ལས་འབྲས་སྤྱིའི་དཔེ་མཚོན་ཁག

ལས་འབྲས་སྤྱི་ལ་སྒོམ་ཉམས་ལེན།

ཁར་རྩང་ང་ཚོས་ལས་འབྲས་སྤྱིའི་སྐོར་བཤད་པ་རེད། དེ་ནི་སྤྱོད་ལམ་གྱི་རྒྱུ་དང་འབྲས་བུའི་རྣམ་གཞག་དེ་རེད། ལས་སྤྱིའི་ཆ་ནས་བཤད་ན། དེའི་ནང་གི་ཉམས་ལེན་གཙོ་བོ་ནི་དམིགས་སུ་བཀར་ནས་མི་དགེ་བའི་ལས་བཅུ་པོ་སྤོང་རྒྱུ་དང་དགེ་བའི་ལས་སྣ་ཚོགས་པ་བསྒྲུབ་རྒྱུ་དེ་རེད། ང་ཚོས་ད་དུང་སྤྱོད་ལམ་གྱི་རྒྱུ་དང་འབྲས་བུའི་ཁྱད་ཆོས་སྣ་ཚོགས་པའི་སྐོར་ལ་བཤད་ཡོད་པ་དང་། ལྷག་པར་དུ་ཐོག་མར་ལས་ངེས་པའི་ཆ་སྐྱེན་གྱི་སྐོར་བཤད་ཡོད། དེ་ནི་གལ་ཏེ་ཁྱེད་ཀྱིས་ལས་དགེ་བ་ཞིག་བྱས་ཡོད་ན། དེའི་འབྲས་བུ་ནི་བདེ་སྐྱིད་འབྱུང་ངེས་ཡིན་པ་རེད། དེ་བཞིན་ང་ཚོས་ལས་འཕེལ་ཆེ་བའི་སྐོར་ལའང་བཤད་ཡོད་དེ། ལས་ཆུང་ངུ་བྱས་པ་དེའི་འབྲས་བུ་ཆེན་པོ་འབྱུང་སྲིད་པ་ལྟ་བུ་རེད། དེ་དག་ཐམས་ཅད་ལ་སྒོམ་རྒྱག་སྟངས་སམ། ཡང་ན་དེ་དང་འབྲེལ་བའི་སེམས་ཀྱི་ཕན་ཐོགས་ལྡན་པའི་གོམས་གཤིས་སྐྱེད་ཚུལ་ནི། སྤྱོད་ལམ་དང་དེའི་འབྲས་བུ་ངེས་པའི་སྐོར་དང་། བདེ་བ་ནི་དགེ་བའི་ལས་ལ་བརྟེན་ནས་འབྱུང་གི་ཡོད་པ། སྡུག་བསྔལ་དང་དཀའ་ངལ་གྱི་རིགས་རྣམས་ནི་མི་དགེ་བའི་ལས་ཀྱི་རྗེས་འབྲས་ཡིན་པའི་སྐོར་ལ་བསམ་བློ་གཏོང་རྒྱུ་དེ་རེད།
 
