སྐར་རྩིས་རིག་པ་སྦྱོང་བའི་ཕན་ཡོན།
ནང་པའི་གཞུང་ནས་ང་ཚོས་གསུང་བཤད་ཀྱི་ཐོག་མར་འགོ་བཙུགས་པའི་ཚེ་ན་རང་གི་ཀུན་སློང་ངེས་བརྟན་བཟོ་བའི་སྐབས། ཆོས་ཉན་པའི་དམིགས་ཡུལ་ནི་སོ་སོའི་མི་ཚེའི་ནང་ཕན་ཐོགས་ཐུབ་པའི་གནད་དོན་ཞིག་ཤེས་པའི་ཆེད་དུ་ཡིན་ཞེས་རྟག་ཏུ་ནན་བརྗོད་བྱེད་ཀྱི་ཡོད། ལྷག་པར་དུ་ང་ཚོས་སོ་སོའི་དཀའ་ངལ་ལ་ཕན་ཐོགས་པའི་གནད་དོན་ཁོ་ན་ཙམ་ཞིག་ཤེས་འདོད་ཡོད་པ་མ་ཟད། གཞན་དོན་གང་ཐུབ་བསྒྲུབ་པར་གང་གིས་ཕན་ནུས་ཡོད་པ་དེའང་ཤེས་འདོད་ཡོད། ང་ཚོས་སྐབས་དོན་དེའི་ནང་སྐར་རྩིས་རིག་པའི་སྐོར་བསམ་བློ་གཏོང་བའི་སྐབས། དེའི་སྐོར་ཤེས་རྟོགས་བྱེད་པའམ་སློབ་སྦྱོང་བྱེད་པ་ལས་གང་ཞིག་དོན་ངོ་མར་འབྱུང་ཐུབ་པའི་ཐད་ལ་གསལ་པོ་དགོས།
ཕྱོགས་གཅིག་ནས་སྐར་རྩིས་རིག་པའི་ཤེས་བྱ་ལ་བརྟེན་ནས་མ་འོངས་པར་གང་འབྱུང་སྲིད་པའི་སྐོར་ཤེས་རྟོགས་ཡོང་བར་ཕན་གྱི་ཡོད། ཤེས་བྱ་འདི་ལ་གཞི་བྱས་ཏེ། ང་ཚོས་དཀའ་ངལ་གྱི་རིགས་རྣམས་སྤོང་བའི་ཕྱིར་སྔོན་འགོག་གི་ཐབས་ལམ་ལག་བསྟར་བྱེད་ཆོག །གང་ལྟར་ཡང་། ཆོས་ཞེས་བྱ་བ་ནི་ཚིག་དོན་ལྟར་བྱས་ན་སྔོན་འགོག་གི་ཐབས་ལམ་ལ་གོ་བ་ཡིན། འོན་ཀྱང་ང་ཚོས་རྣམ་རྟོག་ཅན་མི་ཆགས་པ་དང་ཚང་མ་སྔོན་ཚུད་ནས་ཐག་གཅོད་ཟིན་པ་རེད་ཅེས་བསམ་རྒྱུ་དེའི་ཐད་ལ་གཟབ་ནན་བྱེད་དགོས། དཀའ་ངལ་འགའ་ཞིག་ནི་ཡོང་ངེས་རེད། གང་ཡིན་ཞེ་ན། དེ་ནི་ནང་པའི་མི་ཚེར་ལྟ་ཚུལ་ཞིག་རྩ་བ་ནས་མིན། དམིགས་བསལ་ང་ཚོས་སྔོན་དཔགས་ཀྱི་སྐར་རྩིས་རིག་པར་ལྟ་བའི་སྐབས། དེ་ནང་པའི་ལས་ཀྱི་སྐབས་དོན་ནང་གོ་བ་བླང་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ཕྱོགས་གཞན་ཞིག་ནས་སྐར་རྩིས་སྦྱོང་བ་དེས་རང་སོ་སོ་ཤེས་རྟོགས་ཡག་ག་ཡོང་བའི་རྩ་འཛིན་ལམ་སྟོན་སྦྱིན་པ་དང་། དེ་ལ་བརྟེན་ནས་སེམས་ཚོར་གྱི་དཀའ་ངལ་ཐད་བསམ་བློ་འགའ་ཞིག་ང་ཚོར་འཐོབ་ཀྱི་ཡོད། དེ་ལས་སྤྱིར་གཏང་གི་རིམ་པའི་ཐོག་ནས་དེའི་གཟའ་སྐར་དང་ལོ་རྟགས་སོགས་ཀྱི་ཁྱད་ཆོས་རྣམས་ཀྱིས་སོ་སོའི་མི་ཚེ་དང་གཤིས་སྤྱོད་ལ་ལྟ་བའི་ཕྱིར་རྟོག་དཔྱོད་ཀྱི་སྒྲོམ་གཞི་འགའ་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད།
ང་ཚོས་མི་ཞིག་ལ་རོགས་བྱེད་འདོད་ཡོད་པའི་སྐབས། མི་དེ་ལ་དཀའ་གྱི་རིགས་ག་འདྲ་ཞིག་ཡོད་སྲིད་པའམ་ཡང་ན་མི་དེ་དང་འབྲེལ་བ་བྱེད་ཚུལ་ཡག་ཤོས་དེ་གང་ཡིན་སྲིད་པའི་སྐོར་ལ་བསམ་བློ་གཙང་མ་ཞིག་འཁོར་རྒྱུ་དེ་ལས་སླ་པོ་ཞིག་མེད། མི་དེའི་ཚེ་རབས་ལས་རྩིས་དང་དེ་ང་རང་ཚོ་སོ་སོ་དང་བསྡུར་ཞིབ་ཇི་ལྟར་བྱེད་པའི་ཐད་ལ་ཤེས་རྟོགས་འགའ་ཞིག་ཡོད་པ་ནི་མི་དེ་ལ་ཐོག་མར་འབྲེལ་གཏུགས་བྱེད་ཚུལ་གྱི་བསམ་བློ་ཞིག་འཐོབ་པར་ཕན་ཐོགས་ཅན་ཞིག་ཡིན། སླར་ཡང་ང་ཚོས་འདིའི་སྐོར་ལ་ནང་པའི་གཞུང་ནས་གསུངས་པའི་སྐབས་དོན་གྱི་ནང་ནས་ལྟ་དགོས། ང་ཚོས་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་སྤྱིའི་ནང་དུ་མི་རྣམས་བཅུག་ནས། “ཨོ། མི་འདིའི་དུས་སྦྱོར་སྲང་གི་ཁྱིམ་རེད་འདུག་པས། ངའི་དུས་སྦྱོར་ནི་སེང་གེའི་ཁྱིམ་རེད། ངས་མི་འདི་ལ་འབྲེལ་བ་འདི་ལྟར་བྱེད་དགོས་ཀྱི་འདུག །ཕ་གི་བུ་མོ་དེའི་དུས་སྦྱོར་གླང་གི་ཁྱིམ་རེད་འདུག་པས། ངས་མི་འདི་ལ་འབྲེལ་བ་འདི་ལྟར་བྱེད་དགོས་ཀྱི་འདུག་” ཅེས་བཅས་བསམ་རྒྱུ་དེ་སྤོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ལྟ་བུའི་བསམ་བློ་སྐྱོན་ཅན་ནི་མི་སྒེར་གྱི་རྣམ་པ་ལ་འབྲེལ་བ་མེད་པ་དང་སྟབས་བསྟུན་བདེ་བའི་རང་བཞིན་གྱི་སྐབས་སྦྱིན་གྱི་མེད། ང་ཚོར་གཞན་ཞིག་ལ་འབྲེལ་བ་ཇི་ལྟར་བྱེད་དགོས་པའི་བསམ་བློ་མེད་པའི་སྐབས། སྐར་རྩིས་རིག་པས་མི་དེ་དང་མཉམ་དུ་རྩེད་མོ་རྩེ་ཕྱིར་ཤོག་བྱང་དང་པོ་དེ་གསལ་སྟོན་བྱེད་ཐུབ། ང་ཚོས་ལྟ་ཚུལ་འདི་ནས་སྐར་རྩིས་རིག་པར་འཇུག་དགོས་པ་དང་རྟག་ཏུ་ནང་པའི་ལས་དང་སྟོང་པ་ཉིད་ཀྱི་ཆོས་དང་མཉམ་དུ་སྒྲིལ་དགོས།
འཛམ་གླིང་ནང་གི་སྐར་རྩིས་རིག་པའི་ལུགས་སྲོལ་མང་པོའི་ཁྲོད་ནས་བོད་སོག་ལུགས་ཀྱི་སྐར་རྩིས་རིག་པ་ནི་དེ་དག་ལས་མགོ་རྙོག་ཆེ་བ་ཞིག་རེད། དེ་ནི་ནུབ་ཕྱོགས་ཀྱི་སྐར་རྩིས་རིག་པ་ལས་རྙོག་འཛིངས་ཆེ་བ་ཡོད། འདིར་ང་ཚོས་བརྗོད་གཞི་འདི་མདོར་བསྡུས་སུ་དཔྱད་ཞིབ་བྱེད་ཀྱི་ཡིན། དེ་ལ་བརྟེན་ནས་དེའི་ནང་གང་ཡོད་པའི་སྐོར་ལ་བསམ་བློ་འགའ་ཞིག་འཐོབ་ཀྱི་རེད། སོག་པོའི་སྐར་རྩིས་ནི་བོད་ཀྱི་སྐར་རྩིས་རིག་པའི་ལུགས་གཙོ་བོ་དང་ཅུང་ཟད་མི་འདྲ་བ་ཡོད་ཀྱང་། ད་ལྟ་ངོ་སྤྲོད་ཀྱི་ཚུལ་དུ་ང་ཚོས་སྤྱིར་བཏང་བོད་སོག་གི་ལུགས་ཀྱི་སྐོར་ལ་ཤོད་རྒྱུ་ཡིན། དེ་ནས་ང་ཚོས་སྐར་རྩིས་རིག་པ་དང་ལས་དང་སྟོང་པ་ཉིད་ཀྱི་འབྲེལ་བའི་སྐོར་ཤོད་ཆོག །གོ་བསྡུར་ཕྱི་མ་དེ་ནི་བོད་སོག་གི་སྐར་རྩིས་རིག་པ་ལ་ངེས་པའམ་ཚད་བཀག་མིན་ནའང་། དེ་ནི་སྐར་རྩིས་རིག་པ་ཚང་མ་དང་འབྲེལ་བ་ཞིག་ཡིན།
བོད་སོག་གི་སྐར་རྩིས་རིག་པའི་ཁྱབ་ཚད།
