དགེ་བའི་བཤེས་གཉེན་དང་ལྷན་དུ་འབྲེལ་བ་བཟང་པོ།
བླ་མ་གང་ཞིག་མ་བསྟེན་པའི་སྔོན་དུ་སློབ་མ་རྣམས་ཀྱིས་གཟབ་གཟབ་བྱས་ཏེ་བླ་མ་དེར་བརྟག་དཔྱད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། གསུང་ཆོས་སྐད་གྲགས་ཆེན་པོ་ཞིག་གནང་བ་རྒྱུ་མཚན་ཙམ་ལ་བརྟེན་ནས་དེའི་རྗེས་སུ་འབྲང་མི་ཉན། རང་གི་བསྟེན་བྱའི་བླ་མར་བརྟག་དཔྱད་ནན་པོ་བྱ་དགོས། གཞུང་གཅིག་གི་ནང་། བླ་སློབ་དབར་ཚུལ་མཐུན་གྱི་འབྲེལ་བ་ཞིག་འཛུགས་ཐུབ་མིན་ཐད་བླ་མ་དང་སློབ་མ་གཉིས་ཀས་ཕན་ཚུན་བརྟག་དཔྱད་བྱ་རྒྱུར་ལོ་ངོ་བཅུ་གཉིས་ཙམ་འགོར་གྱི་ཡོད་ཅེས་གསུངས་ཡོད། གནད་དོན་དེ་ལྟར་ཡིན་རུང་། དེ་ནི་དོན་དངོས་སུ་དུས་ཡུན་ཧ་ཅང་རིང་པོ་ཡིན་ཅིང་། དུས་ཡུན་རིང་པོ་འགོར་བའི་ནང་སྐྱོན་གྱི་ཆ་མང་དག་ཡོད།
མཚན་སྙན་ཆེ་བའི་ས་སྐྱའི་སློབ་དཔོན་ཞིག་རྒྱ་ནག་གོང་མར་གསུང་ཆོས་གནང་བར་རྒྱ་ནག་ཏུ་གདན་དྲངས་པའི་དཔེ་མཚོན་ཞིག་ཡོད། གོང་མ་དེས་མཐར་ཁོང་གི་དྲུང་ནས་ཆོས་ཉན་རྒྱུར་ཐག་མ་བཅད་པའི་གོང་ལོ་དགུའི་རིང་ཁོང་ལ་བརྟག་དཔྱད་བྱས་ཡོད། མི་ལོ་དགུའི་རྗེས་ལ་གཞི་ནས་གོང་མ་དེས་ཁོང་ལ་ཆོས་གནང་རོགས་ཞེས་ཞུས་པ་རེད། སློབ་དཔོན་དེས། “ཁྱེད་ཆོས་མ་ཞུས་སྔོན་ལོ་དགུ་བསྒུགས་དོན་གང་ཡིན་ནམ།” ཞེས་བཀའ་འདྲི་གནང་བར། གོང་མས། “དུས་ཡུན་དེ་ཙམ་གྱི་རིང་ངས་ཁྱེད་ལ་བརྟག་དཔྱད་བྱས་ནས་བསྡད་པ་ཡིན།” ཞེས་ཞུས་པས། སློབ་དཔོན་གྱིས། “ད་ངས་ཁྱེད་ལ་ལོ་དགུའི་རིང་བརྟག་དཔྱད་བྱེད་ཀྱི་ཡིན།” ཅེས་ལན་མཛད། དོན་ངོར་མར་གནས་སྟངས་གང་འདྲ་ཆགས་པ་རེད་ཅེ་ན། སློབ་དཔོན་དེས་རྒྱ་ནག་གོང་མར་ཆོས་ཁྲིད་གནང་རྒྱུ་རྩ་ནས་བྱུང་མེད། བྱང་ཙང་། གལ་ཏེ་ཧ་ཅང་བསྒུགས་རིང་དྲགས་ན། དེ་ལྟར་ཡོང་སྲིད།
དེང་གྱི་དུས་སུ་བླ་མ་ཞིག་ལ་བརྟག་དཔྱད་བྱ་ཚུལ་ནི། གནད་དོན་དང་པོ་དྲི་བ་འདི་གཉིས་ཀྱི་ཐོག་ནས་བརྟག་དགོས། དེ་ཡང་སློབ་དཔོན་དེ་ཐེངས་དང་པོ་མཇལ་བ་དང་རང་ཉིད་ལ་ཚོར་སྣང་ཅི་འདྲ་ཞིག་བྱུང་ངམ། མཇལ་མ་ཐག་རང་གི་སེམས་སྐྱིད་པོ་བྱུང་ངམ་ཡང་ན་གང་ཡང་བྱུང་མ་སོང་ངམ། དེ་བཞིན་སློབ་དཔོན་དེའི་མཚན་ཙམ་ཐོས་པའི་སྐབས་རང་གི་ཚོར་སྣང་སྐྱིད་པོ་བྱུང་ངམ་མ་བྱུང་། གནད་དོན་གཉིས་པ་ནི། རང་གིས་སློབ་དཔོན་དེ་ཐེངས་དང་པོ་མཇལ་བར་འགྲོ་བའི་སྐབས། ཁོང་དེ་གར་བཞུགས་ཡོད་དམ་མེད། སྐབས་རེ་མི་རྣམས་ཀྱིས་ཐེངས་དང་པོ་སློབ་དཔོན་མཇལ་བར་འགྲོ་བའི་སྐབས། སློབ་དཔོན་གཟིམས་ཁང་ལ་བཞུགས་མེད་པ་དང་འཁེལ་གྱི་ཡོད། དེ་ནི་རྟགས་བཟང་པོ་ཞིག་མ་ཡིན། གནད་དོན་གསུམ་པ་ནི། སློབ་དཔོན་དེར་མི་གཞན་གྱིས་གང་ཟེར་མིན་ཉན་འཇོག་བྱེད་དགོས་པ་དང་། བསམ་ཚུལ་འདྲ་མིན་ཐོས་པར་བྱེད་དགོས། དགེ་བའི་བཤེས་གཉེན་དེར་དགོས་ངེས་ཀྱི་ཁྱད་ཆོས་ཐམས་ཅད་ཚང་རྒྱུ་ཁག་པོ་ཡིན་ནའང་། གཙོ་བོ་ཐུགས་རྒྱུད་འཇམ་པོ་དང་བཟང་པོ་དང་། ཚང་མར་བྱམས་བརྩེ་དང་སེམས་འཁུར་ལྡན་པ། དྲང་པོ་དྲང་གཞག་ཡིན་དགོས།
དེར་བརྟེན་རང་གིས་དགེ་བའི་བཤེས་གཉེན་དུ་མ་བསྟེན་གོང་དང་པོ་བླ་མ་དེར་ཚུལ་བཞིན་དུ་བརྟག་དཔྱད་བྱེད་དགོས་པ་གལ་ཆེན་པོ་ཡིན། བླ་མ་ཞིག་ཕེབས་ཀྱི་འདུག་ཅེས་བསམ་ཞིབ་མ་བྱས་པར་སྤྲོ་སེམས་འཁོལ་བ་དང་གློ་བུར་ཐོག་རྒྱག་དང་བཅས་ཧོལ་རྒྱུག་བྱེད་མི་ཉན། དེ་ནི་ཚུལ་ལྡན་ཡང་དག་ཅིག་རྩ་ནས་མ་ཡིན། འོན་ཀྱང་ལྷག་བསམ་ཟོལ་མེད་ཀྱིས་བླ་མ་ཞིག་བསྟེན་ཚར་བའི་རྗེས་ལ་དོགས་པ་ཟ་བ་དང་བརྟག་དཔྱད་བྱ་རྒྱུའི་དུས་ཚོད་ནི་ཏག་ཏག་ཅིག་མིན།
འདས་པའི་དུས་སུ་དཔེར་ན་ལོ་ཙཱ་བ་མར་པ་ལ་སོགས་པའི་བོད་ཀྱི་ལོ་ཙཱ་བ་དང་བོད་མི་མང་པོས་དགེ་བའི་བཤེས་གཉེན་མཇལ་ཕྱིར་རྒྱ་གར་དུ་འགྲོ་བར་གསེར་བསྡུ་རུབ་ཆེད་དཀའ་ངལ་ཧ་ཅང་མང་པོ་ཁྱད་གསོད་བྱས་ཡོད། རྗེ་བཙུན་མི་ལ་རས་པས་བླ་མ་མར་པ་ལོ་ཙཱ་བའི་དྲུང་ནས་ཐོས་བསམ་སློབ་གཉེར་མཛད་སྐབས་རང་གི་ལག་ལ་བརྟེན་ནས་སྲས་མཁར་དགུ་ཐོག་བརྩིགས་དགོས་བྱུང་བ་དང་། རྡོ་ཕ་བོང་རང་གི་རྒྱབ་ལ་ཁྱེར་ནས་མཐར་སྒལ་པར་རྨ་ཆགས་ཏེ་དཀའ་སྡུག་དྲག་པོ་མྱངས་ཡོད། སྲས་མཁར་བརྩིགས་ཚར་ནའང་། བླ་མ་མར་པས་ད་དུང་ཁོང་ལ་དབང་དང་ཆོས་ཀྱི་གདམས་ངག་བསྩལ་གནང་མེད། མར་པ་ལོ་ཙཱ་བར་སློབ་མ་གཞན་ཞིག་ཡོད་པའི་མཚན་ལ་རྔོག་ཆོས་སྐུ་རྡོ་རྗེ་ཞུ་ཞིང་། ཁོང་གིས་མར་པ་ལ་འཁོར་ལོ་སྡོམ་པའི་དབང་གནང་རོགས་ཞེས་གསོལ་བ་བཏབ། ཁོང་ནི་རྟའི་ཉིན་ལམ་གཅིག་གི་མཚམས་སུ་བཞུགས། སྲས་མཁར་དགུ་ཐོག་གྲུབ་པ་དང་བླ་མ་མར་པའི་བདག་མོ་ཡུམ་བདག་མེད་མར་དར་མ་མདོ་སྡེ་ཞེས་པའི་སྲས་གཅིག་སྐུ་བལྟམས། སྲས་དེའི་འཁྲུངས་སྐར་དང་རྗེ་བཙུན་མི་ལའི་སྲས་མཁར་དགུ་ཐོག་ལེགས་གྲུབ་བྱུང་བའི་དུས་སྟོན་ཆེད། བླ་མ་མར་པས་རྔོག་ཆོས་སྐུ་རྡོ་རྗེར་ལྗགས་ལན་ཞིག་བསྐུར་ནས་འཁོར་ལོ་སྡོམ་པའི་དབང་གནང་གི་ཡིན་པས་ཤོག་ཅེས་གསུངས།
རྔོག་ཆོས་སྐུ་རྡོ་རྗེས་རང་ལ་ཡོད་པའི་རྒྱུ་དངོས་ཐམས་ཅད་ཁྱེར་ནས་བླ་མར་འབུལ་བར་བཅར། ཁོང་གི་རྒྱུ་ནོར་བདག་དངོས་ཀྱི་ཁྲོད་རྐང་པ་ཆག་སྟེ་གོམ་པ་རྒྱག་མི་ཐུབ་པའི་ར་གཅིག་ཡོད་པ་དེ་མ་འཁྲིད་པར་རང་སར་བཞག་སྟབས། བླ་མ་མར་པས། “ཁྱེད་ཀྱིས་ར་གཞན་དེ་འཁྲིད་མི་འདུག །གང་བྱས་པ་རེད་དམ། ངས་ཆོས་ཀྱི་གདམས་ངག་འདི་དག་ཐོབ་ཕྱིར་བཟོད་དཀའི་དཀའ་ངལ་དེ་འདྲ་ཁྱད་གསོད་བྱས་ཏེ་རྒྱ་གར་དུ་ཐེངས་གསུམ་ཕྱིན་པ་ཡིན། དབང་འདི་ནི་ཧ་ཅང་རྩ་ཆེན་པོ་ཡིན། ཁྱོད་ཕྱིར་སོང་ར་འཁྲིད་ནས་ཤོག” །ཅེས་བཀའ་བསྩལ། དེ་ནས་བླ་མ་མར་པས་འཁོར་ལོ་སྡོམ་པའི་དབང་གནང་སྐབས། མར་པའི་བདག་མོ་བདག་མེད་མས་རྗེ་བཙུན་མི་ལར་སྙིང་རྗེ་སྐྱེས་ནས་དབང་གནང་སར་ཁྲིད་པ་དང་། མར་པས་རྗེ་བཙུན་མི་ལར་བཀའ་བཀྱོན་གཏོང་བཞིན་དབྱུག་པ་སྦོམ་པོ་ཞིག་ཁྱེར་ནས་ཕྱིར་ཕུད་དེ་དབང་གནང་སར་ཡོང་བཅུག་མེད། མར་པའི་བདག་མོས་རྗེ་བཙུན་མི་ལ་ནང་དུ་ཡོང་བཅུག་ནས་དབང་གནང་རོགས་ཞེས་ཞུ་བ་བསྟུད་མར་ཕུལ།
བདག་མེད་མར་སྙིང་རྗེའི་དབང་གིས་མཐར་མར་པས་རྗེ་བཙུན་མི་ལར་དབང་གནང་རྒྱུའི་ཞལ་བཞེས་གནང། རྗེ་བཙུན་མི་ལ་རས་པར་གེགས་བར་དེ་ལྟར་ཕྲད་པའི་རྒྱུ་མཚན་ནི། བླ་མ་མར་པ་རང་ཉིད་རྒྱ་གར་དུ་བླ་མ་ནཱ་རོ་པའི་དྲུང་ནས་གདམས་ངག་ཐོབ་ཆེད་དཀའ་ངལ་དུ་མར་ཁྱད་དུ་བསད་ཡོད་པ་དང་། ནཱ་རོ་པས་ཀྱང་རང་གི་སློབ་དཔོན་ཏེཻ་ལོ་པའི་དྲུང་ནས་ཆོས་ཀྱི་གདམས་པ་ཟབ་མོ་ཐོབ་ཕྱིར་ངལ་བ་བརྒྱ་ཕྲག་ཁྱད་གསོད་མཛད་ཡོད། སངས་རྒྱས་ཀྱི་གོ་འཕང་ནི་ལས་སླ་པོར་མི་ཐོབ། དེ་ལྟའི་མཆོག་གི་དངོས་གྲུབ་རྙེད་པར་རྗེ་བཙུན་མི་ལས་ཀྱང་དཀའ་ངལ་དེ་འདྲ་བརྒྱུད་དགོས་པ་ཡིན།
བླ་མ་མར་པས། “མི་ལས་ང་ལ་བསྙེན་བཀུར་ཞུ་བའི་སྐབས། ངས་རྟག་ཏུ་དྲག་པོ་དང་བཙན་འདེད་བྱེད་ཀྱི་ཡོད། འོན་ཀྱང་སྲས་མཁར་བརྩིགས་རྒྱུ་ལ་སོགས་པའི་དཀའ་ཐུབ་སྤྱད་ཟིན་པར་བརྟེན། བསྙེན་བཀུར་ཞུས་པའི་ཉེར་འབྲས་སུ་མི་ལར་ཚེ་གཅིག་ལུས་གཅིག་ཏུ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་པ་ཡོང་།” ཞེས་གསུངས། འོན་ཀྱང་བདག་མེད་མས་རྗེ་བཙུན་མི་ལར་ཧ་ཅང་སྙིང་རྗེ་གནང་སྟབས། མར་པས་རང་གི་ཆུང་མར་སྙིང་རྗེ་མཛད་དེ་མི་ལར་དབང་གནང་། དབང་གྲུབ་པའི་རྗེས། རྗེ་བཙུན་མི་ལས་ཕྱིའི་དཀའ་ཐུབ་མཚམས་བཞག་སྟེ། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཆེད་དཀའ་ངལ་དུ་མ་ཁྱད་དུ་བསད་ནས་རྩེ་གཅིག་ཏུ་སྒོམ་སྒྲུབ་དང་ཉམས་ལེན་གནང་དགོས་ཀྱི་ཡོད། འོན་ཏེ་རྗེ་བཙུན་མི་ལ་དད་དམ་གཡོ་བ་མེད་པའི་རང་གི་བླ་མ་མར་པའི་སློབ་མ་ཞིག་ཡིན་ཡིན་ནའང་། ད་དུང་སྒོམ་སྒྲུབ་སོགས་ཀྱི་དཀའ་ཐུབ་ཧ་ཅང་མང་པོ་སྤྱད་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་བྱུང་།
དམ་པའི་ཆོས་རྙེད་པར་དཀའ་བ།
