཚོགས་ཀྱི་འཁོར་ལོར་རྩོད་པ།༽ ཚོགས་ཀྱི་མཆོད་པ་འབུལ་སྐབས། ང་ཚོས་རང་ཉིད་ཡི་དམ་གྱི་ངོ་བོར་དམིགས་རྣམ་བྱེད་པ་དང་ཆབས་ཅིག་རང་སེམས་གཏིང་ཟབ་པའི་སྟོང་ཉིད་ཀྱི་བདེ་བའི་ཡེ་ཤེས་དང་ལྡན་དགོས། དེ་ནས་ཐམས་ཅད་ཀྱིས་ཡང་དག་པ་དང་བདེ་སྐྱིད་ངང་ལོངས་སུ་སྤྱོད་ཐུབ་པའི་ཡིད་སྨོན་དང་བཅས་དམིགས་བསལ་མཆོད་པ་འབུལ་དགོས། དེ་ལྟར་བྱེད་དགོས་དོན་ནི། དགེ་བའི་ནུས་པའམ་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གསོག་པའི་ཕྱིར་ཡིན། དེ་ལྟའི་ཆོ་ག་མཆོད་འབུལ་སྐབས་ཕན་ཚུན་འཁྲུག་རྩོད་སོགས་བྱས་ན། སོ་སོའི་དམིགས་རྣམ་དང་སེམས་ཀྱི་གནས་བབས་ཡང་དག་པ་དེ་དྲན་པ་བརྗེད་ཀྱི་ཡོད། དེའི་རྗེས་འབྲས་སུ། མཆོད་འབུལ་ནང་མཉམ་ཞུགས་བྱས་པ་དེས་ཆོས་ཀྱི་ལམ་ཕན་ནུས་ལྡན་པའི་སྒོ་ནས་གོང་འཕེལ་དུ་འགྲོ་མི་ཐུབ་པ་ཆགས་ཀྱི་ཡོད།
༥། དད་ལྡན་རྣམས་ལ་འགལ་འདུ་ཅན་གྱི་ཆོས་སྟོན་པ། ༼དད་ལྡན་ཆོས་འདྲི་བ་ལ་ཆོས་གཞན་སྟོན་པ།༽ སྦོམ་པོའི་ལྟུང་བ་འདི་ལ་ལྷག་བསམ་རྣམ་དག་གིས་ཆོས་འདྲི་བ་རྣམས་ལ་ལན་ནོར་བ་འདེབས་པ་ཞེས་ཀྱང་ཟེར། དེ་ཡང་མི་ཞིག་སྣོད་དུ་རུང་བ་དང་དབང་མ་ནོར་བ་ཐོབ་པ་ཞིག་གིས་ལྷག་བསམ་རྣམ་དག་ཐོག་ནས་སྔགས་ཉམས་ལེན་དང་འབྲེལ་བའི་དྲི་བ་ཞིག་ཞུས་པའི་སྐབས། གལ་ཏེ་ང་ཚོས་དྲི་བ་དེ་ལས་གཡོལ་བའི་ཕྱིར་བརྗོད་གཞི་བརྗེ་པོ་རྒྱག་ནས་འབྲེལ་མེད་དོན་གཞན་ཞིག་གི་སྐོར་བཤད་པའམ། ཡང་ན་མི་དེས་དྲིས་པའི་དྲི་བ་ལས་ཐ་དད་པའི་རིམ་པ་ཞིག་གི་ཐོག་ནས་ལན་འདེབས་བྱས་ན། ང་ཚོར་སྦོམ་པོའི་ལྟུང་བ་འབྱུང་བ་ཡིན། དེ་ལྟ་བུའི་གཡོལ་ཐབས་ཀྱི་སྤྱོད་ལམ་ནི་སོ་སོ་རང་ཉིད་ཀྱི་མ་འོངས་པའི་ནང་དྲི་བའི་ལན་ཐད་ཀར་ཐོབ་པར་ལས་ཀྱི་སྒོ་ནས་བར་ཆད་ཆགས་ཀྱི་ཡོད། ཐ་ན་མི་ཞིག་སྔགས་ལ་དད་པ་ཡོད་ཀྱང་དབང་མ་ཐོབ་པར་ལྷག་བསམ་རྣམ་དག་གིས་དྲི་བ་ཞིག་ཞུས་པ་ཡིན་ནའང་། ང་ཚོས་དེར་སྣང་མེད་གཏོང་རྒྱུ་མེད། ང་ཚོའི་ངོས་ནས་གསང་བ་བྱེད་དགོས་རིགས་ཀྱི་གདམས་ངག་ཞིབ་ཅིང་ཕྲ་བ་རྣམས་ཕྱིར་སྒྲོག་མི་བྱེད་པར། དེ་ལས་གཞན་པའི་ཐབས་ཀྱིས་ལན་འདེབས་བྱེད་དགོས།
༦། ཉན་ཐོས་རྣམས་ཀྱི་ཁྲོད་ཞག་མ་བདུན་ལས་མང་བ་བསྡད་པ། ༼ཉན་ཐོས་ནང་དུ་ཞག་བདུན་ལོང་བར་བསྡད་པ།༽ སྐབས་དོན་འདིར་ཉན་ཐོས་ཞེས་པ་དེ་གནས་བརྟན་སྨྲ་བའི་ཉམས་ལེན་པར་མི་གོ་བར། ཉམས་ལེན་པ་སུ་འདྲ་ཞིག་གིས་གསང་སྔགས་ལ་མཐོང་ཆུང་དང་ཁྱད་གསོད་པ་དེ་ལ་གོ་བ་ཡིན། བྱས་ཙང་། མི་དེ་དག་དང་མཉམ་དུ་དུས་ཡུན་རིང་པོ་བསྡད་པ་ནི། རང་ཉིད་ལམ་དུ་འགྲིམ་པར་སེམས་ཤུགས་གཅོག་པ་དང་། དམིགས་བསལ་གྱི་མི་དེ་དག་ང་ཚོའི་སྒོམ་ཉམས་ལེན་ཐད་སྡང་སེམས་དྲག་པོ་ཡོད་ན། ང་ཚོར་སེམས་ཤུགས་གཅོག་ངེས་ཡིན། གཞན་ཡང་སོ་སོ་མཉམ་དུ་སྡོད་མཁན་གྱི་མི་རྣམས་ནས་རང་སོ་སོའི་དོན་ཁོ་ནར་བསམ་པ་དང་། ང་ཚོས་གཞན་ལ་ཕན་ཐོགས་ཐབས་བྱེད་པ་དེ་བྱབ་ཆུང་རེད་ཅེས་རྟག་ཏུ་དེ་ལྟར་ཤོད་ཀྱི་ཡོད་པས། ཁོང་ཚོའི་རང་གཅེས་འཛིན་གྱི་ལྟ་ཚུལ་དེ་ག་ལེར་ང་ཚོར་ཤན་ཞུགས་ཀྱི་ཡོད། གལ་ཏེ་ང་ཚོ་སུ་དང་མཉམ་དུ་སྡོད་དགོས་པའི་ཐད། དཔེར་ན། སྦྱོང་བརྡར་སྡོད་སྒར་དང་སྨན་ཁང་གི་ནད་གསོ་ཁང་ནང་སྡོད་དགོས་ཐུག་པ་ལྟ་བུའི་གདམ་ཀ་མེད་ན། གང་ལྟར་དེ་ལ་སྐྱོན་གང་ཡང་མེད། གནས་སྟངས་དེ་འདྲའི་ནང་རྒྱབ་སྐྱོར་མེད་པ་དང་སྙིང་རྗེ་མེད་པའི་སྤྱི་ཚོགས་ནང་གནས་པའི་སྐབས་སུའང་སོ་སོའི་སྔགས་ཉམས་ལེན་དང་དད་པ་རྣམས་མཐའ་གཅིག་ཏུ་གསང་བ་ཉར་དགོས་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན། གལ་ཏེ་འཚང་ཀ་ཆེ་བའི་བཙོན་ཁང་ཞིག་གི་ནང་བསྡད་ནས་ཕྲེང་བ་བགྲང་པ་དང་སྐད་ཤུགས་ཆེན་པོའི་སྔགས་བཟླས་ན། ང་ཚོར་ཉེས་རྡུང་བཏང་ནས་གསོད་སྲིད།
