བརྙན་པར། ཚུལ་ཁྲིམས་ཨེ་ལི་ཡོན། “མནྟྲ་ཟེར་བ་གང་རེད་དམ།” 

སྔགས་བཟླས་བརྗོད་བྱེད་ཚུལ་མང་པོ་ཡོད། སྔགས་བཟླས་བརྗོད་བྱེད་ཚུལ་གྱི་ནང་བཀོད་པ་ལྟར། གཅིག་ནི་ངག་གི་སྒོ་ནས་དང་གཞན་དེ་ཡིད་ཀྱི་སྒོ་ནས་བཟླས་བརྗོད་བྱེད་པ་ཡིན། ཡང་ཁྱེད་ཀྱིས་ཡིག་འབྲུ་རྣམས་དམིགས་རྣམ་དུ་བྱས་ཏེ་ཡིད་ཀྱི་སྒོ་ནས་བཟླས་བརྗོད་བྱེད་ཚུལ་དང་ཡིག་འབྲུ་དེ་དག་སོ་སོ་ནས་སྒྲ་འབྱིན་གྱི་ཡོད་པར་བསམ་པའི་སྒོ་ནས་བཟླས་བརྗོད་བྱེད་ཚུལ་ཡོད། དེ་ལྟར་སྔགས་བཟླས་བརྗོད་བྱེད་ཚུལ་མི་འདྲ་བའི་ཐོ་གྲངས་རིང་པོ་ཞིག་ཡོད། ཡིན་ནའང་། ང་ཚོས་གཏིང་ཟབ་ཏུ་བལྟས་ན། སོ་སོའི་ལུས་ངག་ཡིད་གསུམ་པོ་སྦྱོང་བརྡར་བྱེད་ཐུབ་པ་དགོས། ང་ཚོའི་ལུས་སེམས་གཉིས་ཙམ་མིན་ལ་སེམས་ཁོ་ན་མིན་པར། ངག་གི་བརྗོད་ཚུལ་དེ་ནི་ཕན་ཚུན་འབྲེལ་གླེང་དང་བསྟུན་དགོས་པས། དེ་ནི་གང་ལ་གང་འཚམས་ཀྱི་གལ་ཆེན་པོ་རེད། གལ་ཏེ་ང་ཚོས་གཞན་ལ་ཕན་འདོགས་པ་དང་གཞན་ལ་སློབ་ཁྲིད་སོགས་བྱེད་འདོད་ཡོད་ན། ང་ཚོས་འབྲེལ་གླེང་བྱེད་དགོས་ཀྱི་ཡོད། དེ་ཡང་ང་ཚོ་འགྲོ་བ་མི་ཡིན་པའི་ཆ་ནས་ངག་ནས་སྐད་ཆ་ཤོད་དགོས་པ་དེ་རེད། 

དེར་བརྟེན་རིམ་པ་གཅིག་ནས་ང་ཚོས་སྔགས་སྐད་ཤུགས་ཆེན་པོ་འདོན་པ་ནི་མ་མཐར་ཡང་ངག་གི་བཟླས་བརྗོད་དེ་བཟང་ཕྱོགས་དགེ་བ་ཞིག་ཏུ་སྒྱུར་རྒྱུ་དེ་རེད། གང་ཡིན་ཞེ་ན། ང་ཚོས་ལུས་པོ་དེ་གནས་སྟབས་བྱེ་བྲག་ཅིག་གི་ནང་དུ་རང་ཉིད་ཡི་དམ་གྱི་ལྷ་བྱེ་བྲག་ཅིག་ཡིན་པར་བསམ་བཞིན་པ་དང་། སྔགས་བཟླས་བརྗོད་བྱེད་བཞིན་པ། སེམས་ནང་སྙིང་རྗེ་དང་། སེམས་ཀྱི་གསལ་ཆ། ཡང་ན་མཚོན་དོན་གང་ཡོད་པ་དེ་སེམས་ནང་བཅངས་ཏེ། ཕན་ཚུན་མཉམ་སྡེབ་བྱེད་ཀྱི་ཡོད། དེར་བརྟེན་དེ་ནི་ལུས་ངག་ཡིད་གསུམ་པོ་མཉམ་སྡེབ་ཟུང་དུ་འབྲེལ་བའི་ཚུལ་ཞིག་ཡིན་པ་རེད། 