གལ་སྲིད་ང་ཚོས་འདི་དག་ཚང་མ་ད་ལྟའི་དུས་ལ་སྦྱར་ན། འཛམ་གླིང་ནང་ཆོས་ཞེས་པའི་ཚིག་འདི་གོ་མྱོང་ཡང་མེད་པའི་སྟོབས་ཆེན་རྒྱལ་ཁབ་མང་པོ་ཡོད། ཐ་ན་སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་མཚོན་བྱེད་མཛུབ་མོ་ཙམ་ཡང་མེད། གལ་ཏེ་ཡོད་པའི་དབང་དུ་བཏང་ཡང་། བྱིན་རླབས་ཅན་དང་རྩ་ཆེན་པོར་འཛིན་གྱི་མེད། རྒྱལ་ཁབ་དེ་དག་ནང་མི་ཚང་མས་ཚེ་འདི་གཅིག་པུ་ཡག་པོ་ཡོང་བར་འབད་རྩོལ་བྱེད་པ་དང་། ཚང་མས་རང་གི་ནུས་པ་ཡོངས་རྫོགས་དེའི་ཕྱིར་འབུངས་ཀྱི་ཡོད། དེ་ལྟར་མི་དེ་དག་གིས་མི་ཚེའི་ནང་དེ་གཅིག་པུར་བསམས་ནས་རང་གིས་རང་ཕུང་དུ་འཇུག་གི་ཡོད། གཞི་རྩ་དེའི་ཐོག་ནས་ཁོང་ཚོས་ཕྱི་དངོས་པོའི་ཡར་རྒྱས་གཟེངས་སུ་ཐོན་པ་གྲུབ་འདོད་པ་དང་། ལམ་བཟོ་བ་སོགས་ལས་དོན་སྣ་ཚོགས་སྒྲུབ་ཀྱི་ཡོད། ཁོང་ཚོས་ཚང་མ་ངོ་མཚར་ཅན་དང་ཕྱི་དངོས་པོའི་ཡར་རྒྱས་ཇི་ཙམ་བཏང་ཡང་གང་ཡང་མེད། དེ་དག་ལ་བརྟེན་དཀའ་ངལ་མང་བ་དང་། བདེ་སྐྱིད་མེད་པ། འདོད་པ་མ་ཁེངས་པ་འབའ་ཞིག་ཡོང་གི་ཡོད། དེ་ནི་ཁྱེད་རང་ཚོ་ཚང་མས་ཤེས་གསལ་རེད། སངས་རྒྱས་ཤཀྱཱ་ཐུབ་པ་གང་ཉིད་རྒྱལ་པོའི་ཁྱིམ་དུ་སྐུ་འཁྲུངས། ཁོང་ནི་རྒྱལ་པོའི་སྲས་ཡིན་ཅིང་། ཕྱིའི་ལོངས་སྤྱོད་གྱ་ནོམ་པ་ཡོད། འོན་ཏེ་ཁོང་གིས་དེ་ལ་སྙིང་པོ་མེད་པར་གཟིགས་ནས་རྒྱབ་ཏུ་བསྐྱུར་ཏེ། དཀའ་སྤྱད་སྙིང་རུས་ལ་བརྟེན་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱས།
ཁྱེད་རང་ཚོ་ཚང་མས་ཤེས་གསལ་ལྟར། རང་གི་མི་ཚེ་གང་པོ་ཚེ་འདིའི་བདེ་སྐྱིད་ཁོ་ནའི་ཆེད་ཕྱི་དངོས་པོའི་དགོས་མཁོ་སྒྲུབ་པར་བཏང་ན་སྙིང་པོའམ་དོན་ཅི་ཡང་མེད། རྒྱུ་མཚན་དེ་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་ལ་བློ་ཁ་ཕྱོགས་ཡོད། ངའི་བསམ་པར། དེ་ནི་ཧ་ཅང་ཡག་པོ་རེད། ཆོས་ཕྱོགས་དང་འབྲེལ་བའི་སེམས་དོན་རིག་པའི་ནང་གང་གཏོགས་ཡོད་ཅེ་ན། ཚེ་འདི་དང་ཕྱི་མ་ཕན་ཆད་ལ་ཕན་པའི་ཐབས་ལམ་དང་ཉམས་ལེན་སྣ་ཚོགས་ཤིག་ཡོད། དེའི་ཐབས་ལམ་ལེགས་ཤོས་ནི་ཐོག་མར་རྒྱ་གར་ནང་གསུངས་པ་དང་དེ་ནས་བོད་དུ་དར་ཁྱབ་བྱུང་ཡོད།
བོད་ནང་གི་གནས་སྟངས་ནི་བཟོད་མི་ཐུབ་པ་དང་ནང་ཆོས་ཉམས་ལེན་བྱེད་ཐུབ་རྒྱུ་མི་སྲིད་པ་ལྟ་བུ་ཡོད། ང་ཚོའི་བསམ་པར། ནང་ཆོས་ཀྱི་ཉམས་ལེན་དང་ཁ་བྲལ་ནས་མི་ཚེ་སྐྱེལ་བ་ནི་རིན་ཐང་མེད་པར་ཚོར་ནས་མཐར་བོད་ནས་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོང་བ་རེད། ང་ཚོས་ལུང་པ་འདི་འདྲར་ཡོང་ནས། ནང་ཆོས་དང་དགེ་བའི་བཤེས་གཉེན་ལ་དགའ་མོས་ཆེན་པོ་ཡོད་ཅིང་། བོད་སྐད་རྩ་བ་ནས་མི་ཤེས་མཁན་ཁྱེད་ཚོ་འདྲ་པོ་དང་ཕྲད་པ་རེད། ནང་ཆོས་ཉམས་ལེན་བྱེད་པར་ཁྱེད་རང་ཚོར་འདུན་པ་དང་ཆོད་སེམས་རླབས་ཆེན་ཡོད་སྟབས་ང་ཚོས་ཁྱེད་རང་ཚོ་ལ་གང་ཐུབ་ཐུབ་འཆད་ཁྲིད་བྱེད་ཀྱི་ཡོད།
ཁྱེད་ཚོས་ང་དཔེ་མཚོན་ལྟ་བུར་བསམས་ན་འགྲིགས། བོད་ནང་ངས་སློབ་སྦྱོང་ཕལ་ཆེ་བ་དགེ་ལུགས་ཆོས་བརྒྱུད་ཀྱི་བླ་མ་དང་སློབ་དཔོན་རྣམས་ཀྱི་དྲུང་ནས་སློབ་གཉེར་བྱས་ཡོད། དོན་དངོས་ཐོག་ང་ལ་ས་སྐྱ་དང་། བཀའ་རྒྱུད། རྙིང་མ་བཅས་ཆོས་བརྒྱུད་གཞན་གྱི་བླ་མ་དང་སློབ་དཔོན་གྱི་དྲུང་ནས་ཀྱང་གསུང་ཆོས་སྣ་ཚོགས་ཐོབ་ཡོད། ཁྱོན་བསྡོམས་ངས་སློབ་དཔོན་ལྔ་བཅུ་ང་གསུམ་གྱི་དྲུང་ནས་སློབ་གཉེར་བྱས་པ་ཡིན། ནང་ཆོས་བསླབ་པ་སློབ་གཉེར་གྱི་རྒྱུན་ཉམས་ཆག་དང་ཡལ་དོགས་ལ་ང་རང་སེམས་ཁྲལ་ཆེན་པོ་ཡོད། ཁྱེད་རང་ཚོ་ཚང་མར་ནང་ཆོས་ལ་དོན་གཉེར་དེ་ལྟར་ཡོད་རེད། དེར་བརྟེན་ཁྱེད་ཚོར་ཕན་ཞིག་ཐོགས་ན་བསམས་ནས་ཁྱེད་ཚོ་དང་འདྲ་བའི་མི་རྣམས་ལ་ནང་ཆོས་འཆད་ཁྲིད་ཐད་འབད་བརྩོན་བྱེད་ཀྱི་ཡོད།
ཁྱེད་རང་ཚོས་མཁྱེན་གསལ་ལྟར། ཚེ་འདི་གཅིག་པུའི་ཆེད་དུ་ཕྱི་དངོས་པོར་མགོ་འཐོམས་ནས་བསྡད་ན་སྙིང་པོ་ཅི་ཡང་མེད། ཁྱེད་རང་ཚོ་ཚང་མར་ཆོས་ཕྱོགས་ཀྱི་ཐབས་ལམ་དེ་དག་ལ་དོ་དབྱིངས་དང་དོན་གཉེར་ཡོད་མོད། བོད་ཡིག་མ་ཤེས་སྟབས། དཀའ་ལས་ཁག་པོ་རེད། ད་ཆ་ང་རྒས་འགྲོ་གི་འདུག །གལ་ཏེ་ནང་ཆོས་འཆད་ཁྲིད་མ་བྱས་ན། དུས་ཚོད་མང་པོ་ལྷག་མེད། དེར་བརྟེན་ངས་ཚང་མ་མ་ཤེས་ནའང་། གང་ཐུབ་ཅི་ཐུབ་ཀྱིས་མདོ་དང་སྔགས་ཀྱི་ཆོས་རྣམས་འགྲེལ་བརྗོད་བྱ་རྒྱུར་འབད་བརྩོན་ཞུས་ཡོད།
ཁྱེད་རང་ཚོས་དོགས་འཆར་ཡོད་སྲིད་པ་རེད། ཆོས་གནང་རོགས་ཞེས་ཚུལ་མཐུན་ངང་གསོལ་བ་འདེབས་པ་དང་ལོ་གསུམ་རིང་རེ་བ་ཞུ་དགོས་ཚུལ་ཁྱེད་རང་ཚོས་གོ་ཐོས་བྱུང་ཡོད་ཤས་ཆེ། དབང་གང་ཡང་རུང་བ་མ་གནང་གོང་གནང་རོགས་ཞེས་ཐེངས་མང་པོ་གསོལ་བ་འདེབས་པ་ནི་ལུགས་སྲོལ་ཞིག་ཆགས་ཡོད་པ་དང་། གལ་ཏེ་ཐེངས་དང་པོ་གསོལ་བ་བཏབ་པ་དང་ལམ་སེང་དབང་གནང་ན་ཏག་ཏག་བསྡད་ཀྱི་མེད། དེས་ན་དེང་སང་གི་དུས་ཚོད་འདིར་ཆོས་དང་དབང་རྣམས་ལས་སླ་པོར་གནང་དོན་གང་ཡིན་ནམ་ཞེས་ཁྱེད་ཚོར་དོགས་པ་ཡོད་ཤས་ཆེ། ང་རང་སྒེར་གྱི་གནད་དོན་ལ་མཚོན་ན། ནང་པའི་ཆོས་དང་འདིའི་རྒྱུད་པ་མ་སྟོང་པའི་ཆེད་དུ་དང་། ཁྱེད་ཚོ་ཚང་མར་དོན་གཉེར་གྱི་འདུན་པ་ཡོད་པ། ང་རང་ཡང་ལོ་ན་རྒས་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ནས་མི་རྣམས་ཀྱིས་ཆོས་དང་དབང་གནང་རོགས་ཞེས་ཞུས་སྐབས། དུས་ཚོད་རིང་པོ་སྒུག་མ་བཅུག་པར་མོས་མཐུན་བྱེད་ཀྱི་ཡོད། དེ་ཡང་ངས་གཞན་ལ་ཕན་ན་བསམས་ནས་བྱེད་ཀྱི་ཡོད།
ཆོས་ཀྱི་གོ་དོན་དང་ཆོས་ཉམས་ལེན་གྱི་རིམ་པ་གསུམ།
ཆོས་ཀྱི་གོ་དོན་ཅི་ཡིན་ནམ་ཞེ་ན། ཆོས་ནི་རང་གི་མ་འོངས་པ་དང་དེ་ལས་འདས་པའི་མི་ཚེའི་ནང་ཕན་ཐོགས་པའི་སྔོན་འགོག་གི་ཐབས་ལམ་ཞིག་ཡིན། བཟའ་བཏུང་ཡག་པོ་ཟ་རྒྱུ་ཡོད་པ་དང་། སྡོད་སའི་ཁང་པ་ཡག་པོ་ཞིག་ཡོད་པ་ལྟ་བུ་ཚེ་འདིའི་ཆེད་དུ་རྒྱུ་དངོས་སོགས་ཡར་རྒྱས་ཡོང་བར་འབད་བརྩོན་ག་ཚོད་བྱས་ཀྱང་། དེ་དག་གཅིག་ཀྱང་སྔོན་འགོག་གི་ཐབས་ལམ་དུ་བརྩི་མི་ཐུབ། དེ་དག་ནི་སེམས་དོན་དང་འབྲེལ་བའི་ཆོས་ཀྱི་ཉམས་ལེན་ཞིག་མ་ཡིན། གལ་སྲིད་མི་ཚེ་འདིའི་ནང་གནས་སྟངས་གྲ་འགྲིག་པོ་དང་ཡག་པོ་ཞིག་འདོད་ནས་ཌ་ཆིའི་གསེར་གྱི་དངུལ་ Dutch guilder སྟོང་ཕྲག་མང་པོའི་མཆོད་པ་ཕུལ་ནའང་། དེ་སྔོན་འགོག་གི་ཐབས་ལམ་མམ་ཆོས་ལ་ངོས་འཛིན་མི་ཐུབ། རང་གི་བསམ་བློ་གཏོང་སྟངས་ནི། གལ་སྲིད་རང་གིས་ཌ་ཆིའི་གསེར་གྱི་དངུལ་སྟོང་ཕྲག་མང་པོ་སྤྲད་ན། དེའི་ལན་ལ་རང་ལ་ཚུར་ས་ཡ་གཅིག་ཐོབ་ཀྱི་ཡོད་བསམ་པ་དེ་རེད། དེ་ནི་ཚོང་གི་འགྲོ་སྟངས་ཡིན་པ་ལས། ཆོས་ཕྱོགས་ཀྱི་ཉམས་ལེན་མ་ཡིན། གལ་ཏེ་རང་གི་འབྱུང་འགྱུར་གྱི་མི་ཚེའི་ནང་བདེ་སྐྱིད་དང་ལྡན་པ་ཡོང་གི་རེད་ཅེས་པའི་ཀུན་སློང་ཡོད་པའི་ཐོག་ནས། དཔེར་ན། ཐ་ན་དུད་འགྲོ་ཞིག་ལ་བག་ལེབ་ཆུང་ཆུང་ཞིག་བྱིན་ནའང་། དེ་ནི་དོན་དངོས་སུ་སྔོན་འགོག་གི་ཐབས་སམ་ཆོས་ཤིག་ཆགས་ཤིང་། ཆོས་ཕྱོགས་ཀྱི་ཉམས་ལེན་ཞིག་ཡིན།
མ་འོངས་ཚེ་རབས་མང་པོ་བརྒལ་བའི་ནང་ཡར་རྒྱས་གཏོང་ཆེད་སྔོན་འགོག་གི་ཐབས་ལམ་ལ་རིམ་པ་འདྲ་མིན་མང་པོ་ཡོད། གལ་ཏེ་རང་ཉིད་ཁོ་ན་མ་འོངས་པའི་མི་ཚེ་སྐྱིད་པོ་ཡོང་ཕྱིར་ཐབས་ལམ་དེ་འདྲ་བསྟེན་ན། དེ་ནི་ཚུལ་ལྡན་ནམ་ཐེག་པ་དམན་པའི་ཉམས་ལེན་ཆགས་ཀྱི་ཡོད། དེ་ལས་ལྡོག་སྟེ། རང་ཉིད་གཅིག་པུའི་ཆེད་དུ་མ་ཡིན་པར་སེམས་ཅན་ཡོད་དོ་ཅོག་ལ་མ་འོངས་ཚེ་རབས་ཐམས་ཅད་དུ་བདེ་སྐྱིད་སྐྲུན་ཆེད་ཀྱི་ཐབས་ལམ་དེ་འདྲ་བསྟེན་ན། དེ་ནི་བསམ་པ་རྒྱ་ཆེ་བ་ཐེག་པ་ཆེན་པོའི་ཉམས་ལེན་ཡིན། དེར་བརྟེན་ལེགས་ཤོས་ནི། དུས་རྟག་ཏུ་གནས་སྟངས་བཟང་དུ་གཏོང་ཐབས་དང་གཞན་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་བསམ་པ་དང་བཅས་ཧུར་ཐག་བྱ་རྒྱུ་དེ་ཡིན།
ཚུལ་ཇི་ལྟར་དུ་སྐྱིད་པོ་བྱེད་ཕྱོགས་ཐད་མི་ཚང་མར་བསམ་ཚུལ་སྣ་ཚོགས་ཡོད་ཅིང་། ཚང་མར་བདེ་སྐྱིད་སྒྲུབ་པའི་ཐབས་ལམ་འདྲ་མིན་ཡོད། དེ་ག་ནང་བཞིན་སྐྱེ་བ་ཕྱི་མ་ཐེ་བའི་མ་འོངས་པའི་མི་ཚེའི་ཆེད་དོན་གཉེར་བྱེད་པར་བྱེད་སྟངས་ཀྱི་ཐབས་ལམ་འདྲ་མིན་མང་པོ་ཡོད། དེ་དག་ལས་རང་གཞན་སེམས་ཅན་གཅིག་ཀྱང་མ་ལུས་པར་བདེ་བ་ལྡན་པར་ཤོག་ཅེས་པའི་ཀུན་སློང་གི་ཐོག་ནས་ཉམས་ལེན་བྱ་རྒྱུ་དགོས་གལ་ཆེ། མ་མཐར་ཡང་སྐྱེ་བ་ཕྱི་མ་ངན་འགྲོ་གནས་གང་དུའང་མི་ལྷུང་བར་འདོད་པའི་ཀུན་སློང་ཞིག་དགོས་ཀྱི་ཡོད། དེའི་ཕྱིར་རང་ངོས་ནས་མི་དགེ་བ་བཅུ་སྤོང་དགོས་ཤིང་། མི་ཆེ་གེ་མོ་ཞིག་གིས་ཆོས་འཆད་པའི་སྐབས་ངན་འགྲོའི་གནས་སུ་སྐྱེ་བ་ལས་ཟློག་ཆེད་མི་དགེ་བ་བཅུ་སྤོང་དགོས་སྐོར་བཤད་པའི་ཐོག་ནས་འགོ་འཛུགས་ངེས་ཡིན།
