ཕྲ་མའི་སྐོར་མུ་མཐུད།
ཁ་སང་ང་ཚོས་མི་དགེ་བ་ལྔ་པའི་སྐོར་བཤད་པ་དང་། དེ་ནི་ཕྲ་མའི་སྐོར་རེད། ང་ཚོས་ལུས་ཀྱི་མི་དགེ་བ་གསུམ་དང་ངག་གི་མི་དགེ་བ་དང་པོའི་སྐོར་བཤད་ཟིན་པ་རེད། དེ་ནས་ངག་གི་མི་དགེ་བ་གཉིས་པ་སྟེ་ཕྲ་མའི་སྐོར་གླེང་བཞིན་པའི་སྐབས་རེད།
གཞི་ནི་འཆམ་མཐུན་ཡོད་པ་དང་མེད་པ་གང་ཡིན་རུང་མི་འགའ་ལས་གྲུབ་པའི་ཚན་པ་ཞིག་ཡིན། གཞི་གཉིས་འཇོག་དགོས་པའི་རྒྱུ་མཚན་ནི། འཆམ་མཐུན་ཡོད་པའི་ཚན་པ་དེའི་ཁོངས་མིའི་དབར་དབྱེན་དཀྲུག་བྱེད་པ་དང་། དེ་བཞིན་སྔོན་ནས་འཆམ་མཐུན་མེད་པའི་ཚན་པའི་ནང་དབྱེན་དཀྲུག་འཕར་མ་བྱས་ནས་ཇེ་སྡུག་ཏུ་གཏོང་བར་བྱེད་ཀྱི་ཡོད། བསམ་པ་ནི་ཉོན་མོངས་དང་འདུ་ཤེས་ཐེ་བའི་ཀུན་སློང་ཡིན། ངོས་འཛིན་ནི་དབྱེན་དཀྲུག་བྱེད་སའི་མི་སྣ་ཚོགས་པའི་གནས་གནས་སྟངས་དངོས་སུ་རྟོགས་པ་དེ་ཡིན། ཉོན་མོངས་ནི་འདོད་ཆགས་དང་། ཁོང་ཁྲོ། ཡང་ན་བསམ་བློ་གུ་དོག་པའི་མ་རིག་པ་ཡིན་ཆོག །ཀུན་སློང་ནི་འཆམ་མཐུན་མེད་པའི་མིའི་དབར་ཕྱིས་སུ་ཞི་འགྲིགས་འོང་མི་ཐུབ་པ་བཟོ་བ་དང་། འཆམ་མཐུན་ཡོད་པ་རྣམས་ཁ་བྲལ་དུ་གཏོང་བ་དེ་ཡིན།
སྦྱོར་བ་ནི་བདེན་རྫུན་ཅི་རུང་ཕྲ་མ་དང་འབྲེལ་བའི་ངག་ཀུན་ཡིན། དེ་ཡང་ཁྱེད་ཀྱིས་ཚིག་འཇམ་ཡང་ན་ཚིག་རྩུབ་གང་རུང་ཐོག་ནས་ཕྲ་མ་བྱེད་སྲིད། དེ་ལ་ཐབས་ལམ་སྣ་ཚོགས་ཡོད། མཐར་ཐུག་ནི་ཁྱེད་ཀྱིས་དངོས་སུ་གཞན་རྣམས་དབྱེན་དཀྲུག་ཆེན་པོ་བཏང་བ་དང་། ཁོང་ཚོའི་དབར་འཆམ་མཐུན་མེད་པར་ཁ་བྲལ་རྒྱང་ཆད་དུ་བཟོ་བའི་སྐབས་ལས་ཀྱི་མཇུག་རྫོགས་པ་ཡིན།
ཚིག་རྩུབ་སྤོང་བ།
ངག་གི་མི་དགེ་བའི་ལས་ཕྱི་མ་ནི་ཚིག་རྩུབ་སྨྲ་བ་ཡིན། འདི་ལའང་གཞི་བསམ་པ་སྦྱོར་བ་མཐར་ཐུག་བཅས་ཡོད། གཞི་ནི་སྔོན་ཆད་རང་ལ་གནོད་པའམ་རང་གི་གྲོགས་སམ་མཉེན་ལ་གནོད་པ། ཡང་ན་མ་འོངས་པར་གནོད་སྲིད་བསམ་པའི་མི་ཞིག་ཡིན། དེར་བརྟེན་དེ་ལ་ཁོང་ཁྲོ་བཟའ་གི་ཡོད། བསམ་པ་ནི་དངོས་སུ་ཚིག་རྩུབ་སྨྲ་བའི་ཀུན་སློང་དེ་ཡིན། ཚིག་རྩུབ་ནང་བདེན་པ་དང་རྫུན་པ་གང་ཡང་ཚུད་སྲིད། ཚིག་རྩུབ་ཀྱི་རིགས་གང་ཡིན་རུང་འདིར་ཚུད་ཡོད་ཆོག །དཔེར་ན། དབང་པོ་སྐྱོན་ཅན་ཞིག་ལ་རྐང་ཀྱོག་གམ་ཞ་བོ་ཞེས་འབོད་ན་དོན་ལ་གནས་ཀྱང་ཚིག་རྩུབ་ཀྱི་ཁོངས་སུ་བསྡུ་གི་ཡོད། དབང་པོ་སྐྱོན་ཅན་མ་ཡིན་པ་ཞིག་ལ་རྐང་ཀྱོག་ཅེས་འབོད་ན་དོན་ལ་མི་གནས་པའི་ཚིག་རྩུབ་ཡིན། དེའི་ཁྲོད་བརྗོད་པ་མཛེས་མི་མཛེས་གཉིས་ཀ་ཚུད་ཡོད། གཞན་ཡང་མི་གང་རུང་ཞིག་ལ་མི་ཆུང་ཟེར་ནས་སྙད་རྐོ་བ་དང་། ཚིག་འཇམ་པོའི་ཐོག་ནས་ཟུར་ཟ་དང་བཅས་མི་ཤ་མདོག་ནག་པོ་ཞིག་ལ། “ཁྱེད་རང་ཤ་མདོག་དེ་འདྲའི་དཀར་བ་ལ།” ཟེར་བའམ། ཡང་ན་ཁྱེད་ཀྱིས་མི་དབུལ་པོ་ཞིག་ལ་དེ་འདྲའི་ཕྱུག་པ་ལ་ཞེས་བརྗོད་ནས་སྙད་རྐོ་བ། །ཡང་སངས་རྒྱས་མ་ཡིན་པ་ལ་སངས་རྒྱས་ཞེས་ཟུར་ཟ་དང་བཅས་ཚིག་རྩུབ་བེད་སྤྱོད་བྱེད་པ་ལྟ་བུ་ནི་ཚིག་མཛེས་ཀྱང་ངག་ནས་བརྗོད་སྟངས་དེ་ཚིག་རྩུབ་ཆགས་ཀྱི་ཡོད། སྦྱོར་བ་ནི་རང་གིས་གང་བཤད་པ་དེ་གཞན་གྱི་ཤེས་པ་དང་མཇུག་རྫོགས་ཀྱི་ཡོད།
ངག་འཁྱལ་སྤོང་བ།
ངག་གི་མི་དགེ་བའི་ལས་ཕྱི་མ་དེ་ནི་ངག་འཁྱལ་ཏེ་གཞན་ལ་དོན་མེད་ཀྱི་གཏམ་སྨྲ་བ་དེ་ཡིན། འདི་ལའང་གཞི་བསམ་པ་སྦྱོར་བ་མཐར་ཐུག་བཅས་ཡོད། གཞི་ནི་དོན་མེད་པ་དང་སྙིང་པོ་མེད་པའི་གཏམ་ཅི་རུང་ཡིན། ཕྱི་མ་རྣམས་མཐར་ཐུག་མ་གཏོགས་གཞན་གོང་དུ་གོ་བསྡུར་ཞུས་ཟིན་པ་དང་འདྲ། ཁྱེད་ཀྱིས་གང་བཤད་པ་དེ་དོན་ངོར་མར་གཞན་སུས་ཀྱང་ཤེས་དགོས་དོན་མེད། བྱབ་མེད་པ་དང་དོན་མེད་པའི་སྐད་ཆ་དངོས་སུ་བཤད་པ་ཙམ་གྱིས་ལས་དེའི་མཇུག་རྫོགས་ཀྱི་ཡོད། དཔེར་ན། རྟོག་བཟོ་དང་དོན་མེད་ཀྱི་བཅོས་སྒྲུང་ལྟ་བུ་དགོས་པ་རྩ་ནས་མེད་པར་སྐད་ཤུགས་ཆེན་པོས་ཀློག་པ་ནི་ངག་འཁྱལ་གྱི་སྡེ་ཚན་ཁོངས་སུ་བསྡུ་གི་ཡོད།
བརྣབ་སེམས་སྤོང་བ།
དེ་ནས་གཞན་ནོར་བདག་གིར་བྱེད་འདོད་ཀྱི་བསམ་པའམ་གཞན་རྒྱུ་རང་ལ་འཐོབ་འདོད་ཀྱི་བསམ་པ་ཡིན། ཡུལ་ནི་དངུལ་དང་། དཔལ་འབྱོར། ཁང་པ་སོགས་གཞན་གྱིས་བདག་ཏུ་བཟུང་བའི་དངོས་པོ་གང་ཡིན་ཀྱང་ཆོག །བསམ་པ་ནི་གཞན་གྱི་རྒྱུ་ནོར་ལ་དམིགས་ནས་དེ་རང་ལ་འཐོབ་འདོད་བྱེད་པ། སྦྱོར་བ་ནི་གཞན་ལ་གང་ཡོད་པ་དེ་འཐོབ་ཐབས་ཆེད་དངོས་སུ་ཐག་བཅད་དེ་འབད་བརྩོན་བྱས་པ་ན་སྦྱོར་བ་རྫོགས་པ་ཡིན།
གནོད་སེམས་སྤོང་བ།
མི་དགེ་བ་དགུ་པ་ནི་གཞན་ལ་ངན་སེམས་དང་གནོད་པ་བྱེད་འདོད་ཀྱི་བསམ་བློ་ཡོད་པ་དེ་རེད། གཞི་ནི་ཚིག་རྩུབ་དང་ཕྲ་མ་དང་འདྲ། དཔེར་ན། རང་དང་རང་གི་གཉེན་ལ་གནོད་འཚེ་བྱེད་མཁན་དང་མ་འོངས་པར་ཡང་བསྐྱར་གནོད་ཀྱི་རེད་བསམ་པའི་རང་གིས་ཁོང་ཁྲོ་བྱེད་སའི་མི་དེ་ཡིན། བསམ་པ་ནི་མི་དེ་ལ་གཞུ་བའམ་ཁུ་ཚུར་རྡེག་འདོད་པའི་ཚོར་བ་དང་གང་ལྟར་ཕ་རོལ་པོ་དེར་གནོད་འདོད་ཡོད་པ་དེ་རེད། སྦྱོར་བ་ནི་རང་གིས་གཞན་ལ་གནོད་པ་བྱེད་ཀྱི་ཡིན་ཅེས་ཐག་ཡོངས་སུ་བཅད་དེ་སེམས་ནང། “ངས་མི་འདིའི་གདོང་པར་གཞུ་གི་ཡིན།” ཅེས་ཟེར་བའམ། ཡང་ན། “མི་དེ་ཕམ་པར་མ་བྱས་ན། ང་རང་བཟོད་ཐུབ་ཐབས་མི་འདུག” །ཅེས་པ་སོགས་ཡིད་ཀྱི་ཐོག་ནས་ལས་ཡོངས་སུ་རྫོགས་པར་བྱེད་ཀྱི་ཡོད།
ལོག་ལྟ་སྤོང་བ།
ལོག་པའི་ལྟ་བ་དང་བཅས་ཏེ་བསམ་བློ་གཏོང་བ་ལ་མཚོན་ན། གཞི་ནི་དངོས་པོ་གང་ཞིག་ཡིན་པ་དང་ཡོད་པ། གང་བདེན་པ་ཡིན་པ་བཅས་ལ་ངོས་ལེན་མི་བྱེད་པ་དེ་ཡིན། དཔེར་ན། སྐྱེ་བ་ཕྱི་མ་ཡོད་པ་ལ་མེད་ཟེར་བ་དང་། རྒྱུ་འབྲས་ཀྱི་འབྲེལ་བ་ཡོད་པ་ལ་མེད་ཟེར་བ། ལས་དགེ་བ་དང་བཟང་པོ་བྱས་པ་ལ་བརྟེན་ནས་འབྲས་བུ་བདེ་སྐྱིད་འབྱུང་གི་ཡོད་པ་ལ་འབྱུང་གི་མེད་ཅེས་ཨུ་ཚུགས་ནན་སྐུལ་བྱེད་པ་ལྟ་བུ་རེད། དེ་དག་ཐམས་ཅད་ནི་ལོག་པའི་ལྟ་བ་དང་བཅས་ཏེ་བསམ་བློ་བཏང་ནས་གང་བདེན་པ་ཡིན་པ་ལ་ངོས་ལེན་མི་བྱེད་པ་ཡིན།
སྐུལ་སློང་ ༼ ལས་ ༽ དང་སྐུལ་སློང་དེའི་ལམ་ ༼ ལས་ཀྱི་ལམ། ༽
གཞན་ཡང་བརྟག་དཔྱད་དགོས་པའི་གནད་དོན་འདྲ་མིན་སྣ་ཚོགས་ཡོད། ལུས་དང་ངག་གི་མི་དགེ་བ་བདུན་པོ་ནི་སྐུལ་སློང་གི་རིགས་ ༼ ལས་ ༽ ཡིན་ལ་སྐུལ་སློང་ ༼ ལས་ ༽ དེའི་ལམ་ཡང་ཡིན། དེ་དང་ཆབས་ཅིག་ཡིད་ཀྱི་མི་དགེ་བ་གསུམ་ནི་སྐུལ་སློང་ངམ་ལས་ཀྱི་ལམ་ཡིན་ནའང་ལས་མ་ཡིན། ལས་ཀྱི་མཚན་ཉིད་དངོས་ནི། གང་ཡང་རུང་བ་ཞིག་བྱེད་པར་འདོད་པའི་སྐུལ་སློང་ཞིག་ཡིན། སྐུལ་སློང་ཁོ་རང་ནི་ཡིད་ཀྱི་ཁྱད་ཆོས་གཉིས་པ་ཞིག་ཡིན་པ་མ་གཏོགས་སྐུལ་སློང་དེའི་ལམ་མ་ཡིན། དེ་ནི་དེ་ནི་ཐུན་མིན་གྱི་ཁྱད་པར་ཡིན། དེ་ལ་ད་དུང་ཞིབ་ཏུ་དཔྱད་ཐུབ་པ་ཞིག་ཡིན།
མ་འོངས་པར་འདི་གར་དགེ་བཤེས་མིང་དོན་མཚུངས་པ་ཞིག་ཕེབས་སོང་ན། འདིའི་ཐད་བཀའ་འདྲི་ཞུས་ན་དགེ་མཚན་ཆེན་པོ་ཡོད། གནམ་ལ་དངོས་པོ་གང་ཡོད་མེད་སྐོར་སོགས་སྐད་ཆ་འདྲ་མིན་དྲིས་བསྡད་པ་ཡིན་ན། དེ་ནི་གཏིང་ཟབ་པོ་དེ་ཙམ་མ་རེད། གལ་སྲིད་ལས་དང་ལས་ལམ་གྱི་གནད་དོན་དེ་ཚོའི་ཐོག་སྒོམ་བརྒྱབ་པ་དང་གཟུངས་སྔགས་འདོན་པ་ན། མི་རིང་བར་རང་ངོས་ནས་གནམ་སོགས་ཀྱི་དངོས་པོའི་གནས་ལུགས་གཞན་ལ་འདྲི་མི་དགོས་པར་གསལ་པོར་ཤེས་རྟོགས་ཐུབ་པ་ཡོང་རྒྱུ་རེད། ཟླ་བ་ལ་སོགས་པའི་སྐོར་དེབ་ཀློག་པ་དང་སློབ་སྦྱོང་བྱས་ན་ལན་གསལ་པོ་ཤེས་ཐུབ་པ་ཡིན། འདིར་ངས་དེ་དག་གི་སྐོར་ལ་འགྲེལ་བཤད་མདོར་བསྡུས་ཙམ་སྨྲོས་པ་མ་གཏོགས་རྒྱས་པ་བྱེད་ལོང་མི་འདུག
ལས་ལྕི་ཡང་།
ལས་ལ་ལྕི་ཡང་གི་ཁྱད་པར་ཡང་ཡོད་པ་རེད། དཔེར་ན། ཤན་པ་ལྟ་བུ། མི་དགེ་བའི་ལས་ལ་གོམས་འདྲིས་ཤུགས་ཆེན་པོ་ཡོད་པའི་མི་ཞིག་གིས། མི་དགེ་བའི་ལས་ཆུང་ཆུང་ཞིག་བྱས་ནའང་། ཧ་ཅང་ལྕི་བ་ཡིན། ངོ་བོའི་ཆ་ནས་མི་དགེ་བ་བཅུའི་ནང་ནས་ཡང་ཤོས་ནི་ངག་འཁྱལ་ཡིན། འོན་ཀྱང་ང་ཚོས་དུས་རྟག་ཏུ་ངག་འཁྱལ་བྱེད་བསྡད་ན། དེའི་ཡང་ནས་ཡང་དུ་བྱེད་པར་བརྟེན་ཤུགས་ཇེ་ཆེར་སོང་ནས་ལས་ལྕི་བར་འགྱུར་གྱི་ཡོད། དཔེར་ན། ཤོག་བུ་སྲབ་པོ་མང་པོ་བརྩིགས་ན་མཐུག་པོ་ཆགས་ནས་ཧ་ཅང་ལྕི་བར་འགྱུར་གི་ཡོད་པ་ནང་བཞིན་ཡིན། དེར་མ་ཟད། ལས་གང་ཡིན་རུང་ཀུན་སློང་ཤུགས་ཆེན་པོ་ཞིག་དང་བཅས་ནས་བྱས་ན་ཧ་ཅང་ལྕི་བར་འགྱུར་གྱི་ཡོད། དེ་ག་ནང་བཞིན་གལ་སྲིད་རང་གིས་མི་དགེའི་ལས་གང་རུང་བྱས་ནས། མཐར་འགྱོད་སེམས་མེད་པའམ། ཡང་ན་དག་སྦྱོང་ཆེད་དུ་གཉེན་པོ་བཞི་གང་རུང་མ་བསྟེན་ན། མི་དགེ་བའི་ལས་ཧ་ཅང་སྟོབས་ཆེན་པོ་ཆགས་ཀྱི་ཡོད།
ལས་དགེ་བ་ལ་བརྟེན་ནས་དགེ་བའི་ནུས་པ་གང་བསགས་པ་ལའ་ལྕི་བ་དང་ཡང་བའི་ཁྱད་པར་ཡོད། གལ་སྲིད་ཁོང་ཁྲོ་བཟས་མེད་ན། དགེ་བའི་ལས་ཧ་ཅང་སྟོབས་ཆེན་པོར་གནས་ཀྱི་ཡོད། གལ་ཏེ་དགེ་བའི་ལས་ཀྱི་ཡུལ་དེ་དགེ་བའི་བཤེས་གཉེན་དང་། ཕ་མ། དཀོན་མཆོག་གསུམ་ཡིན་ན། དེའི་དགེ་བའི་ནུས་པ་ཧ་ཅང་ལྕི་བ་ཡོང་གི་ཡོད། དེ་ག་ནང་བཞིན་ཡུལ་དེ་གསུམ་ལ་མི་དགེ་བའམ་ལས་ངན་པ་བརྩམས་ན། དེས་བསགས་པའི་མི་དགེ་བའི་ནུས་པ་ཧ་ཅང་ལྕི་བ་དང་སྟོབས་ཆེན་པོ་ཆགས་ཀྱི་ཡོད།