དེ་ལས་གཏིང་ཟབ་ཏུ་བསམས་ན། སྔགས་ནི་དབུགས་དང་ནུས་པའི་ཁོངས་སུ་གཏོགས་པ་ཡིན། ནང་པའི་དཔྱད་ཞིབ་ཀྱི་ལྟ་ཚུལ་ལྟར་ན། ལུས་ཀྱི་ནུས་པ་དང་དབུགས་གཉིས་ནི་ཕན་ཚུན་ཧ་ཅང་ཐག་ཉེ་བའི་འབྲེལ་བ་ཡོད། བྱས་ཙང་། སྔགས་ཀྱིས་དབུགས་དང་ནུས་པ་ལ་རྒྱུན་ལྡན་གྱི་སྒྲ་གདངས་ཀྱི་འགྲོས་ཤིག་སྦྱིན་གྱི་ཡོད་པ་དང་། དེ་ཡང་ཀླད་པའི་གློག་གི་ངར་ཤུགས་འདྲ་པོ་ལ་གཞིགས་ནས་ཕན་ཐོགས་འགའ་ཞིག་ཡོད། གལ་ཏེ་ང་ཚོས་ནུས་པ་ལ་འགྲོས་བརྟན་པ་ཞིག་སྐྲུན་པའི་རིམ་པ་ལ་འབད་བརྩོན་བྱེད་བཞིན་ཡོད་པ་དང་། དེ་ཡང་ཁྱེད་ཀྱིས་སྐད་ཤུགས་ཆེན་པོའི་སྒོ་ནས་བྱེད་པའམ་ཡང་ན་ཡིད་ཀྱི་སྒོ་ནས་བྱས་ན། དེ་ལ་ཕན་གནོད་ཀྱི་ཤུགས་རྐྱེན་གཅིག་མཚུངས་ཡོད་རེད་བསམ་གྱི་འདུག །འོན་ཀྱང་། ངས་སོ་སོའི་མཐོང་སྣང་ཙམ་ལ་བརྟེན་ནས་ཤོད་ཀྱིན་ཡོད་ཀྱང་། དེས་ཞི་འཇམ་མཉམ་པར་བཟོ་བའམ། ཡང་ན་དེས་ཁྱེད་ཀྱི་སེམས་ཏོག་ཙམ་གྲུང་བ་བཟོ་ངེས་སྙམ། 

ཡིན་ནའང་། སྔགས་ཀྱི་རིམ་པ་གཏིང་ཟབ་ཤོས་དེ་ནི་དབུགས་ཀྱི་ནུས་པ་ལ་བཟོ་ལྟ་བཟོ་རྒྱུ་དེ་རེད། ཁྱེད་ཀྱིས་སྔགས་ལ་བརྟེན་ནས་དབུགས་ལ་བཟོ་ལྟ་བཟོའམ་འགྱུར་བ་གཏོང་གི་ཡོད་པ་དང་དེས་ནུས་པ་ལ་འགྱུར་བ་གཏོང་གི་ཡོད། དེ་ལ་བརྟེན་ནས་ལུས་ཀྱི་རླུང་དང་ནུས་པ་ལ་སྟངས་འཛིན་བྱེད་པའི་ཐབས་ཤིག་སྦྱིན་པ་དང་དེ་དག་ཁྱེད་ཀྱིས་རྩ་དབུ་མར་གཅིག་ཏུ་བསྡུ་ཐུབ། འོ་ན་ཁྱེད་ཀྱིས་གང་བྱེད་དགོས་ཞེ་ན། དབུགས་ལ་བཟོ་ལྟ་བཟོ་དགོས། དེ་ནི་སྔགས་དམིགས་བསལ་ཅན་དང་ཉམས་ལེན་དམིགས་བསལ་ཅན་ཞིག་ལ་བརྟེན་ནས་བྱེད་དགོས་ཤིང་། དེ་ནི་ཧ་ཅང་ཚད་མཐོ་བའི་ཉམས་ལེན་ཞིག་རེད། དེ་ལ་བརྟེན་ནས་རླུང་དེ་དག་རྩ་དབུ་མར་བསྡུ་ཐུབ་པ་དང་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་རྟོགས་སླ་བ་ཡོད། དེ་ནི་སྟོང་པ་ཉིད་ལ་སོགས་པ་རྟོགས་པའི་ཆ་རྐྱེན་ཡག་ཤོས་དེ་རེད། 

