ཉམས་ལེན་བཞི་པ་ནི། ཆོས་འཕེལ་སྐྱེད་འགྲོ་བའི་ཕྱིར་ཚོགས་ཞིང་གསལ་འདེབས་པ།
སྔོན་འགྲོ་སྟ་གོན་གྱི་ཉམས་ལེན་དྲུག་ལས་བཞི་པ་ནི་ཚོགས་ཞིང་གསལ་འདེབས་པ་དེ་རེད། ཚོགས་ཞིང་ལ་ལེགས་སྦྱར་སྐད་དུ་ “པུཎྱ་ཥེཏྲ་” ཟེར། དེ་ནམ་རྒྱུན་ཚོགས་ཞིང་ཞེས་ཟེར་གྱི་ཡོད་ནའང་། དེ་ལ་དོན་དག་ཅིག་ཡོད། དེ་ནི་ང་ཚོས་དགེ་བའི་ནུས་པ་གང་མང་གི་ས་བོན་འདེབས་སའི་ཞིང་ཞིག་ཡིན་པ་རེད། དེ་ནི་ཚོགས་ཀྱི་ཞིང་ཞིག་སྟེ། དེས་ལོ་ཏོག་ཕུན་སུམ་ཚོགས་པའི་ཐོན་སྐྱེད་འབབ་པར་བྱེད་ཀྱི་ཡོད། སླར་ཡང་འདི་ནི་ཧ་ཅང་རྙོག་འཛིངས་ཆེ་བའི་དམིགས་རྣམ་སྐྱོང་ཚུལ་ཞིག་ཡིན་སྲིད་ལ། རང་གི་རྩ་བའི་བླ་མ་བཞུགས་ཁྲིའི་སྟེང་ལ་སངས་རྒྱས་ཀྱི་ངོ་བོར་བཞུགས་པ་ལྟ་བུ་ང་ཚོས་གོང་དུ་ཞུས་ཟིན་པ་ལྟར་ལས་སླ་བའི་སྒོ་ནས་ཀྱང་ཡིན་སྲིད།
ངས་འདིའི་སྐོར་ཧ་ཅང་རྒྱས་ཤིང་རྒྱས་པ་འདིར་མ་སྤྲོས་པར་གནད་དོན་མདོར་བསྡུས་ཙམ་ཞིག་ཞུ་རྒྱུ་ཡིན། སངས་རྒྱས་ཀྱི་བཞུགས་སྟངས་དེ་ནི། ཕྱག་གཡས་ས་གནོན་གྱི་ཕྱག་རྒྱའི་ཚུལ་དུ་བཞུགས་ཡོད་པ་སོང་ཙང་། ཕྱག་དེ་འོག་ཏུ་བཞག་ནས་ས་ལ་རེག་པ་དང་། སངས་རྒྱས་ཀྱིས་མཱ་རའམ་བདུད་རྣམས་བཏུལ་བའི་དཔང་པོ་དེ་ས་ལ་བཞག་གནང་ཡོད། བདུད་རྣམས་ནི་ལྷའི་རིགས་རྒྱུད་ཡིན། ང་ཚོས་བདུད་ཀྱི་སྐོར་བཤད་པའི་སྐབས། ཕྱོགས་གཅིག་ནས་དེ་དག་ལ་བདུད་ཅེས་བརྗོད་ཆོག་ཀྱང་། དེ་དག་ནི་བགེགས་དང་བར་ཆད་ཆེན་པོ་ཞིག་ཡིན། མཱ་ར་ཞེས་པ་དེ་ལེགས་སྦྱར་ཀྱི་སྐད་ “མྲི་ཏ་” ཟེར་བའི་ཚིག་ལས་བྱུང་ཞིང་། དེའི་དོན་ནི་འཆི་བ་ལ་གོ།
བྱས་ཙང་། ཕྱོགས་གཅིག་ནས་བགེགས་བར་དེ་དག་གི་རྣམ་པར་བདུད་དམ་མཱ་ར་ཟེར་བ་ཡོད་པ་དང་། བདག་ཅག་གི་སྟོན་པ་སངས་རྒྱས་བྱང་ཆུབ་ཤིང་གི་འོག་ཏུ་བཞུགས་ནས་མངོན་པར་རྫོགས་པ་སངས་རྒྱས་པའི་སྐབས། བདུད་དེ་དག་ཁོང་གི་མདུན་དུ་སླེབས་ཡོད་པ་ནི་དཔེ་མཚོན་ཡག་པོ་ཞིག་ཡིན། སངས་རྒྱས་ཀྱིས་དེའི་ཚེ་དགེ་བའི་ནུས་པ་ཤིན་ཏུ་རྒྱ་ཆེ་བ་བསགས་ཡོད་པ་དང་། ཁོང་འཚང་རྒྱ་རྒྱུ་གྲ་སྒྲིག་ཡོད་པས། ཇི་ལྟར་རི་མོས་མཚོན་པ་ནང་བཞིན་བུད་མེད་རྣམས་ཀྱིས་ཞབས་བྲོ་འཁྲབ་བཞིན་པ་སོགས་ཀྱི་སྣང་བརྙན་སོགས་ཁྱད་རྣམ་ཁག་བསྟན་པའི་བདུད་ལྟ་བུས་ཁོང་ལ་བར་ཆད་ཤུགས་ཆེན་བྱུང་མེད་ཅེས་ཁྱེད་ཀྱིས་བསམ་ངེས་རེད། འོན་ཀྱང་ཁྱེད་ཀྱིས་དགེ་བའི་ལས་ཇི་ཙམ་ཤུགས་ཆེ་བ་བྱེད་པ་དེ་ཚོད་ཀྱིས་བར་ཆད་མང་བ་ཡོང་གི་ཡོད་པའི་བཟོ་འདྲ་ཞིག་ཡོད། དེ་ལས་ཐར་བར་བྱེད་མཁན་ནི་བྱང་ཆུབ་སེམས་དཔའ་ཡིན། གལ་ཏེ་ང་ཚོས་དགེ་བ་ཞིག་བྱེད་རྩིས་ཡོད་པ་དང་དེར་བར་ཆད་ཡོད་ན། དེ་ནི་དམིགས་བསལ་གང་ཡང་མིན། བྱང་ཆུབ་ཤིང་དྲུང་དུ་བཞུགས་པའི་སངས་རྒྱས་ཀྱི་དཔེ་ལ་བསམ་དགོས་པའམ། ཡང་ན་༧གོང་ས་མཆོག་དང་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་ཁོང་ལ་འཛིན་པའི་བསམ་ཕྱོགས་ཏེ། དཔེར་ན། དཀའ་ངལ་ལས་ཐར་བ་དང་ཁོང་གིས་དེ་ལ་གདོང་ལེན་ཇི་ལྟར་གནང་གི་ཡོད་པ་དང་། སེམས་ངལ་ཇི་ལྟར་མི་འབྱུང་བ་ལྟ་བུར་བསམ་དགོས། བྱས་ཙང་། “ཨོ། ང་ཐབས་སྐྱོ་བ་ལ། ང་ལ་དཀའ་ངལ་དེ་འདྲ་འདུག་” ཅེས་ནམ་ཡང་བསམ་བློ་གཏོང་མི་ཉན། ༧གོང་ས་མཆོག་གིས་རྒྱ་མི་དང་མཉམ་དུ་གདོང་ལེན་གནང་བ་དང་བསྡུར་ན། ང་ཚོའི་དཀའ་ངལ་ནི་ཆུང་ཙག་རེད།
སངས་རྒྱས་ཀྱི་པང་དུ་ལྷུང་གཟེད་ཡོད་པ་དང་། དེ་ཁོང་གི་ཕྱག་གཡོན་མར་མནབས་ཡོད། དེ་ལ་བདུད་རྩི་གསུམ་ཡོད་དེ། བདུད་རྩི་སྟེ་ལེགས་སྦྱར་སྐད་དུ་ཨམྲཱི་ཏ་ཞེས་བྱ། དེའི་དོན་གང་རེད་དམ། དེས་ཚིག་གི་གོ་དོན་ངོ་མའི་བྲོ་བ་དེ་སྟོན་གྱི་མེད། སེར་ཀོང་རིན་པོ་ཆེས། ཚིག་རེ་རེའི་གོ་དོན་རྣམས་བ་མོ་ནས་འོ་མ་འཇོ་བ་ནང་བཞིན་ཕྱིར་འདོན་དགོས་ཞེས་གསུངས་ཡོད། དེ་ནི་རྒྱ་གར་གྱི་གང་འདོད་འཇོའི་བ་ཞེས་པའི་སྣང་བརྙན་དེ་ཡིན། དེ་ལས་ཁྱེད་ལ་དངོས་པོ་ངོ་མཚར་ཅན་ཚང་མ་རག་གི་ཡོད། ལེགས་སྦྱར་སྐད་དུ་ཨམྲཱི་ཏ་ཞེས་ཟེར་དུས་སླར་ཡང་མྲི་ཏ་ཞེས་འཆི་བའི་གོ་བ་དེ་ཡོད་པ་དང་། མཱ་ར་དང་དེའི་སྔོན་འཇུག་ཨ་སྦྱར་བས་རྒྱལ་བའམ་ཐར་བའི་དོན་ཡིན། བྱས་ཙང་། དེ་དག་ནི་བདུད་ལ་ཁ་གཏད་གཅོག་པའི་བདུད་རྩི་ཡིན། བོད་སྐད་ནང་དེ་ཡིག་འབྲུ་གཉིས་ཀྱི་ནང་བསྒྱུར་ཡོད་པ་ལས་ཡིག་འབྲུ་གཅིག་ནི་བདུད་ཅེས་པ་དེ་རེད།