ང་ཚོས་གནད་དོན་དེ་དག་གི་ཐོག་ལ་བསམ་བློ་གཏོང་བའི་སྐབས། གང་བྱེད་དགོས་སམ་ཞེ་ན། དགེ་བའི་ལས་ལྕི་ཤོས་དང་སྟོབས་ཆེ་ཤོས་རྣམས་གསོག་རྒྱུའི་ཐག་གཅོད་བྱེད་དགོས་ཤིང་། མི་དགེ་བའི་ལས་སྟོབས་ཆེ་ཤོས་རྣམས་སྤོང་ཐབས་བྱེད་དགོས། གལ་སྲིད་རང་ལ་ཞ་ཉེ་དང་གསེར་མང་ཉུང་གཅིག་པ་ཡོད་ན། གསེར་ལ་ཁ་སྣོན་རྒྱག་འདོད་པ་ལས་ཞ་ཉེ་མང་དུ་གཏོང་མི་འདོད་པ་ལྟར། དགེ་མི་དགེའི་ལས་ཀྱང་། ལྕི་ཡང་གི་ཁྱད་པར་གཅིག་པ་ཡོད་ན། དགེ་བའི་ལས་གཅེས་ཉར་བྱས་ཏེ་མི་དགེ་བའི་ལས་རྣམས་རྒྱབ་ཏུ་སྐྱུར་རྒྱུའི་འདོད་པ་ཡོད་པ་ནང་བཞིན་རེད།
ལུས་ཀྱི་མི་དགེ་བ་གསུམ་དང་ངག་གི་མི་དགེ་བ་བཞི་བཅས་འགྲེལ་བརྗོད་བྱེད་སྟངས་ལ་གཞིགས་ན། ལས་དེ་དག་ལས་དང་པོ་དེ་ལྕི་ཤོས་ཡིན། ཕྱི་མ་ཕྱི་མ་རྣམས་རང་བཞིན་གྱིས་ཡང་བ་ཡོད། མི་ཚང་མས་སོ་སོའི་ཚེ་སྲོག་ལ་གཅེས་སྤྱོང་ཆེ་ཤོས་བྱེད་ཀྱི་ཡོད་སྟབས། སྲོག་གཅོད་པ་ནི་ལུས་ཀྱི་མི་དགེ་བའི་ནང་ནས་ལྕི་ཤོས་ཡིན་པ་དང་། གཞན་གྱི་རྒྱུ་དངོས་མ་བྱིན་པར་ལེན་པ་དེ་ཅུང་ཟད་ཡང་བ་ཡོད་ཅིང་། ལོག་གཡེམ་ནི་ལུས་ཀྱི་མི་དགེ་བ་གསུམ་ལས་ཡང་ཤོས་དེ་ཡིན། ངག་གི་མི་དགེ་བའི་ལས་ཀྱང་གཅིག་པ་ཡིན། རྫུན་ནི་ལས་ལྕི་ཤོས་ཡིན། དེ་རྗེས་ཕྲ་མ་དང་། ཚིག་རྩུབ། ངག་འཁྱལ་རྣམས་རིམ་པ་བཞིན་དུ་ཡང་བ་ཡོད། དེ་ནི་ཡིད་ཀྱི་མི་དགེ་བའི་ལས་ཀྱི་ལྡོག་ཕྱོགས་སུ་གྱུར་ཞིང་། སྔ་མ་རྣམས་ཡང་ཞིང་ཕྱི་མ་རྣམས་ལྕི་བ་ཡོད། ཡིད་ཀྱི་གསུམ་ལས་བརྣབ་སེམས་ཡང་ཤོས་ཡིན་ཞིང་། གནོད་སེམས་དེ་ལས་ཅུང་ལྕི་བ་དང་། ལྕི་ཤོས་ནི་ལོག་ལྟ་ཡིན།
དེར་བརྟེན་མི་དགེ་བའི་ལས་བཅུ་སྤོང་དགོས་པ་དང་། དགེ་བའི་ལས་བཅུ་པོ་ཉམས་སུ་ལེན་ཐབས་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། འདས་པའི་དུས་སུ་སོག་ཡུལ་ནས་ཡིན་པའི་དགེ་བཤེས་ཧ་ཅང་མཁས་པ་དང་མཁྱེན་རྒྱ་ཆེ་བ་ཞིག་བྱུང། ཁོང་ནི་ཧ་ཅང་རྩ་ཆེ་བའི་དགེ་བའི་བཤེས་གཉེན་ཞིག་ཡིན་པ་དང་རྒྱུད་གྲྭ་སྟོད་སྨད་གཉིས་ནས་གཅིག་གི་མཁན་པོར་གྱུར། ང་རང་ཡང་ཁོང་གི་དྲུང་ནས་ཆོས་ཞུས་པ་ཡིན། ཉིན་གཅིག་མི་བཟང་པོ་ཞིག་ཁོང་གི་སྐུ་དྲུང་དུ་བཅར་ནས། སྟོང་ཉིད་ཀྱི་སྐོར་ལ་བཀའ་འདྲི་ཞུས་པ་རེད། ཁོང་གིས། “སྟོང་ཉིད་སྐོར་དེ་ཕར་ཞོག །སྔོན་ལ་ཁྱེད་རང་རྐུ་མ་རྐུ་རྒྱུ་དེ་མཚམས་འཇོག་བྱེད་དགོས།” ཞེས་གསུངས། གང་ཡིན་ཞེ་ན། སློབ་དཔོན་ཁོང་གིས་མི་དེས་གཞན་གྱི་དངོས་པོ་འཕྲོག་བཅོམ་བྱེད་ཀྱི་ཡོད་པ་མཁྱེན་རྟོགས་བྱུང་། སྐུ་དྲག་གི་གྲས་འགའ་ཞིག་གིས་སྐབས་རེར་དགོན་སྡེ་ཁག་ལ་མཆོད་འབུལ་བྱེད་ཀྱི་ཡོད། འོན་ཀྱང་མཆོད་རྫས་མང་ཆེ་བ་མི་མང་ལ་བཤུ་གཞོག་བཏང་བ་ལས་བྱུང་ཞིང་མང་ཆེ་བ་སོ་སོས་ཉར་གྱི་ཡོད།
ད་ང་ཚོས་ལས་སྣ་ཚོགས་ཀྱི་ལྕི་ཡང་སྐོར་ལ་བགྲོ་གླེང་བྱས་ཟིན་པ་རེད།
ལས་ཀྱི་འབྲས་བུ།
མི་དགེ་བའི་ལས་དེ་དག་གི་རྣམ་སྨིན་གྱི་འབྲས་བུ་ནི། དམྱལ་བ་དང། ཡི་དྭགས། དུད་འགྲོ་བཅས་ངན་འགྲོའི་གནས་སུ་སྐྱེ་བ་ལེན་པ་གཅིག་མཚུངས་ཡིན། རང་གི་རྒྱུ་མཐུན་གྱི་འབྲས་བུ་ལ་རིགས་གཉིས་ཡོད། མྱོང་བ་རྒྱུ་མཐུན་གྱི་ལས་དང་བྱེད་པ་རྒྱུ་མཐུན་གྱི་ལས་གཉིས་ཡིན། འདི་ནི་ཁ་སང་སྲོག་གཅོད་ཀྱི་སྐོར་བཤད་པའི་སྐབས་གོ་བསྡུར་ཞུས་ཟིན། མྱོང་བ་རྒྱུ་མཐུན་གྱི་འབྲས་བུར་རང་ཉིད་ཚེ་ཐུང་བ་དང་ནད་མང་པོ་ཡོང་ངེས་དེ་རེད།
ཚིག་རྩུབ་ཀྱི་འབྲས་བུ་གཞན་གྱིས་རྟག་ཏུ་རང་ཉིད་ལ་ཚིག་ངན་དང་མི་སྙན་པ་སྨྲ་བ་དང་། རང་གི་རྣ་བར་རྒྱུན་དུ་སྐད་ཆ་མི་སྙན་པ་ཤ་སྟག་ཐོས་དགོས་ཐུག་གི་ཡོད། ངག་ཀྱལ་གྱི་འབྲས་བུར་སུ་གཅིག་གིའང་རང་གི་གཏམ་ལ་མི་ཉན་པ་དང་། སུས་ཀྱང་རང་ལ་དོ་སྣང་མི་བྱེད་པ་དང་རང་གིས་བཤད་པའི་སྐད་ཆ་ལ་དོ་གལ་དུ་མི་བརྩི་བ་ཡིན། གལ་སྲིད་མི་རྣམས་ཀྱིས་རང་གིས་གང་བཤད་པའི་གཏམ་ལ་ཉན་འཇོག་བྱས་ན། དེ་ནི་ངག་ཀྱལ་སྤངས་པའི་འབྲས་བུ་ཡིན། གལ་ཏེ་རང་ལ་བརྣམ་སེམས་ཤུགས་ཆེན་པོ་ཡོད་ན། དེའི་འབྲས་བུར། རང་ཉིད་འདོད་ཆགས་ཆེ་བ་དང་སྲེད་པ་ཆེ་བའི་མི་ཞིག་ཏུ་འགྱུར་ངེས་པ་ཡིན། གནོད་སེམས་ཀྱི་འབྲས་བུར། རང་ཉིད་ཞེ་སྡང་ཅན་དང་ཁོང་ཁྲོ་ཅན་གྱི་མི་ཞིག་ཏུ་འགྱུར་བ་ཡིན། ལོག་ལྟའི་འབྲས་བུར། རང་ཉིད་ཀྱི་རྣམ་དཔྱོད་འཇུག་སྒོ་ཞན་པའམ་སེམས་གུ་དོག་པོ་དང་རྨོངས་པ་ཞིག་ཏུ་འགྱུར་ངེས་པ་ཡིན།
མི་དགེ་བ་བཅུ་པོ་རེ་རེའི་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ནི། རང་ཉིད་ཕྲུ་གུའི་སྐབས་ནས་རང་བཞིན་ལྷན་སྐྱེས་ཀྱིས་མི་དགེ་བའི་ལས་དེ་དག་ལ་ཡང་ནས་ཡང་དུ་འཇུག་པ་ཡོང་གི་ཡོད། ཁ་སང་ང་ཚོས་འགྲེལ་བརྗོད་བྱས་པ་བཞིན། སྲོག་གཅོད་སྤངས་པའི་བདག་པོའི་འབྲས་བུ་ནི། རང་ཉིད་སྐྱེ་སའི་ཡུལ་དུ་ཟས་གོས་འཛོམས་པ་དང་དབང་ཐང་ཆེ་བ་ཡོད། དེ་ག་ནང་བཞིན་སྨན་རྣམས་ནུས་པ་ཆེ་བ་འོང་། མ་བྱིན་པར་ལེན་པའི་བདག་འབྲས་ནི། རང་ཉིད་སྐྱེ་སའི་གནས་སུ་ལོ་ཏོག་ཡག་པོ་མི་སྐྱེ་བ་དང་། འབྲས་བུ་ཉུང་ངུ་ལས་མི་འཐོབ་ཅིང་། ཆར་ཆུ་དུས་སུ་མི་འབབ། ལུང་པ་ཐལ་བས་ཁེངས་པ་སོགས་འབྱུང་གི་ཡོད། ལོག་གཡེམ་གྱི་འབྲས་བུ་ནི། རང་ཉིད་སྐྱེ་སའི་ཡུལ་དུ་མི་གཙང་བས་ཁེངས་ཤིང་གང་སར་བཙོག་པ་དང་གད་སྙིགས་ཀྱིས་ཁེངས་པ་ཡོང་གི་ཡོད།
རྫུན་གྱི་འབྲས་བུ་ནི། དཔེར་ན། ཞིང་ཁ་འདེབས་པའི་སྐབས། ས་བོན་བཏབ་པ་ནང་བཞིན་རང་གི་འདོད་པ་ལྟར་འབྲས་བུ་མི་ཡོང་། ཕྲ་མའི་འབྲས་བུ་ནི། རང་ཉིད་སྐྱེ་སའི་ཡུལ་དུ་ས་ཆ་ཁོད་མི་སྙོམས་པ་དང་། གཏིང་ཟབ་པའི་གྲོག་ཤུར་དང་གཅོང་རོང་མང་པོ་འབྱུང་། དེར་བརྟེན་ཕར་ཚུར་འགྲུལ་བཞུད་བྱེད་པར་དཀའ་ཚེགས་ཧ་ཅང་ཆེ། ཚིག་རྩུབ་ཀྱི་འབྲས་བུ་ནི། རང་ཉིད་སྐྱེ་སའི་ཡུལ་དུ་ཚེར་མ་དང་རྡོ་མང་བ་དང་ཁོར་ཡུག་མི་མཛེས་ཤིང་ཧ་ཅང་རྩུབ་པོ་འབྱུང་བ་ཡིན། ངག་ཀྱལ་གྱི་འབྲས་བུ་ནི། ལོ་ཏོག་ཡག་པོ་མི་འོང་བར་དུས་མ་ཡིན་པར་ལོ་ཏོག་སྨིན་པའམ། ཡང་ན་དུས་སུ་བབས་ཀྱང་ལོ་ཏོག་རྩ་བ་ནས་མི་སྐྱེ་བ་ལྟ་བུ་འབྱུང་གི་ཡོད།
བརྣབ་སེམས་ཀྱི་བདག་འབྲས་ནི། ཡུལ་གྱི་དངོས་པོ་ཚང་མ་མྱུར་དུ་ཆག་སྐྱོན་ཤོར་བ་དང་། ལེགས་ཚོགས་ཐམས་ཅད་མྱུར་དུ་རྒུད་པར་གྱུར། གནོད་སེམས་ཀྱི་བདག་འབྲས་ནི། ལུང་པའི་ནང་ནད་དང་ནད་ཡམས་ཀྱིས་ཁེངས། གུ་རུ་རིན་པོ་ཆེས། མ་འོངས་པར་སྔོན་ཆད་བྱུང་མྱོང་མེད་པའི་ནད་རིགས་གསར་པ་མང་པོ་འབྱུང་ཞིང་དེ་དག་ལ་བཅོས་བྱེད་ཀྱི་སྨན་དང་ཐབས་ཅི་ཡང་མེད་པར་འགྱུར། དེ་ནི་གནོད་སེམས་དང་ཞེ་སྡང་གི་རྐྱེན་ལས་བྱུང་ཞེས་ལུང་དུ་བསྟན། ང་ཚོས་ལུང་བསྟན་དེ་བདེན་པ་ཡིན་པ་མཐོང་ཆོས་སུ་གནས་ཡོད། དེང་དུས་ནད་རིགས་འདྲ་མིན་གྱིས་འགྲོ་བ་མིའི་རིགས་ལ་མནར་གྱིན་ཡོད། ལོག་ལྟའི་བདག་འབྲས་ནི། ལུང་པའི་ཐོན་ཁུངས་ཟད་འགྲོ་བ་དང་། སྔོན་མ་འཐུང་ཆུ་གཙང་མ་དང་། ཤིང་སྡོང་། གཏེར་ཁ། འཕྲོད་བསྟེན། སྣུམ་སོགས་ཡག་པོ་བྱུང་ཡོད་ཀྱང་། ད་ཆ་དེ་དག་ཐམས་ཅད་འཛད་འགྲོ་གི་ཡོད།
དགེ་བའི་ལས་ཀྱི་བདག་འབྲས་ནི། དེ་དག་གི་ལྡོག་ཕྱོགས་དེ་ཡིན། སྲོག་གཅོད་སྤངས་པ་ལས་ཡུལ་དུ་ཕན་ནུས་ལྡན་པའི་སྨན་དང་། ཟས་བཅུད་ཕུན་སུམ་ཚོགས་པ་སོགས་འབྱུང་། དགེ་བའི་ལས་ཀྱི་བདག་འབྲས་གཞན་རྣམས་མི་དགེ་བའི་ལས་ཀྱི་བདག་འབྲས་ཀྱི་ལྡོག་ཕྱོགས་ལས་དཔོག་ཐུབ།
ལས་ཀྱི་ནུས་པ།
གཞན་ཡང་སྦྱོར་བའི་ཆོས་བཞིའི་སྒོ་ནས་བསགས་པའི་ལས་ཀྱི་ནུས་པར་ཁྱད་པར་ཡོད། ལས་ཀྱི་ཡུལ་ཡིན་པའི་གང་ཟག་ལ་གོ་བའི་ཡུལ་ཡོད་པ་དང་། གཞི་ནི་ལས་བྱེད་བཞིན་པའི་གང་ཟག་དེའི་གནས་སྟངས་ལ་གོ་བ་ཡིན། ལས་ཀྱི་ཁོངས་སུ་ཚུད་པའི་དངོས་པོ་དང་སེམས་ཀྱི་གནས་བབས་བཅས་ཡིན།
དེ་དག་ལས་དང་པོ་ལས་ཀྱི་གཞིའམ་ཡུལ་དཀོན་མཆོག་གསུམ་དང་དགེ་བའི་བཤེས་གཉེན་ལྟ་བུར་དམིགས་ན་ལས་ཤིན་ཏུ་སྟོབས་ཆེ། དེ་བཞིན་རང་ལ་དགེ་སྡིག་བླང་དོར་སློབ་སྟོན་གནང་མཁན། དགེ་བའི་བཤེས་གཉེན་ནམ་བླ་མ་དང་འདྲ་བའི་གང་ཟག་རྣམས་ལ་དམིགས་ཀྱང་ལས་ཤིན་ཏུ་སྟོབས་ཆེ། གང་ཟག་སུ་འདྲ་ཞིག་གིས་རང་ལ་ཕྱིན་ཅི་མ་ལོག་པའི་བསླབ་བྱ་གནང་བ་ཡིན་ནའང་དེ་ནི་དགེ་བའི་བཤེས་གཉེན་ནམ་བླ་མ་དང་འདྲ་བ་ཡིན། དེ་བཞིན་རང་གི་ཕ་མ་ནི་ལས་ཀྱི་ཡུལ་ཧ་ཅང་སྟོབས་ཆེན་པོ་ཡིན། རྒྱུ་མཚན་ནི་ཕ་མར་ཐད་ཀར་དམིགས་ཏེ་ལས་དགེ་བ་དང་མི་དགེ་བ་གང་ཞིག་བྱས་ཀྱང་དགེ་སྡིག་གི་འབྲས་བུ་ཤིན་ཏུ་སྟོབས་ཆེན་པོ་འགྱུར་གི་ཡོད། ཐ་ན་ཕན་པའི་བྱ་བ་ཆུང་ཙག་ཅིག་བྱས་ཀྱང་དེའི་དགེ་བའི་འབྲས་བུ་ཤིན་ཏུ་ཆེན་པོ་གསོག་གི་ཡོད། ཁོང་ཚོར་ལས་ངན་པའམ་མི་དགེ་བ་ཆུང་ཙག་ཅིག་བྱས་ཀྱང་། དེས་མི་དགེ་བའི་ནུས་པའམ་སྡིག་པ་སྟོབས་ཆེན་ཞིག་གསོག་གི་ཡོད།