ཕྱོགས་གཅིག་ནས་དབུགས་ལ་བཟོ་ལྟ་བཟོ་བར་གང་གིས་ཕན་གྱི་ཡོད་པ་ནི་མ་མཐར་ཡང་ངག་ནས་སྒྲ་ཚིག་གང་རུང་བརྗོད་པ་དེ་རེད། ཡིན་ནའང་། དེ་ནི་སྐད་ཤུགས་ཆེན་པོ་ཡིན་མི་དགོས། སྔགས་བཟླས་བརྗོད་བྱེད་སྟངས་མི་འདྲ་བ་མང་པོ་ཡོད། སྐད་ཤུགས་ཆེན་པོར་འདོན་པ་དང་། སྐད་ཤུགས་དམའ་བའམ་འཇམ་པོར་འདོན་པ། དེ་བཞིན་རྟ་དབྱངས་ཀྱི་ལམ་ནས་འདོན་པ་སོགས་དེ་འདྲའི་རིགས་མང་པོ་ཡོད། ཡིན་ནའང་། མཐར་ཐུག་དོན་དམ་གྱི་དབང་དུ་དངོས་གནས་གང་དགོས་ཀྱི་ཡོད་ཅེ་ན། དབུགས་ལ་བཟོ་ལྟ་བཟོ་དགོས་ཀྱི་ཡོད། དེ་ལ་བརྟེན་ནས་ཁྱེད་ཀྱི་ཐ་ན་ཤུབ་བུར་སྨྲ་བའི་སྐབས་སུའང་སྔགས་བགྲང་ཐུབ་པ་དང་གཞན་སུས་ཀྱང་གོ་མི་དགོས། 

དེར་བརྟེན་ཁྱེད་ཀྱིས་སྔགས་བཟླས་བརྗོད་ག་དུས་བྱེད་པའི་སྐབས། ཁྱེད་ཀྱི་ཁ་དེ་སྔགས་ཀྱི་དབྱིབས་དང་འདྲ་བར་འགུལ་བ་དང་ངག་ནས་སྒྲ་སྐད་ཅུང་ཟད་འདོན་དགོས་ཤིང་། དེ་ཡང་སོ་སོ་རང་ཉིད་ཀྱི་གོ་ཙམ་ཞིག་འདོན་དགོས། དེ་ལྟར་བྱུང་ན་རང་གི་ཉེ་འཁོར་ཡོད་པ་རྣམས་ལ་བསུན་གཙེར་མི་ཡོང་བ་ཡིན་ཞེས་ལམ་སྟོན་བྱས་ཡོད། ཡང་ཁྱེད་རང་དགོན་སྡེ་ཁག་ལ་འགྲོ་སྐབས། སྔགས་བཟླས་བརྗོད་སྐད་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་ཐོས་ངེས་རེད། འོན་ཀྱང་། གཞུང་ལུགས་ཀྱི་ལྟ་བའི་རྣམ་གཞག་ལྟར་ན། སྒེར་སོ་སོའི་ངོས་ནས་དབུགས་ལ་བཟོ་ལྟ་བཟོ་རྒྱུ་དེ་ནི་ནམ་རྒྱུན་ལམ་སྟོན་བྱས་ཡོད་པ་ཞིག་རེད། མདོར་ན་ཡིད་ཀྱི་སྒོ་ནས་སྔགས་འདོན་པ་དེ་ཕན་མེད་དང་ནུས་པ་ཆུང་བ་ཡོད་པའི་དོན་མིན་པར། དེ་ནི་མི་འདྲ་བའི་ཁྱད་པར་ཙམ་རེད། 

སྔགས་ནི་ཧ་ཅང་རྟོགས་དཀའ་བའི་བརྗོད་གཞི་ཞིག་ཡིན་པ་དང་དེ་ཡང་རྫུ་འཕྲུལ་གྱི་ཚིག་ལྟ་བུར་གོ་བ་ལེན་སྟངས་སུ་ཉམས་རྒུད་མི་འགྲོ་བ་བྱ་རྒྱུ་དེ་ཧ་ཅང་ཁག་པོ་རེད་བསམ་གྱི་འདུག །དམིགས་བསལ་བོད་མི་ཚོས་ལེགས་སྦྱར་གྱི་སྔགས་རྣམས་སྒྲ་གདངས་ནོར་བ་འདོན་གྱི་ཡོད་པ་དང་སོག་པོ་རྣམས་ཀྱིས་ལེགས་སྦྱར་སྐད་དང་རྦད་དེ་སྒྲ་གདངས་མི་འདྲ་བར་འདོན་གྱི་ཡོད། རྒྱ་མི་དང་ཉི་ཧོང་པ་ཚོས་སྔགས་བཟླས་བརྗོད་བྱེད་པའི་སྐབས། ཐ་ན་ཁོང་ཚོས་སྔགས་གང་བགྲང་བཞིན་ཡོད་མེད་ཀྱང་ཤེས་ཀྱི་མ་རེད། མི་ཞིག་གིས་གཟུངས་སྔགས་གང་བགྲང་བཞིན་པའི་སྐོར་དང་འདོད་ཆེན་པོས་འདྲི་བཞིན་ཡོད། གང་ཡིན་ཞེ་ན། མི་དེ་དག་ཀྱང་སྔགས་བགྲང་པ་ལ་བརྟེན་ནས་རྟོགས་པ་ཐོབ་པ་དང་སངས་རྒྱས་ཀྱི་གོ་འཕང་ཐོབ་མཁན་ཀྱང་ཡོད། དེ་ནི་བརྗོད་གཞི་ལས་སླ་པོ་ཞིག་མིན། ༧གོང་ས་མཆོག་གིས་བོད་མི་ཚོས་བཛྲ་སཏྭ་ཞེས་མི་བརྗོད་པར་བེན་ཛ་ས་ཏོ་ཞེས་ལེགས་སྦྱར་གྱི་སྐད་ཉམས་སྐྱོན་ཕྱིན་པ་ཞིག་ཡིན་པས། བོད་མི་ཚོར་སྔགས་བཟླས་བརྗོད་བྱེད་སྟངས་དང་སྒྲ་གདངས་ལོགས་སུ་ཡོད་ནའང་། ནུབ་ཕྱོགས་པ་ཡིན་པའི་ཆ་ནས་གལ་ཏེ་ང་ཚོས་ལེགས་སྦྱར་གྱི་སྒྲ་གདངས་དང་གང་ཐུབ་ཀྱིས་ཐག་ཉེ་བར་བཟླས་བརྗོད་ཐུབ་ན་དེ་ནི་ཡག་ག་ཡོད་ཅེས་ལམ་སྟོན་གནང་གི་ཡོད། འོན་ཀྱང་། བོད་ཀྱི་བླ་མ་མང་པོས་ནུབ་ཕྱོགས་ཀྱི་སློབ་མ་རྣམས་ལ་ཁོང་རྣམ་པའི་གཟུངས་སྔགས་བཟླས་བརྗོད་གནང་བ་ནང་བཞིན་སྒྲ་གདངས་འདོན་དགོས་པའི་དགའ་འདེམས་གནང་གི་ཡོད་ངེས་རེད། བྱས་ཙང་། ཚང་མ་དགེ་བའི་བཤེས་གཉེན་ནམ་བླ་མ་ལ་རག་ལུས་ཡོད། 

ང་ཚོར་དབང་ཞིག་ཐོབ་པ་དང་སྔགས་བཟླས་བརྗོད་ཀྱི་དམ་བཅའ་ལེན་པའི་སྐབས། ང་ཚོས་སྔགས་དེ་དག་ནམ་རྒྱུན་འཆར་ཅན་གྱི་སྒོམ་ཐུན་སྐབས་མིན་པར། མི་ཚོགས་དཀྱིལ་དུ་འགྲིམ་འགྲུལ་སྐབས་ལྟ་བུར་བཏོན་ན་འགྲིག་གམ། ཉིན་གང་པོར་སྔགས་བཟླས་བརྗོད་བྱ་རྒྱུ་དེ་བསམ་ཚུལ་ཡག་པོ་ཞིག་རེད་དམ། 

ཐོག་མར་སྤྱིར་བཏང་ང་ཚོའི་ཆོས་ཉམས་ལེན་དེ་སོ་སོའི་སྒོམ་རྒྱག་སའི་ཚོད་འཛིན་གྱི་ཁོར་ཡུག་ནང་ཡོད་པའི་སྐབས་ཙམ་ལ་ཚད་བཀག་ནམ་ཡང་བཟོ་མི་ཉན། ཆོས་ཉམས་ལེན་གྱི་གནད་དོན་ཡོངས་སུ་རྫོགས་པ་ནི་ཉིན་རེའི་མི་ཚེའི་ནང་ལག་བསྟར་བྱེད་ཐུབ་པ་ཞིག་ཡིན་པ་དང་། སོ་སོའི་སྒོམ་གདན་སྒང་ལ་གཅིག་དང་ནམ་རྒྱུན་ལྡན་གྱི་ཉིན་རེའི་མི་ཚེའི་ནང་རྦད་དེ་མི་འདྲ་བ་ཞིག་ཡིན་པའི་མི་ཚེ་ཁ་གྱེས་པ་ལྟ་བུ་ཞིག་མི་སྐྱེལ་རྒྱུ་དེ་རེད། བྱས་ཙང་། སྔགས་ནི་ང་ཚོས་ག་དུས་ཡིན་ནའང་རྟག་ཏུ་འདོན་ཆོག་པ་ཞིག་ཡིན། 