བོད་སོག་གི་སྐར་རྩིས་རིག་པའི་སློབ་སྦྱོང་ནི་བརྗོད་གཞི་མང་པོ་དང་འབྲེལ་བ་ཆགས་ཀྱི་ཡོད། མི་མང་ཆེ་བས་སྐར་རྩིས་རིག་པ་ནི་ཚེ་རབས་ལས་རྩིས་སྐོར་སྟངས་དང་འགྲེལ་སྟངས་བཅས་དང་བསྟུན་ནས་བསམ་བློ་གཏོང་གི་ཡོད་པ་དང་། ཁྱེད་རང་བོད་སོག་གི་སྐར་རྩིས་རིག་པར་སྦྱོང་བརྡར་བྱེད་པའི་སྐབས། འདི་བྱེད་སྟངས་སྦྱོང་དགོས་ངེས་རེད། ཡིན་ནའང་བོད་སོག་གི་ཚེ་རབས་ལས་རྩིས་ནི་མི་ཞིག་སྐྱེས་པ་དང་མཉམ་དུ་གཤིས་སྤྱོད་ཀྱི་པར་རིས་ཁོ་ན་མཁོ་སྤྲོད་བྱེད་པ་ཙམ་དུ་མ་ཟད། སྐྱེས་པའི་གཟའ་འགྲེམས་དེའང་སྤྲོད་ཀྱི་ཡོད། དེ་དག་གིས་མི་ཞིག་གི་མི་ཚེ་ལོ་འགའ་རེའི་ནང་བབས་པའི་གཟའ་འགྲེམས་དེ་ཇི་ལྟར་གསལ་སྟོན་བྱེད་པའི་ཐད་ལའང་རྒྱས་བཤད་བྱེད་ཀྱི་ཡོད། དེ་ཡང་ནུབ་ཕྱོགས་ཀྱི་ཚེ་རབས་ལས་རྩིས་ནང་གསལ་བ་དང་ཧ་ཅང་མི་འདྲ་བའི་སྒོ་ནས་བྱུང་ཡོད།
གལ་ཏེ་ཁྱེད་ལ་མི་ཞིག་གི་སྐྱེ་ཚེས་དང་ལོ་ཐོའི་སྐབས་དོན་གྱི་ནང་ཁོང་ཚོའི་ཚེ་ཚད་ཀྱི་བབས་མེད་ན། ཁྱེད་ཀྱིས་ཚེ་རབས་ལས་རྩིས་བསྐོར་མི་ཐུབ། དེར་བརྟེན་སློབ་སྦྱོང་གི་ཆ་ཤས་ཆེ་ཁག་ནང་རྩིས་རིག་པ་དང་བོད་སོག་གི་ལོ་ཐོ་སྐྲུན་པའི་ཆེད་རྩིས་སྐོར་རྒྱུ་དེ་ཡིན་ཞིང་། དེའང་ནུབ་ཕྱོགས་ཀྱི་ལུགས་དང་གང་འཚམས་ཀྱི་མི་འདྲ་བ་རེད། གཞན་ཡང་གལ་ཏེ་ཁྱེད་ཀྱིས་སྐྱེ་དུས་དང་ཚེ་སྨད་ལ་གཟའ་སྐར་རྣམས་ཀྱི་གནས་ས་མདོར་བསྡུས་མ་ཤེས་ན། ཚེ་རབས་ལས་རྩིས་སྐྲུན་མི་ཐུབ། སྦྱོང་བརྡར་གྱི་ཆ་ཤས་ཆེ་བ་གཞན་ཞིག་ནི་བོད་སོག་གི་ལོ་ཟླའི་ཐོ་གྲངས་བརྩི་བའི་རྩིས་རིག་པ་དེ་རེད། ཕྱོགས་གཞན་ཞིག་ནས་ཉིན་མ་རེ་རེའི་གཟའ་སྐར་གྱི་གནས་དེ་རེད། གནས་དེ་དག་གི་རེའུ་མིག་འགའ་ཤས་ནི་ནུབ་ཕྱོགས་སུ་ཡོད་པ་ནང་བཞིན་སློབ་སྟོན་ཞུ་ཆོག་ཆོག་ཡོད། འོན་ཀྱང་བོད་སོག་གི་སྐར་རྩིས་སྐོར་མཁན་ཚོས་ཕལ་ཆེ་བ་ལག་རྩིས་རྒྱག་གི་ཡོད།
ལོ་ཐོ་དང་མཉམ་པའི་ཐོག་སྐར་རྩིས་སྐོར་མཁན་ཚོས་ལོ་ཐོའང་སྐྲུན་གྱི་ཡོད། ལོ་ཐོའི་ནང་ཞིང་ལ་ལོ་ཏོག་འདེབས་ལས་དང་བཙས་མ་རྔ་བ་རྒྱུ་འགོ་བཙུག་པའི་ཞག་མ་དང་ཆུ་ཚོད་བཀྲ་ཤིས་ལ་བཟང་ཤོས་རྣམས་སྟོན་གྱི་ཡོད། དེ་མིན་གྱི་སྤྱི་ཚོགས་ལ་གལ་ཆེན་ཡིན་པའི་གནད་དོན་རྣམས་སྟོན་གྱི་ཡོད།
བོད་སོག་གི་སྨན་དང་འབྲེལ་བའི་གནས་སྟངས་ལྟར། བོད་སོག་གི་སྐར་རྩིས་རིག་པ་ནི་རྒྱ་གར་དང་། གནའ་བོའི་གྷི་རིག །རྒྱ་ནག །དབུས་ཨེ་ཤི་ཡ། བོད་རང་གི་ཆོས་ལུགས་སྔ་ཤོས་བོན་ལུགས་བཅས་ནས་བྱུང་བའི་རྣམ་པ་རྣམས་ཐུན་མིན་གྱི་སྒོ་ནས་བསྲེ་སྦྱོར་བྱེད་ཀྱི་ཡོད། རྒྱུ་ཆ་དེ་དག་ནི་རྣམ་པ་ཆེ་ཁག་གཉིས་སུ་ཕྱེས་ཡོད་དེ། དཀར་རྩིས་དང་ནག་རྩིས་གཉིས་རེད། དཀར་པོ་དང་ནག་པོའི་སྒྱུ་འཁྲུལ་ལམ་རྫུ་འཕྲུལ་ཞེས་ཐ་སྙད་ནང་ཡོད་པ་ལྟར་བརྡ་སྦྱོར་རིག་པ་ལ་བཟང་ངན་དང་འབྲེལ་བ་གང་ཡང་མེད། དཀར་པོ་དང་ནག་པོ་ནི་རེ་རེ་བཞིན་དུ་རྒྱ་གར་དང་རྒྱ་ནག་གི་བོད་མིང་རྣམས་ཀྱི་བསྡུས་ཚིག་ཡིན་པ་རེད། བོད་སྐད་ནང་གི་རྒྱ་གར་ལ་རྒྱ་ཆེ་བའི་ས་རུ་མི་རྣམས་ཀྱིས་གོས་དཀར་པོ་གྱོན་མཁན་ཞེས་སུ་གྲགས་པ་དང་། རྒྱ་ནག་ལ་རྒྱ་ཆེ་བའི་ས་ལ་གོས་ནག་པོ་གྱོན་མཁན་ཞེས་སུ་གྲགས་པ་ཡིན།
དཀར་རྩིས་དང་དུས་འཁོར།
རྒྱ་གར་ནང་སྐར་རྩིས་རིག་པའི་ལུགས་ཕན་ཚུན་འདྲ་མཚུངས་ཡོད་པ་མང་པོ་དར་ཁྱབ་བྱུང་ཞིང་། དེ་དག་ལས་འགའ་ཞིག་ནི་ཧིནྡུ་དང་གཞན་གཅིག་ནི་ནང་པའི་ལུགས་དེ་རེད། དཀར་རྩིས་ནི་གཙོ་བོ་རྒྱ་གར་ནང་པའི་ལུགས་ནས་བྱུང་བ་དང་དེ་ནི་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ནང་གསལ་གྱི་ཡོད། ཀཱ་ལ་ཙཀྲ་ཞེས་བྱ་བ་ནི་དུས་ཀྱི་འཁོར་ལོ་ཞེས་པའི་དོན་ཡིན་པ་དང་དེ་ལ་རིམ་པ་གསུམ་ཡོད་དེ། ཕྱི་དང་། ནང་། གཞན་གསུམ་རེད། ཕྱིའི་འཁོར་ལོ་ནི་འཇིག་རྟེན་རྒྱུ་བའི་འཁོར་ལོར་གོ་བ་ཡིན། འཁོར་ལོ་དེ་དག་ལ་བརྟེན་ནས་ཁྱེད་ཀྱིས་ཉི་མ་དང་། ཟླ་བ། ནམ་མཁའི་ཉེ་འཁོར་དུ་ཡོད་པའི་གཟའ་སྐར་རྣམས་ཀྱི་གནས་ལ་བལྟས་ནས་ཕྱི་རོལ་ནས་དུས་ཚོད་ཚད་འཇལ་ཐུབ། གང་ལྟར་ཡང་། ནང་ཆོས་ནས་དུས་ནི་འགྱུར་བའི་ཚད་ཅིག་ལ་འགྲེལ་བརྗོད་བྱེད་ཀྱི་ཡོད། དེར་མ་ཟད། དེ་དག་གི་རྒྱུ་བ་ལ་བརྟེན་ནས་གཟས་སྐྲུན་པའི་འཁོར་ལོའི་འགྲོས་ནས་ང་ཚོས་ཚེ་རབས་ལས་རྩིས་འཐོབ་ཀྱི་ཡོད། གནམ་རིག་ཁམས་དང་སྐར་རྩིས་རིག་པའི་སློབ་སྦྱོང་ཡོངས་སུ་རྫོགས་པ་ནི་ཕྱིའི་དུས་ཀྱི་འཁོར་ལོ་དེ་དག་དང་འབྲེལ་ནས་ཡོད།
ནང་གི་ཆ་ནས་ལུས་ནང་གི་འཁོར་ལོ་ལ་བརྟེན་ནས་དུས་ཀྱི་བགྲོད་ལམ་ལའང་ཚད་འཇལ་ཐུབ། དཔེར་ན། མི་ཞིག་གིས་དབུགས་ག་ཚོད་དབྱུང་རྔུབ་བྱེད་པའི་གྲངས་ལ་བརྟེན་ནས་དུས་ཚད་འཇལ་ཐུབ། དེར་མ་ཟད། འགྲོ་བ་མིའི་ཆུང་བྱིས་པ་དང་། གཞོན་ནུ། དར་མ། རྒན་གོག་བཅས་ཀྱི་མི་ཚེའི་འཁོར་ལོའམ། ཡང་ན་བུད་མེད་ཀྱི་ཟླ་མཚན་འཁོར་ཡུན་ལ་བརྟེན་ནས་ཀྱང་ཚད་འཇལ་ཐུབ། དེར་བརྟེན་ཕྱི་དང་ནང་གི་དུས་ཀྱི་འཁོར་ལོ་ཡོད་པ་དང་། དུས་འཁོར་རྒྱུད་ལྟར་བྱས་ན། དེ་དག་ནི་ཕན་ཚུན་འདྲ་མཚུངས་ཡིན་པ་རེད།