ལས་ཀྱི་གཞི་ལ་མཚོན་ན། གལ་ཏེ་སྡོམ་པ་བླངས་པའི་གང་ཟག་ཅིག་ཡིན་ན། དེའི་ལས་ཤིན་ཏུ་སྟོབས་ཆེན་པོ་ཆགས་ཀྱི་ཡོད། དགེ་བསྙེན་དང་། དགེ་ཚུལ། ཡང་ན་དགེ་སློང་ཕ་མའི་སྡོམ་པ་ལྡན་པའི་ཐོག་ནས་དགེ་བ་དང་མི་དགེ་བའི་ལས་གང་བྱས་ཀྱང་འབྲས་བུ་ཤིན་ཏུ་སྟོབས་ཆེ། ཁྱད་པར་དུ་གཞན་དོན་ལ་དམིགས་པ་དང་སངས་རྒྱས་ཀྱི་གོ་འཕང་འཐོབ་ཆེད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཟིན་པའི་སྒོ་ནས་དགེ་བའི་ལས་ཆུང་ཆུང་ཞིག་བྱས་ན། ལས་དེ་ཧ་ཅང་ནུས་པ་ཅན་དང་སྟོབས་ཆེན་པོ་ཆགས་ཀྱི་ཡོད། “ང་མདང་ནུབ་མ་ཤི་བར་གསོན་པོར་གནས་པ་ནི་ཤིན་ཏུ་བཟང་། དེ་རིང་ཞོགས་པ་ལང་རྒྱུ་བྱུང་བས། ཉིན་འདི་ངས་གཞན་ལ་ཕན་འདོགས་པ་དང་སངས་རྒྱས་ཀྱི་གོ་འཕང་འཐོབ་ཕྱིར་མཐའ་གཅིག་ཏུ་འབད་བརྩོན་བྱེད་ཀྱི་ཡིན་པའི་བསམས་དང་། གང་ཐུབ་ཐུབ་ཀྱིས་དགེ་བའི་ལས་བྱེད་ཀྱི་ཡིན།” ཞེས་པའི་བསམ་བློ་ཐོག་ནས་ཉིན་དེ་འགོ་བཙུགས་པ་ན། དེ་ནས་ཉིན་དེར་གང་བྱས་ཀྱང་ཐམས་ཅད་ཀུན་སློང་བཟང་པོ་དེའི་དབང་དུ་འགྲོ་ཞིང་། ཐ་ན་རང་ཉིད་ནས་ཉིན་གང་པོར་དེ་ལྟར་དྲན་ཤེས་དང་ལྡན་པའི་ཐོག་གནས་མ་ཐུབ་ཀྱང་། ཀུན་སློང་བཟང་པོ་ལ་བརྟེན་ནས་ངང་གིས་ལས་བཟང་པོར་འཇུག་པ་ཡོང་ཐུབ། དེར་བརྟེན་ཀུན་སློང་བཟང་པོ་དེ་ལྟའི་ཐོག་ནས་ཉིན་དེ་འགོ་འཛུགས་རྒྱུ་གལ་ཆེན་པོ་ཡིན། རང་གི་ཀུན་སློང་ལ་གཞིགས་ཏེ་ལས་དེ་སྟོབས་ཆེན་པོར་འགྱུར་གྱི་ཡོད།
དཔེ་མཚོན་མཐའ་མ་ནི་གནད་དོན་བཞི་པའི་དཔེ་ཞིག་རེད། དེ་ཡང་དང་པོ་གནད་དོན་གསུམ་པའི་དཔེའི་ཐོག་ལ་ཕྱིར་ལྟས་ཤིག་བྱས་ན། དེའི་ནང་དངོས་པོ་ཚུད་ཡོད་པའི་སྐོར་ནི། རང་ཉིད་གཏོང་ཕོད་ཅན་ཡིན་པའི་དབང་དུ་བྱས་ནས་གཞན་ལ་ཆོས་དང་ཆོས་ཀྱི་ཐབས་ལམ་བསྟན་ན། དེ་ནི་ཟང་ཟིང་གི་སྦྱིན་བ་གཏོང་བ་ལས་རྦད་དེ་སྟོབས་ཆེ་བ་ཡིན། གནད་དོན་བཞི་པའི་སྐབས་སུ་སེམས་ཀྱི་གནས་བབས་ཀྱིས་རྐྱེན་པས་ལས་ཀྱི་ནུས་སྟོབས་གཏན་ལ་ཕབ་པ་ནི་ཞུས་ཟིན་པ་རེད། དཔེར་ན། ཅི་སྟེ་གཞན་སེམས་ཅན་གྲངས་མེད་པ་ལ་ཕན་འདོགས་པའི་དམིགས་ཡུལ་དང་བཅས་ཐ་ན་མེ་ཏོག་རྐང་གཅིག་མཆོད་པར་ཕུལ་བས་ཀྱང་དགེ་བའི་འབྲས་བུ་རྒྱ་ཆེན་པོ་ཡོང་ཐུབ། དེར་བརྟེན་ལས་གང་ཞིག་བརྩམས་ཀྱང་སྔོན་དུ་ཀུན་སློང་བཟང་པོ་བཅོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་ནི་ལས་ཐོག་མར་རྩོམ་སྐབས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་བྱང་ཆུབ་སེམས་ཀྱིས་ཟིན་པ་བྱ་རྒྱུ་ཧ་ཅང་གནད་ཆེན་པོ་ཡིན། དེ་ག་ནང་བཞིན་ཉིན་རྫོགས་མཚམས་སུ་ཉིན་དེར་རང་གིས་བྱས་པའི་དགེ་བའི་ལས་རྣམས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་སླད་དུ་བསྔོ་བ་བྱ་རྒྱུ་གལ་ཆེ།
དེ་ལྟར་ཞོགས་པ་རང་རྒྱུད་དུ་ཀུན་སློང་བཅོས་པ་དང་དགོང་མོ་བསྔོ་བ་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ། གཉིད་མ་ཁུག་གོང་རང་གི་སེམས་ཀྱི་གནས་སྟངས་བཟང་པོ་སྟེ་ཀུན་སློང་བཟང་པོ་ཞིག་བཅོས་རྒྱུ་དང་ཞོགས་པ་གཉིད་སད་པའི་ཚེ་ཀུན་སློང་དེ་གའི་ཐོག་ལང་ཐུབ་པ་དང་གཞན་དོན་གང་ཐུབ་སྒྲུབ་ཐུབ་པ་ཡིན་ན། ཀུན་སློང་བཟང་པོ་ཤུགས་ཆེན་ཡོད་པར་བརྟེན། མཚན་གང་རང་གི་སེམས་དགེ་བའི་ངོ་བོར་གནས་ཐུབ། གལ་སྲིད་ཀུན་སློང་དེ་འདྲ་ཡོད་པའི་ཐོག་ནས་ཉིན་དང་མཚན་སྐྱེལ་ཐུབ་ན། དོན་དངོས་སུ་རང་གིས་ཆོས་ཀྱི་ལམ་མཐར་ཕྱིན་པ་ཉམས་སུ་ལེན་ཐུབ་པ་དང་ཕུན་སུམ་ཚོགས་པའི་མི་ཚེ་བཟང་པོ་ཞིག་སྐྱེལ་ཐུབ་པ་ཡོང་གི་རེད།
མི་ལུས་རིན་ཆེན་གྱི་རྣམ་སྨིན་གྱི་ཡོན་ཏན་བརྒྱད།
རང་ཉིད་མི་དགེ་བའི་ལས་བཅུ་བསྲུང་དགོས་པར་བསམ་བློ་གཏོང་སྐབས། སྔོན་ཆད་རང་གིས་དགེ་བའི་ལས་བསྲུང་བ་ལ་བརྟེན་ནས་ཚེ་འདིར་མི་ལུས་རིན་ཆེན་འདི་ལྟ་བུ་ཞིག་ཐོབ་པའི་དངོས་ཡོད་གནས་ཚུལ་ལ་བསམ་ཞིབ་བྱེད་དགོས། ཕན་ནུས་ཆེ་ཤོས་དང་སྟབས་བདེ་ཤོས་ངང་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་པ་ལ་རྣམ་སྨིན་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་མིའི་ལུས་རྟེན་འདི་དགོས་རྒྱུ་གལ་ཆེན་པོ་ཡིན། བརྒྱད་པོ་ནི། ༡། ཚེ་རིང་བ་དང་། ༢། གཟུགས་མཛེས་པ་༼ ཁ་དོག་ཕུན་སུམ་ཚོགས་པ། ༽ ༣། སྐྱེ་སའི་ཁྱིམ་ཚང་ངམ་རིགས་རྒྱུད་བཟང་བ་ ༼ རིགས་ཕུན་སུམ་ཚོགས་པ། ༽ ༤། འབྱོར་བ་ཕྱུག་པ་ ༼ དབང་ཕྱུག་ཕུན་སུམ་ཚོགས་པ། ༽ ༥། ངག་ཡིད་རྟོན་རུང་བ་སྟེ། རང་གིས་གང་སྨྲས་པ་ལ་གཞན་གྱིས་ཆ་འཇོག་བྱེད་པ་ ༼ ཚིག་བཙུན་པ། ༽ ༦། དབང་ཤུགས་དང་སྟོབས་ཆེ་བ་ ༼ དབང་ཆེ་བར་གྲགས་པ། ༽ ༧། ལུས་སྟོབས་ཆེ་བ་སྟེ། སེམས་བརྟན་པོའམ་བློ་སྟོབས་དང་ལྡན་པ་ ༼ སྟོབས་དང་ལྡན་པ། ༽ ༨། མཐའ་མ་ནི་སྐྱེས་པ་ཡིན་པ་སྟེ། སྐྱེས་པ་རྣམས་ཆོས་ཉམས་ལེན་ལ་དུས་སྟབས་བདེ་བ་ཡོད་པའི་གནས་སྟངས་ཤིག་སྲོལ་རྒྱུན་ནས་ཡོད་པ་རེད།
དེ་དག་རེ་རེར་བྱེད་ལས་རེ་ལྡན། ཚེ་རིང་ན་སློབ་སྦྱོང་དང་ཉམས་ལེན་རྣམས་ཆ་ཚང་བར་སྒྲུབ་ཐུབ། གཟུགས་མཛེས་པོ་ཡོད་ན། གཞན་གྱི་ཡིད་དབང་འཕྲོག་པ་དང་རང་གི་འཁྲིས་སུ་འཁོར་ནས་སྐད་ཆ་ཉན་གྱི་རེད། གལ་སྲིད་རང་གི་སྐྱེ་ས་མཐོའམ་རྒྱལ་སྲས་ལྟ་བུ་ཡིན་ན། རང་གིས་གང་བརྗོད་པར་གཞན་གྱིས་ངང་གིས་ཉན་འཇོག་བྱེད་པ་དང་རང་གི་བསམ་ཚུལ་གྱི་རྗེས་སུ་འབྲང་གི་རེད། འབྱོར་བ་མང་ན། གཞན་རྣམས་ཡིད་འཕྲོགས་ནས་རླབས་ཆེན་གྱི་དགེ་བའི་ལས་དོན་སྒྲུབ་པའི་ཆ་རྐྱེན་དང་འཇོན་ཐང་ལྡན་པར་ཡོང། ངག་ཡིད་རྟོན་རུང་བ་ཡོད་ན། རང་གིས་གང་སྨྲས་པ་ལ་གཞན་གྱིས་ཉན་ཞིང་རང་ལ་ཡིད་ཆེས་ཐོབ། གལ་ཏེ་རང་ཉིད་ལ་དབང་དང་སྟོབས་ལྡན་ན། གཞན་རྣམས་རང་གི་རྗེས་སུ་འབྲངས་ཤིང་རང་གིས་གང་སྨྲས་པ་ལ་ངོས་ལེན་བྱེད་ཀྱི་རེད། གལ་ཏེ་རང་ཉིད་སྐྱེས་པར་སྐྱེས་ན། ཉམས་ལེན་བྱེད་པར་བར་ཆད་དང་གཞན་གྱི་ཐེ་བྱུས་ཉུང་བ་ཡོད། གལ་ཏེ་རང་ཉིད་སྟོབས་དང་ལྡན་ཞིང་། སེམས་བརྟན་པོ་ཡོད་ན། རྗེ་བཙུན་མི་ལ་རས་པས་སྲས་མཁར་དགུ་ཐོག་བརྩིགས་པ་ལྟར། རང་ངོས་ནས་ལས་དོན་ཆེན་པོ་སྒྲུབ་ཐུབ།
ཡོན་ཏན་བརྒྱད་པོ་དེ་དག་རེ་རེར་རྒྱུ་རེ་ཡོད། ཚེ་རིང་བའི་རྒྱུ་ནི་སྲོག་གཅོད་ཀྱི་ལས་སྤོང་བ་དང་། སེམས་ཅན་གྱི་སྲོག་སྐྱོབ་པ། ནད་པར་རོགས་བྱེད་པ་དང་སྨན་སྦྱིན་པ་བཅས་ཡིན། གཟུགས་མཛེས་པོར་སྐྱེ་བའི་རྒྱུ་ནི་དཀོན་མཆོག་གསུམ་ལ་མཆོད་མེ་དང་། ན་བཟའ། རྒྱན་ཆ་སོགས་འབུལ་བ་དང་། ཁོང་ཁྲོའམ་ཕྲག་དོག་མི་བྱེད་པ་བཅས་ཡིན། ཁྱིམ་ཚང་ཡག་པོ་དང་སྤྱི་ཚོགས་ཀྱི་གནས་སྟངས་ལེགས་པོ་ཞིག་ནང་སྐྱེ་བའི་རྒྱུ་ནི་རང་གི་དགེ་བའི་བཤེས་གཉེན་དང་ཕ་མ། ཤེས་ཡོན་ཅན་དང་མི་བཟང་པོ་ཡོན་ཏན་དུ་མ་དང་ལྡན་པ་རྣམས་ལ་བརྩི་བཀུར་ཞུ་བ་དེ་ཡིན། རྒྱུ་གཞན་ཞིག་ནི་རང་མཐོང་མེད་པར་སྙེམ་ཆུང་དང་གུས་བཀུར་ཅན་བྱ་རྒྱུ་དེ་ཡིན། འབྱོར་པ་ཅན་དུ་སྐྱེ་བའི་རྒྱུ་ནི་གཞན་གྱི་ཚུར་མ་སློང་ནའང་། དགོས་ངེས་ཅན་ལ་ཟས་གོས་དངུལ་སོགས་ཀྱི་སྦྱིན་པ་གཏོང་རྒྱུ་དེ་ཡིན། ངག་ཡིད་རྟོན་རུང་བ་ཞིག་ཏུ་སྐྱེ་བའི་རྒྱུ་ནི་ངག་གི་མི་དགེ་བའི་ལས་བཞི་སྟེ། རྫུན་དང་། ཚིག་རྩུབ། ཕྲ་མ། ངག་འཁྱལ་བཅས་སྤོང་བ་དེ་ཡིན། དབང་ཤུགས་དང་སྟོབས་ཆེ་བའི་རྒྱུ་ནི་དཀོན་མཆོག་གསུམ་ལ་གསོལ་བ་འདེབས་པ་དང་། དམིགས་བསལ་དཀོན་མཆོག་གི་ཡོན་ཏན་རྣམས་རང་རྒྱུད་ལ་འཐོབ་པ་དང་དབང་ཐང་ལྡན་པར་ཤོག་ཅེས་སྨོན་ལམ་འདེབས་པ་དེ་ཡིན། སྐྱེས་པར་སྐྱེ་བའི་རྒྱུ་ནི་དུད་འགྲོའི་བྱ་མི་གཅོད་པ་དང་། ཉམས་ལེན་རྒྱུན་ཆད་མེད་པར་བྱ་ཆེད་མིའི་སྟོབས་དང་ནུས་པ་ལ་དགའ་བ་སྒོམ་པ། འཇམ་དཔལ་དབྱངས་དང་རྗེ་བཙུན་བྱམས་པ་མགོན་པོ་སོགས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་འདོན་པ་དང་བསྔགས་པ་བརྗོད་པ་སོགས་ཡིན། ལུས་དང་སེམས་ཀྱི་སྟོབས་ཤུགས་ཆེན་པོར་སྐྱེ་བའི་རྒྱུ་ནི་གཞན་གྱི་མི་ཐུབ་པའི་ལས་བཟང་པོ་སྒྲུབ་པའམ་གཞན་གྱིས་བྱེད་མི་ཐུབ་པར་སྙམ་པའི་དགེ་བའི་ལས་བྱེད་པ་དེ་ཡིན།
ཡོན་ཏན་དེ་དག་ཚང་བའི་འགྲོ་བ་མིར་སྐྱེ་བར་སྨོན་ལམ་འདེབས་རྒྱུ་དང་དེ་དག་སྒྲུབ་བྱེད་ཀྱི་དགེ་བའི་ལས་སྣ་ཚོགས་གསོག་རྒྱུ་གལ་ཆེན་པོ་ཡིན། དེ་བཞིན་ལུས་འདི་དང་སྐྱེ་བ་འདི་བེད་སྤྱོད་ཡག་པོ་ཞིག་ཏུ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། གང་ཡིན་ཟེར་ན། གལ་སྲིད་རང་གི་མི་ཚེ་འདི་བེད་སྤྱོད་ལོག་པ་བཏང་ནས་མི་ངན་པ་ཞིག་བྱས་ན། དེ་བས་ཀྱང་སྡུག་ཏུ་འགྲོ་ངེས་ཡིན། དམིགས་ཡུལ་བཟང་པོ་ཞིག་གི་ཆེད་དུ་བཀོལ་སྤྱོད་ཐུབ་པའི་མི་ལུས་རིན་ཆེན་དེ་རིགས་འཐོབ་པར་སྨོན་ལམ་ཆ་ཚང་བ་ཞིག་རྒྱག་རྒྱུ་གལ་ཆེ། གལ་ཏེ་རང་གི་སེམས་ཀྱི་གོམས་གཤིས་བཟང་པོ་ཞིག་ཡོང་ཆེད་སྒོམ་ཞིག་རྒྱག་འདོད་ན། རང་ལ་ཡོད་པའི་ཁྱད་ཡོན་ཏན་སྣ་ཚོགས་པ་དེ་དག་བསམ་དགོས་པ་དང་། དེ་དག་ལ་དགའ་བ་བསྒོམས་ནས་བདེ་བ་ཚོར་དགོས། དེ་ལྟར་སྐྱེ་བ་འདིའི་སྙིང་པོ་བླངས་ནས་ཡོན་ཏན་དེ་དག་བེད་སྤྱོད་ཚུལ་བཞིན་དུ་བཏང་སྟེ་མི་ཚེ་དོན་དང་ལྡན་པ་བྱེད་དགོས། མི་ཚེ་ཆུད་ཟོས་སུ་མ་བཏང་བར་མ་འོངས་པར་ཕན་པའི་ཆེད་དུ་བེད་སྤྱོད་མ་ནོར་བ་བྱེེད་དགོས། ཁྱེད་རང་གི་རྒྱུད་ལ་གོ་རྟོགས་དེ་འདྲ་ཞིག་ཐོབ་སྐབས། དེ་ནི་ཐོག་མའི་ཀུན་སློང་གི་རིམ་པ་ཡིན།