སེམས་དོན་དང་ཆོས་ཕྱོགས་ཀྱི་ཉམས་ལེན་རིགས་འདྲ་མིན་མང་པོ་ཡོད་ཅིང་། ཚང་མས་བདེ་བ་སྒྲུབ་པ་དང་། སྡུག་བསྔལ་སྤོང་བའི་དམིགས་ཡུལ་བཟུང་ཡོད། ནང་ཆོས་ནང་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སྤོང་བའི་ཐབས་ཆེ་ཁག་གསུམ་ཡོད་པ་ནི། དང་པོ། ངན་འགྲོའི་གནས་སུ་མི་སྐྱེ་བའི་སླད་མི་དགེ་བཅུ་སྤོང་བའི་ཉམས་ལེན་དང་། གཉིས་པ། དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྡུག་བསྔལ་གྱི་རྒྱུན་རྫོགས་མཐའ་མེད་པ་འཁོར་བའི་སྐྱེ་བ་གཅོད་པའི་ཆེད་དུ་དམིགས་བསལ་སྦྱོང་བརྡར་གསུམ་མམ་ལྷག་པའི་བསླབ་པ་གསུམ་དང་། གསུམ་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་སླད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་ཕྱིར་ཉམས་ལེན་རིགས་མི་འདྲ་བ་ཚང་མ་བྱེད་དགོས། དེ་དག་ཉམས་ལེན་གྱི་རིམ་པ་གསུམ་ཡིན།
བདེ་སྐྱིད་འཐོབ་པ།
ངས་ཆོས་ཁྲིད་བྱེད་པའི་སྐབས། དམིགས་ཡུལ་གསུམ་པོ་དེ་སྒྲུབ་པའི་ཆེད་དུ་ཁྱེད་རང་ཚོར་ཐབས་ལམ་སྣ་ཚོགས་རྒྱུས་སྟོན་འཆད་སྤེལ་ཐུབ་པར་བྱ་རྒྱུའི་ཀུན་སློང་བཅངས་པ་མ་གཏོགས། ཁྱེད་རང་ཚོ་ཚང་མར་དགེ་ལུགས་ཀྱི་ཆོས་བཤད་དེ་དགེ་ལུགས་པར་བསྒྱུར་རྒྱུའི་ཀུན་སློང་རྩ་བ་ནས་མེད། དེ་བཞིན་མི་ཚང་མ་ནང་པ་ཆགས་དགོས་པའི་བསམ་ཚུལ་བཟུང་ནས་ཆོས་བཤད་ཀྱང་བྱེད་ཀྱི་མེད། ང་ཚོ་ཚང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཡིན་ཙང་། ཚང་མའི་དཀའ་ངལ་དང་སྡུག་བསྔལ་རྣམས་སོ་སོས་མི་དགེ་བའི་ལས་ངན་པ་བྱས་པ་ལས་ཡོང་གི་ཡོད་སྐོར་འགྲེལ་བརྗོད་བྱེད་འདོད་ཡོད། གལ་ཏེ་མི་དགེ་བའི་ལས་ངན་པ་སྤོང་ཐུབ་ན། རང་ལ་དཀའ་ངལ་དང་སྡུག་བསྔལ་ཅི་ཡང་མི་ཡོང་། དེ་བཞིན་སྐྱིད་པོ་ཡོང་བར་འདོད་ན། དགེ་བའི་ལས་ཡག་པོ་བྱེད་དགོས། བདེ་སྐྱིད་ནི་དགེ་བའི་ལས་བཟང་པོ་བྱས་པའི་འབྲས་བུ་ཡིན། དེ་ནི་གང་བརྗོད་འདོད་པ་དེ་ཡིན། བདེ་བ་འདོད་པ་དང་སྡུག་བསྔལ་དང་དཀའ་ངལ་གྱི་རིགས་མི་འདོད་པའི་ཆ་ནས་ཚང་མ་གཅིག་པ་ཡིན་ཅིང་། ཚང་མས་ཚད་མཐོ་ཤོས་ཀྱི་བདེ་སྐྱིད་དང་གཏན་གྱི་བདེ་བ་ཞིག་འཐོབ་པར་འདོད་ཀྱི་ཡོད།
འགྱུར་བ་མེད་པའི་གཏན་གྱི་བདེ་བ་ཞིག་འཐོབ་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་དགོས་ཤིང་། དེ་ནི་རླབས་ཆེ་ཤོས་ཀྱི་བདེ་བ་དང་འགྱུར་བ་མེད་པའི་བདེ་བ་གཅིག་པུ་དེ་ཡིན། སངས་རྒྱས་ཀྱི་གོ་འཕང་ཞེས་པ་ནི་རང་གི་སེམས་ཡོངས་སུ་སྦྱངས་པ་དང་ནུས་པ་ཡོངས་སུ་མཐར་ཕྱིན་པར་བྱས་ནས་འཐོབ་དགོས། ཚེ་གཅིག་ལུས་གཅིག་ནང་རང་གི་སེམས་ཡོངས་སུ་སྦྱངས་ནས་གོ་འཕང་དེ་ཐོབ་ཚུལ་ནི་གསང་སྔགས་ཀྱི་གཞུང་ནང་འགྲེལ་བརྗོད་གནང་ཡོད། དེ་དག་ནི་རང་གི་སེམས་སྲུང་བའི་ཐབས་ལྐོག་ཏུ་གྱུར་བ་ཞིག་ཡིན། ཉམས་ལེན་དེ་རིགས་བྱེད་ཐུབ་མཁན་གྱི་གང་ཟག་ལ་མཚོན་ན། ང་ཚོ་ཚང་མར་ཉམས་ལེན་དེ་དག་བྱེད་ཐུབ་པའི་གཞི་རྟེན་ཡོད་ཅིང་། མིའི་ལུས་རྟེན་འདི་ང་ཚོ་ཚང་མར་ཐོབ་ཡོད།
ང་ཚོར་མིའི་ལུས་དང་སེམས་ཀྱི་གཞི་རྟེན་ཡོད་ཀྱང། འདི་ལག་བསྟར་བྱས་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་རྒྱུའི་ཐབས་ལེགས་ཤོས་ནི། རྗེ་བཙུན་མི་ལ་རས་པ་ནང་བཞིན་ཉམས་ལེན་དེ་དངོས་སུ་བྱེད་རྒྱུ་དེ་ཡིན། ཁོང་གིས་སངས་རྒྱས་ཀྱི་གོ་འཕང་འཐོབ་ཆེད་དཀའ་ངལ་ཇི་ཙམ་མྱོང་དགོས་ཀྱང་སེམས་གཏིང་ནས་རང་ནུས་ཡོད་རྒུས་འབད་བརྩོན་བསྟེན་ཡོད། འོན་ཀྱང་ང་ཚོས་ཚེ་འདི་ལ་སེམས་ཡོངས་སུ་སྦྱོང་མི་ཐུབ་པའི་རྒྱུ་མཚན་ནི། དེ་ལྟ་བུའི་དཀའ་སྡུག་མྱོང་བ་དང་དཀའ་བ་སྤྱོད་པར་ཆོད་སེམས་དང་དམ་བཅའ་བརྟན་པོ་ཞིག་འཇོག་མི་ཐུབ་པ་དེ་ཡིན། གལ་ཏེ་ང་ཚོས་རྗེ་བཙུན་མི་ལ་རས་པའི་མཛད་རྗེས་ལ་བལྟས་ན། ཐ་ན་བླ་མའི་དྲུང་ནས་ཆོས་ཀྱི་གདམས་ངག་མ་ཐོབ་པའི་སྔོན་དུ་ཧ་ལས་པའི་དཀའ་སྡུག་མྱངས་པ་དང་དཀའ་ལས་བརྒྱབ་དགོས་བྱུང་ཡོད། དེ་རྗེས་གསང་སྔགས་ཀྱི་གཞུང་གི་ཉམས་ལེན་ཁག་གནང་ནས་ཚེ་གཅིག་ལུས་གཅིག་ལ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་བྱུང་ཡོད། ཁྱེད་རང་ཚོ་ཚང་མ་ཧ་ཅང་སྐལ་བ་ལྡན་པ་ཤ་སྟག་ཆགས་ཡོད། གང་ཡིན་ཞེ་ན། སངས་རྒྱས་ཀྱི་སྐུ་དངོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ག་ནུབ་ཕྱོགས་སུ་ཕེབས་ནས་ཁྱེད་རང་ཚོར་གསུང་ཆོས་ཞུ་རྒྱུའི་གོ་སྐབས་བྱུང་བ་རེད། ཁོང་གིས་དབང་གནང་ཡོད་པ་དང་ཁྱེད་རང་ཚོར་དེ་ལྟའི་དབང་ཐོབ་ཐུབ་པ་ནི་དཔེ་མི་སྲིད་པའི་བསོད་ནམས་དང་ལྡན་པ་རེད་ལ་ཁྱེད་རང་ཚོ་སྣོད་རུང་གི་སློབ་མ་ཞིག་ཡིན་པ་སྟོན་གྱི་ཡོད།
འཆི་བ་དང་མི་རྟག་པ་དྲན་པ།
གལ་སྲིད་ནང་ཆོས་ཉམས་ལེན་ག་དུས་འགོ་བཙུགས་པ་ཡིན་ནམ་ཞེས་རང་གིས་སྐད་ཆ་དྲིས་ན། ཐོག་མར་ཚེ་འདི་གཅིག་པུའི་དོན་དུ་ཧ་ཅང་འཐོམས་ནས་རང་གིས་རང་ལ་མགོ་སྐོར་གཏོང་རྒྱུ་མེད། གལ་ཏེ་ཚེ་འདི་པ་ཙམ་གྱི་དོན་དུ་མགོ་འཐོམས་ནས་སོ་སོས་སོ་སོར་མགོ་སྐོར་གཏོང་བའི་རྒྱུ་མཚན་གང་ཡིན་ནམ་ཞེས་དྲིས་ན། དེ་ནི་ང་ཚོས་འཆི་རྒྱུ་ངེས་པ་ཡིན་པའི་གནས་སྟངས་ལ་དྲན་ཤེས་མ་བསྟེན་པའི་རྐྱེན་གྱིས་ཡིན། ང་ཚོས་འཆི་བའམ་མི་རྟག་པའི་ཐད་ལ་བསམ་བློ་གཏོང་གི་མེད། དོན་ངོ་མར་མི་ཚེའི་ནང་སུ་གཅིག་ཀྱང་རྟག་པ་བརྟན་པ་དང་ཡུན་དུ་གནས་པ་ཞིག་མེད། དེར་བརྟེན་ཐོག་མར་འཆི་བ་དང་མི་རྟག་པ་དྲན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
ཁྱེད་རང་འཆི་བ་ལ་མི་དགའ་བ་སོང་ཙང། གལ་སྲིད་རང་གིས་འཆི་བ་མི་རྟག་པའི་སྐོར་རྩ་བ་ནས་མ་ཉན་པར་སྣང་མེད་དུ་འདུག་ཐུབ་ན། དེ་ནི་ཧ་ཅང་ཡག་པོ་རེད། འོན་ཀྱང་དེ་ལ་དགའ་ནའང་འདྲ་མི་དགའ་ནའང་འདྲ། མི་ཚང་མས་འཆི་བ་མྱོང་དགོས་པ་གཅིག་གྱུར་ཡིན། འཆི་བ་ཐོག་ཏུ་བབས་ཚེ། རང་ལ་སྡུག་བསྔལ་དང་དཀའ་ངལ་ཧ་ཅང་ཆེན་པོ་འབྱུང་གི་ཡོད། དེ་ནི་དུས་ཚོད་ཀྱི་སྔ་ཕྱི་ཙམ་ལས་སྔོན་འགོག་བྱས་ཏེ་མེད་པ་བཟོ་ཐབས་ཅི་ཡང་མེད། རང་གིས་གང་བྱེད་ཐུབ་པ་ནི་འཆི་བ་ཐོག་ཏུ་འབབ་པའི་ཚེ་མི་བདེ་བ་དང་སྡུག་བསྔལ་ཚང་མ་སྔོན་འགོག་བྱེད་ཐུབ། དེ་ཡང་རང་གི་མི་ཚེའི་ནང་གང་ཐུབ་ཐུབ་ཀྱིས་དགེ་བའི་བྱ་བ་སྒྲུབ་པ་དང་མི་དགེ་བ་བཅུ་སྤོང་ཐབས་བྱས་པ་ན། ལོ་ན་རྒ་བ་དང་མཉམ་དུ་སྐྱིད་དུ་སྐྱིད་དུ་འགྲོ་གི་རེད། འཆི་བ་ཐོག་ཏུ་བབས་ཚེ་སེམས་ནང་དངངས་སྐྲག་སོགས་ཀྱི་ཞེད་སྣང་མི་ཡོང་བར་སྐྱིད་པོ་ཡོང་གི་ཡོད། དེར་བརྟེན་ཆོས་ཉམས་ལེན་ཆ་ཚང་བ་དེ་ནས་འགོ་བཙུག་གི་ཡོད། ད་དུང་དེ་ལས་གཏིང་ཟབ་པའི་སློབ་གཉེར་བྱས་ན། མདོའི་ཉམས་ལེན་སྣ་ཚོགས་པ་དང་གསང་སྔགས་ཀྱི་ཡི་དམ་ལྷའི་ཉམས་ལེན་ཧ་ཅང་ཕན་རླབས་ཆེ་བ་མང་པོ་བྱ་རྒྱུ་ཡོད། གཤམ་དུ་ངས་ཁྱད་པར་ཇི་ཡོད་ཐད་འགྲེལ་བཤད་ཕྲན་བུ་བྱ་རྒྱུ་ཡིན།
གལ་སྲིད་ཁྱེད་རང་ཕན་ཐོགས་ལྡན་པའི་སེམས་ཀྱི་གོམས་གཤིས་ཤིག་སྐྱེད་པར་སྒོམ་རྒྱག་འདོད་ཡོད་ན། སྐྱེས་པ་ཐམས་ཅད་འཆི་རྒྱུ་ཡིན་པའི་གནས་ཚུལ་དེ་ཐོག་མ་ཉིད་ནས་བསམ་བློ་གཏོང་དགོས། དེ་ནི་སྐྱེས་མ་ཐག་ནས་བྱུང་བའི་དངོས་པོའི་ཆོས་ཉིད་ཡིན། ནམ་ཞིག་འཆི་རྒྱུ་ཡིན་པར་རང་ངོས་ནས་དྲན་པ་དང་ངེས་ཤེས་བརྙེད་ནས་དེ་ལ་དོ་གལ་དང་གཟབ་ནན་བྱས་ན། ཕན་ཐོགས་དང་ལྡན་པའི་སེམས་ཀྱི་གནས་བབས་བཟང་པོ་ཞིག་རང་རྒྱུད་ལ་སྐྱེད་པར་བྱེད་ཀྱི་ཡོད། དེའི་ཐད་ལ་བསམ་བློ་གཟབ་ནན་གཏོང་བའི་སྐབས། གལ་ཏེ་རང་གི་མི་ཚེ་འདིའི་ནང་དུས་ཚོད་ཡོངས་རྫོགས་ཕྱི་དངོས་པོའི་རྒྱུ་ནོར་གསོག་འཇོག་བྱ་རྒྱུར་བཏང་ན། འཆི་བའི་ཚེ་ཕན་ཐོགས་གང་ཡང་མེད་པ་དེ་བསམ་བློ་འཁོར་གྱི་རེད། རང་ནུས་གང་ཡོད་ཀྱིས་གསོག་འཇོག་བྱས་པའི་རྒྱུ་ནོར་ཅི་ཡང་མཉམ་དུ་འཁྱེར་འགྲོ་ས་མེད། བློའི་འཁྱེར་སོ་དེ་འདྲ་ཞིག་ངེས་པར་དུ་གོམས་གཤིས་སུ་འཇགས་པ་བྱེད་དགོས།