ང་ཚོས་ནང་པའི་ལྟ་ཚུལ་ནས་བལྟ་བའི་སྐབས། སོ་སོ་སྐྱེ་བོ་རྣམས་ལ་འཁོར་ལོ་དེ་དག་གི་ཐོག་ལ་ཚོད་འཛིན་མེད་ཅེས་བརྗོད་ངེས་རེད། འཁོར་ལོ་དེ་དག་ནི་ལས་ཀྱི་ནུས་ཤུགས་སམ་ནུས་པའི་སྐུལ་སློང་ལ་བརྟེན་ནས་འབྱུང་གི་ཡོད། གཟའི་ཉིན་རེའི་གནས་ཀྱི་གནམ་ལོ་གཟའ་འགྲེམས་ཀྱི་ཆེད་དུ་སྨིན་པའམ། ཡང་ན་སྤྱིར་བཏང་ཐུན་མོང་གི་ལས་ཀྱི་འབྲས་བུ་ཚོད་དཔག་བྱེད་པའི་ཕྱིའི་དུས་ཀྱི་འཁོར་ལོ་ཡིན། མི་རྣམས་ཀྱི་སྐྱེས་པ་དང་བབས་པའི་གཟའ་འགྲེམས་ཀྱི་ནང་གི་འཁོར་ལོ་ནི་མི་རེ་རེའི་སྒེར་སོ་སོའི་ལས་ལ་བརྟེན་ནས་སྨིན་གྱི་ཡོད། ང་ཚོས་སྡུག་བསྔལ་གྱི་རིགས་ཚང་མ་མྱོང་གི་ཡོད། གང་ཡིན་ཞེ་ན། ང་ཚོར་ལས་ཀྱི་རྣམ་སྨིན་དེ་དག་དང་དེ་དག་གི་འབྲས་བུ་གང་ལའང་ཚོད་འཛིན་མེད་པའི་རྐྱེན་གྱིས་རེད།
དཔེར་ན། མི་འགའ་ཞིག་ནི་རང་སོ་སོའི་སྐྱེ་དུས་ཀྱི་ཚེ་རབས་ལས་རྩིས་ཆགས་དབྱིབས་ཀྱིས་ཤུགས་ཆེན་ཤུགས་རྐྱེན་སྤྲད་ཡོད། དེ་དག་ལ་སྒེར་སོ་སོའི་མི་ཚེར་གདོང་ལེན་བྱེད་པར་དཀའ་ངལ་ཡོད་པ་མ་ཟད། དགུན་རིང་ལ་ཟླ་བ་ཉ་གང་བ་ལྟ་བུ་ཕྱིའི་འཁོར་ལོ་ལའང་གདོང་ལེན་བྱེད་པར་དཀའ་ངལ་ཡོད། དཔེར་ན། ལྷ་སྒྲུང་ནང་གསལ་བའི་ཉ་གང་ཟླ་བའི་སྐབས་སུ་དུས་ཡུན་གང་འཚམས་ཀྱི་རིང་མི་རྣམས་སྤྱང་ཀིར་འགྱུར་བ་ལྟ་བུ་མི་འགའ་ཤས་ཏོག་ཙམ་སྨྱོ་འཚུབ་འཚུབ་ཆགས་ཀྱི་ཡོད། མི་རྣམས་ལ་ནང་གི་འཁོར་ལོར་གདོང་ལེན་བྱེད་པ་ལའང་དཀའ་ངལ་ཡོད་དེ། དཔེར་ན། ལང་ཚོ་དར་མ་ཡོལ་བ་དང་སྐུལ་རྒྱུའི་ཡར་རྒྱས་ཀྱི་འཁོར་ལོ་དང་། ཟླ་མཚན་གྱི་འཁོར་ཡུན། དེ་བཞིན་ལོ་ན་རྒས་པའི་རྒྱུད་རིམ་ལ་སོགས་པ་ལྟ་བུ་རེད། ནང་ཆོས་ནས་ང་ཚོས་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་ལོ་དེ་དག་ལས་ཐར་པ་འཐོབ་པར་འབད་བརྩོན་བྱེད་ཀྱི་ཡོད་པ་དང་། དེ་ལ་ང་ཚོས་འཁོར་བ་ཞེས་བརྗོད་ཀྱི་ཡོད། དེ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་གང་ཐུབ་བསྒྲུབ་ཐུབ་པའི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་དེ་རེད།
གཞན་དུས་ཀྱི་འཁོར་ལོའི་ནང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་ཕྱིར་དུས་འཁོར་གྱི་སྒོམ་ཉམས་ལེན་སྣ་ཚོགས་པ་ཡོད། གནད་དོན་གལ་ཆེན་འདིས་ནང་ཆོས་ལ་སྐར་རྩིས་རིག་པའི་ཕྱོགས་ལ་ཡོད་པའི་གཞི་རྐང་གི་གོམས་འདྲིས་གསལ་སྟོན་བྱེད་ཀྱི་ཡོད། ང་ཚོ་ནི་ཚེ་རབས་ལས་རྩིས་ལྟ་བུ་སྐར་རྩིས་རིག་པའི་ཁྱད་ཆོས་དག་གི་ཡ་ང་སྙིང་རྗེའི་ནང་ཡོད་པ་ལས་ཐར་འདོད་ཡོད། ནང་ཆོས་ལྟར་ན། མི་སྒེར་སོ་སོའི་སེམས་ཀྱི་རྒྱུད་ཀྱིས་ཐོག་མ་མེད་པ་ནས་དཀའ་ངལ་རྣམས་མྱངས་ཡོད་པ་དང་། གལ་ཏེ་ང་ཚོས་གནས་སྟངས་དེ་འགྱུར་བ་གཏོང་ཕྱིར་གང་ཡང་མ་བྱས་ན། དེ་དག་མུ་མཐུད་ནས་ཚེ་གཅིག་ནས་གཞན་དུ་གཏན་དུ་མྱོང་བར་འགྱུར་གྱི་རེད། འདིའི་དོན་ནི་ང་ཚོས་སྒེར་སོ་སོའི་ཚེ་འདི་ཙམ་གྱི་ཚེ་རབས་ལས་རྩིས་ལས་ཐར་དགོས་པ་མ་ཟད། མ་འོངས་སྐྱེ་བ་ཕྱི་མའི་ནང་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་གང་འདྲ་ཞིག་ཡིན་རུང་ཚང་མའི་ནང་འབྱུང་སྲིད་པའི་ཚེ་རབས་ལས་རྩིས་ལས་ཐར་དགོས་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོས་གཟའ་བཅུའི་རྒྱུ་ལམ་ཁྱིམ་རང་ནས་རང་ཉིད་ཐར་བར་དམིགས་ཀྱི་ཡོད།
ང་ཚོས་ཐབས་ཚུལ་འདི་ལ་བརྟེན་ནས་ཚེ་རབས་ལས་རྩིས་ནི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་ཞིག་མིན་པ་དང་། ང་ཚོར་ངེས་པར་དུ་ཡིན་དགོས་པ་ནང་བཞིན་བཀའ་བཀོད་གཏོང་བ་ཞིག་མིན་ལ། ང་ཚོས་དེའི་ཐད་ག་རེ་ཡིན་ནའང་བྱེད་ཐུབ་པ་ཞིག་ཀྱང་མིན། སོ་སོ་རང་ཉིད་དེ་ལྟ་བུའི་ཡིད་དུ་འཆར་བའི་ལྗིད་ཀྱིས་གནོན་པའི་ཚོར་བ་ལས་ཐར་འདོད་ཡོད་པ་དང་། དེ་ལྟར་བྱེད་པར། ང་ཚོར་སོ་སོའི་ཚེ་རབས་ལས་རྩིས་བྱེ་བྲག་དང་ཚེ་རབས་ལས་རྩིས་སྤྱིའི་ཐད་ཀྱི་ཞིབ་ཕྲའི་གནས་ཚུལ་ལ་བསམ་བློ་འགའ་ཞིག་ཡོད་དགོས། དེ་ལྟར་བོད་སོག་དང་། རྒྱ་གར་ཧིནྡུའི་ལུགས། རྒྱའི་ལུགས། ཨེ་རབ། མ་ཡན། ཡང་ན་ནུབ་ཕྱོགས་གང་ཡིན་རུང་། སྐབས་འདིའི་ནང་དུ་ང་ཚོས་སྐར་རྩིས་རིག་པ་སྦྱོང་དགོས་ཀྱི་ཡོད། ང་ཚོས་ཚེ་འདིའི་ཚེ་རབས་ལས་རྩིས་དབང་འོག་ཏུ་ཡོད་པ་ལས་ཐར་འདོད་བྱེད་པ་ཁོ་ན་ཙམ་དུ་མིན་པར། གཟའི་རྒྱུ་བ་ལ་བརྟེན་ནས་ཚད་འཇལ་བའི་ཀུན་ཏུ་འགྱུར་བའི་དུས་ཀྱི་འཁོར་ལོའི་དབང་འོག་ལས་ཐར་འདོད་བྱེད་ཀྱི་ཡོད། གནད་དོན་འདི་རྟོགས་དགོས་རྒྱུ་ནི་གནད་འགགས་ཅན་ཆགས་ཡོད། དེ་མིན་དེས་བཀྲ་ཤིས་པའམ་རྟེན་འབྲེལ་བཟང་བ་དང་བཀྲ་མི་ཤིས་པའམ་རྟེན་འབྲེལ་མི་བཟང་བའི་ཚེས་ཞག་གི་སྐོར་ཧ་ཅང་མང་པོ་ཤོད་ཀྱི་ཡོད་པ་སོང་ཙང་། ང་ཚོ་ལས་སླ་པོའི་སྒོ་ནས་སྐར་རྩིས་རིག་པ་དང་དམིགས་བསལ་བོད་སོག་གི་སྐར་རྩིས་རིག་པའི་ཐད་ལ་རྣམ་རྟོག་ཅན་ཆགས་པའི་རྒྱ་རྙིའི་ནང་ཚུད་སྲིད།
ནུབ་ཕྱོགས་པའི་སྐར་རྩིས་རིག་པ་དང་འབྲེལ་ལམ།