གལ་ཏེ་ང་ཚོ་ས་འོག་མེ་འཁོར་ལྟ་བུ་མང་ཚོགས་ཀྱི་དཀྱིལ་དུ་ཡོད་ན། ཁྱེད་ཀྱིས་སྔགས་རྣམས་སྐད་ཤུགས་ཆེན་པོའི་སྒོ་ནས་འདོན་ངེས་མ་རེད། ཁྱེད་ཀྱིས་མི་ཚང་མའི་མདུན་དུ་ཕྲེང་བ་བཏོན་ནས་སྔགས་བགྲང་དགོས་དོན་མེད། འོན་ཀྱང་། ངས་གོང་དུ་ཞུས་པ་ལྟར། འདི་ལྟ་བུའི་ཉམས་ལེན་རྣམས་སྒེར་སོ་སོའི་ངོས་ནས་བྱེད་པའམ་སྦས་ནས་བྱེད་དགོས། གལ་ཏེ་ཁྱེད་རང་དམིགས་པ་རྩེ་གཅིག་ཏུ་གནས་ཕྱིར་ (གང་ཡིན་ཞེ་ན། ཁྱེད་ཀྱིས་མཛུབ་མོ་གཡུག་གི་ཡོད་) ཕྲེང་བ་ངེས་པར་དུ་བེད་སྤྱོད་བྱེད་དགོས་ཀྱི་འདུག་ན། ཕྲེང་བ་སྦ་ཁུག་ནང་བླུགས་ནས་བགྲང་དགོས་ཀྱི་ཡོད། རེད་དམ་མ་རེད། ང་ཚོས་མི་དཀྱུས་མ་ཞིག་གི་སྐོར་ཤོད་ཀྱིན་ཡོད་པ་ལས། ཡིན་གཅིག་མིན་གཅིག་གྲྭ་པའམ་བཙུན་མ་ཞིག་གི་སྐོར་ཤོད་ཀྱིན་མེད། 

ག་དུས་ཡིན་ནའང་སྔགས་གྲངས་ཀ་རང་བརྩིས་ནས་སྡོད་མི་དགོས། དེ་མིན་ཁྱེད་ཀྱིས་སྔགས་འདོན་པ་ལས་ལྡོག་སྟེ་གྲངས་ཀ་རྩི་བ་ཙམ་བྱེད་སྲིད། སྔགས་ཀྱི་དོན་དག་གཙོ་བོ་ནི་ཕྱོགས་གཅིག་ནས་སེམས་ཀྱི་གནས་བབས་བྱེ་བྲག་ཅིག་གི་སྟེང་ལ་ང་ཚོའི་དམིགས་པ་རྩེ་གཅིག་ཏུ་གནས་པར་ཕན་གྱི་ཡོད། དཔེར་ན། སྤྱན་རས་གཟིགས་ལ་བརྟེན་ནས་སྙིང་རྗེ་དང་འཇམ་དཔལ་དབྱངས་ལ་བརྟེན་ནས་སེམས་གསལ་བར་དམིགས་པ་ལྟ་བུ་རེད། བྱས་ཙང་། སྔགས་བགྲང་བཞིན་པའི་སྐབས་སུ་ང་ཚོར་དེ་དང་མཐུན་པའི་སེམས་ཀྱི་གནས་བབས་ཤིག་སྐྲུན་ཐབས་བྱེད་དགོས། 

སྔགས་ཉམས་ལེན་རེ་རེ་དང་འབྲེལ་བའི་དམིགས་རྣམ་བསྟེན་ཚུལ་མི་འདྲ་བ་མང་པོ་ང་ཚོས་སྦྱོང་ཆོག །ཐ་ན་མང་ཚོགས་ཀྱི་དཀྱིལ་དུ་ཡོད་པ་དང་། དམིགས་བསལ་ང་ཚོ་ས་འོག་མེ་འཁོར་དང་སྤྱི་སྤྱོད་རླངས་འཁོར་ལྟ་བུའི་ནང་སྡོད་པའི་སྐབས་སུའང་ང་ཚོས་དེ་དག་ཀྱང་ཉམས་ལེན་བྱེད་ཆོག །གལ་ཏེ་ང་ཚོས་ཉེན་ཚབས་ཅན་བྱེད་ཀྱིན་ཡོད་ན། དཔེར་ན། ཁྱེད་རང་སྒྲ་ཆེ་བའི་གློག་གི་ཡོ་ཆས་རིགས་ལ་བརྟེན་ནས་ལས་ཀ་བྱེད་ཀྱིན་ཡོད་པ་དང་དམིགས་པ་རྩེ་གཅིག་ཏུ་གནས་པར་འདོད་པ་ལས་དམིགས་རྣམ་གྱི་ནང་ཁ་གཡེང་འདོད་མེད་པ་ལྟ་བུ་རེད། 