མི་ལུས་རིན་ཆེན།
གཞན་ཡང་ཐོབ་དཀའ་བའི་དལ་འབྱོར་གྱི་མི་ལུས་འདི་འདྲ་ཞིག་ད་ཆ་ཐོབ་པར་དགའ་བ་སྒོམ་ཐབས་བྱས་ན། སེམས་ཀྱི་གོམས་གཤིས་བཟང་པོ་ཞིག་རྒྱུད་ལ་འཇགས་ཐུབ་པ་ཡོང་གི་ཡོད། དེ་ནི་རང་གི་སྐྱེ་བ་སྔོན་མའི་ནང་དགེ་བའི་བྱ་བ་གང་ཞིག་བསྒྲུབས་པའི་འབྲས་བུ་ཡིན་པར་དྲན་ཅིང་། ད་ལྟའི་དལ་འབྱོར་གྱི་ལུས་རྟེན་ཐོབ་པའི་རྒྱུ་སྔར་བསགས་དགེ་བའི་ལས་ལ་རྗེས་སུ་ཡི་རང་བྱེད་དགོས། མི་ལུས་རིན་ཆེན་འདིའི་ཐོག་ནས་སངས་རྒྱས་ཀྱི་གཞུང་ནང་གསུངས་པའི་ཆོས་སམ་སྔོན་འགོག་གི་ཐབས་ལམ་ཆ་ཚང་ཉམས་ལེན་ཐུབ་ཅིང་། སྐྱེ་བ་ཕྱི་མ་བདེ་འགྲོའི་གནས་སུ་སྐྱེ་བ་ཡོང་གི་ཡོད། དེ་ཡང་ང་ཚོར་ཡོད་པའི་བྱ་བའི་རྟེན་གཞིའམ་མིའི་ལུས་རྟེན་འདིའི་ཐོག་ནས་ཉམས་ལེན་ཐུབ་པ་ཞིག་ཡིན།
ལེགས་ཤོས་ནི་ཚེ་འདིའི་ནང་སོ་སོའི་ནུས་པའི་ཚད་མཐོ་ཤོས་སུ་སླེབས་པ་དང་སེམས་ཡོངས་སུ་སྦྱངས་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་རྒྱུ་དེ་ཡིན། དེ་ནི་ད་ལྷ་ང་ཚོར་ཐོབ་པའི་དལ་འབྱོར་མི་ལུས་ཀྱི་རྟེན་འདིའི་ཐོག་ནས་བྱེད་ཐུབ། དེར་བརྟེན་དལ་འབྱོར་མི་ལུས་ཀྱི་རིན་ཐང་ཤེས་པའི་ཐོག་ནས་དེ་ལ་དགའ་བ་སྒོམ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། རང་ཉིད་ཡར་རྒྱས་འོང་བའི་མཐུན་རྐྱེན་གང་འཕྲད་ཀྱང་དེ་ལ་ཡི་རང་དང་དགའ་ཚོར་བྱེད་དགོས། ད་ལྟའི་དལ་བའི་རྟེན་འདིའི་སྟེང་གཞི་བཞག་ནས་སྐྱེ་བ་ཕྱི་མ་ངན་འགྲོའི་གནས་སུ་སྐྱེ་བ་ལས་ཟློག་ཐུབ། དེ་ལྟར་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྡུག་བསྔལ་གྱི་རྒྱུན་ཟད་མཐའ་མེད་པའི་འཁོར་བའི་ནང་རང་དབང་མེད་པར་སྡུག་བསྔལ་ཅི་རིགས་མྱོང་བ་འགོག་ཐུབ། དོན་དངོས་སུ་རང་གི་ནུས་པ་གོང་མཐོར་བཏང་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱས་ཏེ་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་བྱེད་ཐུབ། མདོར་ན་ཐོག་མར་གོ་སྐབས་དེ་དག་ཐམས་ཅད་ཡོད་པར་ཤེས་པའི་ཐོག་ཕན་ཐོགས་ལྡན་པའི་སེམས་ཀྱི་གོམས་གཤིས་སྐྱེད་ཐབས་ཆེད་སྒོམ་རྒྱག་རྒྱུ་དང་དེ་དག་ལ་དགའ་བ་སྒོམ་དགོས།
འདི་ལྟ་བུའི་ངའི་འགྲེལ་བརྗོད་བྱེད་སྟངས་ཀྱིས་ཁྱེད་རང་ཚོར་ཕན་ཐོགས་པོ་ཞིག་འདུག་གམ། ཡང་ན་ཐབས་ལམ་མི་འདྲ་བ་གཞན་ཞིག་གི་སྒོ་ནས་ཆོས་ཁྲིད་བྱེད་དགོས་སམ། གལ་སྲིད་ཁྱེད་རང་ཚོས་དེ་དག་ཚང་མ་སྔ་ས་ནས་མཁྱེན་གྱི་ཡོད་ན། ངས་འགྲེལ་བརྗོད་བྱེད་སྟངས་གཞན་ཞིག་གི་ཐོག་ནས་འཁྲིད་ནའང་ཆོག །འོན་ཀྱང་ཁྱེད་རང་ཚོས་འདི་ཕན་ཐོགས་ཡོད་པ་ཞིག་ཏུ་གཟིགས་ན། མུ་མཐུད་འདི་ལྟར་འཁྲིད་ཀྱི་ཡིན། གལ་སྲིད་ཁྱེད་ཚོས་ཚང་མ་སྔོན་ཚུད་ནས་མཁྱེན་གྱི་ཡོད་ནའང། ཡང་ནས་ཡང་དུ་གཟབ་ནན་ངང་ཉན་འཇོག་བྱ་རྒྱུ་གལ་ཆེན་པོ་རེད། དེ་དག་ཚང་མ་ཁྱེད་ཚོས་སྔ་ས་ནས་མཁྱེན་ནས། ཆོས་བཤད་ཉན་པར་ཕེབས་སྐབས་རྒན་ལགས་ཀྱིས་ད་ལྟ་འདི་འཁྲིད་ཀྱི་འདུག །གཤམ་དུ་འདི་འཁྲིད་ཀྱི་རེད། དཔེ་འདི་འདྲ་ཞིག་འཇོག་གི་རེད་ཅེས་བརྗོད་དེ་ཚང་མ་མཁྱེན་མདོག་ཁ་པོ་རེད། འོན་ཀྱང་ཆོས་འཆད་པའི་སྐབས་ཚིག་གཅིག་པ་གཅིག་རྐྱང་ཡིན་ནའང་། སློབ་པ་ཚོར་གོ་བ་མི་འདྲ་བ་རེ་ཡོང་གི་ཡོད། དེ་ལྟར་སློབ་མ་ཚོའི་གོ་རྟོགས་ཀྱི་རིམ་པ་དེ་འགྱུར་འགྲོ་གི་རེད། ཁྱེད་རང་ཚོས་ཆོས་ཉན་པར་འགྲོ་བའི་སྐབས། སྤྱིར་བཏང་གི་གནས་ཚུལ་བསྡུ་རུབ་ཙམ་གྱི་ཆེད་དུ་འགྲོ་གི་ཡོད་བསམ་རྒྱུ་མེད། དེ་ལས་ལྡོག་སྟེ། རང་གིས་གང་ཐོས་པ་དང་ཤེས་པ་རྣམས་ཉམས་ལེན་ནང་དངོས་སུ་ལག་བསྟར་ཐུབ་པའི་ཆེད་ཆོས་ཉན་དགོས། དེ་ནི་གནད་འགག་གཙོ་བོ་དེ་རེད།
ཚེ་འདི་གཅིག་པུའི་ནང་གྲུབ་འབྲས་ཐོབ་ཆེད་འབད་པར་སྙིང་པོ་མེད་ཚུལ།
འདི་ནི་དགེ་བཤེས་གླང་རི་ཐང་པའི་ལོ་རྒྱུས་ཤིག་རེད། ཁོང་གི་སྐུ་ཚེའི་ནང་བཞད་གད་ཐེངས་གསུམ་ཁོ་ན་ལས་ཤོར་མྱོང་མེད། དང་པོ། ཁོང་གི་མཎྜལ་གྱི་འབུལ་རྫས་ནང་གཡུ་ཧ་ཅང་ཆེན་པོ་ཞིག་ཡོད། ཐེངས་གཅིག་ཙི་ཙི་ལྔ་ཡོང་ནས། ཙི་ཙི་གཅིག་གན་རྐྱལ་སློག་ནས་གྲོད་ཁོག་སྟེང་རྡོ་ཞིག་ཡོད་པ་དང་། ཙི་ཙི་གཞན་བཞིས་སོ་སོའི་རྐང་པ་ཁའི་ནང་བླུགས་ཏེ་དྲུད་ནས་འགྲོ་བཞིན་ཡོད་པ་ཁོང་གིས་གཟིགས་པ་དང་བཞད་གད་ཤོར། མདོར་ན། ཕྱི་དངོས་པའི་རྒྱུ་ནོར་གསོག་འཇོག་ཐུབ་པ་ནི་དེ་ཙམ་གྱི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཤིག་མིན། ཐ་ན་ཙི་ཙི་འདྲ་བའི་དུད་འགྲོ་སེམས་ཅན་ཚོས་ཀྱང་དངོས་པོ་བསྡུ་རུབ་བྱེད་ཐུབ་ཀྱི་ཡོད།
གཉིས་པ། སང་ཉིན་སྲོག་ཐོག་གཏོང་ངེས་པའི་མི་ཞིག་གིས་དེ་རིང་དགོང་མོ་རང་གི་ལྷམ་ལ་ལྷན་པ་རྒྱག་པ་གཟིགས་པས་ཁོང་བཞད་གད་ཤོར་གནང་བ་རེད། གསུམ་པ། མི་འགའ་ཞིག་གིས་མེ་ཐབ་བཟོ་ཆེད་སྤང་ལྗོངས་ཤིག་གི་སྟེང་རྡོ་སྒྲུག་པ་གཟིགས་པ་དང་བཞད་གད་ཤོར་གནང་བ་རེད། མི་གཅིག་གིས་རྩེ་ལ་རྩཱ་ཡོད་པའི་རྡོ་འདྲ་པོ་ཞིག་མཐོང་བ་དང་ས་འབྲུ་བར་ཕྱིན་པས། ངོ་ཐོག་ཏུ་ས་སྟེང་ཏུ་ཉལ་ནས་ཡོད་པའི་སྲིན་པོ་ཞིག་གི་མགོ་ཡིན་འདུག །ཚེ་འདི་པ་ཉག་གཅིག་གི་ཆེད་དུ་རྒྱུ་ནོར་ཇི་ཙམ་གསོག་འཇོག་ཐུབ་ཀྱང་ཡ་མཚན་ཆེ་བ་གང་ཡང་མིན་པ་ང་ཚོས་མཐོང་ཐུབ། དེ་ལས་ཆོས་ཉམས་ལེན་ལ་དགའ་བའི་མི་ཞིག་བྱེད་པ་ནི་རླབས་ཆེ་བ་དང་གྲུབ་འབྲས་ཆེ་བ་ཡིན་ཅིང་སྐྱེ་བ་ཕྱི་མ་ཕན་ཆད་ལ་ཕན་ཐོགས་ཤིན་ཏུ་ཆེ།
ང་ཚོར་དལ་འབྱོར་གྱི་མི་ལུས་འདི་ཡོད་པའི་སྐབས། དེ་ལ་དགའ་བ་སྒོམ་རྒྱུ་གལ་ཆེན་པོ་ཡིན། སྤྱིར་བཏང་དངུལ་ཁང་ནང་ང་ཚོར་དངུལ་སྟོང་ཚོ་བརྒྱ་ཕྲག་དུ་མ་ཡོད་ན། དགའ་ཚོར་ཡོང་གི་ཡོད། འོན་ཀྱང་དངུལ་ཇི་ཙམ་ཡོད་ཀྱང་ངན་འགྲོའི་གནས་སུ་སྐྱེ་བ་འགོག་མི་ཐུབ་ཅིང་། སངས་རྒྱས་ཀྱི་གོ་འཕང་ཉོ་མི་ཐུབ། དལ་འབྱོར་གྱི་མི་ལུས་རིན་ཆེན་འདིའི་ཐོག་ནས་ང་ཚོས་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱ་ཐུབ། དེར་བརྟེན་ང་ཚོར་གང་ཡོད་པ་དེར་དགའ་བ་སྒོམ་དགོས། དེ་ཡང་རབ་བྱུང་ན་ང་ཚོས་རྗེ་བཙུན་མི་ལ་རས་པའི་རྗེས་སུ་འཇུག་དགོས་པ་དང་ཚེ་འདིར་ཆགས་ཞེན་སྤངས་ནས། སེམས་རྩེ་གཅིག་ཏུ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འབད་བརྩོན་སྟེན་དགོས། འོན་ཏེ་དེ་ནི་ནང་ཆོས་ཉམས་ལེན་བྱེད་མཁན་ཚང་མས་ཐུབ་པ་ཞིག་མ་ཡིན། ཅི་སྟེ་ང་ཚོས་མི་ལ་རས་པ་ནང་བཞིན་བྱེད་མ་ཐུབ་པ་དང་ཚེ་འདིའི་ཆགས་ཞེན་ཡོངས་སུ་དོར་མི་ཐུབ་ནའང་། མ་མཐར་ཡང་ཚེ་འདིའི་རྒྱུ་དངོས་ལ་མགོ་ཡོངས་སུ་འཁོར་བ་དང་སེམས་རྦད་དེ་ཆགས་ནས་མི་སྡོད་པའི་བསམ་ཕྱོགས་ཤིག་རྒྱུད་ལ་སྐྱེ་ཐུབ་པ་དགོས།
དཔེར་ན། རང་ལ་རྒྱུ་ནོར་གང་ཡོད་པ་ཐམས་ཅད་ལ་སྙིང་པོ་ཅི་ཡང་མེད་པ་མཐོང་བའི་ལྟ་ཚུལ་ཞིག་ང་ཚོས་ཡར་རྒྱས་ཡོང་ཐབས་བྱེད་ཐུབ། གང་ཡིན་ཟེར་ན། འཆི་བ་ཐོག་ཏུ་བབས་པའི་ཚེ། ང་ཚོས་མཉམ་དུ་འཁྱེར་ཐུབ་པ་གཅིག་ཀྱང་མེད། དེར་བརྟེན་ཕྱོགས་གཅིག་ནས་དེ་དག་ཚང་མ་མི་གཞན་ལ་བདག་ཟིན་པ་རེད། ང་ཚོས་བསམ་བློ་དེ་ལྟར་བཏང་ན། སོ་སོར་གང་ཡོད་པ་དེར་ཧ་ཅང་དམ་པོར་འཛིན་པ་སྐྱེས་ནས་སྡོད་ཀྱི་མེད། གང་ཡོད་པ་དེ་ཆོས་ཉམས་ལེན་ཆེད་བེད་སྤྱོད་གཏོང་གི་རེད། དཔེར་ན། དགོས་མཁོ་ཅན་ལ་སྦྱིན་པ་གཏོང་བ་ལྟ་བུ།
ཚེ་འདི་པ་ཙམ་གྱི་དོན་དུ་ཧ་ཅང་ཆགས་པ་དང་མགོ་འཁོར་ནས་མི་སྡོད་པའི་བསམ་ཕྱོགས་ཤིག་རང་ལ་ཡོད་པ་དང་སྔོན་ཆད་བསགས་པའི་དགེ་བའི་ལས་ཀྱི་འབྲས་བུར་ཚེ་འདིར་དཔལ་འབྱོར་དང་རྒྱུ་ནོར་གྱི་ཁེངས་པའི་ཁོར་ཡུག་གཅིག་གི་ནང་སྐྱེས་ནའང་། དེ་དག་ཐམས་ཅད་འདོར་བ་དང་ཆུད་ཟོས་སུ་གཏོང་རྒྱུ་མེད། རང་གི་རྒྱུ་ནོར་ལ་སྡང་སེམས་ཆགས་ནས་དུས་ནམ་ཡང་གཏོང་འདོད་མེད་པའི་མཐའ་ལ་ལྷུང་ཉེན་ཡོད། དེ་ནི་ཧ་ཅང་ཉེན་ཁ་ཚ་པོ་རེད། གང་ཡིན་ཟེར་ན། རང་ལ་གང་ཡོད་པར་རྦད་དེ་ཆགས་ནས་གཏོང་མི་འདོད་པར་དམ་པོར་འཛིན་པའི་འབྲས་བུར། ཕྱི་མ་ཟས་སྐོམ་ཡིད་ལ་དམ་པོར་འཛིན་པའི་ཡི་དཱགས་སུ་སྐྱེ་བ་ལེན་གྱི་ཡོད། དེ་དག་ནི་ཆོས་ཉམས་ལེན་བྱེད་ཕྱོགས་ཐད་བསམ་བློ་གཏོང་དགོས་པའི་གནད་དོན་འགའ་ཞིག་ཡིན།