བོད་དང་སོག་པོའི་ལོ་ཐོའི་ཁྱད་ཆོས་མང་ཆེ་བའི་རྩིས་སྐོར་སྟངས་དང་། ལོ་ཟླའི་ཐོའི་ནང་གཟའི་གནས་དང་ལོ་ཟླའི་ཐོའི་ནང་གི་ཆ་རྐྱེན་མང་ཆེ་བ་དཔེར་ན། ཚེས་ཞག་བཟང་ངན་བཅས་ཀྱི་འབྱུང་ཁུངས་ནི་དུས་འཁོར་གྱི་རྒྱུད་དེ་ཡིན་པ་རེད། དུས་འཁོར་གྱི་རྒྱུད་ནི་བོད་དུ་མ་དར་གོང་ནས་རྒྱ་གར་ནང་དར་ཁྱབ་ཟིན་པ་དང་། དེ་ནས་སོག་ཡུལ་དུ་དར་ཞིང་། དེ་དག་གིས་ཧིནྡུའི་སྐར་རྩིས་རིག་པའི་ལུགས་དང་ཐུན་མོང་དུ་མཉམ་སྤྱོད་ཆེན་པོ་བྱེད་ཀྱི་ཡོད། ཧིནྡུའི་སྐར་རྩིས་རིག་པ་དང་གནའ་བོའི་རྒྱ་གར་རིག་གཞུང་གི་རྣམ་པ་མང་པོ་ཞིག་ནི་གནའ་བོའི་གྷི་རིག་གི་རིག་གཞུང་དང་ཐུན་མོང་དུ་མཉམ་སྤྱོད་བྱེད་ཀྱི་ཡོད། དེ་ནི་སྲིད་པའི་དཔལ་ཡོན་གཉིས་པོ་ཕན་ཚུན་འབྲེལ་བ་ཉེ་པོ་ཡོད་པ་དང་ལྷག་པར་དུ་གྷི་རིག་རྒྱལ་པོ་ཨེ་ལེགས་ ཛེན་ཌར་ཆེན་པོའི་ (Alexander the Great) དུས་སྐབས་སུ་འབྲེལ་བ་ཉེ་པོ་ཡོད་པས་རེད། ང་ཚོས་ཐོག་མར་ཐུན་མོང་གི་ཁྱད་ཆོས་དེ་དག་ལས་འགའ་ཞིག་གི་སྐོར་ལ་བལྟ་རྒྱུ་ཡིན། དེང་རབས་ནུབ་ཕྱོགས་ཀྱི་སྐར་རྩིས་རིག་པ་ནི་གནའ་བོའི་གྷི་རིག་གི་སྲོལ་རྒྱུན་ལས་བྱུང་བ་སོང་ཙང་། དེས་ཀྱང་དེ་དག་མཉམ་སྤྱོད་བྱེད་ཀྱི་ཡོད།
བོད་སོག་གི་སྐར་རྩིས་རིག་པའི་ནང་། ང་ཚོས་གཟའ་སྐར་གྱི་གནས་དེ་གཟའ་སྤེན་པའི་བར་དུ་རྩིས་སྐོར་གྱི་ཡོད་པ་ལས། གཟའ་སྤེན་པ་ལས་འདས་པ་མིན་ཞིང་། གཟའི་རྗེས་སུ་གཟའ་འཁོར་གྱི་ཉིན་མོ་རྣམས་ལ་མིང་འདོགས་ཀྱི་ཡོད་པ་དཔེར་ན། ཉི་མ་ལ་རེས་གཟའ་ཉི་མ་དང་ཟླ་བ་ལ་རེས་གཟའ་ཟླ་བ་ཞེས་ཨིན་སྐད་ནང་ (Sun) ལ་ (Sunday) དང་ (Moon) ལ་ (Monday) ཟེར་བ་ལྟ་བུ་རེད། དེ་གང་ཡིན་ཞེ་ན། གཟའ་སྤེན་པ་ལས་འདས་པའི་གཟའ་སྐར་རྣམས་ནི་ང་ཚོའི་མིག་སྔར་མི་མངོན་པ་དང་གནའ་བོའི་འཛམ་གླིང་གིས་དེ་དག་ཤེས་མེད། གཟའ་ཁྱིམ་རྣམས་ཀྱང་ལོ་རྟགས་བཅུ་གཉིས་སུ་དབྱེ་ཚུལ་ཞིག་ཀྱང་ཡོད་པ་དང་དེ་ཡང་གནའ་བོའི་གྷི་རིག་དང་རྒྱ་གར་ཧིནྡུའི་ལུགས་ཀྱི་མིང་དང་གཅིག་མཚུངས་ཡིན་པ་རེད། དེ་དག་ནི་དེང་དུས་ནུབ་ཕྱོགས་ལུགས་ཀྱིས་བཀོལ་སྤྱོད་བྱེད་པའི་ལུག་གི་ཁྱིམ་ (Aries) དང་གླང་གི་ཁྱིམ་ (Taurus) སོགས་དང་མིང་གཅིག་མཚུངས་ཡིན་པ་རེད། དེ་ག་ནང་བཞིན་ཁྱིམ་བཅུ་གཉིས་ཀྱི་དབྱེ་བ་ཞིག་ཀྱང་ཡོད་པ་དང་། དེ་དག་ལས་འགའ་ཞིག་ནི་ནུབ་ཕྱོགས་ཀྱི་སྐར་རྩིས་རིག་པའི་དོ་ཡ་ལས་འགྲེལ་ཚུལ་ཅུང་ཟད་མི་འདྲ་བ་ཡོད། ནུབ་ཕྱོགས་ཀྱི་ཚེ་རབས་ལས་རྩིས་ནང་ཡོད་པ་ལྟར་ཉི་ཟླ་སོགས་གཟའ་རེ་རེ་ནི་དུས་སྦྱོར་དང་ཁྱིམ་གྱི་ནང་དུ་ཡོད་པ་དང་། དེ་དག་ཟུང་དུ་འབྲེལ་བ་ལ་བརྟེན་ནས་གོ་དོན་དང་རེའུ་མིག་གི་ནང་ཡོད་པའི་གཟའི་གལ་གནད་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད།
ཁྱིམ་དང་དུས་སྦྱོར།
སྐར་རྩིས་རིག་པ་ལ་གོམས་འདྲིས་མེད་མཁན་ཚོའི་ཆེད་དུ་ངས་དུས་སྦྱོར་དང་ཁྱིམ་རྣམས་གང་ཡིན་པའི་སྐོར་མདོར་བསྡུས་ཞུ་རྒྱུ་ཡིན། དེ་གཉིས་ཀ་གནམ་རིག་ཁམས་ཀྱི་ཁྱད་ཆོས་ཁག་དང་འབྲེལ་བ་ཡོད།
གལ་ཏེ་ཁྱེད་ཀྱིས་གནམ་ལ་བལྟས་ན། ཁྱེད་ཀྱིས་ཉི་མ་དང་། ཟླ་བ། གཟའ་སྐར་རྣམས་ལ་དོ་སྣང་ཡོང་གི་རེད། ང་ཚོས་དེ་དག་ལ་གཟའ་ཞེས་བརྗོད་རྒྱུ་ཡིན། དེ་དག་ཐམས་ཅད་རྒྱུད་རིམ་ངེས་ཅན་ཞིག་གི་ཐོག་ནས་ཤར་ནས་ནུབ་ཏུ་བགྲོད་ཀྱི་ཡོད། གནའ་སྔ་མོའི་དུས་སུ་མི་རྣམས་ཀྱིས་འཛམ་གླིང་འདི་བསྐོར་བ་རྒྱག་གི་ཡོད་ཅེས་བསམ་གྱི་མེད། མི་རྣམས་ཀྱིས་གནམ་དང་གཟའ་རྣམས་འཛམ་གླིང་ལ་བསྐོར་གྱི་ཡོད་པར་བསམས་ཡོད། ཁོང་ཚོས་གཟའ་ཆེ་ཁག་རྣམས་བགྲོད་པའི་གནམ་གྱི་གོ་ལ་སྟེ། གཟའ་བཅུའི་རྒྱུ་ལམ་དེ་འཁོར་ལོ་ཧ་ཅང་ཆེན་པོ་ཞིག་དལ་གྱིས་ཕྱི་སྐོར་རྒྱག་གི་ཡོད་པ་ལྟ་བུར་བསམ་བློ་འཁོར་གྱི་ཡོད། འཁོར་ལོ་དེའི་ཕྱེད་ཀ་ཙམ་ནི་འཛམ་གླིང་གི་འོག་ཏུ་ཡོད། གལ་ཏེ་ང་ཚོས་དེང་དུས་ཀྱི་དཔེ་མཚོན་ཞིག་ཞུས་ན། ང་ཚོའི་ལྟ་ཚུལ་དེ་ནི་མི་ཞིག་ཧ་ཅང་དལ་གྱིས་སྐོར་བཞིན་པའི་དཔྱངས་འཁོར་གྱི་དཀྱིལ་དུ་ལངས་ནས་ཡོད་པ་དང་དེའི་ཕྱེད་ནི་ང་ཚོའི་སྟེང་ལ་ཡོད་པ་དང་ཕྱེད་ནི་ང་ཚོའི་འོག་ལ་ཡོད་པ་ལྟ་བུ་རེད།
གལ་ཏེ་ཁྱེད་ཀྱིས་ཐིག་རིས་ཀྱིས་བརྒྱན་པའི་ནམ་མཁའ་དེ་དལ་གྱིས་འཁོར་བའི་དཔྱངས་འཁོར་ལྟར་བལྟས་ན། འཁོར་ལོ་དེ་ཆ་བཅུ་གཉིས་ལ་བགོ་ཐུབ། དེ་དག་ལས་དྲུག་ཁོ་ན་ནི་ནམ་མཁར་རྟག་ཏུ་མངོན་གསལ་དོད་པོར་ཡོད། དཔྱངས་འཁོར་དེའི་ཆ་རེ་རེའི་ནི་དཔྱངས་འཁོར་གྱི་ཁྱིམ་ལྟ་བུ་ཧ་ཅང་མངོན་པར་གསལ་བའི་རྒྱུ་སྐར་ཚོམ་བུ་ཞིག་ཡིན། རྒྱུ་སྐར་དེ་དག་ནི་གཟའ་ཁྱིམ་གྱི་རྟགས་བཅུ་གཉིས་ཡིན།
ད་དཔྱངས་འཁོར་དེ་དལ་གྱིས་ཁང་པའི་དབྱིབས་ཟླུམ་པོ་ཧ་ཅང་ཆེན་པོ་ཞིག་གི་ནང་དུ་སྐོར་བ་རྒྱག་བཞིན་ཡོད། དཔྱངས་འཁོར་དེ་སྐོར་སའི་ཁང་ཟླུམ་དེའི་ནང་ལོགས་ཀྱི་རྩིག་ངོས་ཐིག་རིས་ནང་སྡེ་ཚན་བཅུ་གཉིས་སུ་དབྱེ་བ་ཕྱེས་ན། དེ་དག་ནི་ཁྱིམ་བཅུ་གཉིས་དག་རེད། དེ་དག་གཡོ་འགུལ་བྱེད་ཀྱི་མེད། དེར་བརྟེན་གོ་ལ་ཟླུམ་པོ་དེ་ང་ཚོ་ནས་ཐད་ཀར་ཤར་ཕྱོགས་ནས་མར་བགྲོད་ནས་ལམ་གྱི་དྲུག་ཆ་གཅིག་ལ་ཐད་ཀར་ནུབ་ཕྱོགས་སུ་བགྲོད་པ་ནི་ཁྱིམ་དང་པོ་དེ་རེད། དེའི་རྗེས་ཀྱི་དྲུག་པ་དེ་ནི་ཁྱིམ་གཉིས་པ་རེད། དེ་ལྟར་རིགས་འགྲེ་བར་བྱའོ། །ཁྱིམ་དང་པོ་དྲུག་ནི་ང་ཚོའི་འོག་ཏུ་ཡོད། ཕྱོགས་གཞན་ཞིག་ནས་འཕྲེད་ཐིག་གི་འོག་ན་ཡོད་པ་དང་མཐའ་མ་དྲུག་ནི་སྟེང་ལ་ཡོད། དཔེ་ཆ་བཞག་ན། ཁྱིམ་དང་པོ་ལུག་གི་ཁྱིམ་དེ་ནི་ང་ཚོ་ནས་ཤར་གྱི་ཕྱོགས་སུ་ཐད་ཀར་ཟླུམ་དབྱིབས་དེའི་ནང་ལོགས་ཀྱི་རྩིག་ངོས་ཀྱི་རྗེས་སུ་སྟེ། འཆར་ཁྱིམ་དེ་ཡིན། དཔྱངས་འཁོར་དེ་ཧ་ཅང་དལ་པོར་སྐྱོད་ཀྱི་ཡོད་པས། ཁྱིམ་གཉིས་པའམ་རྗེས་མ་གླང་གི་ཁྱིམ་དེར་བསླེབ་པར་ཟླ་བ་གཅིག་འགོར་གྱི་ཡོད། ལུག་ཁྱིམ་དེ་རྩིག་ངོས་ཀྱི་སྐབས་དེར་རང་འཇགས་ལོག་པའི་སྐབས། ལོ་གཅིག་འདས་ཟིན་པ་རེད།