འོན་ཀྱང་། ཁྱེད་ཀྱིས་དྲན་དགོས་པ་ཞིག་ལ། ཁྱེད་ལ་མིག་གི་རྣམ་པར་ཤེས་པ་དང་ལྡན་པའི་ཡི་དམ་གྱི་ལྷའི་ངོ་བོར་འགྱུར་བའི་ཕྱིར། རྫོགས་རིམ་གྱི་གང་ལ་གང་འཚམས་ཚད་མཐོ་བའི་རིམ་པ་མིག་དང་འབྲེལ་བའི་རྩ་རླུང་སྐྱེད་ཐུབ་པའི་བར་དུ་མ་བསླེབ་སྔོན་གྱི་ཉམས་ལེན་ནི་ང་ཚོ་ཚང་མས་བྱེད་པ་དེ་རེད། ཁྱེད་ཀྱིས་ཉམས་ལེན་བྱེད་པའི་དམིགས་རྣམ་གང་འདྲ་ཞིག་ཡིན་ནའང་། མིག་གི་རྣམ་པར་ཤེས་པ་ལ་བརྟེན་ནས་ཁྱེད་ཀྱིས་ང་ཚོའི་ཡུལ་དཀྱུས་མ་རྣམས་མཐོང་བ་དང་དམིགས་རྣམ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་བརྟེན་ནས་རེད། (དེ་དག་ནི་ཕན་ཚུན་གཅིག་ཐོག་ཏུ་གཅིག་རྩེག་ནས་ཡོད།) ཁྱེད་ཀྱིས་ལམ་བརྒལ་ནས་འགྲོ་བའི་སྐབས། ལམ་ཁ་མ་ནོར་བར་འགྲོ་བ་ལྟ་བུ་རེད། 

ཁྱེད་ཀྱིས་དམ་བཅའ་འདིའི་རྗེས་སུ་འབྲང་བ་ལས་གཞན་པའི་སྔགས་འདོན་པའི་མཁོ་གནད་ཀྱི་སྐོར་མང་ཙམ་གསུང་རོགས།

ལེགས་སྦྱར་སྐད་དུ་སྔགས་ལ་ “མནྟྲ་” ཞེས་ཟེར་བ་དེའི་ནང་གི་ “མན་” ཞེས་པའི་ཚིག་དེ་ནི་ “མ་ན་ས་” ཞེས་པའི་ཚིག་བསྡུས་ཡིན་པ་དང་དེའི་དོན་ནི་སེམས་རེད།  “ཏྲ་” ཞེས་པའི་ཚིག་ནི་ལེགས་སྦྱར་སྐད་ཀྱི་བྱ་ཚིག་སྐྱོབ་པའམ་སྲུང་བ་ལས་བྱུང་བ་ཞིག་ཡིན། འདི་ནི་ནམ་རྒྱུན་འགྲེལ་ཚུལ་དེ་རེད། མནྟྲ་ནི་ང་ཚོའི་སེམས་འདི་ཉོན་མོངས་ཅན་གྱི་བསམ་བློ་སྣ་ཚོགས་པ་ལས་སྐྱོབ་པས་ན་ཡིད་སྐྱོབ་ཅེས་པའི་དོན་རེད། དེ་ནི་རིམ་པ་གཅིག་གི་ཐོག་ནས་རེད། གཞན་ལ་མི་དགའ་བའི་བསམ་བློ་ངན་པའི་ཚབ་ཏུ་ང་ཚོས་སྤྱན་རས་གཟིགས་ཀྱི་སྙིང་པོ་མ་ཎི་ཡིག་དྲུག་འདོན་པའི་སྐབས། དེས་གཞན་གྱི་ཕྱོགས་སུ་བྱམས་པ་དང་སྙིང་རྗེ་ལ་དྲན་པ་ཉེ་བར་གནས་པར་བྱེད་ཀྱི་ཡོད། བྱས་ཙང་། དེས་ང་ཚོའི་སེམས་སྐྱོབ་ཀྱི་ཡོད། 

སྤྱིར་བཏང་གི་གནས་སྟངས་དཀྱུས་མ་ལ་མཚོན་ན། གལ་ཏེ་ང་ཚོའི་སེམས་ནང་གཞས་སམ་རོལ་དབྱངས་ལྟ་བུ་ཞིག་ཡོད་པ་དང་དེ་ང་ཚོའི་སེམས་ནས་ཕྱིར་འདོན་ཐུབ་ཀྱི་མེད་ན། སེམས་དེ་ལས་སྐྱོབ་པའི་ཐབས་ལམ་ཡག་ཤོས་ནི་སེམས་ནང་གི་ངག་གི་ནུས་པ་དེ་བཀོལ་སྤྱོད་བྱས་ཏེ། དེའི་ཚབ་ལ་སྔགས་བགྲང་རྒྱུ་དེ་རེད། ཡང་ན་དེ་ནི་ཐ་ན་ང་ཚོའི་སེམས་ནང་གཞས་ཤིག་གཏོང་བཞིན་ཡོད་པ་ཞིག་ཡིན་མི་དགོས། དེ་ནི་མཚན་མོ་སེམས་འཁྲལ་བྱེད་པ་ལྟ་བུ་རང་དབང་མེད་པའི་བསམ་བློ་ཙམ་ཞིག་ཡིན་སྲིད། སེམས་ནང་གི་ངག་གི་ནུས་པ་དེ་བཀོལ་སྤྱོད་བྱས་ནས་སྔགས་ཤིག་འདོན་དགོས་ཀྱི་ཡོད། 