དོན་ངོ་མར་ང་ཚོར་བླ་ན་མེད་པའི་སངས་རྒྱས་དངོས་ཡིན་པ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་རྒྱུའི་རྩ་ཆེའི་གོ་སྐབས་ཐོབ་པ་དང་། ཆོས་ཉམས་ལེན་ལ་དོ་དབྱིངས་ལྡན་པ་འདིའང་སྐྱེ་བ་སྔོན་མ་དཀའ་ལས་མང་པོ་བརྒྱབ་ནས་དགེ་བའི་ནུས་པ་ཧ་ཅང་མང་པོ་བསགས་པའི་འབྲས་བུ་ཡིན། ད་ལྟ་དལ་འབྱོར་གྱི་མི་ལུས་རིན་ཆེན་འདིའི་ཐོག་ནས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་ཕྱིར་ང་ཚོས་སྙིང་རུས་དང་འབད་བརྩོན་གང་ཐུབ་བྱེད་དགོས། མིའི་ལུས་རྟེན་འདི་འཐོབ་ཆེད་ང་ཚོས་སྐྱེ་བ་སྔོན་མའི་སྐབས་དཀའ་ལས་དུ་མ་བརྒྱབ་ཡོད་སྟབས། དལ་བའི་རྟེན་འདི་ཡང་བསྐྱར་འཐོབ་དགོས་མིན་ཐད་བསམ་བློ་ཞིབ་མོ་གཏོང་དགོས། ད་ལན་ང་ཚོར་མི་ལུས་འདི་ཐོབ་ཡོད་པས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱས་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་འཐོབ་པར་ད་དུང་དཀའ་ལས་མང་པོ་རྒྱག་དགོས། ཚེ་འདི་གཞི་རྟེན་དུ་བྱས་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་སྲིད་པ་སོང་ཙང་། ང་ཚོས་མི་ཚེ་འཕྲོ་བརླག་མི་གཏོང་རྒྱུ་གལ་ཆེན་པོ་ཡིན།
གལ་སྲིད་ཁྱེད་ལ་གསེར་ཆེ་ཆུང་རང་གི་ལག་པ་ཙམ་ཞིག་ཡོད་ན། དེ་སྣང་མེད་དུ་འདོར་གྱི་མ་རེད། གལ་ཏེ་གསེར་དེ་ཁྱེར་ནས་རྒྱུག་ཆུའི་ནང་གཡུགས་ནས་གསེར་གཞན་ཞིག་འཐོབ་པར་ཤོག་ཅེས་སྨོན་ལམ་བཏབ་ན། སྨོན་ལམ་དེ་སྟོང་ཟད་དུ་འགྲོ་ངེས་པ་ལས་སྒྲུབ་ཡག་ཁག་པོ་རེད། ཚེ་འདིའི་ནང་ཆོས་ཕྱོགས་ཀྱི་ཉམས་ལེན་རྩ་བ་ནས་མ་བྱས་པ་དང་། མི་ཚེ་འཕྲོ་བརླག་བཏང་སྟེ། མ་འོངས་པར་མིའི་ལུས་རྟེན་བཟང་པོ་གཞན་ཞིག་འཐོབ་པར་ཤོག་ཅེས་སྨོན་ལམ་འདེབས་པ་ནི་དེ་དང་མཚུངས་པ་ཡིན། གལ་ཏེ་ཁྱེད་ཀྱིས། “རང་ཉིད་ཀྱིས་དངོས་སུ་ལག་བསྟར་ཐུབ་པའི་སྔོན་འགོག་གི་ཐབས་ལམ་སྣ་ཚོགས་པ་དེ་དག་གང་ཡིན་ནམ།” ཞེས་སྐད་ཆ་དྲིས་ན། བྱེད་ཐུབ་པའི་ཐབས་ལམ་མང་པོ་ཡོད་པ་ལས། ངས་དེ་དག་ཁ་ཤས་ཀྱི་སྐོར་ལ་འགྲེལ་བརྗོད་ཕྲན་བུ་བྱེད་ཀྱི་ཡིན།
སྲོག་གཅོད་སྤོང་བ།
དང་པོ་ནི་ལུས་ཀྱི་ལས་ཀྱི་སྒོ་ནས་བཤད་ན། སེམས་ཅན་གྱི་སྲོག་གཅོད་རྒྱུ་སྤོང་དགོས། གཞན་ཞིག་སྲོག་གཅོད་པར་རྐྱེན་བཞི་ཚང་དགོས་ཀྱི་ཡོད། དེ་བཞི་པོ་ཚང་ནས་སྲོག་གཅོད་ཀྱི་ལས་བྱས་ན་སྡིག་པ་ཤིན་ཏུ་ཆེ། དཔེར་ན། ལུག་ལྟ་བུ་ཞིག་གསོད་པའི་དབང་དུ་བཏང་ན། དང་པོ་སྲོག་གཅོད་པའི་གཞི་ནི་ལུག་ཡིན། གཉིས་པ་བསམ་པ་ནི་ཀུན་སློང་དང་ངོས་འཛིན་གཉིས་ཀ་གཏོགས་ཡོད། དེ་ཡང་སྲོག་གཅོད་པའི་ཚེ་ཀུན་སློང་མི་འདྲ་བ་གསུམ་སྟེ། འདོད་ཆགས་དང་། ཁོང་ཁྲོ། ཞེ་སྡང་ངམ་གཏི་མུག་བཅས་ཀྱི་དབང་གིས་སྲོག་གཅོད་པ་ཡོང་གི་ཡོད། འདོད་ཆགས་ཀྱི་དབང་གིས་སྲོག་གཅོད་སྟངས་ནི། དཔེར་ན། ཤ་ལ་ཆགས་པའི་དབང་གིས་སྲོག་གཅོད་པ་དང་། ཡང་ན་ཁོང་ཁྲོ་ལངས་པ་དང་ཞེ་སྡང་སྐྱེས་ནས་གཞན་གྱི་སྲོག་གཅོད་ཀྱི་ཡོད། གཏི་མུག་གི་དབང་གིས་སྲོག་གཅོད་པ་ནི་གང་ཡང་མི་ཤེས་པའི་ངང་ནས་སྲོག་གཅོད་པ་དེ་ཡིན། དཀོན་ཅོག་ལ་དམར་མཆོད་འབུལ་བའི་ཆེད་དུ་དུད་འགྲོ་སེམས་ཅན་མང་པོའི་སྲོག་གཅོད་མཁན་འགའ་ཞིག་ཡོད། དེ་ག་ནང་བཞིན་མི་འགའ་ཞིག་གིས་རང་ཉིད་ན་བའི་ཚེ་ནད་གཞི་དྲག་ཆེད་དམར་མཆོད་ཕུལ་ན། རང་གི་ན་ཚ་དྲག་སྐྱེད་ཡོང་བར་འདོད། ངོས་འཛིན་ལ་མཚོན་ན། གལ་ཏེ་རང་གི་ཀུན་སློང་དེ་ལུག་ཅིག་གསོད་རྒྱུ་ཡིན་ན། དེ་ལ་དུད་འགྲོ་སེམས་ཅན་གཉིས་ཡོད་པར་ཆ་ཞོག །གཅིག་ར་དང་གཅིག་ལུག་ཡིན་ན། ལས་དེ་ཡོངས་སུ་རྫོགས་པར་བྱེད་པ་ལ་ཁྱེད་ཀྱིས་ལུག་དེ་གསོད་དགོས་པ་ལས་ར་བསད་ན་འགྲིག་གི་མེད།
གསུམ་པ་སྦྱོར་བ་ནི་དངོས་སུ་སྲོག་གཅོད་པ་དེ་རེད། མི་འགའ་ཞིག་གིས་སྲོག་གཅོད་པའི་སྐབས་དབུགས་སུབ་བཏང་སྟེ་ཁ་དང་སྣ་ནས་དབུགས་གཏོང་ལེན་བྱེད་མི་ཐུབ་པ་བཟོས་ནས་གསོད་ཀྱི་ཡོད། ཁ་ཤས་ཀྱིས་ལག་པ་ཁོག་པའི་ནང་བརྒྱུས་ནས་ནང་ཁྲོལ་ཕྱིར་འདོན་གྱི་ཡོད། ཡང་འགའ་ཞིག་གིས་དུད་འགྲོ་རྣམས་ཀྱི་མགྲིན་པ་གཏུབས་ནས་གསོད་ཀྱི་ཡོད། བཞི་པ་མཐར་ཐུག་ནི་དབུགས་ཀྱི་རྒྱུ་བ་ཡོངས་སུ་ཆད་ནས་ལུས་སེམས་ཁ་བྲལ་གཏོང་བ་དེ་ཡིན།
འབྲས་བུ་རིགས་བཞི་ཡོད་པ་ནི། དང་པོ་ནི་རྣམ་སྨིན་གྱི་འབྲས་བུ་ཡིན། སྲོག་བཅད་པའི་རྣམ་སྨིན་གྱི་འབྲས་བུ་ནི་དམྱལ་བའམ་ཡི་དཱགས་ཡང་ན་དུད་འགྲོ་བཅས་གང་རུང་གི་སྐྱེ་བ་ལེན་གྱི་ཡོད། ཐ་ན་སྐྱེ་བ་དེ་རྫོགས་ནས་བསྐྱར་དུ་མིའི་ལུས་རྟེན་ཐོབ་ནའང་། སྔོན་གྱི་ལས་ཀྱི་འབྲས་བུ་ད་དུང་མི་ཟད་པར། གཉིས་པ་རྒྱུ་མཐུན་གྱི་འབྲས་བུ་མྱོང་དགོས་པ་ཡིན། གཞན་གྱི་ཚེ་ཐུང་དུ་གཏོང་བ་དང་སྲོག་བཅད་པའི་འབྲས་བུར་རང་གི་ཚེ་ཐུང་དུ་འགྲོ་གི་ཡོད། སྲོག་བཅད་པའི་རྗེས་སུ་སྐྱེ་བ་ཕྱི་མར་མིའི་ལུས་རྟེན་ཐོབ་ནའང་ཚེ་ཐུང་ཞིང་ནད་ན་ཚ་མང་ཡོང་གི་ཡོད། དེ་བཞིན་ལྷན་སྐྱེས་ཀྱི་སྤྱོད་ཚུལ་ཐོག་ནས་རྒྱུ་མཐུན་གྱི་འབྲས་བུ་མྱོང་དགོས། རང་ཉིད་མིའི་ལུས་རྟེན་དུ་སྐྱེ་བའི་སྐབས། སྲོག་བཅད་པའི་བག་ཆགས་ཡོད་ན། ཕྲུ་གུའི་སྐབས་ནས་བཟུང་འབུ་སྲིན་སོགས་གསོད་རྒྱུར་དགའ་བའི་མི་རྩུབ་སྤྱོད་ཅན་ཞིག་ཡོང་གི་ཡོད། དེ་ནས་བདག་པོའི་འབྲས་བུའི་ཁྲོད་སྲོག་གཅོད་པའི་སྐབས་ཀྱི་མི་ཚང་མ་དང་ས་ཆ་ཡོངས་རྫོགས་ཚུད་ཡོད། དེ་ལྟར་སྲོག་བཅད་པ་ལ་བརྟེན་ནས་རང་ཉིད་གང་སུ་སྐྱེ་སའི་ཡུལ་གྱི་མི་ཚང་མ་མི་ཚེ་ཡུན་གནས་བྱེད་པའི་ནུས་པ་ཞན་པ་དང་། ཟས་རིགས་དཀོན་ཅིང་ཞན་པ། སྨན་རྣམས་གསོ་བའི་ནུས་པ་ཞན་པ་སོགས་ཡོང་གི་ཡོད།
སྲོག་གཅོད་པ་ལས་སྐྱོན་དང་ཉེས་དམིགས་དེ་དག་འབྱུང་གི་ཡོད་པ་ཤེས་ནས། སྲོག་མི་གཅོད་རྒྱུའི་ཐག་བཅད་ནས་སྲོག་གཅོད་ཀྱི་ལས་སྤོང་བ་ནི་དགེ་བའི་ལས་ཤིག་ཡིན། དགེ་བའི་ལས་ཀྱི་འབྲས་བུར་མི་དང་ལྷའི་ལུས་རྟེན་འཐོབ་པ་ཡོང་གི་ཡོད། དེ་ལ་བརྟེན་ནས་མི་ལུས་རྟེན་ཐོག་རང་ཉིད་ཚེ་རིང་བ་དང་ནད་ཉུང་བ་སོགས་ཡོང་གི་ཡོད། ང་ཚོ་ཚང་མས་ཚེ་རིང་པོ་དང་བདེ་པོ་ཐང་པོ་ཞིག་འདོད་ཅིང་། སུ་གཅིག་གིས་ཀྱང་དུས་མིན་འཆི་བ་དང་ན་ཚ་དགོས་འདོད་བྱེད་ཀྱི་མེད། དེ་དག་ཡོང་བར་རྟག་ཏུ་སྲོག་གཅོད་ཀྱི་ལས་སྤོང་དགོས། དེ་ཡང་རྒྱུ་མཐུན་གྱི་འབྲས་བུའི་དབང་དུ་བྱས་ན། ཕྲུ་གུ་ཆུང་དུས་ནས་བཟུང་སྲོག་གཅོད་ཀྱི་ལས་དེ་འཇིགས་སུ་རུང་བ་ཞིག་ཏུ་ལྟ་དགོས། སྲོག་ནམ་ཡང་མི་གཅོད་པ་དང་ཤ་བཟའ་འདོད་ཀྱི་དབང་དུ་འགྲོ་མི་ཉན། བདག་པོའི་འབྲས་བུ་ནི་རང་དང་རང་གི་ཉེ་འཁོར་གྱི་མི་ཚང་མར་ཟས་བཅུད་ལྡན་པ་དང་སྨན་གྱི་ནུས་པ་ཆེ་ཞིག་ཕན་ནུས་ལྡན་པ་ཡོང་གི་ཡོད། སྲོག་གཅོད་ཀྱི་ལས་སྣ་གཅིག་སྤངས་པའི་འབྲས་བུ་དེ་ལྟར་ཡོད་སྟབས། དུས་གཏན་དུ་སྲོག་གཅོད་ཀྱི་ལས་སྤངས་ན། འབྲས་བུ་བཟང་པོ་རྫོགས་མཐའ་མེད་པ་མྱོང་ཐུབ་ཅིང་། ཐ་ན་གཉིད་ཁུག་པའི་སྐབས་དགེ་བའི་ལས་བྱེད་པ་ཡོང་གི་ཡོད།
སངས་རྒྱས་ཤཀྱཱ་ཐུབ་པར་ཁྱད་དུ་འཕགས་པའི་སློབ་མ་མང་པོ་ཡོད། ཉན་ཐོས་ལྟ་བུ་རེ་རེར་དམིགས་བསལ་གྱི་ཁྱད་ཆོས་རེ་ཡོད། འགའ་ཞིག་ལ་རྫུ་འཕྲུལ་གྱི་སྟོབས་དམིགས་བསལ་ཡོད་པ་དང་། འགའ་ཞིག་ལ་ཤེས་རབ་ཁྱད་པར་ཅན་སོགས་ཡོད། ཡུལ་མཐའ་ཁོབ་ཏུ་མི་རྣམས་ཀྱི་སེམས་འདུལ་བར་དམིགས་བསལ་གྱི་ནུས་པ་ལྡན་པའི་རྟོགས་ལྡན་གྱི་སྐྱེ་བོ་ནི་ཀཏྱཱ་ཡའི་བུ་ Katyayana ཞེས་བྱ་བའི་འཕགས་པ་ཞིག་ཡོད། ཉིན་གཅིག་ཀཏྱཱ་ཡའི་བུ་བསོད་སྙོམས་ལ་ཕེབས་པའི་སྐབས། ཤན་པ་གཅིག་གི་ཁྱིམ་ཏུ་ཕེབས་ཏེ། དུད་འགྲོ་སེམས་ཅན་གྱི་སྲོག་གཅོད་པའི་སྡིག་པ་དང་སྐྱོན་གྱི་སྐོར་འགྲེལ་བརྗོད་གནང་བ་དང་། ཤན་པ་དེས། “ཉིན་མོ་སྲོག་གཅོད་ཀྱི་མིན་ཞེས་དམ་བཅའ་བྱེད་ཐུབ་པ་མི་འདུག །འོན་ཏེ་མཚན་མོ་སྲོག་གཅོད་ཀྱི་མིན་ཞེས་དམ་བཅའ་བྱེད་ཐུབ།” ཅེས་ཞུས་པ་ནང་བཞིན་ཤན་པས་དེ་དེ་བཞིན་དུ་བྱས་པ་རེད།