ད་དཔྱངས་འཁོར་དེ་ཁང་པ་ཟླུམ་པོ་དེའི་ནང་ལ་ག་ལེར་ཕྱི་སྐོར་རྒྱག་གི་ཡོད་པའི་དབང་དུ་བཏང་ནས་དེ་ཡང་བཟོ་ལྟ་དེ་རླུང་སྦུག་མེད་པའི་ཀ་ཟླུམ་ཅན་གྱི་འགྱིག་འཁོར་ཞིག་དང་འདྲ་ཞིང་། སྤོ་ལོ་དགུ་པོ་ནང་ལོགས་སུ་རེ་རེ་མྱུར་ཚད་མི་འདྲ་བའི་ཐོག་ནས་ནང་སྐོར་རྒྱག་གི་ཡོད། སྤོ་ལོ་དགུ་ནི་གཟའ་རྣམས་རེད། ཉི་མའི་སྤོ་ལོས་ཉིན་གཅིག་གི་ནང་འགྱིག་འཁོར་དེའི་ནང་དུ་འཁོར་ནས་འགྲོ་བ་དང་། ཟླ་བའི་སྤོ་ལོས་རྒྱུ་ལམ་ཆ་ཚང་བསྐོར་བར་ཟླ་བ་གཅིག་འགོར་གྱི་ཡོད་པ་སོགས་རེད། དེ་ལྟ་བས་ན་དུས་ངེས་ཅན་ཞིག་གི་ནང་གཟའ་རྣམས་རྟགས་དང་ཁྱིམ་ངེས་ཅན་ཞིག་གི་ནང་ཆགས་པ་དང་། འདིའི་གནས་མུ་མཐུད་དེ་འགྱུར་བ་འགྲོ་གི་ཡོད། ཚེ་རབས་ལས་རྩིས་ཀྱི་རེའུ་མིག་ནི་དུས་ངེས་ཅན་ཞིག་གི་ནང་པར་བླངས་པ་ལྟ་བུ་ཡོད། དེ་ཡང་དཔེར་ན། མི་ཞིག་སྐྱེ་བའི་དུས་སྐབས་ལྟ་བུ་རེད། དེ་ཡང་ནམ་མཁའི་སྡེ་ཚན་བྱེ་བྲག་ཅིག་གི་ནང་སྟེང་ངམ་སའི་འོག་གང་རུང་དུ་གཟའ་ཁྱིམ་གྱི་རྒྱུ་ལམ་དལ་གྱིས་བསྐོར་བའི་སྒོ་ནས་འཁོར་བཞིན་པའི་གཟའ་རེ་རེའི་གནས་ས་སྟོན་གྱི་ཡོད།
གཟའ་དང་། དུས་སྦྱོར། ཁྱིམ་བཅས་ཀྱི་ལུགས་ནི་བོད་སོག་དང་། རྒྱ་གར་ཧིནྡུ། གནའ་བོའི་གྷི་རིག །དེང་དུས་ནུབ་ཕྱོགས་ཀྱི་སྐར་རྩིས་རིག་པའི་ལུགས་དང་གཅིག་པ་རེད། གང་ལྟར་ཡང་། ཕྱི་མ་གཉིས་དང་མི་འདྲ་བར་རྒྱ་གར་དང་བོད་སོག་གི་ལུགས་ཀྱི་ནང་ཉི་མའི་རྒྱུ་ལམ་གྱི་དཔྱངས་འཁོར་དེའང་ཁྱིམ་ཉེར་བདུན་པའི་གཟའ་ཁྱིམ་གཉིས་པ་ཞིག་གི་ནང་དུ་དབྱེ་གི་ཡོད། སྐབས་རེར་དཔྱངས་འཁོར་གྱི་ནང་ཁྱིམ་བཅུ་གཉིས་ཚབ་ལ་ཁྱིམ་ཉེར་བདུན་འཇོག་གི་ཡོད། ཁོང་ཚོས་གཟའི་རྒྱུ་ལམ་ཁྱིམ་ཉེར་བདུན་ནི་གཙོ་བོ་ལོ་ཐོ་བརྩི་བའི་ཆེད་དུ་བཀོལ་སྤྱོད་བྱེད་པ་དང་། ཁྱིམ་བཅུ་གཉིས་དེ་ནི་གཙོ་བོའི་ཆ་ནས་ཚེ་རབས་ལས་རྩིས་ཆེད་དུ་ཡིན་པ་རེད།
བརྟན་སྐར་འཁོར་ལོ།
རྒྱ་གར་ཧིནྡུ་དང་བོད་སོག་གི་ལུགས་ཀྱིས་ཁྱད་ཆོས་གཞན་ཞིག་མཉམ་སྤྱོད་བྱེད་ཀྱི་ཡོད་པ་ནི་གཟའ་ཁྱིམ་དང་འབྲེལ་ཞིང་། དེ་ནི་གནའ་བོའི་གྷི་རིག་དང་དེང་དུས་ནུབ་ཕྱོགས་ཀྱི་ལུགས་དང་ཤུགས་ཆེན་མི་འདྲ་བའི་ཁྱད་པར་ཡོད། དེ་དག་གིས་བརྟན་སྐར་གྱི་འཁོར་ལོ་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་དང་ཕྱི་མ་གཉིས་ཀྱིས་དཔྱིད་མཉམ་དུས་ཀྱི་འཁོར་ལོ་བཀོལ་སྤྱོད་བྱེད་ཀྱི་ཡོད། དོན་ངོ་མར་དུས་འཁོར་ལུགས་ཀྱིས་རྒྱ་གར་གྱི་ཧིནྡུའི་སྐར་རྩིས་རིག་པའི་ལུགས་ཀྱི་བརྟན་སྐར་གྱི་འཁོར་ལོ་ལ་དགག་པ་དང་བཅས་དཔྱིད་མཉམ་དུས་ཀྱི་འཁོར་ལོ་ཞིག་ཁས་ལེན་བྱེད་ཀྱི་ཡོད། འོན་ཀྱང་བོད་མི་ཚོས་དུས་འཁོར་གྱི་གཟའ་ཁྱིམ་རང་ལུགས་སུ་བསྟེན་པའི་སྐབས། ཁྱད་ཆོས་འདི་ལ་ཆ་འཇོག་མ་བྱས་པར། རྒྱ་གར་གྱི་ཧིནྡུའི་ལུགས་གང་རུང་དང་མི་འདྲ་བ་ཆགས་ཡོད་ནའང་། བརྟན་སྐར་གྱི་ལུགས་བཀོལ་སྤྱོད་བྱ་རྒྱུར་ཕྱིར་ལོག་བྱས་པ་རེད།
༼བོད་ཀྱི་གཟའ་སྐར་དཔྱད་རིག་ཞེས་པར་གཟིགས།༽
བོད་སོག་དང་། དུས་འཁོར། རྒྱ་གར་ཧིནྡུའི་ལུགས་བཅས་ཀྱི་ཁྲོད་དུ་གསལ་བའི་གཟའ་ཁྱིམ་དང་འབྲེལ་བའི་མི་འདྲ་བའི་ཁྱད་པར་ཞིབ་ཕྲར་འགྲེལ་བརྗོད་བྱེད་པ་ལས་ལྡོག་སྟེ། འདིར་བརྟན་སྐར་དང་དཔྱིད་མཉམ་དུས་ཀྱི་འཁོར་ལོ་བཅས་དབར་ལ་ལུགས་དེ་དག་ཐམས་ཅད་ཐུན་མོང་དུ་མཉམ་སྤྱོད་བྱེད་པའི་ཁྱིམ་བཅུ་གཉིས་དང་བསྟུན་ནས་སྤྱིར་བཏང་གི་འགྲེལ་བརྗོད་ཙམ་བྱ་རྒྱུ་དེ་འདང་ངེས་རེད། ལམ་ལུགས་ཀྱིས་དཔྱངས་འཁོར་སྟེང་དུ་ཁྱིམ་བཅུ་གཉིས་པོ་དེ་དག་གང་དུ་འཇོག་པ་དང་། ཁྱིམ་དེ་དག་བརྟན་པར་གནས་ཀྱི་ཡོད་དམ་ཡང་ན་ཧ་ཅང་དལ་གྱིས་འགུལ་གྱི་ཡོད་པ་བཅས་ཀྱི་ཐོག་ནས་ཁྱད་པར་འབྱུང་གི་ཡོད།
དཔེ་ཆ་བཞག་ན། དཔྱངས་འཁོར་དེ་ཚན་པ་བཅུ་གཉིས་སུ་དབྱེ་བ་ཕྱེས་ཡོད་པ་དང་དེ་དག་རེ་རེ་ལ་ཁྱིམ་ནང་ནས་གཅིག་གི་མིང་ཡོད། ཁྱིམ་དེ་དག་རེ་རེ་ལའང་དུས་སྦྱོར་གཅིག་གི་མིང་ཐོགས་ཡོད། བོད་སོག་དང་རྒྱ་གར་ཧིནྡུའི་ལུགས་ཀྱིས་དཔྱངས་འཁོར་གྱི་ཚན་པ་མིང་གཅིག་པ་འགོ་ཚུགས་སའི་གནས་ཏག་ཏག་གི་སྟེང་ལ་ཁྱིམ་བཅུ་གཉིས་འཇོག་གི་ཡོད། ལུག་གི་ཁྱིམ་ནི་དཔྱངས་འཁོར་སྟེང་གི་ལུག་ཁྱིམ་གྱི་ཐོག་མར་གནས་ཤིང་དེ་ནས་ནམ་ཡང་མི་གཡོ་བ་ཡིན། དེར་བརྟེན་བོད་སོག་དང་རྒྱ་གར་ཧིནྡུའི་སྐར་རྩིས་རིག་པས་བརྟན་སྐར་གྱི་འཁོར་ལོ་བཀོལ་སྤྱོད་བྱེད་ཀྱི་ཡོད།
གནའ་བོའི་གྷི་རིག་དང་། དུས་འཁོར་གྱི་རྒྱུད། དེང་དུས་ནུབ་ཕྱོགས་ཀྱི་ལུགས་ཀྱིས་ལུག་ཁྱིམ་དེ་བཞིན་དཔྱངས་འཁོར་ཉི་མའི་སྤོ་ལོ་གང་དུ་ཆགས་པའི་སྣེ་མོ་གང་རུང་ལ་རྒྱ་གར་ནང་གི་དཔྱིད་ཀའི་ཉིན་མཚན་མཉམ་པའི་སྐབས་ཏག་ཏག་ལ་འཇོག་གི་ཡོད། དེ་ནི་ཉིན་མཚན་གཉིས་ཀྱི་རིང་ཚད་གཅིག་མཚུངས་ཡིན་པའི་དཔྱིད་དུས་ཀྱི་སྐབས་རེད། ཉིན་མོ་དེར་ཉི་མ་ནི་བྱང་བགྲོད་ཀྱི་མཐའ་སྟེང་ནས་ཐད་ཀར་ཡོལ་འགྲོ་གི་ཡོད་པ་སོང་ཙང་། ནམ་མཁའི་ཁྱིམ་གྱི་བརྗེ་ཚབ་འདི་ལ་དཔྱིད་མཉམ་དུས་ཀྱི་འཁོར་ལོ་ཟེར་གྱི་ཡོད།