༧། རྣལ་འབྱོར་ཡིན་པའི་ཁེངས་པ་ནོར་བར་འཛིན་པ། ༼རྣལ་འབྱོར་ཡེ་ཤེས་དང་མི་ལྡན་པར་སྔགས་པར་རློམ་པ།༽ འདི་ལ་རྣལ་འབྱོར་ཡང་དག་པ་ཞིག་མིན་ནའང་ཡིན་པར་རློམ་པའམ་སྦོ་ཤོབ་བྱེད་པ་ཞེས་ཀྱང་ཟེར། ང་ཚོས་དུས་ཚོད་ངེས་ཅན་བར་ཉིན་རེའི་སྒྲུབ་ཐབས་བཀླགས་པ་ཙམ་དང་། ཡང་ན་སྔགས་འབུམ་གཅིག་བསགས་ནས་བསྙེན་མཚམས་ཤིག་མཐར་ཕྱིན་ནའང་རྟོགས་པ་ཅི་གང་མ་ཐོབ་ཀྱང་། སོ་སོ་ཧ་ཅང་ཚད་མཐོན་པོར་སླེབས་པའི་ཉམས་ལེན་པ་ཡིན་པའི་རློམ་སེམས་སྐྱེས་ནས་སྦོ་ཤོབ་ཤོད་པ་ནི་སོ་སོ་ཡར་རྒྱས་ལ་གནོད་པའི་བར་ཆད་ཅན་གྱི་སྦོམ་པོའི་ལྟུང་བ་ཞིག་ཡིན།
༨། བདེན་དོན་གང་ཡིན་པར་ཡིད་ཆེས་མེད་མཁན་རྣམས་ལ་དམ་ཆོས་སྟོན་པ། ༼སྣོད་མིན་ལ་ཟབ་དོན་བཤད་པ།༽ སྔགས་སྡོམ་གྱི་ཐུན་མོང་རྩ་ལྟུང་བདུན་པ་ལ་བརྟེན་ནས་ང་ཚོས་གསང་བའི་ཆོས་རྣམས་དབང་མ་ཐོབ་པའི་མི་རྣམས་ལ་སྟོན་གྱི་ཡོད། སྐབས་འདིར་ང་ཚོས་གསང་ཆོས་རྣམས་དབང་ཐོབ་པ་རྣམས་ལ་སྟོན་པ་ཡིན་ནའང་། སྔགས་ལ་དད་པ་དང་གུས་པ་མེད་པ་ཡིན། མི་ཁ་ཤས་ཀྱིས་རང་ཉིད་སྔགས་སྡོམ་གྱི་རྩ་ལྟུང་དག་སྦྱོང་ཆེད་དང་། སླར་ཡང་སྡོམ་པ་ཞུ་བའི་ཆེད་དུའམ། ཡང་ན་སྡོམ་པ་ཉམས་ཡོད་ན་དེ་སླར་གསོའི་ཆེད་དུ་དབང་ཞུ་གི་ཡོད། གལ་ཏེ་ཁོང་ཚོར་དོ་དབྱིངས་དང་དད་པ་དམིགས་བསལ་གང་ཡང་མེད་པའི་སྔགས་ཀྱི་ལམ་ལུགས་ཤིག་གི་དབང་གི་སྐབས་དེ་ལྟར་བྱས་ན། ལམ་ལུགས་འདི་ལ་དམིགས་བསལ་ཅན་ཡིན་པའི་ཞིབ་ཕྲའི་ཉམས་ལེན་རྣམས་སློབ་སྟོན་བྱེད་པ་ནི་སྦོམ་པོའི་ལྟུང་བ་ཞིག་ཡིན།
ཡན་ལག་སྦོམ་པོའི་ལྟུང་བ་གསུམ།