བདུད་རྩི་ནི།
- སྨན་ཏེ། ཕུང་པོའི་བདུད་ལས་རྣམ་པར་རྒྱལ་ཕྱིར། ༼ན་བ།༽
- ཚེའི་བདུད་རྩི་སྟེ། འཆི་བདག་གི་བདུད་ལས་རྣམ་པར་རྒྱལ་ཕྱིར།
- ཡེ་ཤེས་ཀྱི་བདུད་རྩི་སྟེ། ཉོན་མོངས་པའི་བདུད་ལས་རྣམ་པར་རྒྱལ་ཕྱིར།
དེ་དག་ཐམས་ཅད་ཀྱིས་གང་མཚོན་པའི་ཐོག་ཇི་ཙམ་གྱི་གཏིང་ཟབ་པ་ཕྱིན་པ་དེའི་ཚོད་ཀྱིས་རྣམ་པ་ཆུང་ངུ་དེ་དག་ཚང་མའི་ནང་ལམ་མང་པོ་ཞིག་ཚུད་ཡོད་པ་ཁྱེད་ཀྱིས་མཐོང་གི་རེད།
ཉམས་ལེན་ལྔ་པ། ཡན་ལག་བདུན་གྱི་སྨོན་ལམ་དང་མཎྜལ་འབུལ་བ།
མཆོད་པའི་ཡན་ལག་བདུན་ལ་འགྲེལ་ཚུལ་མི་འདྲ་བ་མང་པོ་ཡོད། ཕལ་ཆེར་སྔ་ཤོས་དེ་ནི་ཀུན་ཏུ་བཟང་པོའི་སྨོན་ལམ་་གྱི་ནང་གི་དེ་རེད། དེ་ནི་སྡོང་པོ་བཀོད་པའི་མདོའི་་མཇུག་ཏུ་གསལ། དེ་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིན་ཆེན་ཕྲེང་བ་་ལས་བྱུང་བའི་ཡན་ལག་བདུན་པའི་སྐོར་ཡོད། ནམ་རྒྱུན་ཡོངས་གྲགས་སུ་ཉམས་ལེན་བྱེད་པའི་མཆོད་པའི་ཡན་ལག་བདུན་གྱི་སྐོར་དེ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་་ལས་བྱུང་བ་དེ་ཡིན།
ཕྱག་འཚལ་བ།
ཕྱག་འཚལ་བའི་ཡན་ལག་ལ་མཚོན་ན། ཁྱེད་ཀྱི་ལུས་པོ་དེ་ལུས་ཧ་ཅང་མང་པོར་བསྒྱུར་ནས་དེ་དག་ཐམས་ཅད་ཀྱིས་ཕྱག་འཚལ་གྱིན་ཡོད་པར་བསམ་དགོས། མཆོད་པའི་ཡན་ལག་བདུན་པོ་དེ་དག་རེ་རེས་ཉོན་མོངས་བྱེ་བྲག་རེ་རེ་ལས་ཐར་བར་བྱེད་ཀྱི་ཡོད། བྱས་ཙང་། ཕྱག་འཚལ་བས་ང་རྒྱལ་དང་རློམ་སེམས་ལས་ཐར་བའམ་དེ་དག་གི་གཉེན་པོ་བྱེད་ཀྱི་ཡོད། དཔེར་ན། “ང་རང་ཤིན་ཏུ་ངོ་མཚར་བ་ཞིག་ཡིན། ངས་གུས་འདུད་བྱེད་ཀྱི་མིན།” ཞེས་པའི་བསམ་ཕྱོགས་དེའི་གཉེན་པོ་ཡིན།
མཆོད་པ་འབུལ་བ།
ང་ཚོས་འདི་ཀུན་ཏུ་བཟང་པོའི་མཆོད་པའི་རིགས་ལ་བརྟེན་ནས་བྱེད་ཐབས་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོའི་སྙིང་ཁ་ནས་ཀུན་ཏུ་བཟང་པོ་ནོར་བུ་འཛིན་པ་ཞིག་ཏུ་སྤྲུལ་བ་དང་། ཀུན་ཏུ་བཟང་པོ་དེའི་སྙིང་ཁ་ནས་ཀུན་ཏུ་བཟང་པོ་གཉིས་ ༼དེ་གཉིས་ཀས་ནོར་བུ་ཞིག་འཛིན་པ་༽ སྤྲུལ་བ། དེ་གཉིས་རེ་རེ་ནས་ཀུན་ཏུ་བཟང་པོ་གཉིས་ཡང་བསྐྱར་སྤྲུལ་བས། དེ་ནི་ཤིན་ཏུ་ཆེན་པོར་གྱུར་བ་བཅས་རྣལ་འབྱོར་བླ་མེད་རྒྱུད་ཀྱི་བསྐྱེད་རིམ་སྐབས་ཀྱི་ཕྲ་བའི་རྣལ་འབྱོར་ལྟ་བུ་རེད། ང་ཚོས་དེ་དག་གོ་རིམ་བཞིན་སྤྲུལ་བ་དང་ཡང་རང་འཇགས་ཚུར་གོ་རིམ་བཞིན་གཅིག་ཏུ་བསྡུ་དགོས། སེར་ཀོང་མཚན་ཞབས་རིན་པོ་ཆེས་རྟག་ཏུ་གནད་དོན་རྣམས་གཅིག་ཏུ་འདུས་པའི་དོན་ངོ་མའི་རིམ་པའི་ཐོག་ནས་འགྲེལ་བརྗོད་གནང་གི་རེད། དེ་ཡང་རྟག་ཏུ་འདི་ནི་དེ་ལས་ཚད་མཐོ་བའི་ཉམས་ལེན་ཡིན་པའི་དགོངས་བཞེད་དང་འབྲེལ་ནས་གསུང་གནང་གི་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོ་ཀུན་བཟང་མཆོད་པའི་དམིགས་རྣམ་གྱི་རིགས་འདི་བྱུང་བ་རེད།