དེ་ནས་དུས་ཚོད་གང་ཙམ་གྱི་རྗེས་སུ་ཡང་རྟོགས་པ་དང་ལྡན་པའི་འཕགས་པ་དགེ་འདུན་འཚོ་ Sangharakshita ཞེས་བྱ་བ་ཞིག་ཡོད། སྐབས་དེ་དུས་མི་མང་པོས་རྒྱ་མཚོའི་ནང་ནོར་བུ་འཚོལ་བར་འགྲོ་གི་ཡོད། སྐབས་དེ་དུས་ད་ལྟ་ནང་བཞིན་གྲུ་གཟིངས་ཆེན་པོ་དེ་འདྲ་མེད། ཁོང་ཚོས་གྲུ་སྐྱ་བེད་སྤྱད་དེ་གྲུ་ཆུང་ཆུང་ནང་འགྲོ་གི་ཡོད། གོམས་སྲོལ་ལྟར་གྲུ་གཟིངས་བཏང་ནས་འགྲོ་སྐབས་མཆོད་དཔོན་ལྟ་བུ་ཆོས་ཕྱོགས་ཀྱི་མི་ཞིག་གདན་འདྲེན་ཞུ་སྲོལ་ཡོད། དེར་ཁོང་ཚོས་དགེ་འདུན་འཚོ་གདན་འདྲེན་ཞུས་པ་རེད། མི་རྣམས་ཀྱི་ལམ་བརླགས་ཏེ་ཐག་རིང་ས་ཆ་ཁྱད་མཚར་ཞིག་ཏུ་སླེབས། དགེ་འདུན་འཚོ་ཕྱིར་ཕེབས་ཏེ་ཁང་པ་མཛེས་སྡུག་ལྡན་པ་ཞིག་ཏུ་འབྱོར་ཞིང་། དེར་མཚན་མོ་ཡུལ་ལྗོངས་སྐྱིད་པ་དང་། བཟའ་འཐུང་སྣ་ཁ་འཛོམས་པ་བཅས་ཧ་ཅང་བདེ་སྐྱིད་ལྡན་པ་ཡོད། ཁང་བདག་དེས། “ཞོགས་པ་ཉི་མ་མ་ཤར་གོང་འདི་ནས་ཕེབས་རོགས།” གང་ཡིན་ཞེ་ན། ཞོགས་པ་ཉི་མ་ཤར་མ་ཐག་གཅན་གཟན་ཡོང་ནས་ཁ་ཤས་ཀྱི་གནོད་འཚེ་བྱེད་པ་དང་། ཁ་ཤས་ཀྱིས་སོ་རྒྱག་པ། ཁ་ཤས་ཀྱིས་རྡོག་རྒྱག་གཞུ་བ། ཁ་ཤས་ཀྱིས་ར་ཅོས་འབིགས་ཀྱི་རེད་ཅེས་འགྲེལ་བརྗོད་བྱས་པ་རེད། དེ་ནི་ཧ་ཅང་ཞེད་སྣང་ཚ་པོ་ཡོད་རེད། འོན་ཀྱང་ཉི་མ་ནུབ་ནས་མཚན་མོ་ཆགས་དུས་ཧ་ཅང་ཞི་བདེ་ལྷིང་འཇགས་དང་ལྡན་པ་ཞིག་ཡོད། “དེར་བརྟེན་ཉི་མ་ཤར་བ་དང་འདི་ནས་ཕེབས་རོགས་གནང། ཡིན་ནའང་ས་རུབ་པ་དང་ཚུར་ཕེབས་ཤོག་ཅེས།” བརྗོད་པ་རེད།
ཕྱིས་སུ་དགེ་འདུན་འཚོ་ཕྱིར་ཕེབས་ནས་སངས་རྒྱས་ཤཀྱཱ་ཐུབ་པའི་ཞལ་མཇལ་བ་དང་རང་གིས་གང་མཐོང་པ་རྣམས་སྙན་གསན་ཞུས་པ་དང་། སངས་རྒྱས་ཀྱིས། ཁང་བདག་དེ་ནི་མཚན་མོ་སྲོག་གཅོད་ཀྱི་ལས་སྤོང་གི་ཡིན་ཞེས་དམ་བཅའ་བྱེད་མཁན་ཤན་པ་དེའི་སྐྱེ་བ་རེད། ཡིན་ནའང་ཉིན་མོ་མུ་མཐུད་སྲོག་བཅད་པ་རེད། མཚན་མོ་སྲོག་མ་བཅད་པའི་རྐྱེན་གྱིས་མཚན་མོ་ཕུན་སུམ་ཚོགས་པ་བྱུང་། འོན་ཀྱང་ཉིན་མོ་སྲོག་བཅད་པར་བརྟེན་གཅན་གཟན་ཚོས་ཁོ་པར་གནོད་འཚེ་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་།
རང་གི་སྲོག་གང་བཅད་ཀྱང་རྟེན་གྱི་ཁྱད་པར་རམ་སྲོག་ཆགས་ཆེ་ཆུང་ཐོག་ནས་སྡིག་པ་ཆེ་ཆུང་གི་ཁྱད་པར་ཡང་ཡོད། འབུ་སྲིན་གཅིག་བསད་པ་ལས་མི་ཞིག་བསད་པ་རྦད་དེ་སྡིག་པ་ཆེ་བ་ཡོད། ཅི་སྟེ་དགྲ་བཅོམ་པའམ་རང་གི་མའམ་ཕ་བསད་ན་མཚམས་མེད་ཀྱི་ལས་གསོག་གི་ཡོད་ཅིང་། སྡིག་ལས་ཚང་མའི་ནང་ནས་ཆེ་ཤོས་དེ་ཡིན། དཔེར་ན། གལ་སྲིད་ཤིག་ཅིག་བསད་པ་ན། ཆུང་ཆུང་ཡིན་ཀྱང་མི་དགེ་བའི་ལས་གསོག་གི་ཡོད། དེ་རིང་ཤིག་ཅིག་བསད་ནས་རང་གི་ནོར་འཕྲུལ་ལ་ངོས་འཛིན་མི་བྱེད་པའམ་འགྱོད་བཤགས་མ་བྱས་པ་ཡིན་ན། སང་ཉིན་འབུ་སྲིན་ཆུང་ཆུང་གཉིས་བསད་པའི་སྡིག་པ་བསགས་པ་དང་། དེ་ལྟར་རང་གི་མི་དགེ་བའི་ལས་ཀྱི་འབྲས་བུ་བསགས་ནས་ཉིན་རེ་བཞིན་མང་དུ་འགྲོ་གི་ཡོད། མཐར་ལོ་གཅིག་སོང་བ་དང་ཤིག་བསད་པའི་སྡིག་པ་ཧ་ཅང་ཆེན་པོ་ཆགས་ཀྱི་ཡོད།
འབུ་སྲིན་ཞིག་རང་གི་མཛུབ་མོའི་བར་དུ་བཙིར་ནས་བསད་པའི་འབྲས་བུ་ནི་བདེ་བ་མེད་པའི་གནས་ཏེ། དམྱལ་ཁམས་ཤིག་ནང་ལུས་ཧ་ཅང་ཆེན་པོ་ཞིག་ཏུ་སྐྱེ་བ་བླངས་ནས་རི་ཆེན་པོ་གཉིས་ཀྱི་བར་བཙིར་བའི་སྡུག་བསྔལ་མྱོང་གི་རེད། དེ་ནི་མིའི་གནས་སུ་རང་གིས་མཐོང་ཐུབ་པའི་གནས་ཚུལ་ཞིག་ཡིན། མི་འགའ་ཞིག་བྲག་རྡོ་དང་གཡང་ས་ནས་མར་ལྷུང་སྟེ་རྨས་སྐྱོན་ཕོག་པ་དང་ཁ་ཤས་ཀྱི་ཐོག་ཁང་པ་བརྡིབས་ནས་ཤི་རྨས་བྱུང་གི་ཡོད། དེ་དག་ནི་སྐྱེ་བ་སྔོན་མའི་ནང་འབུ་སྲིན་རྣམས་བཙིར་ནས་བསད་པའི་སྡིག་པའི་ལས་ཀྱི་རྒྱུ་མཐུན་གྱི་འབྲས་བུ་ཡིན། དེ་ལྟ་བུའི་དངངས་སྐྲག་ཚ་བའི་བྱུང་བ་དེ་རིགས་དང་། སྲོག་བཅད་པའི་ངན་འབྲས་དང་ཉེས་དམིགས་རྣམས་ངོ་ཤེས་པའི་ཐོག་ནས་དེང་ཕྱིན་ཆད་སྲོག་གཅོད་ཀྱི་ལས་སྤོང་རྒྱུའི་དམ་བཅའ་བརྟན་པོ་ཞིག་བྱས་ན་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། རང་ཉིད་གོམ་པ་བརྒྱབ་ནས་འགྲོ་བའི་སྐབས། ས་སྟེང་དུ་འབུ་སྲིན་མང་པོ་ཡོད་པ་མཐོང་བ་དང་རྡོག་རྫིས་མ་ཐེབས་པ་བྱེད་དགོས། གལ་ཏེ་རང་ཉིད་ཀྱི་ཧ་མ་གོ་བར་སྟེས་དབང་གིས་འབུ་སྲིན་རྡོག་རྫིས་ཐེབས་པ་ཡིན་ན། དེ་ནི་བསམ་བཞིན་དུ་བྱས་པ་ཞིག་མིན་པས། རྒྱུ་མཐུན་གྱི་འབྲས་བུ་དེ་ལྟར་མྱོང་མི་དགོས།
སྲོག་གཅོད་ཀྱི་ལས་ལ་བརྟེན་ནས་སྐྱོན་དང་ཉེས་དམིགས་ཇི་ཡོད་མཐོང་ནས་དེ་སྤོང་རྒྱུར་དམ་བཅའ་བྱ་རྒྱུ་ཧ་ཅང་གནད་ཆེ་བ་ཡིན། དེ་ལྟའི་དམ་བཅའ་བཞག་ན་རང་ལ་ཚེ་རིང་བ་དང་། གཟུགས་ཁམས་བདེ་ཐང་ཡོང་བ། ན་ཚ་མེད་པ་སོགས་ཕན་ཐོགས་ཆེ། གལ་སྲིད་བྱང་ཆུབ་སེམས་དཔའ་ནང་བཞིན་བྱེད་ཐུབ་ན་དེ་ལ་ཧ་ལས་པའི་དམིགས་ཡུལ་དང་བསམ་པ་རྒྱ་ཆེན་པོ་ཡོད། ང་ཚོས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་ཁོང་སྐུ་ཚེ་སྔོན་མ་བྱང་ཆུབ་སེམས་དཔའ་ཡིན་པའི་སྐབས་ཀྱི་མཛད་པ་འཕྲིན་ལས་རྣམས་དཔེར་བླངས་ན་ཆོག།
ཐེངས་གཅིག་གྲུ་གཟིངས་གཅིག་གི་ནང་མུ་ཏིག་ལ་སོགས་ནོར་བུའི་རིགས་ཁྱེར་ནས་ཕྱིར་ལོག་ཡོང་མཁན་གྱི་འགྲུལ་པ་ལྔ་བརྒྱ་ཡོད། ཁོང་ཚོའི་དཀྱིལ་དུ་ཉེས་ཅན་པ་མི་ནག་གདུང་ཐུང་ཟེར་བ་ཞིག་ཡོད། སྐབས་དེར་སངས་རྒྱས་ནི་སྟོབས་ཆེ་བའི་གྲུ་དཔོན་ཞིག་ཡིན། མི་ནག་གིས་འགྲུལ་པ་གཞན་བཞི་བརྒྱ་དགུ་བཅུ་གོ་དགུ་བསད་ནས་ནོར་བུ་རྣམས་བཅོམ་ཏེ་གྲུ་གཟིངས་བཙན་འཕྲོག་བྱེད་རྩིས་ཡོད་པ་སངས་རྒྱས་ཀྱིས་མཁྱེན་པས། དེ་ལྟར་བྱུང་ན་སྡུག་མྱོང་མཁན་གྱི་འགྲུལ་པ་རྣམས་ཐབས་ཤིན་ཏུ་སྐྱོ་བར་གཟིགས་ནས་སྙིང་རྗེ་དྲག་པོ་འཁྲུངས། མི་བཞི་བརྒྱ་དགུ་བཅུ་གོ་དགུ་བསད་ན་ཐབས་སྐྱོ་བ་ཙམ་མ་ཟད། གསོད་པོ་ནག་ཉེས་ཅན་རང་ཉིད་ལ་ལས་ངན་པ་ཤིན་ཏུ་སྟོབས་ཆེ་བ་བྱུང་ནས་ངན་སོང་དུ་སྐྱེ་བར་འགྱུར་བའི་ཚུལ་གཟིགས་ནས་སྙིང་རྗེས་ཐུགས་རྒྱུད་ཡོངས་སུ་བརླན། དེ་ལྟར་ན་སེམས་ཅན་གྱི་དོན་དུ་རྩེ་གཅིག་ཏུ་གཞོལ་བའི་བྱང་ཆུབ་སེམས་དཔའ་ཞིག་ཡིན་སྟབས། གནས་སྟངས་ཐབས་རྡུག་དེ་ལས་སྐྱོབ་པའི་ཆེད་དུ་ཐབས་ཤེས་གཅིག་ཁོ་ན་ཡོད་པ་ནི་མི་ནག་གདུང་ཐུང་ཅན་གསོད་རྒྱུ་དེ་ཡིན་པར་གཟིགས། དེ་བཞིན་མི་ནག་བསད་ན་གཞན་རྣམས་ཀྱི་ཚེ་སྲོག་མི་ཤོར་བ་དང་མི་ནག་ཁོ་རང་ངོས་ནས་མི་དགེ་བའི་ལས་ངན་པ་གསོག་པ་ལས་སྔོན་འགོག་བྱེད་ཐུབ་པ་ཡོང་གི་ཡོད་པར་དགོངས། སངས་རྒྱས་ཀྱིས། “གལ་ཏེ་ངས་ཉེས་ཅན་པ་དེ་བསད་ན། ང་ལ་མི་གཅིག་བསད་པའི་སྡིག་པ་ཡོང་རྒྱུ་རེད། འོན་ཀྱང་དེ་ལ་བརྟེན་ནས་ང་རང་གིས་མི་གཅིག་བསད་པའི་རྗེས་འབྲས་ངན་པ་དང་སྡུག་བསྔལ་མྱོང་དགོས་པ་ཆགས་ནའང་ཁྱད་པར་མི་འདུག །དེ་ལས་གཞན་མང་བས་དེ་དག་སྡུག་བསྔལ་ལས་ཐར་བར་བྱ་རྒྱུ་དང་སྲོག་སྐྱོབ་རྒྱུ་རླབས་ཆེ་བར་དགོངས་པ་རེད།” དེ་ལྟའི་དཔའ་དང་ལྡན་པའི་བསམ་བློ་དང་བཅས་ཁོང་གིས་མི་ནག་གདུང་ཐུག་ཅན་དེ་བསད་པ་རེད། གལ་ཏེ་རང་ཉིད་བྱང་ཆུབ་སེམས་དཔའ་ཞིག་ཡིན་ན། གནས་སྟངས་དེ་འདྲའི་སྐབས་སྲོག་གཅོད་ཀྱི་གདམ་ཀ་དེ་ལྟར་བྱ་དགོས་པ་ཡིན། འོན་ཀྱང་རང་ཉིད་གནས་རིམ་དེ་འདྲའི་ནང་མེད་ན། སྲོག་གཅོད་པའི་ལས་དེ་ཏག་ཏག་ཅིག་བསྡད་ཀྱི་མེད་པས་ངེས་པར་དུ་སྤོང་དགོས།
སོ་སོ་རང་ངོས་ནས་གཞན་ཞིག་གསོད་པའམ་ཡང་ན་རང་གི་ཆེད་དུ་གཞན་ལ་སྲོག་གཅོད་ཀྱི་ལས་བྱེད་བཅུག་ན། དེས་རང་ཉིད་ལ་མི་དགེ་བའི་ལས་ཤིན་ཏུ་ངན་པ་གསོག་གི་ཡོད། དེ་ནི་དངོས་གནས་སྡིག་པ་ཆེ་བ་ཡོད། དེས་མི་དགེ་བའི་ལས་ལྡབ་འགྱུར་གྱིས་གསོག་གི་ཡོད། གང་ཡིན་ཞེ་ན། གཞན་གསོད་དུ་བཅུག་པའི་མི་དགེ་བའི་ལས་རང་ཉིད་ཀྱིས་གསོག་པ་ཙམ་དུ་མ་ཟད། མི་གཞན་དེས་དངོས་སུ་སྲོག་གཅོད་རོགས་བྱས་པའི་མི་དགེ་བའི་ལས་སམ་སྡིག་པ་ཆེན་པོ་གསོག་གི་ཡོད། གལ་ཏེ་རང་ཉིད་དམག་མི་ལྔ་བརྒྱའི་ཆ་ཤས་སུ་གཡུལ་སར་ཕྱིན་པ་ཡིན་ན། སོ་སོའི་སེམས་ནང་རང་གི་དགྲ་བོ་ཚར་གཅོད་བྱེད་ཀྱི་ཡིན་ཞེས་པའི་ཚོར་བ་དྲག་པོ་ཡོད། དེ་ནས་དམག་སར་རང་གིས་མི་གཅིག་ལས་བསད་མེད་ནའང་། དམག་མི་གཞན་གྱིས་སྲོག་མང་པོ་བཅད་པས་རང་ལའང་སྡིག་པ་ཚབས་ཆེ་ཡོང་གི་ཡོད། གལ་སྲིད་དམག་མི་ལྔ་བརྒྱའི་ནང་ནས་མི་གཅིག་གིས་དགྲ་བོ་ཆིག་སྟོང་བསད་པའི་དབང་དུ་བཏང་ན། རང་ལའང་གཅིག་མཚུངས་སུ་མི་ཆིག་སྟོང་བསད་པའི་སྡིག་པ་ཡོང་གི་ཡོད།