ཁྱེད་རང་ལ་དགོས་སྲིད་པའི་བདེ་བའི་རིགས་མི་འདྲ་བའི་སྐོར་ལ་བསམ་བློ་བཏང་ནས་འགོ་འཛུགས་བྱེད་པ་དང་། རང་གིས་རང་ལ་ “འདི་དག་གི་རྒྱུ་རྣམས་གང་ཡོང་རྒྱུ་རེད་དམ་” ཞེས་འདྲི་དགོས། དེའི་རྗེས་ལ་ཁྱེད་ཀྱིས་དགེ་བའི་ལས་སྣ་ཚོགས་པའི་སྐོར་བསམ་བློ་བཏང་ནས་དེ་དག་ཇི་ལྟར་སྨིན་གྱི་ཡོད་པ་དང་། དེ་དག་ལ་རྣམ་སྨིན་གྱི་འབྲས་བུ་ཞིག་ཡོད་པ་དང་། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ཡོད་པ། བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ཡོད་པ། བདག་པོའི་འབྲས་བུ་ཡོད་པ་བཅས་ལ་བསམ་བློ་གཏོང་དགོས། ཁྱེད་ཀྱིས་འབྲས་བུ་དེ་དག་ཐམས་ཅད་དང་། རང་ཉིད་ལ་འདོད་པའི་བདེ་བ། དགེ་བའི་ལས་བྱས་པ་དེ་རྒྱུ་བྱས་ནས་འབྲས་བུ་དེ་དག་ཇི་ལྟར་འབྱུང་གི་ཡོད་པའི་སྐོར་ལ་བསམ་བློ་གཏོང་དགོས། དེ་ནས་ཁྱེད་ཀྱིས། “ང་རང་བདེ་བ་དེ་འཐོབ་འདོད་འདུག་” ཅེས་བསམ་དགོས། དེར་བརྟེན་ཁྱེད་ཀྱིས་བདེ་བ་འཐོབ་ཐབས་སུ་ཐག་གཅོད་བརྟན་པོ་ཞིག་བྱེད་ཀྱི་ཡོད།

དེ་ནས་ཁྱེད་ཀྱིས་དཀའ་ངལ་གྱི་རྒྱུ་རྣམས་གང་རེད་དམ། བདེ་བ་དེ་འཐོབ་པར་འགོག་རྐྱེན་བྱེད་མཁན་དེ་གང་རེད་དམ་ཞེས་བསམ་མནོ་གཏོང་དགོས། དེ་ནི་མི་དགེ་བའི་ལས་བྱས་པའི་འབྲས་བུ་རེད། ཁྱེད་ཀྱིས་མུ་མཐུད་དེ་མི་དགེ་བའི་ལས་སྣ་ཚོགས་པ་དང་དེ་དག་གི་རྣམ་སྨིན་གྱི་འབྲས་བུ་དང་། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ། བྱེད་པ་རྒྱུ་མཐུན་གྱི་འབྲས་བུ། བདག་པོའི་འབྲས་བུ་བཅས་ཀྱི་སྐོར་བསམ་བློ་གཏོང་དགོས། མཐར་ཁྱེད་ཀྱིས། “ང་རང་དཀའ་ངལ་དང་སྡུག་བསྔལ་དེ་དག་གཅིག་ཀྱང་མྱོང་འདོད་མི་འདུག་” ཅེས་བསམ་གྱི་རེད། བྱས་ཙང་། ཁྱེད་ཀྱིས་ཐག་གཅོད་བརྟན་པོའི་སྒོ་ནས་མི་དགེ་བའི་ལས་བཅུ་པོ་སྤོང་དགོས།
 
དེ་ནས་ཁྱེད་ཀྱིས་ལས་འཕེལ་ཆེ་བ་སྟེ། ལས་ཆུང་ངུ་ཞིག་གི་འབྲས་བུ་ཆེན་པོ་ཇི་ལྟར་འབྱུང་ཐུབ་པའི་སྐོར་བསམ་བློ་བཏང་ནས། “ངས་ཐ་ན་དགེ་བའི་ལས་ཆུང་ཤོས་དེའང་བྱེད་ཀྱི་ཡིན། ངས་མི་དགེ་བའི་ལས་ཆུང་ཤོས་ཤིག་ཡིན་ནའང་དེ་སྤོང་ཐབས་བྱེད་ཀྱི་ཡིན་” ཞེས་ཐག་གཅོད་བརྟན་པོ་བྱེད་དགོས།