ང་ཚོའི་གོ་བསྡུར་གྱི་དགོས་དོན་ཆེད་དུ་གནའ་བོའི་གྷི་རིག་གི་ལུགས་ལ་བསམ་ཞིབ་བྱ་རྒྱུ་དེ་རེ་ཞིག་ཟུར་དུ་འཇོག་རྒྱུ་ཡིན། ཡེ་ལོ་ ༢༩༠ ཡས་མས་མཚམས་སུ་ཇི་ལྟར་གནམ་རིག་རྟོག་ཞིབ་ལྟར་བྱས་ན། དཔྱིད་མཉམ་གྱི་དུས་དེ་དོན་ངོ་མར་དཔྱངས་འཁོར་གྱི་ལུག་ཁྱིམ་གྱི་འགོ་སྟོད་ལ་གནས་ཀྱི་ཡོད། དེ་ནས་བཟུང་སྟེ། ཧ་ཅང་དལ་གྱིས་ཕྱིར་ལྡོག་རྒྱུ་བ་འགྲོ་མུས་ཡིན་པ་དང་། ལོ་བདུན་ཅུ་དོན་གཉིས་རེ་རེའི་མཚམས་སུ་རོབ་རྩིས་བྱས་ན་དབྱུག་གཅིག་གི་ཕྱིར་ལྡོག་རྒྱུ་བཞིན་ཡོད། མངོན་ཚུལ་འདི་ལ་དཔྱིད་མཉམ་དུས་ཀྱི་ཕྱིར་ལྡོག་རྒྱུ་བ་ཞེས་གྲགས་པ་རེད། དབྱུག་ཀླད་ཀོར་ཅན་གྱི་ལུག་ཁྱིམ་གྱི་གནས་དང་དབྱུག་ཀླད་ཀོར་ཅན་གྱི་ལུག་ཁྱིམ་དཔྱིད་ཀའི་ཉིན་མཚན་མཉམ་པ་དང་བསྟུན་ནས་འགྲེལ་བརྗོད་བྱས་པ་གཉིས་དབར་གྱི་ཧེ་བག་ནི་སའི་གོ་ལའི་སྣེའི་ཚངས་ཐིག་རིམ་པས་དེའི་གོམས་འདྲིས་ཀྱི་ནང་འཁོར་ཡུན་ལོ་སྟོང་ཕྲག་ཉེར་དྲུག (༢༦༠༠༠) ལ་བརྟེན་ནས་བརྟན་སྐར་འཁོར་ལོ་ལ་བསྐོར་བའི་བདེན་དོན་གྱིས་རྐྱེན་པས་རེད།
དཔྱིད་ཀའི་ཉིན་མཚན་མཉམ་པ་ནི་ད་ལྟ་དབྱུག་ ༢༣ ནས་ ༢༤ བར་ལ་དཔྱངས་འཁོར་གྱི་ཉའི་ཁྱིམ་ལ་རང་འཇགས་གནས་པ་དང་། དེ་ནི་ལུག་ཁྱིམ་གྱི་ཐད་ཀར་རྒྱབ་ལ་ཡོད། དེར་བརྟེན་དེང་དུས་ནུབ་ཕྱོགས་ལུགས་ཀྱིས་ད་ལྟའི་ཆར་ལུག་ཁྱིམ་དེ་དཔྱངས་འཁོར་གྱི་ཉའི་ཁྱིམ་ནང་དབྱུག་དྲུག་དང་བདུན་གྱི་བར་ལ་འཇོག་གི་ཡོད། ལོ་རེར་བཞིན་དེང་དུས་ནུབ་ཕྱོགས་ལུགས་ཀྱིས་ཁྱིམ་དེ་ཅུང་ཟད་ཐག་རིང་སྤོ་བཞུད་བྱེད་ཀྱི་ཡོད། ཁྱིམ་གྱིས་འགྲེལ་བརྗོད་བྱས་པའི་གཟའ་ཁྱིམ་ལ་གཞི་བྱས་ནས་དེ་གཟའི་གནས་ལ་གོ་བ་དང་། བོད་སོག་དང་རྒྱ་གར་ཧིནྡུའི་ལུགས་ནི་དཔྱངས་འཁོར་རང་གིས་འགྲེལ་བརྗོད་བྱས་པའི་གཟའ་ཁྱིམ་དང་བསྟུན་ནས་དེ་དག་གི་གནས་ལ་གོ་གི་ཡོད། དེར་བརྟེན་དཔྱིད་མཉམ་དུས་ཀྱི་འཁོར་ལོའི་དབྱུག་ཀླད་ཀོར་ཅན་གྱི་ལུག་ཁྱིམ་གྱི་བརྟན་སྐར་གྱི་འཁོར་ལོ་ཞིག་ནི་ཉའི་ཁྱིམ་གྱི་དབྱུག་དྲུག་དང་བདུན་གྱི་བར་གྱི་གནས་ཤིག་ལ་ཡོད། དེ་ཡང་ཕྱོགས་གཞན་ཞིག་ནས་དཔྱིད་མཉམ་དུས་ཀྱི་གནས་དེ་འཐེན་གྲངས་ཉེར་གསུམ་དང་ཉེར་བཞིའི་བར་ལ་ཡོད།
གནམ་རིག་རྟོག་ཞིབ་ཀྱི་སྒོ་ནས་ནུབ་ཕྱོགས་ལུགས་ཀྱི་དབྱུག་ཀླད་ཀོར་ཅན་གྱི་ལུག་གི་ཁྱིམ་དེ་དོན་ངོ་མར་ལུག་ཁྱིམ་སྐར་ཚོམ་གྱི་འགོ་སྟོད་དེ་དབྱུག་ཉེར་གསུམ་དང་ཉེར་བཞིའི་ཕྱིར་ལྡོག་རྒྱུ་བའི་ཆ་རྐྱེན་འཐེན་པའི་གྲངས་དང་མཐུན་གྱི་ཡོད་པར་གསལ་སྟོན་བྱེད་ཀྱི་ཡོད། སྲོལ་རྒྱུན་གྱི་བོད་སོག་དང་རྒྱ་གར་ཧིནྡུའི་ལུགས་ཀྱིས་ཕྱིར་ལྡོག་རྒྱུ་བ་བརྩི་བར་དངོས་ཐོག་མྱོང་འདྲིས་ཀྱི་བརྟག་ཞིབ་ལ་ནམ་ཡང་བརྟེན་གྱི་མེད། དེར་མ་ཟད། གཟའི་གནས་རྣམས་ནི་རྩིས་རིག་གི་དཔེ་མཚོན་ཁོ་ན་ལས་བྱུང་ཞིང་། རྩིས་བསྐོར་ཟིན་པའི་གནས་རྣམས་རྟོག་ཞིབ་བྱས་ཟིན་པ་དང་མི་མཐུན་པ་དེ་ལ་ཕལ་ཆེར་ཁྱད་པར་གང་ཡང་བཟོས་མེད། སྲོལ་རྒྱུན་གྱི་རྒྱ་གར་དང་། བོད། སོག་པོའི་རྩིས་སྐོར་མཁན་ཚོས་གནམ་ལ་བལྟས་ནས་རྩིས་གཏན་འབེབས་བྱ་རྒྱུར་དོ་དབྱིངས་མེད་པ་རེད།
གཟའ་སྐར་རྣམས་ཀྱི་གནས་རྩིས་བསྐོར་བ་དང་རྟོག་ཞིབ་བྱས་པ།
དུས་རབས་བཅུ་བདུན་པའི་ནང་མུ་གྷལ་གྱི་དབང་སྒྱུར་བ་ཚོའི་བརྒྱུད་ནས་རྒྱ་གར་ནི་ཐོག་མེ་གནམ་རིག་ཁམས་ཀྱི་བརྟག་ཞིབ་ཁང་དང་མྱོང་འདྲིས་ཆགས་པ་རེད། ཁོང་ཚོས་ཨེ་རབ་ནས་བཞེངས་སྟངས་སྦྱངས་ཡོད། གཟའ་བརྟགས་པའི་གནས་རྣམས་ནི་སྲོལ་རྒྱུན་གྱིས་རྩིས་བསྐོར་བ་དང་ཤུགས་ཆེན་མི་འདྲ་བའི་ཁྱད་པར་ཆགས་ཡོད། ཐ་ན་རྒྱ་གར་བ་ཚོས་དབྱུག་ཉེར་གསུམ་ནས་ཉེར་བཞིའི་བར་དེ་རྩིས་བསྐོར་བའི་གནས་སྟངས་ལ་ཁ་སྣོན་བྱས་ཡོད་ནའང་། དེ་དག་གི་རྩིས་རིག་པའི་དཔེ་མཚོན་རྣམས་ཀྱིས་ད་དུང་ཡང་འབྲས་བུ་ཏག་ཏག་ངེས་པ་ཞིག་སྤྲད་མེད། དེ་ནས་དུས་རབས་རྗེས་མའི་ཨིན་ཇིའི་མངའ་འོག་ཏུ་ཡོད་སྐབས། རྒྱ་གར་གྱི་སྐར་རྩིས་རིག་པ་སྨྲ་བ་ཚོས་གཟའ་སྐར་གྱི་གནས་རྩིས་སྐོར་བའི་ཕྱིར་ཡུ་རོབ་ཀྱི་སྦྱོར་ཐབས་མན་ངག་རྣམས་སྦྱངས་ནས་དེ་དག་གིས་བརྟག་ཞིབ་ཀྱིས་བདེན་པ་ཁུངས་སྐྱེལ་བྱས་པའི་འབྲས་བུ་བྱིན་པར་མཐོང་ཡོད། མང་ཆེ་བས་སྲོལ་རྒྱུན་ཧིནྡུའི་རྩིས་སྐོར་ལུགས་དང་དེ་ལས་བྱུང་བའི་ལོ་ཐོ་རྣམས་འདོར་རྒྱུའི་ཐག་གཅོད་བྱས་ཡོད། དེ་དག་གི་ཚབ་ལ་ལེགས་བཅོས་བྱེད་མཁན་ཚོས་ནུབ་ཕྱོགས་ཀྱི་རྩིས་རིག་པ་ལ་བརྟེན་ནས་བརྟག་ཞིབ་བྱས་པ་དང་རྩིས་བསྐོར་བའི་གནས་རྣམས་དང་ལེན་བྱས་པ་རེད། དེ་ཡང་དབྱུག་ཉེར་གསུམ་ནས་ཉེར་བཞིའི་བར་དེ་བརྟན་སྐར་གྱི་འཁོར་ལོའི་ནང་སྒྱུར་བའི་ཕྱིར་འཕྲི་བ་ཙམ་དེ་རེད།
བརྒྱ་ཕྲག་འགའ་ཤས་སྔོན་དུ་རྒྱ་གར་གྱི་ཧུནྡུའི་སྐར་རྩིས་རིག་པར་བྱུང་བ་ནང་བཞིན་ད་ལྟ་བོད་སོག་གི་སྐར་རྩིས་རིག་པའི་ནང་དུས་ཀྱི་གཉན་འཕྲང་གཅིག་མཚུངས་ཤིག་འབྱུང་བཞིན་ཡོད། བོད་སོག་གི་རྩིས་སྐོར་མཁན་རྣམས་ནུབ་ཕྱོགས་དང་རྒྱ་གར་ལུགས་ལ་མྱོང་འདྲིས་ཆགས་བཞིན་ཡོད་པ་སོང་ཙང་། ཁོང་ཚོས་དུས་འཁོར་གྱི་རྩིས་རིག་སྦྱོར་ཐབས་རྣམས་ཀྱིས་གཟའི་གནས་སྦྱིན་པ་ནི་སྔ་རབས་ཧིནྡུའི་ལུགས་ནས་བྱུང་བ་དང་ཁྱད་པར་ཡོད་པ་དང་། དེ་དག་གིས་ད་དུང་ཡང་བརྟག་ཞིབ་དང་མཐུན་པའི་པར་རིས་ཏག་ཏག་ཅིག་སྤྲོད་ཀྱི་མེད། དྲི་བ་ཆེན་པོ་ཞིག་ནི་སྲོལ་རྒྱུན་གྱི་རྩིས་རིག་དེ་བསྐྱུར་ནས་དཔྱིད་མཉམ་དུས་ཀྱི་ཕྱིར་ལྡོག་རྒྱུ་བ་ལ་རན་འཚམས་བཟོས་པའི་ནུབ་ཕྱོགས་ཀྱི་སྐར་ཁྱིམ་གནས་ཧིནྡུའི་ལེགས་བཅོས་བྱེད་པོ་རྣམས་ཀྱི་དཔེ་རང་ལུགས་སུ་བསྟེན་དགོས་དང་མི་དགོས་ཟེར་བ་དེ་རེད། གདམ་ཀ་དེ་གཉིས་ཀར་དགག་སྒྲུབ་ཡོད། ཐ་ན་ད་ལྟའི་དུས་སུའང་རྒྱ་གར་ཧིནྡུའི་སྐར་རྩིས་སྐོར་མཁན་ཚོའི་ཁྲོད་དུ་བགྲོ་གླེང་འགྲོ་བཞིན་ཡོད།