དོན་དངོས་ཐོག་ཁྱེད་རང་ཚོ་ཚང་མ་འདིར་ཕེབས་དུས་རང་གི་དུས་ཚོད་ཚང་མ་ལས་ཀ་བྱས་ནས་བསྡད་ན་འདང་གི་མེད་པའི་གོ་བ་ཞིག་རྙེད་ཡོད་པའི་རྟགས་རེད། ཁྱེད་རང་ཚོས་དུས་ཚོད་བཏོན་ནས་འདིར་ཆོས་ཉན་པར་ཕེབས་པ་རེད། དེས་ཁྱེད་རང་ཚོར་གོ་རྟོགས་ཆུང་ཆུང་ཞིག་བརྙེད་ཟིན་པ་སྟོན་གྱི་ཡོད། འདིར་ཕེབས་པ་དེ་གོ་རྟོགས་གཅིག་རྙེད་པའི་ཐོག་གཞི་བཞག་ཡོད། རྟོགས་པའམ་ངེས་ཤེས་ཟེར་དུས་རླུང་གི་ཁྲོད་དུ་འཕུར་ཐུབ་པའམ། ཡང་ན་རྡོ་ཞིག་གི་སྒང་དུ་རང་གི་རྐང་རྗེས་འཇོག་ཐུབ་པ་ལའང་ཟེར་གི་མེད། གལ་སྲིད་དེ་འདྲ་ཡིན་ན། ལོ་ངོ་དྲུག་བཅུ་ལྷག་ཉམས་ལེན་བྱས་ཏེ་སྡོད་མཁན་ང་འདྲ་བའི་མི་རྣམས་ལ་ནུས་པ་དེ་ཐོབ་ཡོད་ངེས་ཡིན། དེ་འདྲའི་རིགས་བྱེད་ཐུབ་མཁན་རྣམས་ལ་ཡ་མཚན་ཆེན་པོ་ཞིག་ཏུ་བསམ་རྒྱུ་མེད། དེ་དག་ནི་རྩ་རླུང་དང་དབུགས་འབྱིན་རྔུབ་ཀྱི་ཐོག་ལ་སྒོམ་ཉམས་ལེན་བྱེད་མཁན་རྣམས་ཀྱིས་བྱེད་ཀྱི་ཡོད། ཁོང་ཚོས་བར་སྣང་དུ་འཕགས་པ་སོགས་བྱེད་ཐུབ་ཀྱི་ཡོད། དེ་ལྟར་བྱེད་པ་ངོ་མཚར་གལ་ཆེན་གྱི་གནས་ཤིག་མ་ཡིན། ངོ་ཐོག་ཏུ་མི་དགེ་བ་བཅུ་སྤོང་གི་ལས་སྒྲུབ་རྒྱུ་དེ་བས་ཁག་པ་ཡོད།
གསང་སྔགས་ཉམས་ལེན་གྱི་སྔོན་འགྲོར་མི་དགེ་བའི་ལས་སྤོང་དགོས་གལ།
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤཱ་བོད་དུ་གདན་དྲངས་པའི་སྐབས། ཆོས་རྒྱལ་བྱང་ཆུབ་འོད་ཀྱིས་ལས་འབྲས་ཀྱི་སྐོར་ལ་བཀའ་ཆོས་གནང་རོགས་ཞེས་གསོལ་བ་བཏབ། དེ་ཡང་རྒྱལ་པོས། “ང་ཚོར་གཏིང་ཟབ་པོ་དང་མགོ་རྙོག་ཚ་བའི་གསང་སྔགས་ཀྱི་སྐོར་གསུང་ཆོས་མ་གནང་རོགས་གནང་།” ཞེས་ཞུས་པ་དེས་ཇོ་བོ་རྗེ་ཐུགས་ཧ་ཅང་མཉེས་པར་བྱས་ཡོད། དོན་དངོས་སུ་སྔགས་ཀྱི་ཆོས་དང་དབང་སོགས་ཐོབ་པ་ནི་སེམས་ནང་བག་ཆགས་དང་ས་བོན་ཡག་པོ་ཞིག་འཇོག་ཐུབ་ཀྱི་ཡོད། གལ་ཏེ་རང་ལ་གོ་སྐབས་ཡོད་ན། དེ་ཉམས་སུ་ལེན་པ་ནི་དགེ་བའི་བྱ་བ་རླབས་ཆེན་ཞིག་ཡིན། དེ་ལྟར་བྱེད་ཐུབ་པ་ནི་ཧ་ཅང་སྐལ་པ་བཟང་པོ་རེད། འོན་ཀྱང་ཉམས་ལེན་དེ་བྱེད་པར་ཐོག་མར་མི་དགེ་བའི་ལས་སྣ་ཚོགས་སྤོང་བ་སྔོན་དུ་བཏང་ནས། དེའི་ཐོག་གཞི་བཞག་སྟེ། རྒྱ་ཆེ་བའི་ཀུན་སློང་གི་རིམ་པར་འཇུག་པ་དང་མཐར་གཞན་དོན་ལ་རྩེ་གཅིག་ཏུ་གཞོལ་བའི་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྦྱོང་བ་སོགས་དགོས། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་ཕྱིར་འབད་དགོས། གཞི་རྟེན་དེ་འདྲ་ཞིག་གི་ཐོག་ནས་རིམ་གྱིས་གསང་སྔགས་ཀྱི་ཉམས་ལེན་ནང་འཇུག་པ་ཡིན་ན། དེ་ནི་སངས་རྒྱས་ཀྱི་ས་ལ་བགྲོད་པའི་ཐབས་མྱུར་པོ་དང་གནད་ལ་སྨིན་པ་ཞིག་ཆགས་ཀྱི་ཡོད།
གསང་སྔགས་ནི་སེམས་སྲུང་བའི་ལྐོག་འགྱུར་གྱི་ཐབས་ལམ་ཞིག་དང་འབྲས་བུ་དང་འབྲེལ་བའི་ཉམས་ལེན་གྱི་ཐེག་པ་ཞིག་ཡིན། མདོའི་ནང་རྒྱུན་དུ་རྒྱུ་དང་འབྲེལ་བའི་ཉམས་ལེན་སྐོར་གསུང་གི་ཡོད། དེར་བརྟེན་ཐོག་མར་རྒྱུ་དང་འབྲེལ་བའི་ཐེག་པ་སློབ་སྦྱོང་བྱས་མེད་ན་འབྲས་བུ་དང་འབྲེལ་བའི་ཐེག་པ་ལ་འཇུག་རྒྱུ་མི་སྲིད་པ་ཡིན། རྒྱུ་མེད་པར་འབྲས་བུ་འཐོབ་མི་ཐུབ། ཅི་སྟེ་རང་ངོས་ནས་རྒྱུ་དང་འབྲེལ་བའི་ཐེག་པ་སློབ་སྦྱོང་བྱེད་པའི་ཐོག་ལ་གཞིབཞག་སྟེ་འབྲས་བུ་ཐེག་པའི་ཐོག་ཕྱིན་ན། སངས་རྒྱས་ཀྱི་ས་ལ་བགྲོད་པར་གསང་སྔགས་རྡོ་རྗེ་ཐེག་པ་དེ་ཆེས་མྱུར་བ་དང་གནད་ལ་སྨིན་པ་ཞིག་ཡོང་ཐུབ།
སངས་རྒྱས་ཀྱི་ས་ལ་བགྲོད་པར་སྔགས་ཀྱི་ཐེག་པ་དེ་ཧ་ཅང་མྱུར་པོ་ཡིན་པ་རང་གི་གོ་ཐོས་བྱུང་བ་དང་། ལམ་སེང་དབང་ཞུ་བ་དང་ཉམས་ལེན་ལ་འཇུག་འདོད་སྐྱེས་ན། དེ་ལ་ནུས་པ་ཐོན་རྒྱུ་དཔེ་མི་སྲིད་པའི་ཁག་པོ་རེད། དཔེར་ན། གནམ་གྲུ་ཞིག་གིས་ནམ་མཁར་ཇི་ཙམ་མགྱོགས་པོ་ཕུར་ནའང་། འཕུར་བཞིན་པའི་སྐབས་མི་ཞིག་གིས་གནམ་གྲུའི་ནང་འཛུལ་མི་ཐུབ་པ་ལྟ་བུ་རེད། གནམ་གྲུ་མགྱོགས་པོ་དེའི་ནང་འཛུལ་བར་སྔོན་འགྲོའི་བརྒྱུད་རིམ་ཆ་ཚང་འགྲོ་དགོས། དང་པོ་འགྲུལ་སྐྱོད་ཆོག་པའི་འཛིན་ཤོག་ཉོ་དགོས་པ་དང། ཕྱི་ཚོང་སྒོ་ཁྲལ་སྔོག་བཤེར་བརྒྱུད་དགོས་པ། གནམ་ཐང་ནང་ལམ་ཟུར་རྐང་ལམ་བརྒྱུད་ནས་འགྲོ་དགོས་པ། ཐེམ་སྐས་འཛེགས་དགོས་པ། འགྲུལ་འཁོར་ཆུང་ཆུང་སྤྱོད་དགོས་པ། གནམ་གྲུའི་སྐས་འཛེགས་སྟེང་དུ་འགྲོ་དགོས་པ་སོགས་རིམ་པ་ཆ་ཚང་བརྒྱུད་དགོས། གལ་སྲིད་སངས་རྒྱས་ཀྱི་ས་ལ་ཐེག་པ་མྱུར་པོ་དེ་བརྒྱུད་ནས་འགྲོ་དགོས་ན། རིམ་པ་ཆ་ཚང་འགྲིམས་ནས་ཐེག་པ་མྱུར་བའི་ལམ་དུ་སླེབས་པར་བྱེད་དགོས། དེ་ཡང་མི་དགེ་བའི་ལས་བཅུ་སྤོང་རྒྱུ་གལ་ཆེན་པོ་ཡིན། དེ་ལྟར་བྱས་པ་ལས་རང་ཉིད་ལ་ཐབས་ཚུལ་བརྟན་ཚུགས་པ་ཞིག་འཐོབ་ངེས་རེད།
གལ་སྲིད་འཇམ་དཔལ་དབྱངས་དང་། སྤྱན་རས་གཟིགས། རྗེ་བཙུན་བྱམས་པ་མགོན་པོ་སོགས་ཀྱི་རྣམ་སྤྲུལ་དངོས་སུ་ཕེབས་ཀྱང་ཁོང་རྣམས་ཀྱིས་གདམས་ངག་དེ་ལྟར་གནང་རྒྱུ་ཡིན་པ་གསལ་པོ་རེད། ཅི་སྟེ་རང་ངོས་ནས་སྦྱོང་བརྡར་དང་ཉམས་ལེན་ཡག་པོ་བྱས་ཟིན་ན། རྒྱ་ཆེ་ལ་གཏིང་ཟབ་པའི་གདམས་ངག་དེ་དག་རང་ལ་ཐོབ་པ་ཡོང་གི་ཡོད། གལ་ཏེ་རང་ངོས་ནས་མི་དགེ་བའི་ལས་སྤོང་ཚུལ་གྱི་ཐོག་སློབ་སྦྱོང་བྱས་ཏེ་འགོ་མ་བཙུགས་ན། འཇམ་དཔལ་དབྱངས་དང་རྗེ་བཙུན་བྱམས་པ་མགོན་པོ་སོགས་ཀྱི་དྲུང་ནས་ཆོས་མི་ཐོབ་པ་མ་ཟད། ཁོང་རྣམས་མཇལ་མི་ཐུབ་ལ་མཇལ་སྣང་ཀྱང་ཤར་མི་ཐུབ། གལ་སྲིད་ཉམས་ལེན་ཡག་པོ་བྱས་ཡོད་ན། ཁོང་རྣམས་དངོས་སུ་མཇལ་བའི་དུས་ཚོད་ཅིག་འཆར་གྱི་རེད།
ཇོ་བོ་རྗེ་དང་ཁོང་གི་སློབ་མ་འབྲོམ་སྟོན་པར་སློབ་མ་སྤྲུལ་པའི་སྐུ་མཆེད་གསུམ་ཡོད། དེ་དག་ལས་གཅིག་གི་མཚན་ལ་ཕུ་ཆུང་བ་ཟེར། ཁོང་གིས་དུས་རྟག་ཏུ་སྒོམ་ཉམས་ལེན་གཟབ་ནན་གནང་གི་ཡོད་ཅིང་། སྤྱིར་བཏང་གི་མིའི་ཟས་རགས་པ་བློས་གཏོང་གནང་སྟེ། ལོ་དགུའི་རིང་ཉམས་ལེན་གནང་ཡོད། ཁོང་གིས་དུད་འགྲོའི་ལྕི་བ་འདུས་ནས་རིའི་སྒང་དུ་བཞུགས་པ་དང་། ལྕི་བའི་ནང་མ་འཇུས་པའི་རྩམ་པ་ཡོད་པ་རྣམས་བཙོས་ནས་ཐང་སྐོལ་གྱི་ཡོད། ཉམས་ལེན་གྲུབ་ནས་ལྷ་སར་ལྷ་ཁང་གཙོ་བོའི་ནང་གི་མཚན་སྙན་ཆེ་བའི་སྐུ་འདྲ་མཇལ་བར་ཕེབས་པའི་སྐབས་ཁོང་གིས་རང་ཉིད་དང་ལྷན་དུ་སྒྲོལ་མ་ཉེར་གཅིག་ཕེབས་པ་གཟིགས། ཁོང་གིས། “ང་རང་གྲྭ་པ་གཅིག་ཡིན་པས་ཁྱེད་ཚོ་བུད་མེད་རྣམས་ང་དང་མཉམ་དུ་ཡོང་ན་མི་ལེགས། “ཞེས་གསུངས། སྒྲོལ་མ་ཉེར་གཅིག་གིས། “ཁྱེད་རང་ཐུགས་འཁྲལ་གནང་མི་དགོས། མི་གཞན་སུ་གཅིག་གིས་ཀྱང་ང་ཚོ་མཐོང་མི་ཐུབ།” ཅེས་གསུངས་པ་རེད། ཁོང་ལྷ་སར་ཕེབས་པའི་སྐབས་ལྷ་ཁང་ནང་གི་སྐུ་འདྲ་ཚང་མ་མཇལ་ནས་དངོས་སུ་གསུང་ཐོས་པའང་བྱུང་ཡོད།
ཁོང་ཐོག་མར་རིའི་སྟེང་དུ་སྒོམ་སྒྲུབ་ལ་ཕེབས་སྐབས། སྤང་ལྗོངས་སྟེང་གི་རྩཱ་བསྡུ་རུབ་གནང་ནས་མེར་བསྲེགས་ཏེ་བདུག་སྤོས་ཀྱི་ཚབ་བྱས། ཁོང་གི་སྐུ་ཚེའི་སྟོད་དུ་ཀུན་སློང་གཙང་མའི་ཐོག་ནས་མཆོད་པ་དེ་ལྟར་ཕུལ་སྟབས། སྐུ་ཚེའི་སྨད་དུ་རྩ་ཆེའི་སྨན་རྩྭ་ལས་གྲུབ་པའི་བདུག་སྤོས་ཕུལ་ཐུབ་པ་བྱུང་། སྤོས་རྐང་རེ་རེར་རིན་གོང་དེང་སང་ལྟར་ན། ཧ་ལམ་ཌོ་ལར་དྲུག་བརྒྱ་ཙམ་གྱི་རིན་ཐང་ཡོད།
ལས་གསོག་པ་དང་བྱེད་པ།
ལས་སམ་སྤྱོད་ལམ་ལ་སྡེ་ཚན་སྣ་ཚོགས་ཡོད། ལས་འགའ་ཞིག་ནི་བསགས་ལ་བྱས་པའི་ལས། འགའ་ཞིག་ནི་མ་བསགས་ལ་བྱས་པའི་ལས། འགའ་ཞིག་ནི་བསགས་ལ་མ་བྱས་པའི་ལས། ཡང་འགའ་ཞིག་ནི་མ་བསགས་མ་བྱས་པའི་ལས་བཅས་ཡོད། དེ་དག་ནི་ཁྱེད་རང་ཚོས་མཆན་རྒྱག་དགོས་པའི་གནད་དོན་ཁག་ཡིན། ཁྱེད་རང་ཚོས་དོ་སྣང་བྱེད་འོས་པ་དང་གལ་གནད་ཆེ་ཞིང་། སློབ་སྦྱོང་བྱེད་དགོས་པའི་གནད་དོན་རྣམས་ཡིན། རོབ་ཙམ་ཤེས་ན་མ་འོངས་པར་ཁྱེད་ཚོར་དགེ་རྒན་ཞིག་ཕྲད་དུས་དེའི་སྐོར་ཞིབ་ཅིང་ཕྲ་བ་བཀའ་འདྲི་ཞུས་ན་ཕན་ཐོགས་ཤིན་ཏུ་ཆེ། ད་ལྟ་འགྲེལ་བཤད་རྒྱས་པོ་བརྒྱབ་ན་དུས་ཚོད་ཧ་ཅང་རིང་པོ་འགོར་ངེས་ཡིན།
ཀུན་སློང་དང་ལས།
ཀུན་སློང་དགེ་བ་དང་ལས་མི་དགེ་བ། ཀུན་སློང་མི་དགེ་བ་དང་ལས་དགེ་བ། དེ་ག་ནང་བཞིན་ཀུན་སློང་དང་ལས་གཉིས་ཀ་མི་དགེ་བ་དང་གཉིས་ཀ་དགེ་བའང་ཡིན་སྲིད་པ་རེད། རབ་བྱུང་ན་ཁྱེད་རང་ཚོའི་ཀུན་སློང་དང་ལས་གཉིས་ཀ་དགེ་བ་དང་བཟང་པོ་ཞིག་ཡོད་དགོས། ཀུན་སློང་དགེ་བ་དང་ལས་མི་དགེ་བ་ཡིན་པའི་དཔེ་ཞིག་བཞག་ན། ཁྱེད་ཀྱིས་མི་ཞིག་ལ་སློབ་ཁྲིད་བྱེད་པའི་སྐབས། དེར་སྦྱོང་འདོད་མེད་པ་དང་ཉན་འཇོག་མ་བྱས་ན། ཁྱེད་ཀྱི་ཀུན་སློང་དེ་ཕན་ཕྱིར་ཡིན་པས་དགེ་བ་ཆགས་ཀྱི་ཡོད་ཀྱང་། ལས་དེ་གཞན་ལ་རྡེག་པའམ་གཤེ་བ་སོགས་མི་དགེ་བ་ཡིན་སྲིད་པ་ལྟ་བུ་རེད། ཀུན་སློང་མི་དགེ་བ་དང་ལས་དགེ་བ་ཡིན་པའི་དཔེ་ཞིག་བཞག་ན། མི་ཞིག་ལ་ལས་དོན་བཟང་པོ་ཞིག་ལེགས་གྲུབ་འབྱུང་ལ་ཉེ་བ་ཡོད་པའི་སྐབས་མི་དེར་མགོ་སྐོར་བཏང་ནས་གཞན་ལ་གཡེང་དུ་འཇུག་པ། དཔེར་ན། མི་དེ་གླིང་ག་གཏོང་བར་ཁྲིད་པའམ་ཡུལ་སྐོར་དུ་ཁྲིད་པ་སོགས་དུས་ཚོད་ཆུད་ཟོས་སུ་འགྲོ་བའི་ལས་མཛེས་པོ་དེ་འདྲ་བྱེད་དུ་བཅུག་ནས་ལས་དོན་བཟང་པོ་དེ་འགྲུབ་པར་འགོག་རྐྱེན་བཟོ་བ་ལྟ་བུ་རེད། སྐབས་དེར་རང་གི་ཀུན་སློང་མི་དགེ་བ་ཡིན་ནའང་ལས་དེ་དགེ་བ་ཡིན། ཀུན་སློང་དང་ལས་གཉིས་ཀ་དགེ་བ་ཡིན་པའི་དཔེར་བརྗོད་འགོད་རྒྱུ་ལས་སླ་པོ་རེད།