ཡིན་ནའང་། གཏིང་ཟབ་ཏུ་བསམ་བློ་བཏང་ན། ངས་གོང་དུ་ཞུས་ཟིན་པ་ལྟར། སྔགས་ནི་དབུགས་ལ་བཟོ་ལྟ་བཟོ་བྱེད་ཅིག་ཡིན་པ་དང་སྔགས་ཀྱི་སྒྲ་སྐད་ལ་བརྟེན་ནས་དབུགས་ལ་བཟོ་ལྟ་བཟོ་བར་བརྟེན་དེས་རྩའི་ནུས་པ་ཕྲ་མོ་རྣམས་ལ་བཟོ་ལྟ་བཟོ་གི་ཡོད། དེར་བརྟེན་དེ་ལ་རྡོ་རྗེའི་བཟླས་བརྗོད་ཟེར་བ་ཞིག་ཡོད་པ་དང་དེའི་ནང་དབུགས་དང་ཨོཾ་ཨཱ་ཧཱུྃ་གི་སྒྲ་གཉིས་ཟུང་དུ་འབྲེལ་གྱི་ཡོད། གང་འཚམས་ཀྱི་ཚད་མཐོ་བའི་ཉམས་ལེན་དམིགས་བསལ་ལ་བརྟེན་ནས་དབུགས་ལ་བཟོ་ལྟ་བཟོ་ཆེད་བེད་སྤྱོད་བྱེད་ཀྱི་ཡོད། དེའི་དོན་ནི་རླུང་ལ་ནུས་པ་ཕྲ་མོ་རྣམས་རྩ་དབུ་མའི་ནང་ཐིམ་པར་བྱེད་པ་དང་མཐར་ཐུག་སེམས་ཕྲ་ཤོས་འོད་གསལ་བའི་རིམ་པར་བསླེབ་པའི་སྒོ་ནས་སེམས་སྲུང་སྐྱོབ་བྱེད་ཀྱི་ཡོད། 

ཐ་ན་འཇིག་རྟེན་པའི་རྟོགས་པ་དངོས་ཐོབ་པ་རྣམས་ཀྱང་ནམ་རྒྱུན་ཕྲ་བའི་རླུང་ལ་སྟངས་འཛིན་དང་བཟོ་ལྟ་བཟོ་བའི་ཐོག་ཐོབ་ཀྱི་ཡོད་པ་དང་དེ་ནི་སྔགས་ལ་བརྟེན་ནས་ཡིན་པ་རེད། འདི་ནི་ཁྱད་པར་དུ་འཕགས་པའི་དབང་པོའི་ནུས་སྟོབས་སམ་མངོན་ཤེས་ལ་གོ་བ་ཡིན། དེ་དག་ནི་ནུས་མཐུ་ངོམ་སོ་སྟོན་པ་ཙམ་མིན་པར་གཞན་ལ་ཕན་འདོགས་པའི་ཆེད་དུ་བཀོལ་སྤྱོད་བྱེད་ཀྱི་ཡོད། 

དེར་བརྟེན་སྔགས་ཀྱི་སྤྱོད་སྟངས་དང་དགོས་དོན་མང་པོ་ཡོད་པ་རེད། 

ཁྱེད་ཀྱི་སེམས་ནང་བསམ་བློ་གཞན་ཞིག་འཁོར་བཞིན་དུ་གཟུངས་སྔགས་བགྲངས་ན་ཕན་ཐོགས་ཡོད་དམ། 

དེ་ནི་སྔགས་རྩ་བ་ནས་མི་བགྲང་བ་ལས་ཡག་ག་ཡོད། ཐ་ན་ང་ཚོས་རྐང་རྩེད་སྤོ་ལོའི་སྐོར་བསམ་བཞིན་ཡོད་ནའང་། དེ་དང་དུས་མཉམ་དུ་ང་ཚོས་མ་ཎི་བགྲང་གི་ཡོད་ན། དེ་ནི་མ་མཐར་ཡང་སྔགས་བགྲང་བཞིན་ཡོད་པས། རྩ་ནས་མི་བགྲང་བས་ལེགས། ཡིན་ནའང་། ཡག་ཤོས་དང་ཕན་ཐོགས་ཆེ་ཤོས་ནི་སེམས་རྩེ་གཅིག་ཏུ་གནས་ཐབས་བྱ་རྒྱུ་དེ་ཡིན་པ་ཤོད་མི་དགོས་པ་རེད། 