དེ་ནི་དངོས་གནས་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་བསམ་གྱི་འདུག །གང་ཡིན་ཟེར་ན། དེས་ང་ཚོས་ཁེངས་དྲེགས་དང་བཅས་ཏེ། “ཨོ། འདི་ནི་ཧ་ཅང་ལས་སླ་པོ་ཆགས་ཀྱི་རེད། ངས་དེ་བྱེད་ཐུབ།” ཅེས་བསམ་པ་དེ་ལ་ཕན་གྱི་ཡོད། ཁྱེད་ཀྱིས་ཧ་ཅང་བྱེད་དཀའ་བའི་བྱ་བ་ཞིག་སྟོན་པ་དང་། དེ་ནི་གདོང་ལེན་བྱེད་དགོས་པ་ཞིག་ཙམ་མིན་པར། “བྱ་བ་འདི་ཡང་དག་པ་ཞིག་བྱེད་ཐུབ་པར། དོན་ངོ་མར་ངའི་མི་ཚེ་ཡོངས་རྫོགས་འགོར་སྲིད་པ་ཞིག་ཡིན།” བྱས་ཙང་། ཁྱེད་ཀྱིས་ཉིན་ལྟར་བྱེད་རྩིས་ཡོད་པ་འདི་གླེན་རྟགས་ཤིག་མིན། གང་ཡིན་ཞེ་ན། དེ་ནི་བྱེད་དཀའ་བ་ཞིག་ཡིན་པ་དང་། ཁྱེད་ཀྱིས་སྦྱོང་བརྡར་དང་རང་ཉིད་ཡར་རྒྱས་རྒྱ་གང་ཆེར་གཏོང་དགོས་ངེས་རེད། དེས་སྤྲོ་བའི་བརྩོན་འགྲུས་སྐྱེད་པར་བྱེད་ཀྱི་ཡོད། དེ་ཡང་༧གོང་ས་མཆོག་གིས། ཁོང་ལ་ནུས་ཤུགས་ཆེ་ཤོས་དེ་གང་གིས་སྦྱིན་གྱི་ཡོད་པ་ནི། བསྐལ་ཆེན་གྲངས་མེད་གསུམ་དུ་དགེ་བའི་ནུས་པའམ་ཚོགས་གསོག་པར་བསམ་བློ་གཏོང་བ་ལས་བྱུང་ཞེས་གསུངས། གལ་ཏེ་ཁྱེད་ཀྱིས། “ང་རང་ཚེ་གཅིག་གམ་ཡང་ན་ལོ་གསུམ་གྱི་ནང་སངས་རྒྱས་ཀྱི་གོ་འཕང་ཐོབ་ཀྱི་རེད།” ཅེས་བསམ་བློ་བཏང་ན། དེ་ལ་ཁོང་གིས་ “ནང་པའི་དཀྲོག་གཏམ་” གསུང་གནང་གི་ཡོད། “ང་རང་གོང་ཚད་སྒྲིག་འདོད་འདུག །ང་རང་ལས་ཀར་ཧ་ཅང་འབད་བརྩོན་བྱེད་འདོད་མི་འདུག །བྱས་ཙང་། ང་རང་རིན་གོང་ཆུང་ཆུང་ནང་སངས་རྒྱས་ཀྱི་གོ་འཕང་འཐོབ་ཀྱི་རེད།” ཅེས་བསམ་བློ་གཏོང་རྒྱུ་དེ་ཧ་ཅང་ལས་སླ་པོ་ཡོད། ལོ་གསུམ་གྱི་ནང་སངས་རྒྱས་ཀྱི་གོ་འཕང་འཐོབ་སྲིད་པ་ཞིག་རེད། དེ་ནི་རྩ་བ་ནས་ཆོ་མེད་པའི་སྐད་ཆ་ཞིག་མ་རེད། ཡིན་ནའང་དེ་དཀྲོག་གཏམ་གྱི་ཚུལ་དུ་བེད་སྤྱོད་བྱས་ཏེ་མི་རྣམས་འགུག་ཐབས་བྱེད་སྲིད། གང་ཡིན་ཞེ་ན། ཁོང་ཚོས་དེ་ནི་ལས་སླ་པོ་རེད་བསམ་གྱི་ཡོད། དེ་ནི་ལས་སླ་པོ་མེད། དཀྲོག་གཏམ་ཟེར་བའི་ཚིག་དེ་༧གོང་ས་མཆོག་གིས་གསུངས་ཡོད། ངས་རང་བཟོ་བྱས་པ་ཞིག་མིན།
ཀུན་ཏུ་བཟང་པོའི་མཆོད་པའི་དམིགས་རྣམ་བསྟེན་ཚུལ་ཏོག་ཙམ་ལས་སླ་བ་ཞིག་ནི། ཁྱེད་རང་ཀུན་ཏུ་བཟང་པོར་སྤྲུལ་རྒྱུ་དེ་རེད། ཁོང་གི་ཕྱག་ལ་ནོར་བུ་ཞིག་ཡོད། ནོར་བུ་དེ་ལས་འོད་དཔག་ཏུ་མེད་པ་འཕྲོ་ཞིང་། དེ་དག་རེ་རེར་མཆོད་པ་སྣ་ཚོགས་པ་ཡོད། དཔེར་ན། ཡོན་ཆབ་དང་། མེ་ཏོག །བདུག་སྤོས་ལ་སོགས་པ་ལྟ་བུ་རེད། དེ་ནི་གང་ཙམ་གྱི་ལས་སླ་བ་ཡོད།
མཆོད་པ་འབུལ་བ་དེས་སེར་སྣའི་གཉེན་པོ་བྱེད་ཀྱི་ཡོད།
སྐྱོན་ངོས་ལེན་བྱེད་པ། ༼བཤགས་པ།༽
དེ་ནས་བཤགས་པ་བྱེད་པ་སྟེ། འདས་པའི་དུས་སུ་རང་གིས་བྱས་པའི་སྐྱོན་དང་ནོར་འཁྲུལ། མི་དགེ་བའི་སྤྱོད་ལམ་རྣམས་ཐད་ཀར་ངོས་ལེན་དང་བཅས་གཉེན་པོ་སྟོབས་བཞི་བསྟེན་དགོས། གཉེན་པོ་སྟོབས་བཞི་ནི་དུས་རྟག་ཏུ་སྟེན་རྒྱུ་ཧ་ཅང་གལ་འགངས་ཆེ། དེ་དག་ནི།
༡༽ འགྱོད་པ། སྔོན་བྱས་པའི་ནོར་འཁྲུལ་ལ་འགྱོད་པ། དེ་ནི་ནག་ཉེས་མིན་པར་འགྱོད་པ་ཡིན། “ངས་བྱ་བ་དེ་བྱས་མེད་ན་ཅི་མ་རུང་།” ཟེར་བ་ལྟ་བུ་རེད། དེ་ནི་ནག་ཉེས་ལྟ་བུ་ངས་གང་བྱས་པ་ལས་གནས་ཚུལ་རྡོག་རྡོག་ཆེན་པོ་བཟོས་ཏེ་ “དེ་ནི་ཧ་ཅང་སྡུག་ཅག་རེད་” ཅེས་ཚོར་བ་ཞིག་མིན། ང་རང་ལ་མཚོན་ན་བྱ་བ་དེ་བྱས་པ་སོང་ཙང་། “ང་རང་དཔེ་སྡུག་ཅག་རེད་” ཅེས་བསམས་ནས་གློད་གཏོང་མི་བྱེད་པ་ལྟ་བུ་མ་ཡིན།
༢༽ སླར་མི་བྱེད་པའི་ཆོད་སེམས་བརྟན་པོ། འདིའི་ཆེད་དུ་གཞི་རྩའི་ལམ་སྟོན་ཞིག་ནི། དམ་བཅའ་འཇོག་མི་ཉན་ཟེར་བ་དེ་རེད། དཔེར་ན། “ངའི་མི་ཚེའི་ལྷག་མའི་ནང་ངས་ཡང་བསྐྱར་ནམ་ཡང་བྱེད་ཀྱི་མིན་” ཞེས་དམ་བཅའ་འཇོག་རྒྱུ་མེད། གང་ཡིན་ཟེར་ན། ཁྱེད་ཀྱིས་དམ་བཅའ་དེ་ནང་བཞིན་བྱེད་མི་ཐུབ་པ་ཆགས་སྲིད། དང་པོ་ག་ལེར་ག་ལེར་འགོ་འཛུགས་བྱེད་དགོས། དཔེར་ན། “བདུན་ཕྲག་རྗེས་མའི་བར་དུ་ངས་བྱེད་ཀྱི་མིན་” ཞེས་པ་ལྟ་བུ་རེད། དེ་ནས་ཟླ་བ་རྗེས་མ་དང་ལོ་རྗེས་མ་ཞེས་དུས་ཚོད་རྒྱུན་རིང་དུ་བཏང་ནས་རང་གིས་འདས་པའི་དུས་སུ་བྱས་པའི་མི་དགེ་བའི་ལས་ཀྱི་རིགས་སླར་ཡང་མི་བྱ་རྒྱུའི་འབད་བརྩོན་ངོ་མ་ཞིག་བྱེད་ཀྱི་ཡིན་ཞེས་དམ་བཅའ་དེ་ལྟར་བྱེད་དགོས།
༣༽ སོ་སོའི་དགེ་བའི་ཁ་ཕྱོགས་སམ་སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་ལ་ངེས་བརྟན་བཟོ་དགོས།