གནོད་གཞི་ཅན་དང་ཕན་ཐོགས་ཅན་གྱི་འབྲས་བུ།
གཞན་ཡང་བཞི་ཚན་གཅིག་ནི། ཕྱིའི་སྣང་ཚུལ་ལམ་འཕྲལ་དུ་ཕན་ཐོགས་ནའང་ཕུགས་ལ་གནོད་གཞི་ཅན་ཡིན་དང་། འཕྲལ་དུ་གནོད་གཞི་ཅན་ཡིན་ནའང་ཕུགས་སུ་ཕན་ཐོགས་ཅན་ཡིན་པ། འཕྲལ་ཕུགས་གཉིས་ཀར་ཕན་ཐོགས་ལྡན་པ། དེ་ག་ནང་བཞིན་འཕྲལ་ཕུགས་གཉིས་ཀར་གནོད་གཞི་ཅན་ཡིན་པ་བཅས་ཀྱི་ལས་ཀྱང་ཡོད། གལ་ཏེ་འཕྲལ་ཕུགས་གཉིས་ཀར་ཕན་ཐོགས་ཅན་ཡིན་ན་ངེས་པར་དུ་དེ་ལག་བསྟར་བྱེད་དགོས། གལ་སྲིད་འཕྲལ་དུ་གནོད་ཚབས་ཆེ་ནའང་ཕུགས་སུ་ཕན་ཐོགས་ཡོད་པ་ཞིག་ཡིན་ན་དེའང་བྱེད་ན་ཆོག །ཅི་སྟེ་འགོ་སྟོད་དུ་ཕན་ཐོགས་ཆེ་ནའང་ཕུགས་སུ་གནོད་སྐྱོན་ཡོད་པ་ཞིག་ཡིན་ཚེ། མ་བྱས་ན་ལེགས། གལ་སྲིད་འཕྲལ་ཕུགས་གཉིས་ཀར་ཕན་ཐོགས་མེད་པ་ཞིག་ཡིན་ན། དེ་ནམ་ཡང་བྱ་རྒྱུ་མེད། ཁྱེད་རང་ཚོ་ཚང་མ་རྣམ་དཔྱོད་ལྡན་པ་དང་རིག་པོ་རྣོ་པོ་ཤ་སྟག་རེད། དེར་བརྟེན་ཁྱེད་རང་ཚོས་དེ་དག་ལམ་སེང་གོ་རྟོགས་ཐུབ་ཀྱི་རེད།
ལས་ཀྱི་རྩ་འཛིན་བཞི།
ལས་ཀྱི་བཞི་ཚན་གཞན་ཞིག་ནི། ལས་འབྲས་སྤྱིའི་སྣང་ཚུལ་གྱི་སྒོ་ནས། ༡། ལས་ངེས་པ། ༢། ལས་དང་དེའི་འབྲས་བུ་འཕེལ་བ་ ༼ ལས་འཕེལ་ཆེ་བ། ༽ ༣། གལ་ཏེ་ཁྱེད་ཀྱིས་ལས་བྱས་མེད་ན། དེའི་འབྲས་བུ་མྱོང་མི་དགོས་པ་སྟེ། ལས་མ་བྱས་པ་དང་མི་འཕྲད་པ། ༤། གལ་ཏེ་ལས་བྱས་པ་ཡིན་ན། དེ་འཕྲོ་བརླག་ཏུ་མི་འགྲོ་བ་སྟེ། ལས་བྱས་པ་ཆུད་མི་ཟ་བ་བཅས་ཡིན།
ལས་ངེས་པ་ནི། རང་གིས་དགེ་བའི་ལས་ཤིག་བྱས་ན། དེའི་འབྲས་བུ་བདེ་བ་འབྱུང་ངེས་པ་དང། གལ་སྲིད་མི་དགེ་བའི་ལས་ཤིག་བྱས་ན། དེའི་འབྲས་བུ་སྡུག་བསྔལ་དང། དཀའ་ངལ། མི་བདེ་བ་བཅས་འབྱུང་ངེས་པ། དཔེར་ན། འབྲས་བཏབ་ན། དེ་ལས་སྲན་མ་ནམ་ཡང་མི་སྐྱེ་བ་ལྟ་བུ་རེད། ལས་འཕེལ་བ་ནི། དཔེ་ཆ་བཞག་ན། རང་གིས་མ་རྨོས་ལོ་ཏོག་གི་ཚི་གུ་གཅིག་བཏབ་ན། དེ་ལས་མ་རྨོས་ལོ་ཏོག་མང་པོ་འབྱུང་བ་ལྟ་བུ་རེད། དགེ་བའི་ལས་ཆུང་ཆུང་གཅིག་ལས་བདེ་བ་གྱ་ནོམ་པ་འཐོབ་ཀྱི་ཡོད། དེ་དང་ཆབས་ཅིག་མི་དགེ་བའི་ལས་ཆུང་ཆུང་ཞིག་བརྩམས་ན། དེ་ལས་སྡུག་བསྔལ་མི་བཟོད་པ་འོང་སྲིད་པ་ལྟ་བུའོ།།
འདིར་ལས་ངེས་པའི་དཔེ་མཚོན་ཞིག་ནི། མི་རྣམས་ཀྱིས་མཆོད་རྟེན་བཞེངས་པའི་སྐབས། ལས་འཆར་དེའི་ཁྲོད་ཀྱི་ལས་མི་གཅིག་ལ་དཀའ་ངལ་མང་པོ་འཕྲད་པ་དང་ཁོ་པས་རྟག་ཏུ་དེའི་སྐོར་གོང་རིམ་ལ་ཞུ་གི་ཡོད། མཆོད་རྟེན་བཞེངས་གྲུབ་པ་དང་མི་དེས་དེར་བལྟས་ནས། “མཐར་དེ་ཡག་པོ་འདུག་” ཅེས་བཤད་དེ་ཧ་ཅང་སྐྱིད་པོ་ཚོར་བ་རེད། དེ་ནས་ཁོ་པས་རང་གི་གླ་ཕོགས་བེད་སྤྱད་དེ་མཆོད་རྟེན་གྱི་རྩེ་མོར་འདོགས་བྱེད་དམིགས་བསལ་དྲིལ་བུ་ཞིག་ཉོས། དེའི་འབྲས་བུར་སངས་རྒྱས་ཀྱི་སྐུ་དུས་སུ་ཁོ་པ་སྐད་ཧ་ཅང་སྙན་པོ་ཡོད་པའི་མི་ཞིག་གི་སྐྱེ་བར་བླངས། མི་དེ་ལ་སྐད་ཧ་ཅང་སྙན་པོ་ཡོད་ནའང་། ཁོང་གི་གཟུགས་པོ་ཧ་ཅང་མདོག་ཉེས་ལ་ལྟ་ན་མི་སྡུག་པའི་ཆུང་ཆུང་ཞིག་ཏུ་སྐྱེས་པ་རེད། ཁོ་པའི་སྐད་སྙན་པོ་ཡོད་སྟབས། ཐ་ན་དུད་འགྲོ་རྣམས་ཀྱིས་ཀྱང་ཁོ་པས་ཁ་འདོན་བྱེད་སྐབས་དེར་ཉན་དུ་འགྲོ་གི་ཡོད། ཉིན་གཅིག་ས་གནས་དེ་གའི་རྒྱལ་པོ་སངས་རྒྱས་མཇལ་བར་ཡོང་བ་དང་། གྲྭ་པ་དེའི་སྐད་སྙན་པོ་དེ་ཐོས་པ་དང་། གྲྭ་པ་དེ་ཐུག་འདོད་ཡོད་ཅེས་ཞུས། སངས་རྒྱས་ཀྱིས། “མ་ཐུག་ན་དགའ།” ཞེས་བཀའ་བསྩལ། འོན་ཀྱང་རྒྱལ་པོས་ཨུ་ཚུགས་ནན་སྐུལ་ཞུས་པས། སངས་རྒྱས་ཀྱིས་གྲྭ་པ་དེ་ཐུག་པར་ཁྲིད་གནང་བ་རེད། རྒྱལ་པོས་གྲྭ་པ་དེ་གཟུགས་བྱད་ཤིན་ཏུ་མི་མཛེས་ཤིང་མདོག་ཉེས་པོ་ཡོད་པ་དེ་མཐོང་བས། སྐད་སྙན་པོ་དེ་འདྲ་དང་གཟུགས་མི་མཛེས་པ་དེ་འདྲ་ཅི་ལགས་སམ་ཞེས་ཞུས་པས། སངས་རྒྱས་ཀྱིས་གྲྭ་པ་དེའི་སྐྱེ་བ་སྔོན་མའི་སྐོར་འགྲེལ་བཤད་མཛད་གནང་བ་རེད།
འདིར་ལས་འཕེལ་བའི་དཔེ་ཁ་ཤས་ཡོད། མི་ཞིག་གིས་གྲྭ་པ་ཞིག་ལ། “ཁྱེད་རང་གི་སྐད་ཁྱིའི་སྐད་འདྲ་པོ་འདུག” །ཅེས་བརྗོད་པས། དེའི་འབྲས་བུར། སྐྱེ་བ་ལྔ་བརྒྱ་ཐམ་པ་ཁྱིའི་སྐྱེ་བ་བླངས་ཡོད། དེར་བརྟེན་གཞན་ལ་གནོད་པའི་མིང་དང་། ཚིག་རྩུབ། ཕྲ་མ་སོགས་མི་འབོད་རྒྱུ་གཟབ་ནན་བྱེད་དགོས། གང་ཡིན་ཟེར་ན། ངག་གི་མི་དགེ་བའི་ལས་སྣ་གཅིག་ཐོན་པའི་ཉེར་ལེན་ལས་སྡིག་པ་ཤིན་ཏུ་ཆེན་པོ་གསོག་སྲིད་པ་ཡིན།
སངས་རྒྱས་ཀྱི་སློབ་མའི་ཁོངས་ལས་ཤཱ་རིའི་བུ་ནི་དམིགས་བསལ་ཤེས་རབ་ཀྱི་རྩལ་རྨད་དུ་བྱུང་བས་ཡོངས་སུ་གྲགས། སྐྱེ་བ་མང་པོའི་སྔོན་ཞིག་ལ་ཁོང་ཡིག་སྐྱེལ་བའམ་སྦྲག་པ་ཞིག་གི་སྐྱེ་བ་བླངས། ཐེངས་གཅིག་མཚན་མོ་ཁོང་སངས་རྒྱས་ཀྱི་སྐུ་བརྙན་གྱི་ལྡེབས་རིས་སྙིང་རྗེ་པོ་ཞིག་ཡོད་སའི་ལྷ་ཁང་ཞིག་གི་ནང་བཞུགས། ཁོང་གིས་རང་གི་ལྷམ་ལ་ལྷན་པ་གླན་ཕྱིར་སྒྲོན་མེ་ཞིག་སྤར་བས། སངས་རྒྱས་ཀྱི་སྣང་བརྙན་ཚང་མ་མཇལ་ཐུབ་པ་བྱུང་། དེའི་འབྲས་བུར། ད་ཆ་ཁོང་ཤེས་རབ་ཕུལ་དུ་བྱུང་བ་ཞིག་ལ་སྐྱེ་བ་བླངས་པ་རེད།
དེའི་རྗེས་ལས་ཀྱི་དབྱེ་བ་ནི། ལས་མ་བྱས་པ་དང་མི་འཕྲད་པ་དེ་ཡིན། འོན་ཀྱང་རང་གིས་ལས་ཤིག་བསགས་ན། དུས་ཀྱི་སྔ་ཕྱི་ཙམ་ལས་དེའི་འབྲས་བུ་སོ་སོས་མྱོང་དགོས་ཀྱི་ཡོད། གལ་ཏེ་རང་གིས་དགེ་བའི་ལས་ཤིག་བྱས་པ་ན། ཁོང་ཁྲོས་དགེ་རྩ་དེ་དག་ཐམས་ཅད་འཇོམས་ཐུབ་ཀྱི་ཡོད། གལ་སྲིད་རང་གིས་མི་དགེ་བའི་ལས་ཤིག་བྱས་ན། དེ་ནོར་འཁྲུལ་ཡིན་པར་དྲང་པོར་ཁས་བླངས་ནས་གཉེན་པོ་སྟོབས་བཞི་བསྟེན་པ་ན། མི་དགེ་བའི་ལས་དེ་དག་ཁྱེད་ཀྱིས་དག་སྦྱོང་བྱེད་ཐུབ། དེ་མིན་རང་གིས་གང་བྱས་པའི་ལས་ཀྱི་འབྲས་བུ་རང་གིས་མྱོང་དགོས་ཀྱི་ཡོད། ཁོང་ཁྲོས་བདེ་བའི་རྩ་བ་དགེ་བའི་ལས་ཀྱི་ནུས་པ་ཆ་ཚང་མེད་པ་བཟོ་ཐུབ་ཀྱི་ཡོད། དེ་ལྟའི་བདེ་སྐྱིད་ནི་གནམ་གྲུ་འབབ་ཐང་དུ་གློག་པར་གྱི་འཕྲུལ་འཁོར་བརྒྱུད་སྤྱིན་ཤོག་འོད་ལ་སྟོན་སྐབས། དེས་སྤྱིན་ཤོག་ནང་གི་གཟུགས་བརྙན་ཚང་མ་རྩ་མེད་གཏོང་བ་དང་འདྲ་བ་ཡིན།
ཐེངས་གཅིག་མཚན་ལ་སྔོ་བསངས་མོ་ཞེས་བྱ་བའི་རྒྱལ་མོ་ཞིག་ཡོད་པ་དེས་མོ་རང་གི་གཡོག་མོ་ཞིག་དང་མཉམ་དུ་གླིང་ཁ་གཏོང་བར་བསྐྱོད། གླིང་ཁ་གཏོང་སའི་གནས་དེར་སྡོང་པོ་ལྡུམ་བུ་ཞིག་ཡོད་པའི་སྟེང་བྱ་གོང་མ་སྲེག་ཆུང་ཆུང་འགས་ཚང་བསགས་ནས་ཡོད། རྒྱལ་མོ་དང་གཡོག་མོས་རྩེད་མོ་དང་སྐྱིད་པོ་ཡོང་ཞོར་དུ་སྡོང་པོ་ལྡུམ་བུ་མེར་བསྲེགས་པ་དང་། བྱེའུ་ཚང་མ་བསད་པ་རེད། སྐབས་དེར་གཡོག་གཞན་ཞིག་ཡོད་པ་དེས་ཆུ་ལེན་པར་བསྐྱོད་ནས་སྲོག་གཅོད་ཀྱི་ལས་དེའི་ནང་མེད། ཕྱིས་སུ་སངས་རྒྱས་ཀྱི་སྐུ་དུས་སུ། རྒྱལ་མོ་དེ་སྐྱེས་པ་ཞིག་གི་སྐྱེ་བ་བླངས་ནས་རབ་ཏུ་བྱུང་སྟེ་དགྲ་བཅོམ་པའི་གོ་འཕང་ཐོབ་པ་དང་རྫུ་འཕྲུལ་གྱི་སྟོབས་སྣ་ཚོགས་ཐོབ། གཡོག་མོ་དེ་དུས་མཚུངས་སུ་གྲྭ་པ་ཞིག་གི་སྐྱེ་བར་བླངས་ཀྱང་། དགྲ་བཅོམ་པའི་གོ་འཕང་མ་ཐོབ། ཁོ་གཉིས་ཀྱི་སྔོན་གྱི་སྐྱེ་བ་དུ་མའི་ནང་བསགས་པའི་ལས་ཀྱི་མཐུ་ལས་ཉིན་གཅིག་ཁོ་གཉིས་ཀྱི་ཁང་པར་མེ་ཤོར་བ་རེད། སྔོན་མ་རྒྱལ་མོ་ཡིན་པའི་དགྲ་བཅོམ་པ་དེའི་རྒྱུད་ལ་སྔོན་གྱི་མི་དགེ་བའི་ལས་ཀྱི་ནུས་པ་ད་དུང་ཡོད་པས། རྫུ་འཕྲུལ་གྱི་ནུས་པ་བེད་མེད་དུ་གྱུར་ཏེ་མེའི་ནང་གྲོངས་པ་རེད། འདི་ནི་ལས་བྱས་པ་ཆུད་མི་ཟ་བའི་དཔེ་མཚོན་ཞིག་ཡིན། མཐར་ལས་ཀྱི་འབྲས་བུ་མྱོང་དགོས་པ་ཡིན། སྔོན་མ་ཆུ་ལེན་པར་འགྲོ་མཁན་གཡོག་མོ་དང་ད་ལྟ་གྲྭ་པ་ཡིན་མཁན་དེ་ཁང་པའི་ནང་མེ་ཤོར་བའི་སྐབས་ཆུ་ཡུར་ཞིག་བརྒྱུད་དེ་ཐར་ཐུབ་པ་བྱུང་། དེ་ནི་མ་བྱས་པ་མི་འཕྲད་པའི་དཔེ་ཡིན། དེའི་འབྲས་བུ་རང་གིས་མྱོང་མི་དགོས།
དགྲ་བཅོམ་པའི་རྒྱུད་ལ་ད་དུང་མི་དགེ་བའི་ལས་ཇི་ལྟར་ལྷག་ཡོད་དམ་ཞེས་པའི་དྲི་བ་ཡོང་གི་ཡོད། དེ་ནི་མི་དགེ་བའི་ལས་མེད་པ་བཟོ་བྱེད་ཀྱི་གཉེན་པོ་སྣ་ཚོགས་པ་སྟེན་ཕྱོགས་ཀྱི་ཐོག་ནས་ཤེས་རྟོགས་ཐུབ་པ་ཞིག་ཡིན། གལ་སྲིད་གཉེན་པོ་རྣམས་ཚུལ་བཞིན་དུ་མ་ནོར་བར་བསྟེན་ཡོད་ན། མི་དགེ་བའི་ལས་ཀྱི་བག་ཆགས་དང་བཅས་པ་རྩ་བ་ནས་མེད་པ་བཟོ་ཐུབ། འོན་ཏེ་གཉེན་པོ་ཚུལ་བཞིན་དུ་མ་བསྟེན་ན། གང་དུ་སླེབས་ཀྱང་མི་དགེ་བའི་ལས་ཀྱི་ནུས་པའམ་བག་ཆགས་ཏོག་ཙམ་ཞིག་ལྷག་ངེས་ཡིན།
ལས་ཀྱི་སྐོར་བདེན་པ་ཡིན་པའི་གདེང་ཚོད་ཐོབ་པ།
ལས་ཏེ་སྤྱོད་ལམ་དང་འབྲས་བུའི་རྣམ་གཞག་གི་བརྗོད་གཞི་འདི་ནི་དཔེ་མི་སྲིད་པའི་བརྗོད་བྱ་ཁྱད་པར་དུ་འཕགས་པ་ཞིག་ཡིན། དེའི་སྐོར་རྒྱས་པ་མདོ་མཛངས་བླུན་ནས་ཤེས་རྟོག་ཐུབ། ཕྱག་དཔེ་དེའི་ནང་གི་ལོ་རྒྱུས་སྣ་ཚོགས་པ་དེ་དག་ཧ་ཅང་སྙན་པོ་དང་ཀློག་འདོད་སྐྱེ་འོས་པ་ཞིག་ཡོད། ལུང་ལ་གཞི་རྟེན་བྱས་ནས་རྒྱུ་འབྲས་ཀྱི་རྣམ་གཞག་ཐད་རང་ལ་ཡིད་ཆེས་པའི་དད་པ་རྙེད་ཐུབ། དེ་ནི་རྒྱུ་མཚན་རིག་པ་ཁོ་ནའི་ཐོག་ནས་ར་སྤྲོད་ཁུངས་སྐྱེལ་བྱེད་དགོས་པའི་གནད་དོན་ཞིག་མ་ཡིན།