སྔགས་བགྲང་ཚུལ་ཡག་ཤོས་དེ་གང་རེད་དམ། དེ་དག་དམིགས་རྣམ་ལ་བརྟེན་ནས་བགྲང་དགོས་སམ་ཡང་ན་བསམ་བློ་དམིགས་བསལ་ལ་བརྟེན་ནས་བགྲང་དགོས་སམ། 

སྔགས་བགྲང་ཚུལ་མི་འདྲ་བ་མང་པོ་ཡོད་དེ། སྐད་ཤུགས་ཆེན་པོ་དང་། ཞི་འཇམ་དང་དལ་ལྷོད་ངང་བགྲང་བ། སེམས་ནང་བགྲང་བ། ཡང་སེམས་ནང་འདོན་པའམ་སྐད་ཤུགས་ཆེན་པོར་འདོན་པ་ལས་ལྡོག་སྟེ། ང་ཚོས་སྔགས་ཀྱི་ཡིག་འབྲུ་རྣམས་དམིགས་རྣམ་དུ་བྱེད་པའང་ཡོད། བྱ་རྒྱུད་ཀྱི་ནང་། སྔགས་ཀྱི་ཡིག་འབྲུ་རྣམས་རང་གི་སེམས་ནང་ཡོད་པ་དང་ཁྱེད་ཀྱིས་སྔགས་སྒྲ་འདོན་པ་ལས་ལྡོག་སྟེ་ཡིག་འབྲུ་དེ་དག་གིས་སྔགས་སྒྲ་འབྱིན་གྱི་ཡོད་པར་དམིགས་ཚུལ་ཡོད། དེ་ནས་སྔགས་ཀྱི་སྒྲ་དེའི་སྟོང་པ་ཉིད་ལ་སྒོམ་རྒྱག་ཚུལ་ཡོད། སྔགས་ཉམས་ལེན་རིགས་མི་འདྲ་བ་ཧ་ཅང་མང་པོ་ཡོད། 

རྣམ་རྒྱུན་ཁྱེད་ཀྱིས་རང་གི་མཆུ་དེ་སྔགས་དང་མཉམ་དུ་འགུལ་གཡོ་བྱེད་དགོས་པ་དང་དབུགས་ཀྱི་འོག་ཏུ་སོ་སོ་རང་ཉིད་ཁོ་ནས་ཐོས་ཐུབ་པ་ཙམ་ཅུང་ཟད་བརྗོད་དགོས་པའི་ལམ་སྟོན་བྱས་ཡོད། སྐབས་འགར་གནས་སྟངས་ཁ་ཤས་ཀྱི་ནང་སྐད་ཤུགས་ཆེན་པོར་འདོན་དགོས་པའི་སྐབས་ཡོད་ནའང་། ཁྱེད་ཀྱིས་ཉེ་འཁོར་དུ་ཡོད་པ་ཚང་མས་ཐོས་པའི་ཕྱིར། སྐད་ཤུགས་ཆེན་པོའི་སྒོ་ནས་བཏོན་ཏེ་སྟོན་མོ་ཆེན་པོ་ཞིག་བཟོ་མི་དགོས། སྔགས་བཟླས་བརྗོད་ཀྱི་མྱུར་ཚད་དེ་སོ་སོ་རང་ཉིད་ལ་རག་ལུས་ཡོད། གནད་འགགས་གཙོ་བོ་ནི་སྔགས་ཀྱི་ཡིག་འབྲུ་རེ་རེ་བཞིན་འདོན་དགོས་པ་ལས་ཡིག་འབྲུ་གཅིག་ཀྱང་སྐྱུར་མི་ཉན། གལ་ཏེ་ཁྱེད་ཀྱིས་༧གོང་ས་མཆོག་གིས་སྔགས་བཟླས་བརྗོད་གནང་བ་ཐོས་མྱོང་ཡོད་ན། ངས་དེ་སྔ་མི་ཚེའི་ནང་ནམ་ཡང་ཐོས་མ་མྱོང་ཞིང་། དོན་དངོས་ཀྱི་ཆ་ནས་གཞན་ལས་ཆེ་མྱུར་བའི་སྒོ་ནས་འདོན་གནང་བ་དང་ད་དུང་ཚིག་རེ་རེ་བཞིན་གསལ་པོར་འདོན་གནང་གི་རེད། དེ་བཞིན་དཔེ་ཆ་དང་གཞུང་ལུགས་གང་འདོན་གནང་ནའང་གཅིག་མཚུངས་རེད།། 

Top