རང་ཉིད་དམག་དཔུང་ཞིག་གི་ཆ་ཤས་སུ་ཡོད་སྐབས། “སྡོམ་སེམས་མེད་པའི་དམ་བཅའ་” ཞིག་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན། གང་ཟག་གང་ཞིིག་སྲོག་གཅོད་རྩ་བ་ནས་སྤོང་གི་མིན་ཞེས་ཐག་གཅོད་ངེས་གཏན་བྱས་ཏེ། རང་ཉིད་ཕྱི་ལོགས་སུ་ཐོན་ནས་ལམ་ཁར་སུ་དང་གང་ཡོད་པ་ཚང་མ་གཏོར་བཤིག་གཏོང་བ་ལྟ་བུ་ཡིན། དེས་སྡིག་པ་མི་དགེ་བའི་ལས་ཤིན་ཏུ་མི་ཟད་པ་གསོག་གི་ཡོད། ཅི་སྟེ་མི་ཞིག་གིས་སྡོམ་པའམ་དམ་བཅའ་དེའི་རིགས་བླངས་པ་ན། མི་དེ་དག་གིས་ཐ་ན་གཉིད་ཁུག་པའི་སྐབས་སུའང་སྡིག་པ་མུ་མཐུད་གསོག་གི་ཡོད། ཕྱོགས་གཞན་ཞིག་ནས་སོ་སོ་དམག་མི་ཞིག་ཡིན་ནའང་། ག་དུས་ཡིན་ཀྱང་སྲོག་མི་གཅོད་པའི་ཀུན་སློང་ཡོད་ན། དེར་ཉེས་པ་གང་ཡང་མེད། རང་ཉིད་དམག་མི་ཞིག་ཡིན་ཀྱང་སྲོག་གཅོད་ཀྱི་ལས་སྡུག་ཅག་ཡིན་པར་ཤེས་ནས་གསོད་སེམས་མེད་པ་དང་། སྲོག་མི་གཅོད་པའི་དམ་བཅའ་བཞག་ན། དེར་ཉེས་པ་རྩ་བ་ནས་མེད། གལ་སྲིད་མི་གཅིག་གིས་གཞན་མང་པོའི་སྲོག་གཅོད་བརྩིས་ཡོད་པ་དང། མི་དེ་གསོད་པ་ལས་ཐབས་གཞན་མེད་ན། དེ་ནས་ཀུན་སློང་རྣམ་པར་དག་པ་དང་བཅས་མི་དེ་གསོད་ན་འགྲིགས། དཔེར་ན། སངས་རྒྱས་ཀྱི་སྐུ་ཚེ་སྔོན་མའི་སྐབས་ལྟར། མ་གཞི་སྲོག་གཅོད་ཀྱི་མི་དགེ་བའི་ལས་གསོག་ནའང་། དེ་ནི་དགེ་བའི་ལས་ཆགས་ཀྱི་ཡོད།
སྲོག་གཅོད་སྤོང་བའི་སྐབས་གནད་དོན་ཁ་ཤས་ཡོད་པ་རེད། གལ་ཏེ་ཁྱེད་ཀྱིས་སྲོག་མི་གཅོད་པའི་དམ་བཅའ་བཞག་ན། དེ་ནི་དགེ་བ་ཤིན་ཏུ་སྟོབས་ཆེ། སྐབས་རེ་དུག་སྦྲང་ལྟ་བུ་སུན་པོ་བཟོ་མཁན་གྱི་འབུ་སྲིན་དེ་འདྲ་ཡོད། དུག་སྦྲང་དེ་དག་ལས་འདར་ཚད་ཀྱི་ན་ཚ་སོགས་ན་སྲིད་པ་རེད། ཁང་པའི་ནང་འབུ་སྲིན་འཁོར་དུས་དུག་རྫས་འདྲ་མིན་གཏོར་ནས་གསོད་ཀྱི་ཡོད། ཁང་པའི་ནང་འབུ་སྲིན་མ་སླེབས་གོང་དུག་རྫས་གཏོར་ནས་སྔོན་འགོག་བྱས་ན་དེ་ལ་སྐྱོན་ཅི་ཡང་མེད། འོན་ཀྱང་ཁང་པའི་ནང་འབུ་སྲིན་གྱི་ཡོངས་སུ་ཁྱབ་པའི་སྐབས་དུག་རྫས་གཏོར་ནས་དེ་དག་བསད་ན་སྲོག་བཅད་པའི་ཉེས་པ་གཅིག་མཚུངས་ཡོད། དེར་བརྟེན་སྲོག་གཅོད་ཀྱི་ལས་སྤོང་བ་དང་འབྲེལ་བའི་ཉམས་ལེན་གྱི་གནད་མང་པོ་ཡོད།
མ་བྱིན་པར་ལེན་པ།
གཉིས་པ་ནི་རྐུ་མ་མི་བྱེད་པ་དེ་ཡིན། གཞི་ནི་གཞན་གྱིས་བདག་ཏུ་བཟུང་བའི་དངོས་པོ་ཡིན། བསམ་པ་ནི་འདོད་ཆགས་སམ་ཁོང་ཁྲོ། གོང་དུ་འགྲེལ་བརྗོད་ཟིན་པ་ལྟར། གཞན་གྱི་དངོས་པོ་མ་བྱིན་པར་ལེན་པ་ནི་དེ་ལ་སེམས་ཆགས་པའམ་བདག་པོར་ཁོང་ཁྲོ་ཡོད་པའི་དབང་གིས་ཡོང་གི་ཡོད། སྦྱོར་བ་ནི་གཞན་གྱི་དངོས་རྫས་སྒོ་གསུམ་གང་རུང་གིས་མ་བྱིན་པར་ལེན་པ་དེ་ཡིན། མཐར་ཐུག་ནི་གང་བརྐུས་པའི་དངོས་པོ་རང་ལ་ཐོབ་པ་དང་ངའི་ཡིན་བསམ་པའི་ཚོར་བ་དང་བཅས་རྫོགས་ཀྱི་ཡོད། དེ་ལ་བརྟེན་ནས་འབྲས་བུ་གང་ཡོང་བ་ནི་དམྱལ་བའི་གནས་སམ་ཡི་དཱགས་སུ་སྐྱེ་བ་ལེན་པ་དང་། སྐྱེ་བ་ཕྱི་མ་གལ་སྲིད་མིའི་ལུས་རྟེན་ཐོབ་ཀྱང་འཚོ་བས་ཕོངས་པ་དང་། རྒྱུ་ནོར་དབེན་པ། རང་ལ་དངོས་པ་ཞིག་ནམ་ཐོབ་ཀྱང་མི་རིང་བར་གཞན་གྱི་རྐུ་འཁྱེར་བ་སོགས་མྱུར་དུ་ཡལ་འགྲོ་གི་ཡོད། དེ་ནི་སྔོན་མ་རང་གིས་ལས་གང་བསགས་པའི་རྒྱུ་མཐུན་གྱི་འབྲས་བུ་ཡིན། དེའི་ལྷན་སྐྱེས་ཀྱི་འབྲས་བུར་བསམས་ན། ཐ་ན་འབྱོར་བདག་ཅན་གྱི་ཁྱིམ་ཚང་ཞིག་ནང་སྐྱེས་ནའང་། ཕྲུ་གུ་རྣམས་རང་བཞིན་ལྷན་སྐྱེས་ཀྱིས་རྐུ་བྱེད་པར་དགའ་བ་སོགས་ཡོང་གི་ཡོད། དེ་ལ་བརྟེན་བདག་པོའི་འབྲས་བུ་ནི་ཕྱི་མ་འབྱོར་བ་དབེན་ཞིང་ཉམ་ཐག་པའི་ས་ཁུལ་དུ་སྐྱེ་གི་ཡོད། དེ་ལས་ལྡོག་སྟེ། དུས་རྟག་ཏུ་མ་བྱིན་པར་ལེན་པ་སྤངས་པའི་འབྲས་བུ་ནི་ཕྱི་མ་འབྱོར་ལྡན་གྱི་རྒྱལ་ཁབ་ནང་འབྱོར་ལྡན་གྱི་ཁྱིམ་ཚང་དུ་སྐྱེ་བ་ལེན་གྱི་ཡོད།
གནས་སྐབས་འདི་འདྲའི་སྐབས། ངས་འཕན་པོ་ནས་ཡིན་པའི་ཆོམ་རྐུན་གྱི་རྒྱལ་པོ་འབན་གུང་རྒྱལ་གྱི་མི་ཚེའི་ནང་གི་དཔེ་མཚོན་ཞིག་བཤད་ཀྱི་ཡིན། ཁྱེད་རང་ཚོས་ཁོང་གི་རྣམ་ཐར་གོ་མྱོང་ཡོད་དམ། སུས་གོ་མྱོང་ཡོད་དམ། སུའི་རྩ་ནས་གོ་མྱོང་ཡོད་དམ། དེར་བརྟེན་ངས་འདིར་གོ་མྱོང་མེད་མཁན་རྣམས་ལ་འགྲེལ་བཤད་ཅིག་བྱེད་ཀྱི་ཡིན་པས། བཟོད་གསོལ་གནང་རོགས་གནང་། ངས་དེ་བཤད་ཀྱི་ཡིན། རྒྱུ་མཚན་ནི་སེམས་ལ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། དེས་གནད་དོན་གལ་ཆེན་ཞིག་སྟོན་ཅིང་ལྷ་སྒྲུང་ངམ་རྟོག་སྒྲུང་གང་ཡང་མ་རེད།
འབན་གུང་རྒྱལ་ཞེས་པ་ནི་འཕན་པོ་ནས་ཡིན་པའི་མི་ངན་ཀུན་ཏུ་གྲགས་པའི་རྐུན་པོ་ཞིག་རེད། ཁོང་ནི་ས་ཁྱོན་ཨེ་ཀར་བཞི་བཅུ་ཡོད་པའི་ཁྱིམ་དུ་འདུག་པ་དང་སོ་ནམ་ཞིང་ལས་བྱས་མྱོང་ཡོད། ཁོང་གི་ད་དུང་ཕྱིར་ཁྱི་ར་རྒྱག་པ་དང་དུད་འགྲོ་གསོད་པར་འགྲོ་ཞིང་རྐུ་འཕྲོག་བྱེད་ཀྱི་ཡོད། ཐེངས་གཅིག་ལྷ་ས་དང་འཕན་པོའི་བར་གྱི་རི་མཐོན་པོ་ཞིག་གི་སྟེང་ཁོང་ལ་རྟ་པ་ཞིག་ཐུག་པ་དང། རྟ་པ་དེས་མི་དེ་འབན་གུང་རྒྱལ་ཡིན་པ་ཧ་མ་གོ་བར། “ཆོམ་རྐུན་འབན་གུང་རྒྱལ་ག་པར་ཡོད་མེད་མཐོང་སོང་ངམ།” ཞེས་སྐད་ཆ་དྲིས་པ་རད། དེའི་ལན་དུ་ཁོས། “འབན་གུང་རྒྱལ་ང་ཡིན།” ཅེས་ལན་བཏབ་མ་ཐག་རྟ་པ་དེ་ཤིན་ཏུ་སྐྲག་ནས་རྟ་ཐོག་ནས་སར་ལྷུང་པ་དང་རི་སྟེང་ནས་མར་ཟགས་པ་རེད། དེ་འཕྲལ་འབན་གུང་རྒྱལ་གྱི་བསམ་པར། ངའི་མིང་གོ་བ་ཙམ་གྱིས་མི་རྣམས་དེ་ལྟར་རི་སྟེང་ནས་མར་ལྷུང་བ་རེད་ཅེས་བསམས་ནས་ཧ་ཅང་བློ་ཕམ་བྱུང་སྟེ། དེ་ནས་བཟུང་རྐུ་འཕྲོག་མི་བྱེད་པའི་མནའ་སྐྱེལ་དམ་བཅའ་བཞག་པ་རེད།
དེ་རྗེས་ཁོང་གི་ནང་ཆོས་ཉམས་ལེན་བྱས་ཏེ། མི་དགེ་བ་བཅུ་སྤོང་བ་དང་དགེ་བ་བཅུ་ཉམས་ལེན་གང་ཐུབ་གནང་ཡོད། ག་དུས་ཡིན་ཀྱང་དགེ་བའི་ལས་ཤིག་བརྩམས་པ་ན་ལམ་སེང་རྡོ་ལེབ་གཅིག་གི་སྟེང་ཐིག་དཀར་པོ་ཞིག་འབྲི་བ་དང་། མི་དགེ་བའི་ལས་ཤིག་བྱས་ན་དེ་མ་ཐག་ཐིག་ནག་པོ་ཞིག་འཐེན་གྱི་ཡོད། དང་ཐོག་ཐིག་ནག་པོས་ཁེངས་ནས་དཀར་པོ་ཉུང་ཉུང་ལས་མེད། མཐར་ནག་པོ་ཉུང་དུ་སོང་ནས་དཀར་པོ་འཕེལ། ཅི་སྟེ་ཐིགས་ནག་པོ་མང་བ་འདུག་ན། མཚན་མོ་ཁོང་གིས་སོ་སོའི་ལག་གཡས་པ་གཡོན་མས་བཟུང་སྟེ། “འཕན་པོ་ནས་ཡིན་པའི་ཆོམ་རྐུན་རྒྱལ་པོ་ཁྱོད། འཇིགས་སུ་རུང་བའི་མི་ངན་ཞིག་རེད་འདུག །སྔོན་མ་ཁྱོད་འཇིགས་སུ་རུང་བའི་རྐུན་པོ་ཞིག་རེད། ད་ལྟ་མུ་མཐུད་ཐ་ཤལ་གྱི་ལས་དེ་འདྲ་བྱེད་ཀྱི་འདུག” ཅེས་སོ་སོས་སོ་སོ་ལ་གཤེ་གཤེ་གཏོང་གི་ཡོད། གལ་སྲིད་ཉིན་གྱི་མཐའ་མར་དཀར་པོ་མང་བ་འདུག་ན། རང་གི་ལག་གཡོན་མ་གཡས་པས་བཟུང་སྟེ། ལག་པ་གཏོང་བ་དང་རང་གིས་རང་ལ་འཚམས་འདྲི་བྱེད་ཀྱི་ཡོད། ཚུལ་ཁྲིམས་རྒྱལ་བ་ཞེས་རང་གི་ཆོས་མིང་ནས་བོས་ཏེ། “ད་ཁྱོད་དངོས་གནས་མི་ཡག་པོ་ཞིག་ཆགས་ཀྱི་འདུག” །ཅེས་རང་གིས་རང་ལ་དགའ་བསུ་དང་འཚམས་འདྲི་བྱེད་ཀྱི་ཡོད།
མཐར་ཁོང་ཆོས་ཉམས་ལེན་པ་གཤའ་མ་ཞིག་ཆགས་ཏེ་སྐད་གྲགས་གང་སར་ཁྱབ། ཐེངས་གཅིག་ཁྱིམ་བདག་ཅིག་གིས་ཁོང་ཁྱིམ་དུ་གསོལ་ཚིགས་ལ་གདན་དྲངས། ཁྱིམ་བདག་དེ་ཕྱི་ལོགས་ལ་ཕྱིན་པ་དང་ཁོང་ལ་དེ་སྔོན་རྐུ་མ་རྐུ་བའི་བག་ཆགས་ཤུགས་ཆེན་ཞིག་ཡོད་པ་སོང་ཙང་། ལམ་སེང་ཁྱིམ་བདག་གི་ཇ་ཉར་སའི་སྣོད་ཀྱི་ནང་དུ་ལག་པ་བླུགས་ནས་མ་བྱིན་པར་ལེན་འགོ་བཙུགས་པ་དང་། དེ་ནས་རང་གིས་རང་ལ་འཛིན་བཟུང་བྱས་དང་བཅས་ལག་པ་གཅིག་གིས་གཞན་དེ་བཟུང་ནས། “ཨ་མ་ལགས། མགྱོགས་པོ་ནང་དུ་ཕེབས་ཤོག །ངས་རྐུ་མ་ཞིག་འཛིན་བཟུང་བྱས་ཡོད།” ཅེས་སྐད་ཆེན་པོ་རྒྱག་པ་རེད།
ཡང་ཐེངས་ཤིག་ཆོས་ཉམས་ལེན་པ་མང་པོ་དང་མཉམ་དུ་ཁོང་མི་ཞིག་གི་ཁྱིམ་དུ་མགྲོན་འབོད་བྱས་པ་དང་། དེར་ཁོང་ཚོ་ཚང་མར་ཞོ་འདེགས་འབུལ་ཞུས་པ་རེད། ཁོང་རྒྱབ་གྲལ་དུ་བཞུགས་ནས་སྦྱིན་བདག་གིས་མདུན་གྲལ་དུ་བཞུགས་པའི་མི་ཚོར་ཞོ་ཧ་ཅང་མང་པོ་བླུགས་པ་མཐོང་འཕྲལ། ཁོ་རང་གི་འཁྲིས་སུ་མ་སླེབས་སྔོན་ཞོ་ཚང་མ་རྫོགས་འགྲོ་མི་ཡོང་ངམ་སྙམ་ནས་སེམས་འཁྲལ་བྱུང་། ཞོ་བླུགས་སར་བལྟས་ཏེ་བསམ་བློ་ངན་པ་འཁོར་ནས་བསྡད། དེ་ནས་ཞོ་བླུགས་མཁན་དེ་ཁོང་གི་འཁྲིས་སུ་སླེབས་པ་དང་། སོ་སོའི་སེམས་ནང་གང་ཡོད་མེད་རྟོགས་ནས་ཕོར་པ་ཁ་སྦུབ་བསློགས་ཏེ། “མིན། ཐུགས་རྗེ་ཆེ། གཞན་ལ་བལྟས་ནས་བསྡད་དེ་ང་རང་གི་ཞོ་ཚང་མ་བཏུང་ཟིན་པ་ཡིན།” ཅེས་བཤད།