སངས་རྒྱས་ཀྱི་ལུང་ལ་ཡིད་ཆེས་ཀྱི་དད་པ་ཇི་ལྟར་རྙེད་ཐུབ་བམ་ཞེས་སྐད་ཆ་དྲིས་ན། དེ་ནི་སངས་རྒྱས་ཀྱིས་སྟོང་པ་ཉིད་པ་དང་དངོས་པོའི་གནས་ལུགས་ཐོག་གང་གསུངས་པའི་ཐོག་ལ་བསམ་བློ་བཏང་བ་དང་དཔྱད་པ་བྱས་ཏེ་ཡོང་དགོས། གསུང་དེ་དག་ནི་ཡང་དག་པ་ཞིག་ཡིན། གལ་སྲིད་དེའི་སྐོར་བསམ་བློ་བཏང་བ་ན། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་རྒྱུ་མཚན་རིག་པ་ལ་བརྟེན་ནས་ཁུངས་སྐྱེལ་བྱེད་ཐུབ། གལ་ཏེ་སངས་རྒྱས་ཀྱིས་དངོས་པོའི་གནས་ལུགས་ཐད་གང་གསུངས་པ་དེ་ཡང་དག་པ་ཡིན་པ་རྒྱུ་མཚན་རིག་པ་ལ་གཞི་རྟེན་བྱས་ནས་ཡིད་ཆེས་ཀྱི་དད་པ་ཞིག་རྙེད་ན། དེའི་ཐོག་གཞི་བཞག་སྟེ་ལས་འབྲས་ཀྱི་སྐོར་ལའང་སངས་རྒྱས་ཀྱིས་གང་གསུངས་པ་དེ་བདེན་པ་ཡིན་པའི་ཡིད་ཆེས་ཀྱི་དད་པ་ཞིག་གཅིག་མཚུངས་སུ་རྙེད་ཐུབ་པ་ཡོང་གི་ཡོད།
གལ་སྲིད་བྱམས་བརྩེ་དང་སེམས་པ་བཟང་པོ་གོང་འཕེལ་གཏོང་རྒྱུ་དང་། གཞན་དོན་གྱི་ཆེད་དུ་དམིགས་པའི་བསམ་པ་དང་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བརྩོན་པ། དེ་བཞིན་བྱང་ཆུབ་ཀྱི་སེམས་བསྐྱེད་པ་སོགས་སངས་རྒྱས་ཀྱིས་བཀའ་བསྩལ་བ་ནང་བཞིན་བྱས་ཡོད་ན། དོན་ངོར་མར་ཁྱེད་རང་ལ་བཀྲ་ཤིས་ལོ་ལེགས་དང་ཚང་མ་གྲ་འགྲིག་པོ་ཡོང་གི་རེད། ཅི་སྟེ་སྟོང་པ་ཉིད་ཀྱི་སྐོར་ལ་སངས་རྒྱས་ཀྱིས་གང་གསུངས་པའི་ཐད་བསམ་བློ་བཏང་ནས་རྒྱུ་མཚན་རིམ་པ་བཞིན་ཕྱིན་པ་ན། རྒྱུ་མཚན་རིག་པའི་ནུས་སྟོབས་ཀྱི་ཐབས་ལམ་གཞིར་བཞག་ཐོག་དེ་ནི་ཕྱོགས་གང་ཐད་ནས་རྒྱུ་མཚན་ལྡན་པ་དང་ཡང་དག་པ་ཞིག་ཡིན་པར་ཤེས་རྟོགས་ཐུབ། གནད་དོན་དེའི་ཐོག་གཞི་བཞག་སྟེ་སངས་རྒྱས་ཀྱིས་གསུངས་པའི་ཆོས་གཞན་གྱི་ཐོག་ལ་ཡིད་ཆེས་རྙེད་པ་ཡོང་གི་ཡོད། དེ་མིན་བརྒྱུད་རིམ་དེ་ལྟར་མ་ཕྱིན་ན། སངས་རྒྱས་ཀྱི་བཀའ་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོ་ཞིག་རྙེད་ཐུབ་རྒྱུ་ཁག་པོ་རེད། དཔེར་ན། མདོ་མཛངས་བླུན་ལྟ་བུའི་གཞུང་བཀླགས་པ་ཡིན་ན། དེ་ནི་ལྷ་སྒྲུང་ངམ་རྟོག་སྒྲུང་ཕྱོགས་སྒྲིག་བྱས་པའི་དེབ་ཅིག་ཏུ་བསམ་སྲིད། དེར་བརྟེན་ལས་རྒྱུ་འབྲས་ཀྱི་རྣམ་གཞག་དང་། སྤྱོད་ལམ་དང་དེའི་མཇུག་འབྲས་ལ་བསམ་ཞིབ་བྱ་རྒྱུ་ཤིན་ཏུ་གལ་ཆེ།
སྐྱབས་འགྲོ། སངས་རྒྱས།
ལས་རྒྱུ་འབྲས་ཀྱི་རྣམ་གཞག་གཞིར་བཟུང་མི་ཚེ་སྐྱེལ་ཐབས་བྱེད་པའི་དགོས་དོན་ནི་སྐྱབས་སུ་འགྲོ་སྐབས་རང་ལ་སྦྱོང་བརྡར་གཏོང་རྒྱུ་དང་། ཕྱོགས་གཞན་ཞིག་ནས་རང་གི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་ཞིག་འཚོལ་ཕྱིར་ཡིན། དེར་བརྟེན་སྐྱབས་སུ་འགྲོ་བའི་སྐབས་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་ཞིག་སྦྱིན་ཐུབ་པའི་སྐྱབས་སུ་འགྲོ་བའི་ཡུལ་བརྟན་པོ་ཞིག་དགོས། ཡུལ་དེ་ལ་གསུམ་ཡོད་པས། གསུམ་པོ་གང་རེད་དམ་ཞེ་ན། སངས་རྒྱས་དང། ཆོས། དགེ་འདུན་གསུམ་ཡིན་པ་ང་ཚོས་ཤེས་ཀྱང་། སངས་རྒྱས་ཞེས་པ་གང་རེད་དམ་ཞེ་ན། དེ་ཤེས་ཀྱི་མེད་པ་རེད། བྱས་ཙང་། སངས་རྒྱས་ཞེས་པ་ནི། སེམས་ཡོངས་སུ་གསལ་ཞིང་ཡོན་ཏན་མཐར་ཕྱིན་པའི་གང་ཟག་ཅིག་ཡིན། སེམས་ཡོངས་སུ་གསལ་བའམ་སངས་པ་ཞེས་པ་ནི་བོད་སྐད་ནང་གི་སངས་རྒྱས་ཞེས་པའི་སྐབས་ཀྱི་ཚིག་དང་པོ་དེ་ཡིན་ཞིང་། དེའི་དོན་ནི་སེམས་ཉོན་མོངས་པ་དང་མི་དགེ་བའི་སྤྱོད་ཚུལ་མཐའ་དག་ལས་ཡོངས་སུ་སངས་པར་གོ་བ་ཡིན། ཡོན་ཏན་མཐར་ཕྱིན་པའམ་རྒྱས་པ་ནི་བོད་སྐད་ནང་གི་སངས་རྒྱས་ཞེས་པའི་སྐབས་ཀྱི་ཚིག་གཉིས་པ་དེ་ཡིན་ཞིང་། ཡོན་ཏན་ཐམས་ཅན་ལྡན་ཞིང་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་གཟིགས་པའི་དོན་ཡིན། དེར་བརྟེན་སངས་རྒྱས་ནི་སེམས་ཡོངས་སུ་གསལ་ཞིང་ཡོན་ཏན་མཐར་ཕྱིན་པ་དེ་ཡིན།
སངས་རྒྱས་འཇིག་རྟེན་འདིར་བྱོན་པ།
ཐོག་མར་སངས་རྒྱས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཕྱིར་འཇིག་རྟེན་འདིར་བྱོན། དེ་ལྟར་ཕན་འདོགས་པའི་སླད་དུ་སེམས་ཡོངས་སུ་གསལ་ཞིང་ཡོན་ཏན་མཐར་ཕྱིན་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་ཆེད་ཆོད་སེམས་བརྟན་པོ་དང་ཤུགས་དྲག་པོ་ཞིག་མཛད། དེ་ནི་གཞན་དོན་ལ་བརྩེ་གཅིག་ཏུ་གཞོལ་བའི་བྱང་ཆུབ་ཀྱི་སེམས་གོང་མཐོར་གཏོང་ལུགས་དེ་ཡིན། དེ་སྒྲུབ་པར་ཐུགས་ལ་དམ་བཅའ་མཛད་པ་ཙམ་མིན་པར། བསྐལ་ཆེན་གྲངས་མེད་གསུམ་ཚོགས་བསགས་ནས་མཐར་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་ཐོབ།
བསྐལ་པ་ཡ་ཐོག་སྐབས་མིའི་ཚེ་ཚད་ནི་ཧ་ཅང་རིང་ཞིང་བོད་སྐད་ནང་བསྐལ་ཆེན་གྲངས་མེད་ཅེས་བརྗོད། དེ་ཡང་ཚད་མེད་པ་ལ་ཟེར་གྱི་མེད། འོན་ཀྱང་བརྩི་མི་ཐུབ་པ་ཞིག་ཡིན། ལོ་ངོ་བརྒྱ་ཕྲག་རེ་རེ་ཕྱིན་པ་དང་ཚེ་ཚད་ལོ་གཅིག་གི་ཉུང་དུ་ཉུང་སོང་ནས། མཐར་ཚེ་ཚད་ལོ་བཅུར་ཆགས་སྲིད། དེ་ནས་བསྐྱར་དུ་ཚེ་ཚད་ལོ་བརྒྱད་སྟོང་མ་སླེབས་བར་དུས་རབས་རེའམ་ལོ་བརྒྱ་རེའི་ནང་ལོ་གཅིག་འཕར་སྲིད། དེ་ནས་ཡང་བསྐྱར་མར་ཆག་ནས་ཚེ་ལོ་བཅུ་ལ་སླེབས་ངེས་ཡིན། དེ་ལྟར་ཐེངས་བཅོ་བརྒྱད་ཙམ་འཕར་ཆག་སོང་ནས་བར་སྐལ་ཞིག་ཆགས་ཀྱི་རེད། དུས་ཀྱི་རིམ་པ་དེ་བརྒྱུད་ནས་འཇིག་རྟེན་གྱི་ཁམས་འདི་ཡང་གནས་བབས་ངེས་ཅན་ཞིག་ཏུ་གནས་པའི་སྐབས། དེ་ལ་བར་བསྐལ་ཉི་ཤུ་ཞེས་སུ་གྲགས་པ་ཡིན། དེའི་རྗེས་སུ་བར་བསྐལ་ཉི་ཤུ་གཞན་ཞིག་ཤར་བ་དང་། དེ་ནི་འཇིག་པའི་བསྐལ་བ་ཡིན་ཞིང་། འཇིག་རྟེན་གྱི་ཁམས་འཇིག་པའི་དུས་ཡིན། དཔེར་ན། དེའང་ཉི་མ་བདུན་ཤར་ནས་ཉིན་བདུན་ནང་འཚིག་པའི་སྣང་བ་ཤར་བ་དང་། འཇིག་རྟེན་ཐམས་ཅད་འཚིག་འགྲོ་གི་ཡོད། འཇིག་རྟེན་ཁམས་སྟོང་པ་དང་བར་བསྐལ་ཉི་ཤུ་གཞན་ཞིག་བྱུང་། དེའི་རྗེས་སླར་ཡང་བར་བསྐལ་ཉི་ཤུ་འོང་ནས་རླུང་གི་དཀྱིལ་འཁོར་ (བར་སྣང་གི་ཁམས་) ནས་འགོ་ཚུགས་ཏེ་འཇིག་རྟེན་གྱི་ཁམས་ཆགས་པའམ་གྲུབ་ཀྱི་ཡོད། བརྒྱུད་རིམ་དེ་ཆ་ཚང་ལ་བར་བསྐལ་བརྒྱད་བཅུ་ཡོད། དེ་ནི་བསྐལ་ཆེན་གཅིག་དང་མཚུངས། གལ་སྲིད་དེ་གྲངས་མེད་གཅིག་གིས་བསྒྱུར་ན། བསྐལ་ཆེན་གྲངས་མེད་གཅིག་ཆགས་ཀྱི་ཡོད། སངས་རྒྱས་ཀྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་ནས་སེམས་ཡོངས་སུ་གསལ་ཞིང་ཡོན་ཏན་མཐར་ཕྱིན་པ་ཐུགས་སུ་འཆུད་ཕྱིར་དེ་ལྟ་བུའི་བསྐལ་ཆེན་གྲངས་མེད་གསུམ་ཚོགས་བསགས་ཡོད།
སངས་རྒྱས་འཇིག་རྟེན་དུ་དངོས་སུ་བྱོན་པའི་སྐབས་མུན་བསྐལ་དང་སྒྲོན་མེའི་བསྐལ་པ་ཆེན་པོ་ཡོད། ད་ལྟ་ང་ཚོ་གང་དུ་སྡོད་སའི་བསྐལ་ཆེན་འདི་སྒྲོན་མེའི་བསྐལ་པ་ཡིན་ཞིང་བསྐལ་པ་བཟང་པོ་ཞེས་བྱ་བ་ཡིན། བསྐལ་པ་བཟང་པོ་དེའི་སྐབས། དགེ་བའི་བཤེས་གཉེན་དུ་སངས་རྒྱས་སྟོང་ཚོ་གཅིག་བྱོན། སངས་རྒྱས་དང་པོ་གསུམ་ནི་མིའི་ཚེ་ཚད་ལོ་དྲུག་ཁྲི་དང་། བཞི་ཁྲི། ཉི་ཁྲི་བཅས་ཡིན་པའི་སྐབས་བྱོན། གྲངས་ཚད་དེ་དག་ཏག་ཏག་ཡིན་མིན་ངེས་བརྟན་མེད། ངས་གཞུང་ནང་ཞིབ་འཇུག་བྱེད་ཀྱི་ཡིན། མིའི་ཚེ་ཚད་ལོ་བརྒྱ་རུ་སླེབས་པའི་སྐབས་འདིར་རྣམ་འདྲེན་བཞི་པ་སངས་རྒྱས་ཤཀྱཱ་ཐུབ་པ་འཇིག་རྟེན་འདིར་བྱོན། དེ་ནི་ཚེ་ཚད་མར་འགྲིབ་པའི་སྐབས་ཡིན།
ཚེ་ཚད་ལོ་བཅུ་ནས་བསྐྱར་དུ་བརྒྱད་ཁྲིའི་བར་ཡར་འཕེལ་བའི་སྐབས། འཁོར་ལོས་བསྒྱུར་བའི་རྒྱལ་པོ་འབྱུང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རིགས་བཞི་ཡོད་པ་ནི། གསེར་དངུལ་ཟངས་ལྕགས་ཀྱི་འཁོར་ལོས་གླིང་བཞིའི་སྐྱེ་བོ་ལ་དབང་བསྒྱུར་བའི་ངང་ཚུལ་ཅན། སངས་རྒྱས་བྱོན་པའི་སྐབས་མི་ཁག་ཅིག་ལོ་ངོ་བརྒྱ་བར་གནས་ཡོད། ད་ཆ་མི་ལོ་བརྒྱ་སྡོད་མཁན་ཧ་ཅང་དཀོན། ཚེ་ཚད་ནི་རིམ་གྱིས་འགྲིབ་འགྲོ་བ་དང་། མཐར་ཚེ་ལོ་བཅུ་བར་སླེབས་ངེས། དེ་ནས་ག་ལེར་དུས་ཡུན་རིང་པོའི་ནང་བསྐྱར་དུ་ཚེ་ཚད་འཕེལ་བ་ཡིན། ཚེ་ཚད་ལོ་ངོ་བརྒྱད་ཁྲི་བར་སླེབས་སྐབས་མ་འོངས་སངས་རྒྱས་རྗེ་བཙུན་བྱམས་པ་མགོན་པོ་འབྱོན་པར་འགྱུར་བ་ཡིན།
སངས་རྒྱས་ཀྱི་སྐུའི་ཡོན་ཏན།
སངས་རྒྱས་ཤཀྱཱ་ཐུབ་པ་དང་རྗེ་བཙུན་བྱམས་པ་མགོན་པོ་ལྟ་བུ་སེམས་ཡོངས་སུ་གསལ་ཞིང་ཡོན་ཏན་མཐར་ཕྱིན་པའི་གང་ཟག་གི་མཚན་གཞི་ཡིན་པ་ང་ཚོས་ཤེས་ཐུབ། སངས་རྒྱས་རྣམས་ལ་སྐུ་སྣ་ཚོགས་ཡོད། ཡེ་ཤེས་ཆོས་སྐུ་དང་། གཟུགས་སྐུ་སྣ་ཚོགས་པ། ལོངས་སྐུ། སྤྲུལ་སྐུ་བཅས་ཡོད། ཡེ་ཤེས་ཆོས་སྐུ་ནི་སངས་རྒྱས་ནང་ཕན་ཚུན་ཁོ་ནའི་སྤྱོད་ཡུལ་ཡིན་ཞིང་། ས་ཐོབ་པའི་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱིས་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་དངོས་སུ་མཇལ་ཐུབ་པ་ལས་ས་འོག་མ་དང་བྱང་སེམས་སོ་སྐྱེ་ཐེ་བའི་སྐྱེ་བོ་ཐ་མལ་བའི་སྣང་ངོར་མཇལ་མི་ཐུབ།
སྤྲུལ་སྐུ་ལ་མཚོན་ན་མཆོག་གི་སྤྲུལ་སྐུ་དང་། བཟོ་བོ་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ་བཅས་ཡོད། མཆོག་གི་སྤྲུལ་སྐུ་ནི་སོ་སོ་སྐྱེ་བོ་ཐ་མལ་པས་མཇལ་ཐུབ་ཅིང་དངོས་སུ་ཐུག་ཐུབ། སོ་སོ་སྐྱེ་བོས་མཆོག་གི་སྤྲུལ་སྐུ་མཇལ་ཐུབ་ཀྱང་དངོས་སུ་མཇལ་བར་ལས་དང་། བྱ་བ། ནུས་པ་བཅས་ལྷད་མེད་པ་ཅིག་དགོས། དེ་མིན་ང་ཚོ་དང་འདྲ་བའི་སོ་སོ་སྐྱེ་བོ་རྣམས་ཀྱིས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱ་བཅུས་བརྒྱན་པའི་མཆོག་གི་སྤྲུལ་སྐུ་དངོས་སུ་མཇལ་མི་ཐུབ། གང་ཡིན་ཞེ་ན། མཆོག་གི་སྤྲུལ་སྐུས་ཞི་བ་མྱང་འདས་ཀྱི་མཛད་པ་སྔོན་ཚུད་ནས་བསྟན་ཟིན་པ་དང་། དངོས་སུ་མཇལ་རྒྱུའི་སྤྲུལ་སྐུ་ང་ཚོའི་གཡས་གཡོན་དུ་བཞུགས་མེད།