༤༽ མི་དགེ་བའི་ལས་རྣམས་དགེ་བའི་ལས་ཀྱིས་ཁ་གཏད་བྱེད་དགོས། བཀོལ་སྤྱོད་བྱེད་ཆོག་པའི་དེའི་རིགས་སྣ་ཚོགས་པ་ཡོད།
འདིས་སྤྱིར་བཏང་ང་ཚོ་ཉོན་མོངས་དུག་གསུམ་ལས་ཐར་བར་ཕན་གྱི་ཡོད། དུག་གསུམ་ནི།
- འདོད་ཆགས། ཁྱེད་ལ་མེད་པ་ཞིག་ལ་ནི་འདོད་པ་དང་། གལ་ཏེ་ཁྱེད་ལ་ཡོད་ན། དེ་དང་འབྲལ་འདོད་མེད་པའམ་གློད་གཏོང་འདོད་མེད་པ་ནི་ཆགས་པ། ད་དུང་དེ་ལས་མང་བ་དགོས་པའི་འདོད་རྔམ་བཅས་ཡིན།
- ཁོང་ཁྲོའམ་ཞེ་སྡང་།
- གཏི་མུག་བྱིས་བློའི་རང་བཞིན། དེ་ཡང་རྒྱུ་འབྲས་དང་དངོས་པོའི་གནས་ལུགས་གང་རུང་ལ་རྨོངས་པའི་གཏི་མུག་ཡིན་པ་ལས། ཆུ་ཚོད་ག་ཚོད་ཡིན་མིན་མི་ཤེས་པ་རྨོངས་པའི་གཏི་མུག་དེ་མིན།
འདི་ནི་ང་ཚོས་གནོད་བྱེད་མི་དགེ་བའི་ལས་ཅིའི་ཕྱིར་བྱེད་པའི་གཞི་རྩ་དེ་ཡིན། ང་ཚོས་ཉོན་མོངས་དུག་གསུམ་གྱི་དབང་འོག་ཏུ་བྱ་སྤྱོད་སྤེལ་གྱི་ཡོད། དེ་དག་གིས་ང་ཚོའི་སེམས་དུག་ཅན་དུ་བཟོ་གི་ཡོད།
རྗེས་སུ་ཡི་རངས།
ཡན་ལག་བདུན་གྱི་ནང་ནས་བཞི་པ་ནི། སོ་སོ་རང་ཉིད་དང་གཞན་དག་གིས་བྱས་པའི་དགེ་བའི་ལས་ལ་རྗེས་སུ་ཡི་རངས་ཀྱིས་དགའ་བ་བསྒོམ་པ་དེ་ཡིན། གཞན་གྱི་ཆ་ནས་བཤད་ན། སོ་སོ་སྐྱེ་བོ་རྣམས་དང་། ཉན་ཐོས། རང་རྒྱལ། བྱང་ཆུབ་སེམས་དཔའ། སངས་རྒྱས་རྣམས་ཡིན། མཆོད་པའི་ཡན་ལག་འདིས་ཕྲག་དོག་དང་མིག་སེར་ལས་ཐར་བར་བྱེད་ཀྱི་ཡོད།
ང་ཚོས་ཉོན་མོངས་དེ་དག་ལས་ཐར་བའི་སྐོར་ཤོད་སྐབས། ཁྱེད་ཀྱིས་ག་རེ་བྱེད་ཡག་ཐབས་ཤེས་གཏོང་དགོས་ཞེ་ན། རང་གིས་རང་ལ་བརྟག་དཔྱད་བྱེད་དགོས་པ་སྟེ། ངའི་རྒྱུད་ལ་ཉོན་མོངས་དེ་དག་ཡོད་དམ། ཞེས་སྐབས་འདིར་སྒོམ་གྱི་ནང་ཙམ་མིན་པར། དུས་རྒྱུན་དུ་ནས་ལྟ་ཞིབ་བྱས་ཏེ་ཉམས་ལེན་དེའི་རིགས་ལ་འབད་བརྩོན་བྱེད་དགོས། ཁྱེད་ཀྱིས་མི་གཞན་ཞིག་ལམ་འགྲོ་རྒྱུག་པ་དང་འགྲུབ་འབྲས་ཐོན་པ་སོགས་ཡོང་བའི་སྐབས། གལ་ཏེ་ཁྱེད་ལ་ “ཨོ། ངས་དེ་བྱས་ཡོད་ན་ཅི་མ་རུང་” ཞེས་པའམ། ཡང་ན་ “དེ་ཁོང་ཚོར་མ་བྱུང་ནས་ང་རང་ལ་བྱུང་ན་ཅི་མ་རུང་” ཞེས་སོགས་ཕྲག་དོག་གི་བསམ་བློ་འདི་ཡོད་ན་ཧ་གོ་བར་བྱེད་དགོས། དེ་ནི་ཁྱེད་ཀྱིས་རྗེས་སུ་ཡི་རངས་བྱེད་པ་ལ་ཁ་གཏད་བྱེད་དགོས་པའི་སྐབས་ཡིན། ཁོང་ཚོར་དགའ་བ་བསྒོམ་དགོས། རྒྱལ་སྲས་ཞི་བ་ལྷས། གལ་ཏེ་ཁྱེད་ཀྱིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཡིད་སྨོན་བྱས་ན། ཁོང་ཚོར་འཇིག་རྟེན་པའི་བྱ་བ་འགའ་ཞིག་ལ་འགྲུབ་འབྲས་ཐོན་པ་དང་ལམ་ལྷོང་བྱུང་བར་ཁྱེད་རང་དཀའ་ངལ་ག་རེ་འདུག་གམ། ཞེས་གསུངས།
ཆོས་གསུང་བར་བསྐུལ་བ།
ཡན་ལག་ལྔ་པ་ནི་སངས་རྒྱས་དང་དགེ་བའི་བཤེས་གཉེན་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དེ་རེད། དེས་ “ང་ལ་ཆོས་དེ་དག་དགོས་ཀྱི་མི་འདུག །ངས་ཚང་མ་ཤེས་ཀྱི་ཡོད་” ཅེས་ཟེར་བ་ལྟ་བུ་ང་ཚོས་ཆོས་སྤོང་གི་ལས་མི་གསོག་པར་ཕན་གྱི་ཡོད།
མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ།
དགེ་བའི་བཤེས་གཉེན་རྣམས་ལ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་འདིས་དགེ་བའི་བཤེས་གཉེན་རྣམས་སྐུར་འདེབས་དང་བརྙས་བཅོས་བྱེད་པའི་སྐྱོན་ལས་ཐར་བར་བྱེད་པར་ཕན་གྱི་ཡོད། དཔེར་ན། “ང་ཁྱེད་རང་ལ་མི་དགའ་” ཟེར་བའམ་ཡང་ན་ “ང་རང་ཁྱེད་ཀྱི་སློབ་འཁྲིད་བྱེད་སྟངས་ལ་མི་དགའ་” ཟེར་བ་ལྟ་བུ་རེད། དེ་ལྟར་བྱས་ན། ཁོང་ཚོ་འགྲོ་ངེས་པ་རེད། དེ་ག་ནང་བཞིན་དགེ་རྒན་ལ་མཐོང་ཆུང་བྱས་ཏེ། “ང་ལ་དགེ་རྒན་མི་དགོས་” ཟེར་བ་ལྟ་བུ་ལས་ཐར་བར་བྱེད་ཀྱི་ཡོད།
བསྔོ་བ།