ལས་དང་འབྲེལ་བ།
སྐར་རྩིས་རིག་པ་ནི་གཟའི་ནང་གནས་པའི་ལྷ་རྣམས་ཀྱི་ཤུགས་རྐྱེན་ནས་བྱུང་བའི་སྐོར་ཤོད་ཀྱིན་མེད་པ་དེ་ནང་པའི་ཆོས་ཀྱི་ནང་གང་འཚམས་གསལ་པོ་རེད། དེ་ཡང་དེ་དག་སོ་སོའི་ནུས་སྟོབས་ལ་བརྟེན་ནས་ང་ཚོའི་མི་ཚེའི་ནང་གཞན་ལ་ལྟོས་མི་དགོས་པར་གནད་དོན་འབྱུང་བའི་རྒྱུ་བྱེད་ཀྱི་ཡོད། གཟའ་དེ་དག་རང་ངོས་ནས་ཤུགས་རྐྱེན་ངོ་མ་ཞིག་ལ་འབད་པའང་བྱེད་ཀྱི་མེད། དེ་ལྟ་བུ་མི་སྲིད་པ་ཞིག་རེད། དེ་ལས་ལྡོག་སྟེ། ནང་ཆོས་ནས་ཚེ་རབས་ལས་རྩིས་ནང་གི་གཟའི་གནས་ཀྱིས་མི་ཞིག་སྐྱེས་པའི་ལས་ཀྱི་ནུས་པའི་ཆ་ཙམ་ཞིག་གསལ་བར་བྱེད་ཀྱི་ཡོད་པར་དག་སྐྱེལ་བྱེད་ཀྱི་ཡོད།
མེ་ལོང་སྣ་ཚོགས་པ་ང་ཚོའི་ལས་ཀྱི་ནུས་པའི་ཆ་ལ་གཟུགས་བརྙན་སྐྲུན་གྱི་ཡོད་པ་དང་དེ་ཡང་འགྲོས་ཀྱི་རྣམ་པའི་ཚུལ་དུ་སྐྲུན་གྱི་ཡོད། འགྲོས་དེ་དག་ང་ཚོས་སྐྱེ་བའི་སྐབས་ཀྱི་གཟའི་གནས་ནང་མཐོང་ཐུབ་པ་ཙམ་དུ་མ་ཟད། ང་ཚོའི་རིགས་རྫས་ཀྱི་སྐོར་དང་། ང་ཚོའི་གཤིས་སྤྱོད། སྤྱོད་ལམ། དེ་བཞིན་སྤྱིར་བཏང་ང་ཚོའི་མི་ཚེའི་ནང་མཐོང་ཐུབ། མི་སུ་འདྲ་ཞིག་ཡིན་ནའང་འགྲོས་དེ་དག་ཐམས་ཅད་ནི་དུས་མཉམ་དུ་སྒྲིག་པ་ཞིག་རེད། ཕྱོགས་གཞན་ཞིག་ནས་དེ་དག་ཐམས་ཅད་སྐྱེ་བ་སྔོན་མར་བསགས་པའི་ལས་ཀྱི་ནུས་ཤུགས་ཀྱི་འབྲས་བུའི་ཚུལ་དུ་ཐུམ་སྒྲིལ་གཅིག་གི་ནང་འབྱུང་གི་ཡོད། ལྟ་ཚུལ་དེའི་སྒོ་ནས་གཟའ་རྣམས་ཀྱི་བརྩིས་རྒྱག་པའི་གནས་དེ་གནམ་དུ་གང་བརྟག་ཞིབ་བྱས་པ་དང་མཐུན་གྱི་ཡོད་མེད་ཁྱད་པར་མེད། དེར་བརྟེན་སྲོལ་རྒྱུན་དུས་འཁོར་གྱི་སྦྱོར་ཐབས་མན་ངག་ལ་བརྟེན་ནས་རྩིས་རྒྱག་པའི་གཟའི་གནས་ཉར་དགོས་མིན་དང་། ཡང་ན་ནུབ་ཕྱོགས་སུ་ཁས་ལེན་བྱེད་པའི་བརྟགས་ཟིན་པའི་གནས་རྣམས་དཔྱིད་མཉམ་དུས་ཀྱི་ཕྱིར་ལྡོག་རྒྱུ་བའི་ཆེད་རན་འཚམས་བཟོ་བ་ནི་གནད་དོན་ལས་སླ་པོ་ཞིག་མིན། གདམ་ཀ་གང་གིས་སྐར་རྩིས་རིག་པའི་གནས་ཚུལ་མི་རྣམས་ཀྱི་མི་ཚེ་དང་མཐུན་ཆེ་བ་མཁོ་སྤྲོད་བྱེད་ཀྱི་ཡོད་མེད་ཐག་གཅོད་བྱེད་པར། ཉམས་ཞིབ་དང་དཔྱད་པ་ཧ་ཅང་མང་པོ་བྱ་དགོས་ཀྱི་ཡོད།
ཚེ་རབས་ལས་རྩིས།
དོན་ཚན་གཅིག་དཔྱད་ཞིབ་བྱེད་དགོས་པ་ནི་ཚེ་རབས་ལས་རྩིས་དེ་རེད། དེས་མི་ཞིག་གི་མི་ཚེའི་དུས་སྐབས་སྣ་ཚོགས་པའི་ནང་གང་འབྱུང་རེ་ཆེ་བ་ཡིན་པར་སྔོན་དཔོག་བྱེད་ཀྱི་ཡོད། སྐྱེ་དུས་ཀྱི་ཚེ་རབས་ལས་རྩིས་དང་ལོ་ཐོའི་ནང་ཡོད་པ་ལྟར། གཟའ་དགུ་ཡོད་དེ། ཉི་མ་དང་། ཟླ་བ། ལྷག་པ། པ་སངས། མིག་དམར། ཕུར་བུ། སྤེན་པ་བཅས་བདུན་དང་། སྒྲ་གཅན་དང་དུས་མེ་བཅས་རེད། ད་ང་ཚོས་དཔྱངས་འཁོར་གྱི་གཟུགས་བརྙན་སྐོར་ལ་རང་འཇགས་འགྲོ་རྒྱུ་ཡིན། དེ་ཡང་འགྱིག་འཁོར་གྱི་དབྱིབས་ཅན་ནང་ཉི་མ་དང་ཟླ་བའི་སྤོ་ལོ་འགྱིག་འཁོར་ནང་ལོགས་ཀྱི་རྒྱུ་ལམ་འཁོར་བཞིན་ཡོད། འདིས་ཉི་མ་དང་ཟླ་བའི་འཁོར་ལམ་དེ་འགྲེལ་བརྗོད་བྱེད་ཀྱི་ཡོད། འཁོར་ལམ་གཉིས་པོ་འདྲ་མཚུངས་ཏག་ཏག་མིན་ནའང་། འགྱིག་འཁོར་གྱི་ཟུར་ཁ་གཏད་དེ་དྲ་པ་དྲ་བྱེད་ལྟར་འབྲེལ་ནས་ཡོད། བཞི་མདོའི་སྣེ་རྣམས་ནི་སྒྲ་གཅན་དང་དུས་མེ་ཡིན་པ་རེད། ཉི་མ་དེ་སྣེ་གཅིག་ལ་ཡོད་པ་དང་ཟླ་བ་དེ་ཏག་ཏག་གཞན་དེར་ཡོད་པའི་སྐབས། ཟླ་འཛིན་འབྱུང་གི་ཡོད། ཉི་མ་དང་ཟླ་བ་བཞི་མདོ་གཉིས་གང་རུང་དང་འཕྲད་པའི་སྐབས། ཉི་འཛིན་འབྱུང་གི་ཡོད། གནའ་བོའི་གནམ་རིག་ཁམས་དང་སྐར་རྩིས་རིག་པ་སྔ་ཤོས་ཀྱིས་སྒྲ་གཅན་དང་དུས་མེ་རྣམས་ནི་གཟའ་ཡིན་པར་ཆ་འཇོག་བྱེད་ཀྱི་ཡོད། ནང་པས་དེ་གཉིས་ལ་སྒྲ་གཅན་དང་དུས་མེ་ཞེས་ཟེར་གྱི་ཡོད་པ་དང་། ཧིནྡུའི་ལུགས་སུ་དེ་དག་ལ་ར་ཧུའམ་སྒྲ་གཅན་དང་ཀེ་ཏུའམ་མཇུག་རིངས་ཞེས་མིང་དུ་བཏགས་ཡོད། དེ་དག་གི་ཁོངས་སུ་གཟའ་བརྒྱད་པ་དང་དགུ་པ་གཏོགས་ཡོད།
བོད་སོག་གི་ར་རྩིས་རིག་པས་མི་ཞིག་གི་མི་ཚེའི་རིང་ཚད་འབྱུང་རེ་ཆེ་ཤོས་དེ་རྩིས་སྐོར་གྱི་ཡོད། དེ་ནས་གོ་རིམ་ངེས་པའི་སྒོ་ནས་གཟའ་དགུ་པོ་རེ་རེས་དབང་སྒྱུར་བྱས་པའི་དུས་ཡུན་གྱི་ནང་དུ་ཚེ་ཚད་ཆ་བགོས་རྒྱག་གི་ཡོད། གཟའ་རེ་རེས་དུས་ཡུན་ངེས་ཅན་ཞིག་གི་རིང་དབང་སྒྱུར་བྱེད་པ་སྟེ། དེ་ནི་ཆ་ཚད་གཏན་ཁེལ་བ་དང་བསྟུན་ནས་ཚེ་ཚད་ཀྱི་བརྒྱ་ཆ་ངེས་ཅན་ཞིག་ཡིན། དེ་དག་རེ་རེའི་བརྒྱ་ཆ་ནི་མི་འདྲ་བ་རེད། མི་ཞིག་གི་མི་ཚེའི་དུས་ཡུན་དང་པོ་དེ་གཟའ་གང་གིས་དབང་སྒྱུར་བྱེད་ཀྱི་ཡོད་རྩིས་སྐོར་བ་དང་། དེ་ཡང་གཟའ་དེས་དབང་སྒྱུར་བྱས་པའི་ཚེ་ཚད་ཀྱི་བརྒྱ་ཆ་རྩིས་སྐོར་བའི་སྒོ་ནས་དུས་ཡུན་དང་པོའི་ཚེའི་རིང་ཚད་དེ་འབྱུང་གི་ཡོད། ཁྱེད་ཀྱིས་དེ་ལྟར་ཆ་ཚད་གཅིག་མཚུངས་སུ་ཚེ་ཚད་ཀྱི་དུས་ཡུན་རེ་རེ་བཞིན་དུ་ནང་གསེས་དབྱེ་བ་ཕྱེ་ཆོག་པ་དང། ནང་གསེས་ཀྱི་དབྱེ་བ་དེ་དག་ཀྱང་ད་དུང་དབྱེ་ཆོག །དུས་ཡུན་ངེས་ཅན་ཞིག་དང་། ནང་གསེས་ཀྱི་དུས་ཡུན། ནང་གསེས་ཀྱི་དུས་ཡུན་གྱི་དབྱེ་བ་ཞིག་ལ་དབང་སྒྱུར་བྱེད་པའི་གཟའ་དེའི་སྐྱེས་པའི་གཟའ་འགྲེམས་ཀྱི་ནང་གི་ནུས་ཤུགས་ལ་མཚུངས་བསྡུར་བྱེད་པའི་སྒོ་ནས་དུས་ཚོད་དེའི་རིང་ལ་མི་ཞིག་ལ་འབྱུང་རེ་ཆེ་ཤོས་དེ་གང་ཡིན་པའི་འགྲེལ་བརྗོད་དེ་འབྱུང་བར་བྱེད་ཀྱི་ཡོད།