དེ་ནས་ཁྱེད་ཀྱིས་ཆ་རྐྱེན་རྗེས་མ་གཉིས་ཀྱི་སྐོར་ལ་བསམ་བློ་གཏོང་དགོས་ཏེ། དེ་གཉིས་ནི་གལ་ཏེ་ཁྱེད་ཀྱིས་ལས་བྱས་མེད་ན་འབྲས་བུ་དེ་མྱོང་གི་མེད་པ་དང་། གལ་ཏེ་ཁྱེད་ཀྱིས་ལས་ངེས་ཅན་ཞིག་བྱས་ཡོད་ན། དེ་ཆུད་ཟོས་སུ་མི་འགྲོ་བར་འབྲས་བུ་འབྱུང་ངེས་ཡིན་པའི་ལས་མ་བྱས་པ་དང་མི་འཕྲད་པ་དང་བྱས་པ་ཆུད་མི་ཟ་བ་གཉིས་རེད། དེ་དག་ལ་གཞིགས་ཏེ་ཁྱེད་ཀྱིས་དཔེར་ན། མི་དགེ་བའི་ལས་བྱས་ནས་མི་དགེ་བའི་ནུས་པའམ་སྡིག་པ་བསགས་ཡོད་ན། དེ་ལ་གདམ་ཀ་གཉིས་ལས་མེད། དེ་གཉིས་ནི། ཁྱེད་ཀྱིས་འགྱོད་པ་ལ་སོགས་པའི་གཉེན་པོ་སྟོབས་བཞི་བསྟེན་ནས་ནུས་པ་དེ་མྱོང་མི་དགོས་པར་དག་སྦྱོང་བྱེད་ཆོག་པ་དང་། དེ་མིན་ཁྱེད་ཀྱིས་འབྲས་བུ་མྱོང་རྒྱུ་ངེས་པ་རེད། དེ་ག་ནང་བཞིན་དགེ་བའི་ལས་གང་རུང་ཞིག་བྱས་ཡོད་ན། དེ་ནི་དུས་ཚོད་སྔ་ཕྱིའི་ཁྱད་པར་ཙམ་ལས་འབྲས་བུ་བདེ་སྐྱིད་སྨིན་རྒྱུ་ཡིན་པ་ངེས་པ་རེད། དེ་བཞིན་མི་དགེ་བའི་ལས་བརྩམས་ཡོད་ན། དེའི་འབྲས་བུར་དཀའ་ངལ་དང་སྡུག་བསྔལ་འབྱུང་ངེས་རེད། དེ་དག་ནི་འབྱུང་ངེས་ཡིན་པ་དང་ཁྱེད་ཀྱིས་དེ་ལ་ཡིན་ཤག་བྱེད་ཆོག །ཁྱེད་ཀྱིས་ལས་དགེ་སྡིག་གང་རུང་ཞིག་བསགས་ནས་དེའི་འབྲས་བུ་མི་འབྱུང་བ་ནི་མི་སྲིད་པ་ཞིག་རེད།
 
འོན་ཀྱང་གལ་ཏེ་ཁྱེད་ཀྱིས་དགེ་མི་དགེ་བའི་ནུས་པ་གང་ཡང་བསགས་མེད་ན། དེ་འབྱུང་བའི་རྒྱུ་ཞིག་ནམ་ཡང་མེད་པ་རེད། དཔེར་ན། གལ་ཏེ་ཁྱེད་རང་ལ་འདོད་པའི་བདེ་བ་སྣ་ཚོགས་པའི་སྐོར་ལ་བསམ་བློ་བཏང་ན། ཁྱེད་ཀྱིས་བདེ་སྐྱིད་དེ་དག་འབྱུང་བའི་རྒྱུ་རྣམས་བསགས་མེད་ན། བདེ་བའི་རིགས་དེ་དག་མྱོང་མི་ཐུབ། དེ་འདྲའི་སྒོ་ནས་གལ་ཏེ་ཁྱེད་ཀྱིས་རྒྱུ་རྣམས་བསགས་མེད་ན། འབྲས་བུ་མྱོང་གི་མ་རེད། རྒྱུ་རྣམས་བསགས་ཡོད་ན། དེ་ནི་ཆུད་མི་ཟ་བར་འབྲས་བུ་མྱོང་རྒྱུ་ངེས་པའི་སྐོར་ལ་བསམ་བློ་གཏོང་དགོས།

Top