མཆོག་གི་སྤྲུལ་སྐུའི་སྤྱི་གཙུག་ཏུ་ཅོད་པན་ཞིག་ཡོད་ཅིང་། ཕྱག་མཐིལ་དུ་ཆོས་ཀྱི་འཁོར་ལོའི་པར་རྗེས་མངོན་གསལ་དོད་པོ་ཡོད། དཔུང་པ་ནི་སེང་གེའི་དཔུང་དང་འདྲ་བར་གཟེངས་སུ་ཐོན། དེང་སང་སྒྲིག་ཆས་གྱོན་པའི་གཞུང་ཞབས་རྣམས་ལ་དཔུང་རྟགས་ཤིག་ཡོད་རེད། མ་རེད་དམ། གཅིག་བྱས་ན་ཁོང་ཚོ་མཆོག་གི་སྤྲུལ་སྐུ་ཡིན་སྲིད་པ་རེད། མ་རེད་དམ། མཆོག་གི་སྤྲུལ་སྐུའི་སེན་མོ་ཟངས་མདོག་ཡིན་ཞིང་དེ་ནི་སེན་ཚོན་བྱུགས་ནས་ཆགས་པ་ཞིག་མིན། མཆུ་དམར་བ་ནི་མཆུ་ཚོན་བྱུགས་པ་ཞིག་མིན། སྤྱན་གྱི་སྨིན་མའི་དབུས་སུ་དབུ་སྐྲ་དཀར་པོ་སུ་ལུ་ཞིག་ཡོད་ཅིང་ག་ཚོད་འཐེན་ཀྱང་དེའི་ཚོད་ཀྱིས་རིང་དུ་འགྲོ་གི་ཡོད། གལ་སྲིད་ཁྱེད་ཀྱིས་གཞུང་ཆེན་མོ་དེ་དག་ལ་སློབ་གཉེར་བྱས་ན། མཚན་བཟང་པོ་དང་དཔེ་བྱད་དེ་དག་གང་ཡིན་ཤེས་རྟོགས་ཐུབ། དེར་མ་ཟད། མཆོག་གི་སྤྲུལ་སྐུའི་སྐུ་ནི་ཡོངས་སུ་འོད་ཀྱི་འཁོར་ལོས་བསྐོར་ཞིང། འོད་དེ་ཐག་རིང་པོ་ཇི་ཙམ་ཡོད་ཀྱང་ཁྱད་པར་མེད་པར། འོད་གཞན་རྣམས་ཟིལ་གྱིས་གནོན་གྱི་ཡོད། དཔེར་ན། ལྷ་རྣམས་ལ་འོད་ཀྱི་འཁོར་ལོ་ལྡན་པ་དང་ཧ་ཅང་བཀྲག་མདངས་ཆེན་པོ་ཡོད། འོན་ཀྱང་སངས་རྒྱས་དང་བསྡུར་ན། འོད་མདངས་ཤིན་ཏུ་བཀྲ་བའི་སྒྲོན་མེ་ཆེན་པོ་ཞིག་གི་འཁྲིས་སུ་བཞུ་མར་ཆུང་ཆུང་ཞིག་བཞག་པ་དང་མཚུངས།
སངས་རྒྱས་ཀྱི་གསུང་གི་ཡོན་ཏན།
སངས་རྒྱས་ཀྱི་གསུང་ལ་ཆ་བཞག་ན། དེ་ལ་དམིགས་བསལ་ཁྱད་ཆོས་ཏེ་གསུང་དབྱངས་ཡན་ལག་དྲུག་བཅུ་ལྡན་ཡོད། དཔེར་ན། སངས་རྒྱས་ཀྱི་གསུང་བྱོན་པའི་སྐབས། སྐུའི་དྲུང་དུ་ཡོད་པའི་གདུལ་བྱ་རྣམས་ཀྱི་རྣ་བར་གསུང་ཧ་ཅང་ཆེན་པོ་མི་གོ་བ་དང་། ཐག་རིང་དུ་ཡོད་པའི་གདུལ་བྱའི་རྣ་བར་ཧ་ཅང་ཆུང་ཆུང་མི་གོ་བར། ཚང་མར་གསུང་གི་སྐད་ཤུགས་ཆ་སྙོམས་པོ་དང་གཅིག་མཚུངས་གོ་གི་ཡོད། དེ་བཞིན་རྒྱལ་ཁབ་འདྲ་མིན་ནས་ཡིན་པའི་མི་རིགས་འདྲ་མིན་ལས་འདུས་པའི་གདུལ་བྱ་ཚོགས་པ་ཞིག་ཡོད་ན། སངས་རྒྱས་ཀྱིས་སྐད་ལུགས་གཅིག་ནང་གསུངས་ཀྱང་། ཚང་མས་རང་རང་གི་སྐད་དུ་ངལ་བ་མེད་པར་གོ་ཐུབ་ཀྱི་ཡོད་ཅིང་། གསུང་སྒྱུར་དགོས་ཀྱི་མེད།
སངས་རྒྱས་ཀྱི་ཐུགས་ཀྱི་ཡོན་ཏན།
སངས་རྒྱས་ཀྱི་ཐུགས་ལ་ཆ་བཞག་ན། ཟག་མེད་ཡེ་ཤེས་ཀྱི་སྡེ་ཚན་ཉེར་གཅིག་ཡོད། དེ་ནི་བརྗོད་བྱ་ཤིན་ཏུ་རྒྱ་ཆེ་བ་ཞིག་ཡིན། སྡེ་ཚན་གཅིག་ནི་བྱང་ཕྱོགས་སོ་བདུན་ཡིན། དེ་བཞིན་ཉན་ཐོས་དགྲ་བཅོམ་པ་འོག་མ་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སོགས་དང་། སྡེ་ཚན་ཉེར་གཅིག་སོ་སོར་ནང་གསེས་སྡེ་ཚན་མི་འདྲ་བ་ཡོད།
སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་ཁྱད་ཆོས་ཆེ་ཁག་ལྟ་བུའི་ཡོན་ཏན་དེ་དག་ཚང་མ་བསྐལ་ཆེན་གྲངས་མེད་གསུམ་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ལས་བྱུང་། ཐ་ན་མཆོག་གི་སྤྲུལ་སྐུ་དངོས་སུ་ང་ཚོའི་མདུན་དུ་བྱོན་ནའང་། ང་ཚོར་ལས་དང་ནུས་པ་དག་མེད་པ་སོང་ཙང་། མཆོག་གི་སྤྲུལ་སྐུ་མཇལ་མི་ཐུབ། སྐྱེ་བ་སྤྲུལ་སྐུ་ལྟ་བུར་མཚོན་ན། ང་ཚོས་དངོས་སུ་མཇལ་ཐུབ་པ་ཞིག་ཡིན། དཔེར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཕགས་པ་སྤྱན་རས་གཟིགས་དང་། མཆོག་གི་སྤྲུལ་སྐུ་མིའི་རྣམ་པར་རོལ་པ་ཡིན་པས། ༸གོང་ས་མཆོག་བཞུགས་འཁྲིའི་སྟེང་བཞུགས་པའི་སྐབས། དངོས་སུ་མཇལ་མི་ཐུབ་མཁན་གྱི་དགེ་བཤེས་ཁ་ཤས་ཡོད། དོན་དངོས་སུ་ང་ཚོས་༸གོང་ས་མཆོག་མཇལ་ཐུབ་པ་ནི་ཧ་ཅང་བསོད་ནམས་ཆེན་པོ་ཡིན།
འདིར་བཟོ་བོ་སྤྲུལ་སྐུའི་དཔེ་མཚོན་ཞིག་ནི། ལྷ་ཡུལ་གྱི་རོལ་མོ་མཁན་རྒྱལ་པོ་ཞིག་ཡོད་པ་དེས་འཇིག་རྟེན་ནང་རོལ་མོ་མཁན་ཡག་ཤོས་དེ་ཁོ་པ་ཡིན་པར་བསམ་གྱི་ཡོད། ཁོང་ནི་ང་རྒྱལ་དང་ཁེངས་དྲེགས་ཅན་ཞིག་ཡིན། ཁོ་པས་སྐུད་པ་སྟོང་ཕྲག་གཅིག་ཡོད་པའི་སྒྲ་སྙན་དཀྲོལ་བ་རེད། སངས་རྒྱས་ཉིད་བཟོ་བོ་སྤྲུལ་སྐུ་རོལ་མོ་མཁན་ཞིག་གི་རྣམ་པར་ཕེབས་ཏེ། རྒྱལ་པོ་དེ་དང་རོལ་མོ་འགྲན་བསྡུར་མཛད། ཁོང་གཉིས་ཀྱིས་སྒྲ་སྙན་གྱི་སྐུད་པ་རེ་རེ་བཞིན་མེད་པ་བཟོས་ནས། སུས་མུ་མཐུད་རོལ་མོ་དཀྲོལ་ཐུབ་མིན་བལྟས། མཐར་སྐུད་པ་གཅིག་ཁོ་ན་ལྷག་པའི་སྐབས་དེར། སངས་རྒྱས་ཀྱིས་སྐུད་པ་གཅིག་པུ་དེའང་མེད་པ་བཟོས་ཏེ། སྒྲ་སྙན་དེ་མུ་མཐུད་སྙན་འཇེབས་ལྡན་པ་དཀྲོལ། རྒྱལ་པོས་སྐུད་པ་མཐའ་མ་དེ་མེད་པ་བཟོས་པ་དང་། མུ་མཐུད་དཀྲོལ་ཐུབ་མེད། དེར་བརྟེན་ཁོ་པའི་ང་རྒྱལ་དང་ཁེངས་དྲེགས་ཆུང་དུ་སོང་། དེ་ནི་བཟོ་བོ་སྤྲུལ་སྐུའི་དཔེ་ཞིག་ཡིན།
སངས་རྒྱས་དཀོན་མཆོག
ང་ཚོས་སངས་རྒྱས་དཀོན་མཆོག་གི་སྐོར་ཤོད་སྐབས། སྐུ་དེ་དག་ཚང་མ་རིམ་གྱིས་དྲི་མ་ཡོངས་སུ་ཟད་པ་དང་ཡོན་ཏན་ཐམས་ཅད་ལྡན་པ་ཞིག་ཏུ་བསམ་བློ་གཏོང་དགོས། ང་ཚོས་ཉམས་ལེན་བྱེད་སྐབས། ཐང་ག་དང་རི་མོ་འདི་དག་སངས་རྒྱས་ཀྱི་རྣམ་སྤྲུལ་དངོས་ཡིན་པའི་འདུ་ཤེས་སྐྱེད་རྒྱུ་གལ་ཆེན་པོ་ཡིན། ཉམས་ལེན་བྱེད་པའི་སྐབས་ལམ་ལྔ་ཡོད། དང་པོ་ནི་ཚོགས་ལམ་ཡིན་ཞིང་། དེ་ལ་ཆུང་ངུ་། འབྲིང་། ཆེན་པོ་བཅས་རིམ་པ་གསུམ་ཡོད། ཚོགས་ལམ་ཆེན་པོ་དངོས་སུ་ཐོབ་པའི་སྐབས། རང་གིས་སངས་རྒྱས་ཀྱི་སྐུའི་རྣམ་རོལ་དེ་དག་གི་དྲུང་ནས་ཆོས་དངོས་སུ་ཉན་ཐུབ་པ་ཡོང་གི་ཡོད། སངས་རྒྱས་ཀྱི་སྐུ་ཐང་མཇལ་བའི་སྐབས་སངས་རྒྱས་དངོས་སུ་ལྟ་ཐུབ་པ་བྱུང་ན། སངས་རྒྱས་དངོས་སུ་མཇལ་བ་ལས་ཕན་རླབས་ཆེ་བ་ཡོད་སྐོར་གསུངས་ཡོད། དེར་བརྟེན་གཟབ་གཟབ་བྱ་རྒྱུ་གལ་ཆེན་པོ་ཡིན། ཁྱེད་རང་ཚོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་པར་ཚར་ཤོག་སོགས་ཀྱི་ནང་གང་སར་མཇལ་གྱི་ཡོད། གལ་སྲིད་ཁྱེད་རང་སྐུ་པར་དེ་དག་ལ་བརྩི་མཐོང་བྱེད་ཕྱོགས་ཐད་གཟབ་གཟབ་མ་བྱས་ན། དཀའ་ངལ་འཕྲད་ངེས་རེད།
ཆོས་དཀོན་མཆོག
ཆོས་དཀོན་མཆོག་ནི་སངས་རྒྱས་ཀྱི་ཐུགས་ཀྱི་ཡོན་ཏན་ཐམས་ཅད་ལ་ཟེར་གྱི་ཡོད། ཆོས་ལ་སྐྱབས་སུ་འགྲོ་བ་ནི་སྐྱབས་གནས་ངོ་མ་དེ་ཡིན། ང་ཚོས་ཉམས་ལེན་བྱེད་སྐབས། བཀའ་བསྟན་གྱི་གཞུང་ཚང་མ་ཆོས་དཀོན་མཆོག་དངོས་ཡིན་པའི་འདུ་ཤེས་འཛིན་རྒྱུ་གལ་ཆེན་པོ་ཡིན། ཆོས་བསྟན་པའི་ཡིག་འབྲུ་སྣ་ཚོགས་པ་རྣམས་ལ་གུས་བརྩི་བྱ་རྒྱུ་གལ་ཆེ། དེ་དག་གད་སྙིགས་སོགས་ཚར་ཤོག་ནང་སྒྲིལ་རྒྱུ་མེད། དེ་ནི་བྱེད་སྟངས་ངན་པ་དང་གུས་ཞབས་མེད་པ་རེད། དེར་བརྟེན་ཚིག་དང་ཡི་གེ་པར་བཤུས་བྱས་པ་ལ་གུས་ཞབས་བྱེད་རྒྱུ་གལ་ཆེན་པོ་ཡིན།
དེ་བཞིན་རང་ལ་ཤོག་ལྷེ་ལྷུག་མ་ཅན་གྱི་དཔེ་ཆ་ཡོད་ན། རླུང་བུ་རྒྱག་པའི་སྐབས་རླུང་གིས་མིའཁྱེར་བ་བྱ་རྒྱུ་གལ་ཆེ། དེའི་ཕྱིར་དཔེ་ཆའི་སྟེང་ཕྲེང་བ་འཇོག་པའི་གནང་བ་བྱིན་ཡོད། འོན་ཀྱང་དེ་མིན་ཅ་ལག་དཔེ་ཆའི་སྟེང་འཇོག་མི་ཉན། དེ་ག་ནང་བཞིན་ཤོག་ལྷེ་རྒྱབ་མདུན་བརྗེ་བའི་སྐབས། སྟབས་བདེ་བའི་ཆེད་རང་གི་མཛུབ་མོ་ཁའི་ནང་བཅུག་སྟེ་རློན་པ་བཟོ་མི་ཉན། ཤོག་ལྷེ་བརྗེ་བའི་སྐབས་མཛུབ་མོ་རློན་པ་བཟོ་དགོས་ན། མདུན་དུ་སྣོད་ཆུང་ཆུང་གཅིག་གི་ནང་ཆུ་གཙང་མ་ཞིག་ཉར་དགོས། དེ་བཞིན་དཔེ་ཆའི་ངོས་ལ་ཐད་ཀར་ལག་པ་མི་རེག་པའི་ཆེད། དཔེ་ཆ་ལ་རྒྱབ་ཤ་རྒྱག་རྒྱུ་གལ་ཆེ་བ་དང་། དཔེ་ཆའི་སྟེང་གོམ་པ་རྒྱག་མི་ཉན། དཔེ་ཆ་སྐུའི་སྟེང་འཇོག་རུང་བ་ལས་སྐུ་དཔེ་ཆའི་སྟེང་འཇོག་མི་རུང་།
དགེ་འདུན་དཀོན་མཆོག
དགེ་འདུན་དཀོན་མཆོག་ནི་རྟོག་མེད་མངོན་སུམ་དུ་སྟོང་ཉིད་དམ་དངོས་པོའི་གནས་ལུགས་རྟོགས་པའི་འཕགས་པའི་གང་ཟག་ལ་གོ་བ་ཡིན། སྤྱིར་བཏང་དགེ་འདུན་དཀོན་མཆོག་ནང་སྡོམ་པ་ཡོངས་སུ་བླངས་པའི་དགེ་འདུན་ཁག་བཞི་གཏོགས་དགོས་པ་ལས་དགེ་འདུན་གཅིག་ནས་གསུམ་བར་འགྲིག་གི་མེད། ང་ཚོས་ཉམས་ལེན་བྱེད་པའི་སྐབས། ནང་པའི་ཆོས་བརྒྱུད་གང་ཡིན་རུང་དེའི་དགེ་འདུན་ན་བཟའ་གྱོན་པའི་གང་ཟག་རྣམས་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་འཛིན་རྒྱུ་གལ་ཆེ།
སངས་རྒྱས་དཀོན་མཆོག་ནི་གདུལ་བྱ་རྣམས་ལ་ཡང་དག་པའི་ཆོས་ཀྱི་ལམ་དང་ཉེན་མེད་ཀྱི་ཁ་ཕྱོགས་སྟོན་མཁན་དེ་ཡིན་པ་དང་། ཆོས་དཀོན་མཆོག་ནི་ཉེན་མེད་ཁ་ཕྱོགས་ཀྱི་འབྱུང་ཁུངས་དངོས་དང་སྐྱབས་ངོ་མ་དེ་ཡིན། རང་ངོས་ནས་ཆོས་ཕྱོགས་ཀྱི་ཐབས་ལམ་དེ་དག་ཉམས་ལེན་ནང་སྒྲིལ་བའི་སྐབས། དེས་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་ཞིག་སྟོན་གྱི་ཡོད། དགེ་འདུན་དཀོན་མཆོག་ནི་ཆོས་སྒྲུབ་པའི་ཟླ་གྲོགས་དང་ཉེན་མེད་ཀྱི་ཁ་ཕྱོགས་སུ་འཁྲིད་རོགས་བྱེད་མཁན་ཡིན། གལ་སྲིད་ངས་དེ་དང་འབྲེལ་བའི་ལོ་རྒྱུས་ཤིག་ཞུས་ན། གོ་ཚོད་ཡག་ལས་སླ་པོ་ཆགས་ཀྱི་རེད།