དེ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པའི་བསྔོ་བ་བྱེད་པ་སྟེ། དགེ་བ་རྫོགས་བྱང་དུ་བསྔོ་བ་ཡིན། དེས་ང་ཚོ་ཁོང་ཁྲོ་ལས་ཐར་བར་བྱེད་ཀྱི་ཡོད། ཁོང་ཁྲོས་ང་ཚོས་གསོག་པའི་དགེ་བའི་ནུས་པ་རྣམས་རྩ་གཏོར་གཏོང་གི་ཡོད། ཁྱེད་ཀྱིས་དགེ་བའི་ནུས་པའམ་བསོད་ནམས་གང་ཙམ་ཞིག་བསགས་ཏེ། དེ་ཐར་པ་དང་ཐམས་ཅད་མཁྱེན་པའི་ཡིག་སྣོད་ལྟ་བུ་ཞིག་གི་ནང་ཉར་འཚག་བྱེད་འདོད་ཡོད་པ་ལས། འཁོར་བ་ལྟ་བུའི་ཡིག་སྙོད་ནང་ཉར་འདོད་མེད། ཁོང་ཁྲོ་ལ་བརྟེན་ནས་དེ་ཞན་དུ་གཏོང་འདོད་མེད།
རྒྱ་གར་གྱི་མཁས་པ་ཆེན་པོ་རྣམས་ཀྱིས་གཞུང་ནང་དེའི་སྐོར་གསུང་ཚུལ་གཉིས་ཡོད་པ་ནི།
- རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ལས། བྱང་ཆུབ་སེམས་དཔའ་ཞིག་ལ་ཁོང་ཁྲོ་བྱེད་པ་དེས་བསྐལ་པ་སྟོང་དུ་བསགས་པའི་དགེ་བའི་ནུས་པ་འཇོམས་པར་བྱེད་ཀྱི་ཡོད་ཅེས་གསུངས། དེའི་འགྲེལ་བའི་ནང་། དེ་ནི་ང་རང་ཚོ་སོ་སྐྱེ་ལ་དམིགས་པ་ཞིག་མིན་པར། དམིགས་བསལ་རྟོགས་པ་མཐོན་པོར་བརྙེས་པའི་བྱང་ཆུབ་སེམས་དཔའ་ཞིག་ལ་དམིགས་ནས་ཁོང་ཁྲོ་བྱེད་པར་གོ་བར་འགྲེལ་བརྗོད་བྱས་ཡོད།
- སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པ་ལས། ཁོང་ཁྲོས་བསྐལ་པ་བརྒྱ་ཕྲག་ཏུ་བསགས་པའི་དགེ་བའི་ནུས་པ་འཇོམས་པར་བྱེད་ཅེས་གསུངས་ཡོད། དེའི་འགྲེལ་བ་ལྟར་ན། དེ་ནི་ང་ཚོ་བྱང་ཆུབ་སེམས་དཔའ་ཞིག་ཡིན་པའི་སྐབས་དང་། རང་དང་རྟོགས་པ་མཉམ་པའི་བྱང་ཆུབ་སེམས་དཔའ་གཞན་ཞིག་ལ་དམིགས་ནས་ཁོང་ཁྲོ་བྱེད་པར་གོ་ཞེས་གསུངས་ཡོད།
བྱས་ཙང་། གལ་ཏེ་བསྐལ་པ་སྟོང་ཡིན་ན། བྱང་ཆུབ་སེམས་དཔའི་རྟོགས་པ་མཐོ་བ་དང་བསྐལ་བ་བརྒྱ་ཡིན་ན། རྟོགས་པ་མཉམ་པ་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་གཞུང་དེ་གཉིས་ཀྱི་ནང་གྲངས་ཀྱི་ཐོག་ཧེ་བག་འདི་འདྲ་ཡོད་པ་རེད།
འདི་ནི་དངོས་གནས་བརྗོད་གཞི་ཧ་ཅང་དཀའ་ལས་ཁག་པོ་ཞིག་ཆགས་ཀྱི་ཡོད། ཐོག་མར་གཞུང་ནང་གསལ་བ་ལྟར་བྱས་ན། ཁོང་ཁྲོས་བྱང་ཆུབ་སེམས་དཔའ་ལ་དམིགས་པ་ཙམ་གྱི་སྐོར་བཤད་ཀྱི་ཡོད་པ་ལྟར་སྣང་། བྱས་ཙང་། དྲི་བ་དེ་གང་རེད་ཅེ་ན། ཁོང་ཁྲོ་དེས་ངས་སྤྱིར་བཏང་བསགས་པའི་དགེ་བའི་ནུས་པ་འཇོམས་པ་ཡིན་ནམ། ཡང་ན་བསོད་ནམས་ཡོངས་རྫོགས་འཇོམས་པ་ཡིན། ངས་འགྲེལ་བརྗོད་གཅིག་ཐོས་པ་ལྟར་ན། ཁོང་ཁྲོ་དེས་བྱང་ཆུབ་སེམས་དཔའ་བྱེ་བྲག་པ་དེ་དང་འབྲེལ་བའི་དགེ་བའི་ནུས་པ་ཁོ་ན་འཇོམས་པ་ཡིན་ཞེས་བྱང་ཆུབ་སེམས་དཔའ་བྱེ་བྲག་པ་དེ་ལ་ཁོང་ཁྲོ་བྱེད་པར་བརྟེན་རང་གིས་བསགས་པའི་དགེ་བའི་ནུས་པ་འཇོམས་ཀྱི་ཡོད། དེ་ནི་ང་རང་གིས་ཐོས་པའི་འགྲེལ་བཤད་གཙོ་བོ་དེ་རེད། ཚེ་རབས་ཐོག་མ་མེད་པ་དང་སེམས་ཅན་གྱི་གྲངས་ལ་ཚད་ངེས་ཅན་ཡོད་པར་གཞིགས་ན། ང་ཚོས་མི་ཚང་མ་དང་མཉམ་དུ་ལས་ཧ་ཅང་མང་པོ་བསགས་ཡོད། དེར་བརྟེན་ལས་ནི་སྐབས་འདིར་གང་འཚམས་ཀྱི་ཁྱད་ཆོས་ངེས་ཅན་ལྡན་པ་ཞིག་ཡིན།
དེ་འདྲ་ཡིན་ཙང་། ཁྱེད་ཀྱིས་གཞུང་གང་རུང་ཞིག་གི་ཡིག་ཕྲེང་བྱེ་བྲག་པ་དེའི་འགྲེལ་བ་དང་སྤྱིར་བཏང་གི་བསླབ་བྱ་གཉིས་དབྱེ་བ་འབྱེད་དགོས། སྤྱིར་བཏང་གི་བསླབ་བྱ་ནི། གཞན་དག་ལ་ཁོང་ཁྲོ་མ་བྱོས། གང་ཡིན་ཟེར་ན། དེས་སྤྱིར་བཏང་ཁྱེད་ཀྱི་དགེ་བའི་ནུས་པ་འཇོམས་པར་བྱེད་ཀྱི་རེད། གཞུང་ནང་གྲངས་ཀ་ངོ་མཚར་ཅན་དེ་འདྲ་གསུང་སྐབས། དེ་ནི་གང་ལ་གང་འཚམས་ཀྱི་ཁྱད་ཆོས་ངེས་པར་ལྡན་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད། དེ་འདྲ་སོང་ཙང་། དེ་གཉིས་དབྱེ་བ་འབྱེད་དགོས་པ་ལས། དེ་མིན་ཁྱེད་རང་ཁྲོས་ཏེ། “ཨོ། ངས་ངའི་ཁྱི་ལ་ཁོང་ཁྲོ་བྱས་པ་དང་། ད་ངས་ཁོང་ཁྲོ་བསྟན་ཡིན། ངས་བསྐལ་པ་སྟོང་གི་དགེ་བའི་ནུས་པ་བཅོམ་ཡིན་” ཞེས་ཟེར་གྱི་རེད། འདི་ནི་ལག་ལེན་བསྟར་བའི་སྐབས་དང་མི་བསྟར་བའི་སྐབས་ཀྱི་དབར་རྣམ་པར་འབྱེད་པའི་འགྲོ་བ་མིའི་རྣམ་དཔྱོད་བེད་སྤྱོད་མི་བྱེད་པ་ཡིན། ཆོས་འགའ་ཞིག་ལག་བསྟར་བྱེད་པ་དང་མི་བྱེད་པའི་སྐབས་དོན་གང་ཡིན་ནམ། ཆོས་ལག་བསྟར་བྱེད་པར་སྐབས་དོན་ཤེས་དགོས། འདི་ལ་དུག་སྦྲང་ཞིག་ལ་ཁོང་ཁྲོ་ཟ་བ་ཙམ་གྱིས་བསྐལ་པ་སྟོང་དུ་བསགས་པའི་དགེ་བའི་ནུས་པ་འཇོམས་པའི་རྨོངས་ཞེན་གྱི་ལྟ་ཚུལ་འཛིན་མི་ཉན། གལ་ཏེ་དེ་འདྲ་ཡིན་ན། ང་ཚོ་སུ་གང་ལའང་རེ་བ་མེད་པ་རེད།