གཞུང་ཁ་ཤས་ཀྱི་ནང་སྔགས་སྡོམ་གྱི་ཡན་ལག་བརྒྱད་ཀྱི་སྟེང་དུ་དེའི་གྲོགས་སུ་གྱུར་བའི་སྦོམ་པོ་གསུམ་ཁ་སྣོན་བྱེད་ཀྱི་ཡོད་པ་དེ་དག་གིས་ཀྱང་སྔགས་ཉམས་ལེན་ལ་བར་ཆད་བྱེད་ཀྱི་ཡོད། དུས་རབས་ཉི་ཤུ་པའི་ནང་བྱོན་པའི་དགེ་ལུགས་མཁས་པ་ཕ་བོང་ཁ་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོ་ལྟར་བྱས་ན། ཁོང་གིས་པཎ་ཆེན་སྐུ་ཕྲེང་བཞི་པའི་ཐུན་དྲུག་རྣལ་འབྱོར་རྒྱས་པ་དེ་སྡོམ་པའི་ཐོ་གྲངས་འདོན་པའི་སྐབས་སུ་སྦོམ་པོ་གསུམ་པོ་ནི་སྔགས་སྡོམ་གྱི་ཡན་ལག་གི་ཁོངས་སུ་བཅུག་གནང་ཡོད། ༼ཐུན་དྲུག་གི་རྣལ་འབྱོར་རྒྱས་པ་ཞེས་པར་གཟིགས།༽
༡། དཀྱིལ་འཁོར་གྱི་ཆོ་གའི་ནང་ཚུལ་མིན་གྱིས་འཇུག་པ། དཔེར་ན། བསྙེན་མཚམས་མེད་པར་འཇུག་པ་ལྟ་བུ། དེ་ཡང་སྔགས་སྡོམ་ཤོར་བ་དང་ཉམས་པ་རྣམས་སླར་གསོ་བའི་ཕྱིར། ང་ཚོས་གཞན་ལ་དབང་བསྐུར་བྱེད་སྲིད་པའམ་བདག་འཇུག་བྱེད་སྲིད་ནའང་། དེ་ནི་འོས་འཚམ་གྱི་ཡི་དམ་ལྷའི་ཐོག་བསྙེན་མཚམས་གྲུབ་པ་དང་། འདོན་བྱའི་སྔགས་འབུམ་ཕྲག་བསགས་པ། མཇུག་སྡོམ་དུ་སྦྱིན་སྲེག་བཅས་གྲུབ་ཡོད་ན། གཞི་ནས་དེ་ལྟར་བྱེད་ཆོག
༢། དགོས་པ་མེད་ནའང་སོ་ཐར་དང་བྱང་སེམས་ཀྱི་སྡོམ་འདོར་བ། གཞན་ལ་ཕན་ཕྱིར་ཛ་དྲག་གི་དགོས་པའམ། ཡང་ན་གདམ་ཀ་གཞན་མེད་ན་མ་གཏོགས་གཞན་དུས་རྣམ་ཀུན་ཏུ་ང་ཚོས་སྡོམ་པ་བསྲུང་དགོས།
༣། བླ་མ་ལྔ་བཅུ་པའི་ཆོས་དང་འགལ་བ། དུས་རབས་བཅུ་པའི་ནང་བྱོན་པའི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་རྟ་དབྱངས་ཀྱིས་མཛད་པའི་བླ་མ་ལྔ་པ་ནི། གསང་སྔགས་ཀྱི་བླ་མ་རྣམས་ལ་སློབ་མའི་ངོས་ནས་སྤྱོད་ལམ་ཁྱེར་ཕྱོགས་ཀྱི་གདམས་ངག་གི་འབྱུང་ཁུངས་ཤིག་ཡིན། དུས་ཚོད་ཐོབ་པའི་སྐབས། བླ་མའམ་དགེ་བའི་བཤེས་གཉེན་རྣམས་ཀྱིས་དབང་མ་གནང་གོང་དཔེ་ཆ་འདི་སློབ་ཁྲིད་བྱེད་ཀྱི་ཡོད།