ཡང་ཐེངས་གཅིག་ཁོང་གི་སྦྱིན་བདག་ཅིག་ཁོ་རང་གི་ཁྱིམ་དུ་ཕེབས་འཆར་ཡོད་འདུག །ཁོང་གིས་ཞོགས་པ་དེར་ཧ་ཅང་སྔ་པོ་ལངས་ནས་ཁང་པའི་ནང་བྱི་དོར་བྱས་ཏེ་གཙང་མ་བཟོས་པ་དང་མཆོད་ཤོམ་སྙིང་རྗེ་པོ་ཞིག་བསྒྲིགས་ནས་མེ་ཏོག་དང་བདུག་སྤོས་ཕུལ། དེ་རྗེས་མར་བསྡད་དེ་དྲང་པོར་རང་གི་ཀུན་སློང་ལ་བརྟག་དཔྱད་བྱས་པས། ཁོ་རང་སྦྱིན་བདག་ཕེབས་ཀྱི་ཡོད་སྟབས་ཁོ་མོ་དགའ་པོ་དང་ཡིད་ལ་འཐད་པ་ཞིག་ཡོང་སླད་མཆོད་ཤོམ་སྙིང་རྗེ་པོ་སྒྲིག་རྒྱུ་ཙམ་གྱི་ཆེད་དཀའ་ལས་བརྒྱབ་པ་ཤེས་རྟོགས་བྱུང་། དེར་བརྟེན་ཁང་པའི་ཕྱིར་སོང་ནས་ཐལ་བ་སྦར་མོ་གང་ཁྱེར་ཡོང་སྟེ་མཆོད་ཤོམ་སོགས་ཚང་མའི་སྟེང་དུ་གཏོར། དེ་ནས་ཁོ་པས། “དེ་སྔོན་ང་རྐུན་པོ་ཡིན་པ་དང་དཀའ་ལས་མང་པོ་བརྒྱབ་པའི་སྐབས། ཐ་ན་ཁའི་ནང་ཟས་འདང་ངེས་ཤིག་ཐོབ་ཀྱི་མེད། ད་ལྟ་ཉམས་ལེན་པ་ཞིག་ཆགས་རྗེས། མི་མང་པོས་ཟས་དང་འབུལ་བ་སྐྱེལ་ནས། ཟས་ལ་ཁ་རྙེད་ཐུབ་ཀྱི་མི་འདུག” །ཅེས་བཤད།
གལ་སྲིད་དགེ་བཤེས་འབན་གུང་རྒྱལ་གྱི་རྣམ་ཐར་ནང་གི་གནད་དོན་ཚང་མར་བསམ་བློ་བཏང་ན། བསམ་བློ་གཏོང་གཞི་དང་ཉམས་ལེན་གྱི་ཐབས་ལམ་མང་པོ་སྟོན་གྱི་ཡོད། མི་ངན་པ་ནས་བཟང་པོར་འགྱུར་བ་གཏོང་རྒྱུ་ལམ་སེང་ཁག་པོ་རེད། དེར་བརྟེན་ག་ལེར་ག་ལེར་ཐབས་ཤེས་བྱེད་དགོས་པ་ཡིན།
གལ་ཏེ་རང་ངོས་ནས་གང་ཐུབ་ཐུབ་ཉམས་ལེན་བྱས་ན། དེའི་ཚོད་ཀྱིས་མི་བཟང་པོ་ཞིག་དང་ཡག་པོ་ཞིག་ཆགས་ཐུབ། དེས་ན་འཆི་བའི་སྐབས། དཀའ་ངལ་དང་། མི་བདེ་བ། སྡུག་བསྔལ་སོགས་ཅི་ཡང་མི་ཡོང་། མི་ཚང་མ་འཆི་དགོས། འཆི་དགོས་མཁན་ནི་རང་ཉིད་གཅིག་པུ་མ་ཡིན། རང་ཉིད་མི་ཡག་པོ་ཞིག་ཆགས་རྒྱུའི་ཆེད་དུ་མི་ཚེ་གང་པོ་དཀའ་ལས་བརྒྱབ་ནས་ཤི་ན། “ཕྱིས་སུ་རང་ཉིད་ཀྱིས་མི་ཚེ་ཇི་ལྟར་བསྐྱལ་བའི་ཐད་འགྱོད་པ་གང་ཡང་མི་འོང་བར། ངས་མི་བཟང་པོ་ཞིག་ཆགས་ཕྱིར་གང་ཐུབ་ཅི་ཐུབ་འབད་བརྩོན་བསྟེན་ཡོད།” དེ་ལྟར་སེམས་ནང་ཞེད་སྣང་སོགས་ཅི་ཡང་མེད་པར་ལྷོད་ལྷོད་ངང་ནས་འཆི་ཐུབ། དེ་ནི་ཧ་ཅང་ཡག་པོ་རེད།
ལོག་གཡེམ་སྤོང་བ།
ང་ཚོས་ལུས་ཀྱི་མི་དགེ་བ་དང་པོ་གཉིས་ཀྱི་ཐོག་གོ་བསྡུར་བྱས་ཟིན། ལུས་ཀྱི་མི་དགེ་བ་གསུམ་པ་ནི་ལོག་གཡེམ་ཡིན། དཔེར་ན། གཉེན་སྒྲིག་བྱས་ཟིན་པའམ་གཞན་གྱི་བདག་ཏུ་བཟུང་བའི་བུད་མེད་དང་མཉམ་དུ་འཁྲིག་སྤྱོད་བྱེད་པ་ལྟ་བུ། དེའི་འབྲས་བུར། སྐྱེ་བ་ཕྱི་མ་མིའི་སྐྱེ་བ་ལེན་པ་ན། སོ་སོའི་ཆུང་མར་ཡིད་ཆེས་མེད་པ་དང་ཆུང་མས་རང་གི་རྒྱབ་ཏུ་ལས་ཀ་འདྲ་མིན་བྱེད་པ་ཡོང་གི་ཡོད། དེར་མ་ཟད། དཔེར་ན། སྦྲང་མ་དང་ཤ་འབུ་ལྟ་བུ་གསང་སྤྱོད་དམ་བཙོག་པས་ཁེངས་པའི་ས་ཁུལ་དུ་འབུ་སྲིན་སྐྱེ་བ་རྣམས་ལོག་གཡེམ་གྱི་འབྲས་བུར་གསུངས།
འཕགས་པ་ཀ་ཏྱཱའི་བུ་ Katyayana ལ་ཐེངས་གཅིག་མི་ཞིག་ཐུག་པ་རེད། མི་དེས་རྟག་ཏུ་ལོག་གཡེམ་དང་མཛའ་འབྲེལ་སོགས་བྱེད་ཀྱི་ཡོད། ཁོ་པས་ཉིན་མོ་ལས་ཀ་དེ་རིགས་རྩ་བ་ནས་བྱེད་ཀྱི་མིན་ཞེས་དམ་བཅས། འོན་ཏེ་མཚན་མོ་བྱེད་ཀྱི་མིན་ཞེས་དམ་བཅའ་བྱེད་ཐུབ་ཀྱི་མེད། དེར་བརྟེན་ཁོ་པས་ཉིན་མོ་དེ་ལྟར་མི་བྱ་རྒྱུའི་སྡོམ་པ་བླངས། ཕྱིས་སུ་འཕགས་པ་དགེ་འདུན་འཚོ་ལ་ཁྱིམ་བདག་ཅིག་ཐུག་པ་དང་དེ་ནི་ཉིན་མོར་བདེ་ཞིང་སྐྱིད། འོན་ཏེ་མཚན་མོ་གནས་སྟངས་འགྱུར་བ་ཐེབས་ནས་ཞེད་སྣང་ཚ་པོ་དང་བཟོད་དཀའ་བར་གྱུར། ཁོ་པར་འཇིགས་རྔམ་ཆེ་བའི་དཀའ་ངལ་ཕྲད། དེས་ན་དགེ་འདུན་འཚོས་སངས་རྒྱས་ལ་བཀའ་འདྲི་ཞུས་པས། སངས་རྒྱས་ཀྱིས། དེ་ནི་སྔོན་མི་ཞིག་གིས་ཉིན་མོར་ལོག་གཡེམ་སྤངས་པ་ལས་མཚན་མོར་མ་སྤངས་པའི་འབྲས་བུ་རེད་ཅེས་འགྲེལ་བརྗོད་གནང་ཡོད།
རྫུན་སྤོང་བ།
ངག་གི་སྒོ་ནས་གལ་ཏེ་རང་གིས་གཞན་ལ་རྫུན་སྨྲས་ནའང་སྡིག་པ་གསོག་གི་ཡོད། རྫུན་ནི་དཔེར་ན། བདེན་པ་མ་ཡིན་པ་ཞིག་བདེན་པ་རེད་ཅེས་དང་། གང་བདེན་པ་ཡིན་པར་བདེན་པ་མིན་ཞེས་བརྗོད་པའམ། ཡང་ན་མི་ཞིག་ལ་གང་ཡོད་པ་དེ་མི་འདུག་ཅེས་བརྗོད་པ་དང་གང་མེད་པ་ལ་ཡོད་ཅེས་བརྗོད་པ་ནི་རྫུན་བཤད་པ་ཡིན། རྫུན་གྱི་འབྲས་བུ་ནི་ང་ཚོའི་མཐོང་ཆོས་སུ་ཡོད་པ་བཞིན་གཞན་གྱི་རྫུན་སྨྲ་ཡུལ་དུ་གྱུར་ཞིང་། རྟག་ཏུ་གཞན་གྱིས་མགོ་སྐོར་གཏོང་ཡུལ་དུ་གྱུར་གྱི་ཡོད། རྫུན་སྤངས་པའི་འབྲས་བུ་ནི་མི་དྲང་པོ་ཤ་སྟག་གིས་ཁེངས་པའི་ས་ཁུལ་དུ་སྐྱེ་བ་ལེན་ཅིང་གཞན་གྱི་མགོ་སྐོར་འོག་ནམ་ཡང་མི་ཚུད་པ་ཡིན། སུ་གཅིག་གིས་ཀྱང་ཁྱེད་ལ་རྫུན་གཏམ་མི་ཤོད་པ་ཡིན།
སངས་རྒྱས་ཞལ་བཞུགས་པའི་སྐབས། མིང་ལ་སྐྱེ་བོ་བསུ་བདེ་ཞེས་བྱ་བའི་མི་ཞིག་ཡོད། ཁོ་པས་རྫུན་མ་བཤད་པའི་འབྲས་བུར། ག་དུས་གད་མོ་ཤོར་ཀྱང་ཁ་ནས་མུ་ཏིག་ཅིག་འཛག་གི་ཡོད། དེར་བརྟེན་མི་ཚང་མས་ཁོང་ལ་ཀྱལ་ཀ་བཤད་དེ་གད་མོ་སློང་གི་ཡོད། འོན་ཀྱང་ཁོང་གིས་སྐབས་རེ་མ་གཏོགས་གད་མོ་ཤོར་གྱི་མེད། ཉིན་གཅིག་གྲྭ་པ་ཞིག་གིས་ཆེ་འདོད་དང་བཅས་གྲྭ་ཆས་སེར་པོ་ཞིག་གྱོན་འཁར་རྒྱུག་ཅིག་བསྣམས་ནས་ས་ཁུལ་དེ་གའི་རྒྱལ་པོའི་ཁྲིམས་ཁང་དུ་ཕྱིན། རྒྱལ་པོས་ཁོ་པར་ཕོ་བྲང་གི་གཡས་གཡོན་དུ་ལྟ་སྐོར་ཁྲིད་གནང་བ་རེད། དེ་གར་ས་སྟེང་དུ་གསེར་ཆུང་ཆུང་མང་པོ་ཡོད་ཅིང་སྐབས་རེ་གསེར་གྱི་ཕུང་པོ་ཆེན་པོ་དེ་འདྲ་ཡོད། དེར་བརྟེན་གྲྭ་པ་དེས་འཁར་རྒྱུག་གི་རྩ་བར་འབྱར་བག་ཅན་གྱི་སྦྲང་རྩི་བྱུགས་པ་དང་། གཡས་གཡོན་དུ་ལྟ་སྐོར་འགྲོ་བའི་སྐབས། འཁར་རྒྱུག་གསེར་གྱི་སྟེང་བཙུགས་ནས་གསེར་འབྱར་བ་བྱེད་ཀྱི་ཡོད། དེ་རྗེས་ཕོ་བྲང་གི་ཕྱི་རུ་སླེབས་ནས་བལྟས་པས། གྲྭ་ཆས་ལ་བྱ་སྒྲོ་དང་འདྲ་བའི་སྤུ་སོབ་ཅིག་འབྱར་ཡོད་པ་མཐོང་བ་དང་། ཁོང་གིས་དེ་མི་མཛེས་པ་འདུག་བསམས་ནས་བྱ་སྤུ་དེ་བཀོག་ནས་ཕུ་རྒྱག་སྟེ་གཡུགས་པ་རེད། སྐྱེ་བོ་བསུ་བདེས་འཁར་རྒྱུག་གི་རྩ་བར་གསེར་འབྱར་ནས་ཕོ་བྲང་གི་ཕྱིར་འགྲོ་མཁན་གྱི་ཆེ་འདོད་ཅན་གྱི་གྲྭ་པ་དེས་བྱ་སྤུ་དཀར་པོ་བཀོག་ནས་ཕུ་རྒྱག་པ་མཐོང་བས་གད་མོ་དབང་མེད་དུ་ཤོར། གང་ཡིན་ཟེར་ན་གྲྭ་པ་དེ་ཁོ་རང་གི་མཐོང་སྣང་ལ་གཙིགས་ཆེན་པོ་བྱེད་མཁན་ཞིག་ཡིན། གནས་སྟངས་དེ་འདྲ་འབའ་ཞིག་གི་ནང་སྐྱེ་བོ་བསུ་བདེ་གློ་བུར་དུ་གད་མོ་ཤོར་གྱི་ཡོད།
ས་ཆ་དེའི་རྒྱལ་མོ་ནི་འཁྲིག་སྤྱོད་ལ་ཧ་ཅང་དགའ་བ་ཞིག་ཡིན། ཁོ་མོས་རྒྱལ་པོའི་ཕོ་བྲང་གི་རྟ་ལ་ལྟ་རྟོག་བྱེད་མཁན་གཡོག་པོ་སྡོད་སའི་ཁང་པའི་ནང་དུའང་འགྲོ་གི་ཡོད། ཉིན་གཅིག་གཡོག་པོས་འདོད་པ་མེད་བཞིན་དུ་མོ་རང་གིས་བྱ་བ་ཞིག་བྱས་སྟབས། གཡོག་པོས་རྒྱལ་མོར་འགྲམ་ལྕག་བཞུས་ཀྱང་། དེ་ལ་ཁོང་ཁྲོ་སོགས་ཅི་ཡང་ཟ་མེད། སྐབས་གཞན་ཞིག་ལ་རྒྱལ་པོས་ཁོ་རང་གི་སོར་གདུབ་མར་ཕུད་དེ་ཀྱལ་ཀའི་ཚུལ་དུ་རྒྱལ་མོའི་དྲུང་དུ་གཡུགས་པས། མོ་རང་ལ་དེ་ཏོག་ཙམ་ཕོག་པས་ངུ་འབོད་དྲག་པོ་བྱས། སྐྱེ་བོ་བསུ་བདེས་དེ་མཐོང་བ་དང་གད་མོ་དབང་མེད་དུ་ཤོར་བ་རེད། གལ་སྲིད་རྫུན་སྤངས་ན། རྟག་ཏུ་གད་མོ་ཤོར་བ་དང་ཁ་ནས་མུ་ཏིག་འཛག་པ་སོགས་འབྲས་བུ་འབྱུང་སྲིད་པ་ཡིན།
ཕྲ་མ་སྤོང་བ།
ཕྲ་མ་མ་སྤངས་པའི་ངན་འབྲས་ནི་ཁྱིམ་ཚང་འགའ་ཞིག་ནང་ནས་མཐོང་ཐུབ། ནང་མི་རྣམས་ཕན་ཚུན་རྟག་དུ་འཁྲུགས་རྩོད་དང་ཁ་རྩོད་བྱེད་པ་ཕ་མ་དང་བུ་ཕྲུག་མི་འཆམ་པ་སོགས་ཡོང་གི་ཡོད། དེ་དག་ནི་ཕྲ་མ་སྨྲས་པའི་ངན་འབྲས་ཡིན་ཅིང་། མི་རྣམས་ཀྱི་བར་དུ་འཆམ་མཐུན་མེད་པ་བཟོ་གི་ཡོད། དེ་ག་ནང་བཞིན་གལ་སྲིད་རང་ཉིད་ས་ཆ་འཁོད་མི་སྙོམ་པ་དང་། རྩུབ་པོ། ཁག་པོ་ཞིག་གི་ནང་ཡོད་ན། དེ་ཡང་ཕྲ་མའི་མཇུག་འབྲས་ཡིན། ཕྲ་མ་སྤངས་པའི་འབྲས་བུར། ས་ཆ་འཁོད་སྙོམ་པོ་དང་མཛེས་པོའི་ནང་སྐྱེས་ཤིང་། རང་ཉིད་གཞན་ཚང་མ་དང་མཉམ་དུ་མཛའ་མཐུན་ངང་གནས་ཐུབ་པ་ཡོང་གི་ཡོད།