དགེ་བའི་ནུས་པ་འཇོམས་པར་བྱེད་པ་ཞེས་ཚིག་བེད་སྤྱོད་བྱས་པ་ནི་བཅོམ་ཞེས་པ་དེ་ཡིན། དེའི་དོན་ནི་རྩ་བ་ནས་མེད་པ་བཟོ་བ་མིན། དེའི་དོན་ནི་དགེ་བའི་ནུས་པ་དེའི་འབྲས་བུ་སྨིན་པར་དུས་ཡུན་ཧ་ཅང་རིང་བ་འགོར་རྒྱུ་ཡིན་པ་དང་། འབྲས་བུ་སྨིན་པའི་སྐབས། དེ་ནུས་ཤུགས་རྦད་དེ་ཆུང་བའི་སྒོ་ནས་འབྲས་བུ་སྨིན་གྱི་ཡོད། ཚིག་དེའི་དོན་དག་དེ་རེད། བྱས་ཙང་། ཁྱེད་ཀྱིས་རྟག་ཏུ་གང་བཀོལ་སྤྱོད་བྱས་པའི་ཚིག་གི་གོ་དོན་ལ་བལྟ་དགོས་ཤིང་། ཚིག་དེ་ཡང་ནམ་རྒྱུན་སྐད་ཡིག་གཞན་དུ་བསྒྱུར་བའི་སྐབས། དོན་མ་ནོར་བ་དང་དོན་དག་ཏག་ཏག་སྟོན་ཐུབ་པ་ཞིག་ཡོང་གི་མེད། དེ་འདྲ་སོང་ཙང་། ཁྱེད་རང་ཐ་སྙད་ལ་མགོ་འཐོམ་པའི་སྐབས། རྟག་ཏུ་རང་གི་དགེ་བའི་བཤེས་གཉེན་ལ་ཚིག་དེའི་དོན་གང་ཡིན་སྐོར་བཀའ་འདྲི་ཞུ་དགོས། གལ་ཏེ་བོད་ཀྱི་དགེ་བཤེས་ཚོ་རྟགས་གསལ་དང་རྩོད་གླེང་ལ་ཧ་ཅང་བྱང་པ་ཅན་ཡིན་ན། ཁོང་ཚོས་ཁྱེད་ལ་ཚིག་དེ་དག་གི་མཚན་ཉིད་གང་ཡིན་འགྲེལ་བརྗོད་གནང་ཐུབ། གང་ཡིན་ཞེ་ན། ཁོང་རྣམས་ཀྱིས་མཚན་ཉིད་ཚང་མ་བློ་འཛིན་བྱེད་དགོས་ཀྱི་ཡོད།
མཎྜལ་འབུལ་བ།
དེ་ནས་ང་ཚོས་ཆོས་གསུང་བར་བསྐུལ་བའི་མཎྜལ་འབུལ་གྱི་ཡོད། ༼མཎྜལ་ལམ་དཀྱིལ་འཁོར་ཞེས་པ་དེ་ག་རེ་ཡིན་ནམ་ཞེས་པར་གཟིགས།༽མཎྜལ་འབུལ་སྟངས་ཀྱི་སྐོར་ལ་གདམས་ངག་ཧ་ཅང་རྒྱས་པོ་ཡོད། དེའི་སྐོར་ཁྱེད་རྣམས་ལ་ཞུ་ཐུབ་པའི་དུས་ཚོད་འདི་ཏག་ཏག་མ་རེད། འོན་ཀྱང་རིམ་པ་གཅིག་ནས་ང་ཚོས་འཇིག་རྟེན་ཁྱོན་ཡོངས་འབུལ་གྱི་ཡོད། དཔེར་ན། “གཞན་ལ་ཕན་པའི་ཕྱིར་ངས་གང་ཡོད་པ་ཚང་མ་འབུལ་འདོད་འདུག་” ཅེས་ཟེར་བ་ལྟ་བུ་ནི་མཎྜལ་གྱིས་མཚོན་པར་བྱེད་ཀྱི་ཡོད། ང་ཚོས་འཇིག་རྟེན་འདི་རི་རྒྱལ་ལྷུན་པོ་དང་། གླིང་བཞི་དང་གོ་ལ། ཡང་མིན་ན་ཉི་མའི་ཁྱིམ་རྒྱུད་དང་དགུ་ཚིགས་སྐྱ་མོ་སོགས་གང་གི་གཟུགས་སུ་བསམ་པའམ་མཚོན་པར་བྱེད་ནའང་། ཁྱད་པར་མེད། དོན་དག་ནི་དེ་ནི་ཚང་མ་ཡིན་པ་རེད།
རྗེ་ཙོང་ཁ་པ་ཆེན་པོའི་ལམ་རིམ་ཆེན་མོའི་ནང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྐོར་ངོ་མཚར་བ་ཞིག་གསུངས་པ་དེ་དྲན་གསོ་བྱེད་དགོས། ང་ཚོས་མཆོད་པ་ཆུང་ངུ་ཞིག་སྨོན་པ་བྱང་ཆུབ་སེམས་དཔའ་ཞིག་ལྟར་འབུལ་བའི་སྐབས། དེ་ནི་ང་ཚོར་གང་ཡོད་པ་ཚང་མ་སེམས་ཅན་ཚང་མར་འབུལ་བའི་མཚོན་བྱེད་དེ་ཡིན། བྱས་ཙང་། གང་ཡོད་པ་ཐམས་ཅད་ཚང་མར་འབུལ་བའི་སྐབས་དོན་དེའི་ནང་ནས་ངས་ཆུ་ཕོར་པ་གང་ངའི་ཁྱི་ལ་སྦྱིན་གྱི་ཡོད། དེ་འདྲ་གཅིག་འབུལ་བ་ནི་ཚང་མའི་མཚོན་བྱེད་དེ་ཡིན་པ་དང་། ཁྱི་དེ་ནི་སེམས་ཅན་ཐམས་ཅད་ཀྱི་མཚོན་བྱེད་ཡིན། དེར་བརྟེན་ང་ཚོས་མཎྜལ་འབུལ་བ་ལ་བརྟེན་ནས་རང་གི་རང་ལ་སྦྱོང་བརྡར་བྱས་ཏེ། དོན་ངོ་མར་གང་འབུལ་བ་ནི་འཇིག་རྟེན་ཁྱོན་ཡོངས་དང་འབུལ་ཡུལ་ནི་སེམས་ཅན་ཐམས་ཅད་ཡིན་པའི་དམིགས་ཡུལ་ཡོད་དགོས།
རིམ་པ་གཞན་ཞིག་གི་ཐོག་ནས་བཤད་ན། གལ་ཏེ་ཁྱེད་ཀྱིས་མཎྜལ་འབུལ་བའི་ཚིགས་སུ་བཅད་པའི་ཚིག་རྣམས་ལ་བལྟས་ན། ང་ཚོས་ཚང་མ་དག་པའི་ཞིང་ཁམས་ཡིན་པར་བསམ་པ་དང་། དག་ཞིང་དེ་གང་འདྲ་ཡོད་མེད་ཀྱི་གནས་སྟངས་དེ་འབུལ་གྱི་ཡོད། དཔེར་ན། འཕགས་པ་བྱང་ཆུབ་སེམས་དཔའ་རྣམས་ལོངས་སྤྱོད་རྫོགས་པའི་སྐུའི་གཟུགས་སུ་སངས་རྒྱས་རྣམས་ཀྱི་མདུན་ནས་ཆོས་ཞུ་བའི་སྐབས་ཀྱི་ཁོར་ཡུག་གི་གནས་སྟངས་གང་འདྲ་ཡོད་པ་ལྟ་བུ་རེད། བྱས་ཙང་། ང་ཚོས་ “མི་ཚང་མར་བསླབ་པ་སློབ་གཉེར་དང་ཉམས་ལེན་གྱི་ཆེད་དུ་ཡང་དག་པའི་རྐྱེན་རྣམས་དང་ལྡན་པར་ཤོག་” ཅེས་བསམ་དགོས།