དེ་ཡང་ཐེངས་གཅིག་ལྷའི་བུ་བློ་གྲོས་བརྟན་པ་ཞེས་བྱ་བ་ཞིག་ཡོད། ཁོང་ནི་ལྷ་གནས་སུམ་ཅུ་རྩ་གསུམ་གྱི་ལྷ་ཞིག་ཡིན། དེར་ཚང་མ་ཡིད་དུ་འོང་བ་ཞིག་ཡོད་ཅིང་། ཚང་མ་རིན་ཆེན་ནོར་བུ་ལས་གྲུབ་པ་ཞིག་ཡིན་པ་ལས་བཙོག་པའམ་མི་གཙང་བ་ཅི་ཡང་མེད། ནག་ནོག་མེད་པ་ཞིག་ཡིན། ལྷ་དེས་མི་ཚེ་ཧ་ཅང་སྐྱིད་པོ་བྱས་ནས་སྡོད་ཅིང་སྡུག་བསྔལ་དང་དཀའ་ངལ་ཅི་ཡང་མེད། ཁོང་འཆི་ལ་ཉེ་བའི་སྐབས། ལུས་ལ་གྱོན་པའི་མེ་ཏོག་གི་ཕྲེང་བ་དེ་རྙིད་པ་དང་ཤི། ལུས་ནས་དྲི་ངན་སྐྱུག་བྲོ་པོ་ཁ་བས། ལྷ་དེའི་གྲོགས་པོ་ཉེ་པོ་དེ་རྣམས་ཁོ་པའི་འཁྲིས་སུ་མ་འཁོར། ཁོང་གི་གྲོགས་པོའི་ཁྲོད་དུ་ཧ་ཅང་བརྟན་པོ་དང་ལ་རྒྱ་ཡོད་མཁན་རྣམས་ནས་རོགས་གང་ཐུབ་བྱེད་ཐུབ་ཀྱང་། དེ་དག་ཐག་རིང་དུ་ལངས་ནས་ཁོ་པར་རྒྱང་ལྟ་བྱས། ལྷ་དེར་རང་གིས་སྔོན་མ་བསགས་པའི་དགེ་བ་ཡོད་དོ་ཅོག་ད་ཆ་ཉམས་རྒུད་ཕྱིན་ཡོད་པ་མཐོང་ཐུབ་ཀྱི་ཡོད་པ་དང་། མི་དགེ་བའི་ནུས་པ་གང་ལྷག་པའི་འབྲས་བུར། སྐྱེ་བ་ཕྱི་མ་ངན་སོང་གི་གནས་གང་རུང་ཞིག་ཏུ་སྐྱེ་འགྱུར་ཡིན། ངན་འགྲོའི་གནས་སུ་སྐྱེས་པ་ཙམ་མ་ཡིན་པར། དེའི་རྗེས་སུ་ཕག་པའི་སྐྱེ་བ་ལེན་རྒྱུ་ཡིན་པ་མཐོང་བས། ཁོང་གི་སེམས་ནང་སྡུག་བསྔལ་བཟོད་གླགས་བྲལ་བ་བྱུང་། སྐབས་དེར་སྡུག་བསྔལ་ག་ཚོད་ཡོད་མིན་ང་ཚོས་ཚོད་དཔག་བྱེད་ཐུབ། ལྷ་དེས་མྱངས་པའི་སྡུག་བསྔལ་ལས་ཡ་ང་བ་ཞིག་མེད།
དེ་ནས་ཁོ་པས་ལྷའི་དབང་པོ་བརྒྱ་བྱིན་གྱི་དྲུང་དུ་བསྐྱོད་དེ་ཡ་ང་བའི་གནས་སྟངས་དེ་ལས་ཐར་ཐབས་སུ་ཐབས་ལམ་ཞིག་གནང་རོགས་ཞེས་གསོལ་བ་བཏབ། བརྒྱ་བྱིན་གྱིས། “དགོངས་དག །ངས་འདི་ལས་ཐར་བའི་ཐབས་ལམ་ཅི་ཡང་མི་ཤེས། འོན་ཀྱང་ངས་ཁྱོད་སངས་རྒྱས་མཇལ་བར་འཁྲིད་ཆོག །སངས་རྒྱས་ལ་ཐབས་ཡག་ཤོས་དེ་ཡོད་ངེས་རེད།” ཅེས་གསུངས། དེར་བརྟེན་སངས་རྒྱས་ཀྱི་དྲུང་དུ་བསྐྱོད་པ་དང་སངས་རྒྱས་ཀྱིས་ལྷ་མོ་རྣམ་རྒྱལ་མའི་གདམས་ངག་ཅིག་གནང་། རྣམ་རྒྱལ་མ་ནི་ལྷ་མོ་ཚེ་རིང་མ་གསུམ་གྱི་ནང་ནས་གཅིག་ཡིན། རྣམ་རྒྱལ་མའི་སྐུ་ལུས་དཀར་ཞིང་ཞལ་གསུམ་དང་ཕྱག་བརྒྱད་ཡོད། ཁོ་པས་ཉམས་ལེན་ཚང་མ་བྱས། ཁོ་པ་ཤི་བའི་རྗེས། ངན་འགྲོའི་གནས་སུ་མི་སྐྱེས་པ་མ་ཟད། དགའ་ལྡན་གནས་སུ་སྐྱེས། བརྒྱ་བྱིན་ཁོ་པ་མཇལ་ཐུབ་མེད། གང་ཡིན་ཟེར་ན། བརྒྱ་བྱིན་རང་གནས་སམ་དེའི་འོག་གི་ལྷ་ཡུལ་ཙམ་ལས་མཐོང་ཐུབ་ཀྱི་མེད། དེ་ནས་སངས་རྒྱས་ལ་ལྷ་དེ་སྐྱེ་བ་གང་དུ་བླངས་སམ་ཞེས་བཀའ་འདྲི་ཞུས་སྐབས། སངས་རྒྱས་ཀྱིས་ཁོ་པ་དགའ་ལྡན་གྱི་གནས་སུ་སྐྱེ་བ་བླངས་ཡོད་ཅེས་གསུངས།
དཔེ་འདི་ལ་བརྟེན་ནས་ང་ཚོས་སངས་རྒྱས་ནི་ཡང་དག་པའི་ལམ་སྟོན་མཁན་གྱི་སློབ་དཔོན་ནམ་དགེ་བའི་བཤེས་གཉེན་ཡིན་པ་ཤེས་ཐུབ། ཡང་དག་པའི་ལམ་དངོས་ནི་ལྷ་དེ་ཉམས་སུ་བླངས་པའི་རྣམ་རྒྱལ་མའི་གདམས་ངག་དེ་ཡིན། དེ་ནི་ཆོས་དཀོན་མཆོག་གི་དཔེ་ཡིན། དེ་ལྟའི་ལམ་ཐོབ་པར་རོགས་བྱེད་མཁན་ནི་ལྷའི་དབང་པོ་བརྒྱ་བྱིན་ཡིན་པས། ཁོང་ནི་དགེ་འདུན་དཀོན་མཆོག་གི་དཔེ་ཡིན།
མཇུག་གི་བསླབ་བྱ།
གལ་སྲིད་སེམས་ཀྱི་གོམས་གཤིས་ཡག་པོ་བཟོ་ཆེད་རང་གིས་ཡུལ་ཞིག་གི་ཐོག་སྒོམ་རྒྱག་འདོད་མཆིས་ཚེ། རང་ངོས་ནས་སངས་རྒྱས་ཀྱི་སྐུའི་རྣམ་རོལ་ཡོངས་རྫོགས་ཀྱི་ཚབ་ཏུ་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྒོམ་ནས་གདམས་ངག་ནོས་ཕྱིར་གསོལ་བ་ཕུར་ཚུགས་སུ་འདེབས་དགོས། ངག་ནས་མ་ཎི་བཏོན་ཏེ་གང་གི་སྐུ་ལས་འོད་ཟེར་འཕྲོས་ནས། རང་གི་རྒྱུད་མི་དགེ་བའི་བག་ཆགས་རྣམས་དག་པར་བྱེད་པར་སེམས་དགོས།
རང་གི་ཉིན་རེའི་མི་ཚེའི་ནང་གི་ཀུན་སྤྱོད་ཐད་བླང་བར་བྱ་བའི་ཉམས་ལེན་གྱི་གནད་ལ་བསམས་ན། གཙོ་བོ་ནི་ཞོགས་པ་ཡར་ལངས་མ་ཐག་ཀུན་སློང་ཤུགས་ཆེན་པོ་ཞིག་བཅོས་དགོས། དེ་ཡང་། “དེ་རིང་ངས་དགེ་བའི་ལས་ཤ་སྟག་བསྒྲུབས་ནས་གཞན་ལ་ཕན་འདོགས་ཀྱི་ཡིན།” ཞེས་དང་། དགོང་མོ་ཉིན་དེར་བྱས་པའི་དགེ་བའི་ལས་རྣམས་ལ་བསམས་ནས་གཞན་དོན་སྒྲུབ་པ་དང་གཞན་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སེམས་ཡོངས་སུ་གསལ་ཞིང་ཡོན་ཏན་མཐར་ཕྱིན་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་བསྔོ་འབུལ་བྱེད་དགོས། འདི་ལྟ་བུའི་སྐྱབས་སུ་འགྲོ་བའི་བརྗོད་བྱ་ཡོངས་སུ་རྫོགས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན། སང་ཉིན་ངས་དེའི་སྐོར་མང་ཙམ་ཤོད་རྒྱུ་ཡིན།
དེ་རིང་ངས་གང་བཤད་པའི་སྐོར་ལ་དྲི་བ་ཡོད་དམ།
ཆོས་སྐུ་ཞེས་པ་གང་རེད་དམ།
ཆོས་སྐུ་ནི་སངས་རྒྱས་ཀྱི་རྒྱུད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་དེ་རེད། གོང་དུ་ཞུས་ཟིན་པ་ལྟར། ཆོས་ཀྱི་སྐུ་ལ་ཟག་མེད་ཡེ་ཤེས་ཀྱི་སྡེ་ཚན་ཉེར་གཅིག་ཡོད་པ་རེད། དེའི་ནང་སྟོབས་བཅུ་དང་མི་འཇིགས་པ་བཞི་སོགས་ཚུད་ཡོད། དེ་དག་གི་སྐོར་རྒྱས་པར་ཕྱིན་ན། དུས་ཚོད་མང་པོ་འགོར་གྱི་རེད། ཧ་ཅང་རྒྱ་ཆེན་པོ་རེད། འོན་ཀྱང་སངས་རྒྱས་ལ་མངའ་བའི་སྟོབས་བཅུའི་དཔེ་མཚོན་ཙམ་ཞུས་ན། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས། ཁམས་སྣ་ཚོགས་མཁྱེན་པའི་སྟོབས། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་སོགས་ཡོད།
མི་འཇིགས་པ་བཞི་ནི། རྟོགས་པ་ཕུན་ཚོགས་ལ་མི་འཇིགས་པ། སྤངས་པ་ཕུན་ཚོགས་ལ་མི་འཇིགས་པ་སོགས་ཡོད། སངས་རྒྱས་ཀྱིས་ཆོས་གསུང་པའི་སྐབས། ཉན་པ་པོ་མང་ཉུང་ཇི་ཙམ་ཡོད་མེད་ལ་མ་ལྟོས་པར། འཇིགས་པའམ་དངངས་འཚབ་ཅི་ཡང་མེད་པར་གསུང་ཐུབ། གང་ཡིན་ཞེ་ན་ཐམས་ཅད་མཁྱེན་གྱི་ཡོད། དྲང་སྲོང་སེར་སྐྱ་ཞེས་བྱ་བ་ཞིག་གིས་ཉེ་འཁོར་གྲོང་ཁྱིམ་རེ་རེ་བཞིན་བསྐྱོད་དེ་ཁྱིམ་རེ་རེ་ནས་འབྲས་རྐང་རེ་བསྡུས་ཏེ་ཡིག་ཆུང་རེ་བཞག །དེ་ནས་འབྲས་སྣོད་ཆེན་གང་ཁྱེར་ནས་སངས་རྒྱས་ཀྱི་སྐུ་མདུན་དུ་བཅར་ཏེ། “ཁྱེད་ནི་ཐམས་ཅད་མཁྱེན་པ་རེད། འབྲས་རྐང་འདི་དག་གང་ནས་ཁྱེར་ཡོང་བ་ཡིན་ནམ།” ཞེས་བཀའ་འདྲི་ཞུས་པས། སངས་རྒྱས་ཀྱིས། “ངས་ཤེས་ཀྱི་ཡོད།” ཅེས་གསུངས་ཏེ། འབྲས་རྐང་རེ་རེ་བཞིན་གང་ནས་བྱུང་བ་དང་། མཐར་འབྲས་སྣོད་གང་ཆགས་པའི་ཚུལ་རྣམས་གསུངས།
སངས་རྒྱས་ཞལ་བཞུགས་པའི་སྐབས། དེར་ཤིང་སྡོང་ཧ་ཅང་མང་པོ་ཡོད། ཡང་བྲམ་ཟེ་ཞིག་གིས་སངས་རྒྱས་ལ་བརྟག་དཔྱད་བྱེད་འདོད་ཡོད་པ་དང་། ཁོས་ཤིང་སྡོང་གཅིག་གི་མདུན་དུ་ཕྱིན་ནས་དེའི་ལོ་མ་ཚང་མ་གྲངས་ཀ་བརྩིས་ནས་ཟླ་བ་གཉིས་ཙམ་འགོར་བ་རེད། དེ་ནས་སངས་རྒྱས་ཀྱི་དྲུང་དུ་བཅར་ནས། “སངས་རྒྱས་ཁྱེད་ཧ་ཅང་བློ་གྲོས་ལྡན་པ་རེད། ཐམས་ཅད་མཁྱེན་པ་རེད། ཤིང་སྡོང་འདི་ལ་ལོ་མ་ག་ཚོད་ཡོད་དམ།” ཞེས་ཞུས། སངས་རྒྱས་ལམ་སེང་ལོ་མ་ཇི་ཡོད་གྲངས་ཏག་ཏག་གསུངས།
ཁྱེད་ཀྱིས་ངའི་སེམས་ཤེས་པ་ནི་ཧ་ཅང་དཀའ་ལས་ཁག་པོ་རེད། དེ་ག་ནང་བཞིན་ངས་ཁྱེད་རང་གི་སེམས་ཤེས་རྒྱུ་ཧ་ཅང་ཁག་པོ་རེད། འོན་ཀྱང་སངས་རྒྱས་ཀྱི་ཐུགས་ཅི་འདྲ་ཡོད་ང་ཚོས་ཤེས་ཐུབ་མི་སྲིད་པ་ཡིན། ཐ་ན་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱི་ཐུགས་མཁྱེན་ཐུབ་ཀྱི་མེད། གལ་སྲིད་ཁྱེད་རང་ཡེ་ཤེས་ཆོས་ཀྱི་སྐུའི་ཡོན་ཏན་དང་རྣམ་པ་ཐམས་ཅད་སློབ་སྦྱོང་བྱེད་འདོད་ན། རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་མངོན་རྟོགས་རྒྱན་གྱི་གཞུང་སློབ་གཉེར་བྱེད་དགོས། དེའི་ནང་གི་ལེའུ་བརྒྱད་པའམ་སེམས་བསྐྱེད་བརྒྱད་པའི་ནང་བརྗོད་བྱ་འདིའི་སྐོར་ཧ་ཅང་རྒྱས་པོ་གསུངས་ཡོད། ཅི་སྟེ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་མ་ཤེས་ན། སངས་རྒྱས་ལ་ཡིད་ཆེས་ཀྱི་དད་པ་ངོ་མ་ཞིག་སྐྱེ་རྒྱུ་ཁག་པོ་རེད། དེའི་ཐད་བོད་ཀྱི་ལོ་རྒྱུས་གཅིག་དྲན་གྱི་འདུག
དེ་ཡང་བོད་ནང་དགའ་ལྡན་ཁྲི་པ་ནི་གོ་ས་ཧ་ཅང་མཐོ་པོ་ཡིན། དགའ་ལྡན་ཁྲི་འཛིན་སུ་ཡིན་རུང་བླ་མ་རྩ་ཆེན་པོ་ཞིག་ཏུ་བརྩི་གི་ཡོད། ཁོང་གང་དུ་ཕེབས་ཀྱང་གསེར་མདོག་ཅན་གྱི་གདུགས་ཤིག་ཡོད། དགའ་ལྡན་ཁྲི་པ་གང་དུ་ཕེབས་ཀྱང་དངོས་གནས་གདུགས་སེར་པོ་ཡོད་རེད་དམ་ཞེས་ངས་རིན་པོ་ཆེ་ལ་བཀའ་འདྲི་ཞུས་པ་ཡིན། རིན་པོ་ཆེས་བྱབ་ཆུང་དེ་འདྲ་དགོས་དོན་མེད། ཁོང་ཆབ་གསང་དུ་ཕེབས་སྐབས་དེ་དགོས་ཀྱི་མེད་པ་གསལ་པོ་རེད་ཅེས་གསུངས་བྱུང་། ཐེངས་གཅིག་རྒན་མོ་ཞིག་དགའ་ལྡན་དགོན་པར་འགྲོ་སྐབས། དགའ་ལྡན་ཁྲི་པ་མཆོག་སེར་སྦྲེངས་བསྒྲིགས་པའི་ཁྲོད་དུ་ཕེབས་སྐབས། ཁོ་མོའི་འཁྲིས་སུ་ཡོད་པའི་གྲྭ་པ་ཞིག་གིས། “གཟིགས་དང་། དགའ་ལྡན་ཁྲི་པ་ཕ་གིར་འདུག” ཅེས་བཤད། རྒན་མོ་དེས་གདུགས་དེ་དགའ་ལྡན་ཁྲི་པ་རེད་བསམས་ནས་ལག་ཐལ་མོ་སྦྱར་ཏེ་གུས་པ་ཆེན་པོས། “དགའ་ལྡན་ཁྲི་པར་སྐྱབས་སུ་མཆི།” ཞེས་གསོལ་བ་བཏབ། སེར་སྦྲེངས་གྲུབ་པའི་རྗེས་ཁོ་མོས་གྲྭ་པ་དེར་ཁ་ཕྱོགས་ཏེ། “དགའ་ལྡན་ཁྲི་པའི་འོག་ཏུ་གོམ་པ་བརྒྱབ་ནས་འགྲོ་མཁན་གྲྭ་པ་དེ་ཡིད་དུ་འོང་བ་ཞིག་མི་འདུག་གམ།” ཞེས་བཤད་པ་རེད།
དེར་བརྟེན། ང་ཚོས་དོན་ངོ་མར་སངས་རྒྱས་གང་ཡིན་གསལ་པོ་བྱས་ནས་ཤེས་དགོས་པ་ཡིན།
(འདིའི་རྗེས་ཀྱི་སྒྲ་འཇུག་ལྷག་མ་ཚང་མེད།)