ཉམས་ལེན་དྲུག་པ། བླ་མ་བརྒྱུད་པའི་བྱིན་རླབས་ང་ཚོའི་སེམས་རྒྱུན་ལ་འཇུག་པ།
སྔོན་འགྲོ་སྟ་གོན་གྱི་རིམ་པ་དྲུག་པ་ནི། ཆོས་གསུང་བར་བསྐུལ་བའི་གཞི་རྩའི་ལམ་སྟོན་ལྟར། བླ་མ་བརྒྱུད་པའི་བྱིན་རླབས་ང་ཚོའི་སེམས་རྒྱུན་ལ་འཇུག་པ་དེ་ཡིན། བྱས་ཙང་། ང་ཚོས་དགེ་བའི་བཤེས་གཉེན་དང་སངས་རྒྱས་ལ་སོ་སོའི་སྒོམ་ཐུན་གྱི་སྐབས་ཙམ་མིན་པར་དུས་རྟག་ཏུ་ང་ཚོ་ཡོད་སར་ཕེབས་ནས་བཞུགས་སུ་གསོལ་ཞེས་ང་ཚོས་ཞུ་བསྐུལ་བྱེད་དགོས།
ང་ཚོར་བསྐུལ་བའི་ཚིགས་སུ་བཅད་པ་དང་ཉམས་ལེན་ཧ་ཅང་མང་པོ་ཡོད་པ་དང་། དེ་དག་ནམ་རྒྱུན་འདི་དང་དེ་ང་ལ་བྱིན་གྱིས་རློབས་ཞེས་བསྒྱུར་ཡོད། འདིས་ང་ཚོར་གོ་བ་ལོག་པ་ཞིག་ཡང་སེ་སྤྲོད་ཀྱི་ཡོད། ང་ཚོར་གང་དགོས་པ་ནི་སེམས་སྐུལ་ལམ་བྱིན་རླབས་དེ་ཡིན། ང་ཚོས་བློ་སྒོ་ཕྱེས་ཏེ། བདག་ལ་བྱིན་གྱིས་རློབས་ཤིག །སེམས་སྐུལ་གནང་རོགས། ཡར་རྒྱས་གཏོང་རོགས། བཀྲག་མདངས་སྦྱིན་རོགས་ཞེས་རེ་སྐུལ་བྱེད་ཀྱི་ཡོད། འདི་དག་ཐམས་ཅད་ནི་བྱིན་གྱིས་རློབས་ཞེས་པའི་ཚིག་དེའི་ཐུན་མིན་གྱི་གོ་དོན་སྟོན་གྱི་ཡོད། དེ་ནི་སྟབས་ཉེས་པ་ཞིག་ལ་ཨིན་སྐད་དུ་ bless ཞེས་བསྒྱུར་ཡོད།
སངས་རྒྱས་རྣམས་ནི་ཁོང་རྣམ་པའི་འཕྲིན་ལས་ལ་བརྟེན་ནས་བྱིན་རླབས་དང་སེམས་སྐུལ་ལྡན་པ་ཡིན། ཁོང་རྣམས་ཀྱི་འཕྲིན་ལས་ནི་དོན་ངོ་མར་སད་རྟོགས་ཀྱི་ནུས་ཤུགས་ཤིག་ཡིན། གཞུང་ལུགས་ཁག་གི་ནང་ག་དུས་ཡིན་ནའང་སངས་རྒྱས་རྣམས་ཀྱིས་གང་ཡང་གནང་མི་དགོས་པར། ཁོང་རྣམ་པའི་གཟི་བྱིན་ལ་བརྟེན་ནས་ཚང་མར་སེམས་སྐུལ་སྦྱིན་གྱི་ཡོད་ཅེས་འགྲེལ་བརྗོད་གནང་གི་ཡོད། བྱས་ཙང་། འདི་ནི་སངས་རྒྱས་ཀྱི་འཕྲིན་ལས་ཏེ། སངས་རྒྱས་ཀྱི་འཕྲིན་ལས་དེ་ལ་ངས་ཨིན་སྐད་དུ་ enlightening influence ཞེས་སྒྱུར་རྒྱུ་དགའ་འདེམས་བྱེད་ཀྱི་ཡོད། དེ་ནི་སངས་རྒྱས་རྣམས་ཕྱི་རུ་ཕེབས་ནས་འདི་དང་དེ་ལ་རོགས་རམ་གནང་གི་ཡོད་པ་དེ་འདྲ་མ་རེད། དེ་འདྲ་གནང་མཁན་ཁོང་རྣམས་ལ་སྤྲུལ་པ་ཡོད་ནའང་། སངས་རྒྱས་རང་གི་ངོས་ནས་བཤད་ན་དེ་ནི་རྩོལ་མེད་ཅིག་རེད།
ང་ཚོས་རེ་སྐུལ་ཞུ་དགོས་པ་དང་མ་ཞུས་ན། སངས་རྒྱས་ཀྱིས་འཕྲིན་ལས་ལ་ཤུགས་སྣོན་མི་གནང་བ་དེ་འདྲ་མ་རེད། སངས་རྒྱས་ཀྱི་འཕྲིན་ལས་ནི་ཉི་མ་ལྟ་བུ་རེད། དེ་ནི་དུས་རྟག་ཏུ་ཤར་ནས་ཡོད། རེ་སྐུལ་ཞུ་བའི་སྒོ་ནས་ང་ཚོར་འཕྲིན་ལས་འཇུག་གི་ཡོད་པ་ཚོར་གྱི་ཡོད། ང་ཚོས་དགེ་བའི་བཤེས་གཉེན་ལ་རྟག་ཏུ་ཆོས་གསུང་རོགས་ཞེས་རེ་སྐུལ་ཞུ་དགོས་པའི་ཐོག་ནས་ཆོས་ཐོས་ཀྱི་ཡོད། དགེ་བའི་བཤེས་གཉེན་རང་ངོས་ནས་ཆོས་གསུང་གི་མ་རེད། རེ་སྐུལ་ཞུས་ན་གཞི་ནས་གསུང་གནང་གི་ཡོད། ཁྱེད་ཀྱིས་དེ་མ་ནོར་བར་ཤེས་དགོས། དགེ་བའི་བཤེས་གཉེན་གྱིས་རྟག་ཏུ་ཆོས་གསུང་གི་ཡོད། སངས་རྒྱས་ཀྱི་འཕྲིན་ལས་རྟག་ཏུ་སྟོན་མཛད་ཀྱི་ཡོད། ཉི་མ་ནི་རྟག་ཏུ་ཤར་ནས་ཡོད། འོན་ཀྱང་ང་ཚོས་ཁ་གསངས་བ་དང་བློ་སྒོ་ཕྱེས་ནས་རེ་སྐུལ་མ་ཞུས་ན། ཆོས་དེ་ང་ཚོར་འཐོབ་ཀྱི་མ་རེད། བྱས་ཙང་། དེ་ནི་རེ་སྐུལ་ཞུ་སྟངས་དེ་རེད།
ང་ཚོས་བླ་མ་སྤྱན་འདྲེན་ཞུས་ཏེ་རང་གི་སྤྱི་བོའི་སྟེང་དུ་པད་ཟླའི་གདན་ལ་བཞུགས་སུ་གསོལ་བ་དང་། སངས་རྒྱས་ནི་གང་སར་ཡོད་པས། འདི་ནི་དཔེ་མཚོན་གྱི་སྒོ་ནས་བཤད་པ་རེད། ང་ཚོས་བློ་སྒོ་ཕྱེས་ནས་བླ་མ་མཁྱེན་ནོ། ཁྱེད་ཀྱི་འཛད་མེད་བྱམས་བརྩེའི་འོག་ཏུ་བདག་སོགས་སྐྱོང་བར་མཛོད། བདག་ཁྱེད་ལྟར་འགྱུར་ཐུབ་པའི་ཕྱིར་ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བདག་ལ་བསྩལ་དུ་གསོལ། དེ་ལྟར་སངས་རྒྱས་ཀྱི་སྐུའི་ངོ་འདྲ་ཞིག་ཕེབས་ནས་རང་གི་སྤྱི་བོའི་སྟེང་དུ་བཞུགས་པ་དང་། དེ་ཡང་ཧ་ཅང་ཆུང་ལ་འོད་ལས་གྲུབ་པ། ཕྱི་གསལ་ནང་གསལ་ཡིན་པ་སོང་ཙང་། དེ་ནི་ “ལྗིད་ཁོག་ཧ་ཅང་ཆེན་པོ་” ཡོད་པ་དེ་འདྲ་མིན། དེ་ནས་ཁྱེད་ཀྱིས་རང་གི་མདུན་དུ་བཞུགས་པའི་སངས་རྒྱས་ལ་ཁྱེད་ཀྱིས། བདག་ལ་འོད་ཟེར་གྱི་རྣམ་པའི་བྱིན་གྱིས་བརླབ་ཏུ་གསོལ་ཞེས་རེ་སྐུལ་ཞུ་དགོས། འོད་དེ་རང་གི་སྙིང་ཁར་ཐིམས་ནས་ལུས་པོ་འོད་ཀྱིས་ཁེངས་པ་དང་། ང་ཚོར་ཡོད་སྲིད་པའི་སེམས་ཀྱི་བར་ཆད་དམ་གོ་ཤེས་མེད་པའི་བསམ་ཕྱོགས་ཀྱི་མུན་པ་སེལ་བར་བྱེད་ཀྱི་ཡོད། དེ་ནས་མདུན་གྱི་སངས་རྒྱས་དེའི་ངོ་འདྲ་དེ་རང་གི་སྤྱི་བོར་ཐིམ་གྱི་ཡོད། ཆོ་གའི་གཞུང་ངོ་མའི་ནང་། ང་ཚོས་ཡང་བསྐྱར་ཡན་ལག་བདུན་པའི་ཉམས་ལེན་དང་མཎྜལ་འབུལ་དགོས། དེ་ནི་ང་ཚོའི་སྒོམ་ཐུན་མ་ཚར་བར་དུ་ང་ཚོའི་སྤྱི་བོའི་སྟེང་དུ་རྩེ་གཅིག་ཏུ་གནས་དགོས་པའི་དྲན་གསོ་བྱེད་པ་དང་། སེམས་གཡེང་རྒྱུ་མེད་པ། ནང་གི་རྟོགས་པ་འཐོབ་ཕྱིར་བློ་སྒོ་ཕྱེ་དགོས་པ་དང་གོ་ཤེས་ལྡན་དགོས་པ། དེ་བཞིན་སྒོམ་གྱི་ནང་ང་ཚོས་འབད་བརྩོན་བྱེད་བཞིན་པའི་སེམས་ཀྱི་གནས་བབས་སྣ་ཚོགས་པ་སྐྱེད་པའམ། ཡང་ན་ང་ཚོས་སྔོན་འགྲོ་ཉམས་ལེན་གྱི་ཐུན་ཞིག་བྱེད་བཞིན་ཡོད་ན། དེའི་རྒྱུད་རིམ་ཡོངས་ཀྱི་ནང་གནས་ཀྱི་ཡོད།
ནམ་རྒྱུན་གལ་ཏེ་ཁྱེད་རང་དེའི་རྗེས་སུ་སྒོམ་ཐུན་ཅིག་བྱེད་རྩིས་ཡོད་ན། ཁྱེད་ཀྱིས་འཇམ་དཔལ་འབྱངས་ཀྱི་བསྟོད་པ་བྱེད་ངེས་རེད། དེ་ལ་གང་བློ་མ་ཞེས་ཟེར་གྱི་ཡོད། དེ་ལྟར་བྱེད་པས་བྱིན་རླབས་སམ་སེམས་སྐུལ་ཐོབ་པ་དང་། ང་ཚོའི་རིག་པ་རྣོ་པོ་ཆགས་ཕྱིར་དེ་དང་འབྲེལ་བའི་དམིགས་རྣམ་སྐྱོང་སྟངས་ཀྱང་སྣ་ཚོགས་ཤིག་ཡོད།
དེ་ནས་ཉིན་མ་ལྷག་མའི་རིང་ལ་ང་ཚོས་སོ་སོའི་བླ་མའམ་དགེ་བའི་བཤེས་གཉེན་དེ་རང་གི་སྤྱི་བོར་བསྒོམ་ཆོག །གལ་ཏེ་ང་ཚོས་སྔོན་འགྲོའི་ཕྱག་ཧ་ཅང་མང་པོ་འཚལ་གྱི་ཡོད་ན། དེ་ནི་སྒྲ་ཇི་བཞིན་པར་གོ་བ་ལེན་མི་ཉན། དཔེར་ན། གལ་ཏེ་ངས་ཕྱག་འཚལ་ན། བླ་མ་ངའི་མགོ་བོའི་སྟེང་ནས་ཟག་གི་རེད་བསམ་པ་ལྟ་བུ། ཁྱེད་ཀྱིས་ཕྱག་འཚལ་བའི་སྐབས། ཁྱེད་ཀྱི་སྐྲ་རང་གི་མགོ་བོའི་སྟེང་ནས་ཟག་གི་མེད། རེད་དམ་མ་རེད།
མི་རྣམས་སེམས་འཁྲལ་བྱེད་པའི་སྐབས། སེར་ཀོང་རིན་པོ་ཆེ་ལ་ངོ་མཚར་ཅན་གྱི་དཔེ་མཚོན་གསུང་རྒྱུ་ཡོད། དཔེར་ན། མི་རྣམས་ཀྱིས། “ང་རང་ཉིན་མོ་སྐྱེལ་བཞིན་ཡོད། བྱས་ཙང་། ཕྱག་དང་ཞབས་ལ་སོགས་པ་མང་པོ་མངའ་བའི་ཡི་དམ་གྱི་ལྷའི་གཟུགས་སུ་ངས་དམིགས་རྣམ་ཇི་ལྟར་བྱེད་དམ་” ཞེས་ཞུས་པ་དང་། ཁོང་གིས། “ཁྱེད་ཀྱིས་ཉིན་གང་པོ་གྱོན་གོས་གྱོན་གྱི་མེད་དམ་” ཞེས་གསུངས། དེ་འདྲ་སོང་ཙང་། ཁྱེད་ཀྱི་གྱོན་པའི་གྱོན་ཆས་དེ་དག་གང་འདྲ་མཐོང་གི་ཡོད་མེད་དང་། ཁྱེད་རང་གང་འདྲ་མཐོང་གི་ཡོད་མེད་སོགས་ཁྱེད་ཀྱིས་ཤེས་མིན་ལ་མ་ལྟོས་པར། ད་དུང་ཁྱེད་ཀྱིས་གྱོན་ཆས་དེ་དག་ཉིན་གང་པོར་གྱོན་གྱི་ཡོད། བྱས་ཙང་། ཁྱེད་རང་ད་དུང་ཡི་དམ་གྱི་ལྷ་དེའི་གཟུགས་སུ་ཡོད་པ་རེད།
གང་ལྟར་ཡང་། དམིགས་རྣམ་སྐྱོང་ཚུལ་གཞན་ཞིག་ཡོད་པ་དེའི་ནང་། ཁྱེད་ཀྱིས་རང་གི་སྤྱི་བོར་བཞུགས་པའི་བླ་མ་དེ་རང་གི་སྙིང་ཁར་ཕེབས་ཀྱི་ཡོད་པའི་དམིགས་རྣམ་བྱེད་ཆོག
མཇུག་སྡོམ།
འདི་ནི་ཚན་པ་དྲུག་ཏུ་དབྱེ་བའི་སྔོན་འགྲོའི་རིམ་པ་ཡིན་པ་དང་། སྒོམ་ཐུན་གྱི་འགོ་སྟོད་དང་སྔོན་འགྲོའི་ཉམས་ལེན་གྱི་འགོ་སྟོད་དུ་རྣམ་པ་འགའ་ཞིག་གམ་རྣམ་པ་གཞན་ཞིག་གི་ནང་བྱ་རྒྱུའི་ཧ་ཅང་ཕན་ཐོགས་ཆེ་བའི་ཉམས་ལེན་ཞིག་ཡིན། ཁྱེད་ཀྱིས་ཉམས་ལེན་འདི་དག་མང་པོ་ཞིག་ནི་གསང་སྔགས་ཀྱི་སྒྲུབ་ཐབས་རིང་པོ་ཚང་མའི་འགོ་སྟོད་དུ་མཇལ་གྱི་རེད། སྐྱབས་འགྲོ་དང་། བྱང་ཆུབ་ཀྱི་སེམས། བླ་མ་བརྒྱུད་མའི་གསོལ་འདེབས། བྱིན་གྱིས་བརླབ་པར་བསྐུལ་བ་བཅས་ནི་རྟག་ཏུ་ཡོད། དེ་དག་ནི་ང་ཚོའི་ཉམས་ལེན་ཡོད་དོ་ཅོག་གི་མེད་དུ་མི་རུང་བའི་ཆ་རྐྱེན་རྣམས་ཡིན།།