རྒྱ་གར་ཧིནྡུའི་ལུགས་ཀྱི་སྔོན་དཔགས་སྐར་རྩིས་རིག་པ་ནི་བོད་སོག་དང་འདྲ་མཚུངས་ཡོད་ཀྱང་། གནད་དོན་འགའ་ཤས་ཀྱི་ཐོག་ནས་ཧ་ཅང་མི་འདྲ་བའི་ཁྱད་པར་ཡོད། ཧིནྡུའི་ལུགས་ཀྱིས་ཚེ་ཚད་རྩིས་སྐོར་གྱི་མེད་པས། ཚེ་རྩིས་མེད། གཟའ་དགུས་བོད་སོག་གི་ལུགས་ནང་བཞིན་བརྟན་པའི་གོ་རིམ་དང་ཆ་ཚད་གཅིག་པའི་ནང་དབང་སྒྱུར་བྱེད་ཀྱི་ཡོད། འོན་ཀྱང་གནས་སྟངས་ཚང་མའི་ནང་དེ་དགུས་དབང་སྒྱུར་བྱེད་པའི་དུས་ཡུན་རྣམས་ལོ་ངོ་བརྒྱ་དང་ཉི་ཤུའི་ (༡༢༠) བར་དུ་སྦྱིན་པ་ཡིན། དེ་འདྲ་སོང་ཙང་། གལ་ཏེ་གཟས་དབང་སྒྱུར་བྱེད་པའི་བརྒྱ་ཆ་དེ་བཅུ་ཡིན་ན། དེས་མི་ཚང་མའི་མི་ཚེའི་ནང་ལོ་བཅུ་གཉིས་རིང་དབང་སྒྱུར་བྱེད་ཀྱི་རེད། ལོ་བཅུ་གཉིས་པོ་དེ་དག་མི་ཚེའི་ནང་འབྱུང་བའི་སྐབས་ཁོ་ནར་མི་རྣམས་ཀྱི་བབས་དབར་ལ་ཁྱད་པར་འགྲོ་གི་རེད། ཁྱེད་ཀྱིས་འདི་ལོ་ ༡༢༠ འཁོར་ལོའི་ནང་གང་དུ་མི་ཞིག་གི་མི་ཚེ་འགོ་བཙུག་གི་ཡོད་པ་རྩིས་སྐོར་བའི་སྒོ་ནས་ཐག་གཅོད་བྱེད་དགོས། མི་མང་ཆེ་བ་ནི་ལོ་ ༡༢༠ སྔོན་ནས་འདས་གྲོངས་སུ་འགྲོ་གི་ཡོད་པས། དུས་ཡུན་དེ་མི་རྣམས་མ་གྲོངས་གོང་ལ་མི་འབྱུང་བ་སྲིད་པ་རེད། བོད་སོག་གི་ལུགས་ལ་དུས་ཡུན་དགུ་པོ་ཚང་མ་ནི་ཚང་མའི་མི་ཚེའི་ནང་འབྱུང་བ་དང་། གལ་ཏེ་གཟས་དབང་སྒྱུར་བྱེད་པའི་བརྒྱ་ཆ་དེ་བཅུ་ཡིན་པ་དང་ཚེ་ཚད་དེ་ལོ་དྲུག་ཅུ་ཁོ་ན་ཡིན་ན། ལུས་དེའི་དུས་ཡུན་ནི་ལོ་དྲུག་ཁོ་ན་རེད།
ནག་རྩིས་དང་རྒྱ་ནག་གི་སྐར་རྩིས།
བོད་སོག་སྐར་རྩིས་རིག་པའི་ནང་གི་ནག་རྩིས་ནི་རྒྱ་ནག་ལུགས་ནས་བྱུང་ཞིང་། དེའི་སྟེང་ལ་སྔོན་དཔགས་སྐར་རྩིས་ཀྱི་ཆེད་དུ་ཁ་སྣོན་འགའ་ཞིག་བྱེད་ཀྱི་ཡོད། རྣམ་པ་གཅིག་ནི་ལོ་རྟགས་བཅུ་གཉིས་ཏེ། བྱི་བ་དང་ཕག་སྤྲེལ་སོགས་དང་། ས་ཆུ་མེ་ཤིང་ལྕགས་བཅས་འབྱུང་བའི་ཁམས་ལྔ་ནས་ཡོང་གི་ཡོད། དེ་དང་མཉམ་དུ་ཁོང་ཚོས་སྦྱོར་བ་དྲུག་ཅུ་བཟོ་གི་ཡོད་པ་དཔེར་ན། ལྕགས་རྟ་དང་ཤིང་སྟག་ལྟ་བུ་བོད་སྐད་ནང་མི་འདྲ་བ་རེད། སོག་པོའི་ལུགས་སུ་འབྱུང་བའི་མིང་རྣམས་ལ་དེ་དག་དང་འབྲེལ་བའི་ཚོན་མདོག་གིས་ཚབ་བྱེད་ཀྱི་ཡོད་པ་དཔེར་ན། རྟ་ནག་པོ་དང་སྟག་སྔོན་པོ་ཟེར་བ་ལྟ་བུ་རེད། སྐྱེས་པའི་གཟའ་འགྲེམས་ཀྱི་ནང་དུ་ལོ་ཟླ་ཚེས་གྲངས་སྦྱོར་བ་དང་སྐྱེ་དུས་ཀྱི་དུས་ཡུན་ཆུ་ཚོད་གཉིས་དང་ལྡན་པ་རེད། དེ་ཡང་མི་ཚེའི་ལོ་རེ་རེའི་ནང་དབང་སྒྱུར་བྱེད་པའི་ལོ་རྟགས་འབྱུང་བའི་སྦྱོར་བ་རྩིས་སྐོར་གྱི་ཡོད། དེ་དག་སྐྱེས་པའི་སྦྱོར་བ་དང་མཚུངས་སྡུར་བྱེད་པ་དང་དེ་ལ་བརྟེན་ནས་ལོ་དེའི་སྔོན་དཔགས་ཀྱི་གནས་ཚུལ་གཞན་ཡང་འབྱུང་གི་ཡོད།
ནག་རྩིས་ཀྱི་ནང་དུ་སྤར་ཁ་བརྒྱད་དང་སྨེ་བ་དགུའི་ལུགས་ཤིག་ཀྱང་ཡོད། སྤར་ཁ་ནི་ཐིག་གསུམ་ཟུང་དུ་འབྲེལ་བ་ཞིག་ཡིན་ཞིང་། ཐིག་དེ་དག་ཀྱང་རྡོག་པོའམ་ཡང་ན་ཆག་གྲུམ་གང་རུང་ཡིན་པ་རེད། དེ་དག་ནི་སྔ་རབས་རྒྱ་ལུགས་སྤར་ཁ་སྟེ་མོ་དེབ་ (I Ching, The Book of Changes) ཀྱི་ནང་གསལ་ཡོད། སྨེ་བ་རྣམས་ནི་གྲུ་བཞི་མ་ཞིག་ལས་བྱུང་བ་དང་དེ་ཡང་ཀླད་ཀོར་དང་ཀུར་རྟགས་ཅན་གྱི་སྒྲོམ་ལྟ་བུ་བཙོན་དགུའི་ནང་དུ་དབྱེ་བ་ཕྱེས་ཡོད། བཙོན་རེ་རེའི་ནང་ཨང་ཀི་རེ་ཡོད་པ་ནི་གཅིག་ནས་དགུ་བར་དུ་རེད། དེ་དག་གྲངས་ཀྱི་སྒྲིགས་སྟངས་ནི་ཨང་ཀི་གསུམ་འཕྲེད་དང་། ལྡོག་འཕྲེད། གཏད་ཐིག་བཅས་ཀྱི་སྒོ་ནས་བསྣོན་ཅིང་། དེ་དག་ཀྱང་རྟག་ཏུ་ཨང་ཀི་བཅོ་ལྔ་དང་མཉམ་པ་ཡིན། སྐྱེ་དུས་ཀྱི་ལོའི་སྤར་ཁ་དང་སྨེ་བ་ལས། བབས་སྤར་དང་མི་ཚེའི་ལོ་རེ་རེའི་ཨང་ཀི་རྣམས་རྩིས་སྐོར་དགོས། དེས་ད་དུང་སྔོན་དཔགས་ཀྱི་གནས་ཚུལ་སྟེར་གྱི་ཡོད། དཀར་ནག་རྩིས་ལས་བྱུང་བའི་གནས་ཚུལ་ཡོངས་རྫོགས་ནི་ཕན་ཚུན་འབྲེལ་བ་དང་སྔོན་དཔོག་ཅན་གྱི་བོད་སོག་གི་ཚེ་རབས་ལས་རྩིས་ཆ་ཚང་བ་སྐྲུན་པར་འགྲེལ་བརྗོད་བྱས་ཡོད། ད་དུང་ཞིབ་ཚགས་ཡོང་བའི་ཆེད་ཞག་བཟང་ངན་དང་དུས་ཚོད་བཟང་ངན་དང་འབྲེལ་བའི་ལོ་ཟླའི་ཐོ་ནས་དཀར་ནག་གི་གནས་ཚུལ་ཁ་སྣོན་བྱེད་སྲིད། དུས་ཡུན་ངེས་ཅན་ཞིག་ལ་ཤུགས་རྐྱེན་སྤྲོད་པའི་རྐྱེན་ཚང་མར་དཔྱད་དགོས། གང་ཡིན་ཞེ་ན། འགྱུར་ལྡོག་ཅན་གྱི་རྣམ་པ་གཅིག་གི་ལྟ་ཚུལ་ལྟར་བྱས་ན། དུས་སྐབས་དེ་བཟང་པོ་ཡོད་སྲིད་ཀྱང་། ལྟ་ཚུལ་གཞན་ཞིག་གི་ཐོག་ནས་དེ་ནི་བཟང་པོ་མེད་སྲིད་པ་རེད། བོད་སོག་གི་སྐར་རྩིས་རིག་པའི་རེའུ་མིག་གི་འགྲེལ་ཚུལ་དེ་མགོ་རྙོག་ཅན་གྱི་སྒྱུ་རྩལ་ཞིག་རེད།
ཚེ་ཚད་སྔོན་དཔགས།
ད་དུང་འགྲེལ་ཚུལ་ལ་སྒྱུ་རྩལ་དང་ལྡན་དགོས་པ་ནི་དེ་བས་དཀའ་ལས་ཁག་པ་ཡོད། དེ་གང་ཡིན་ཞེ་ན། ལུགས་དེ་གའི་ནང་དཀའ་ངལ་མང་པོ་ཞིག་འབྱུང་གི་ཡོད། སྐབས་འགར་ཁྱེད་ཀྱིས་མི་ཞིག་གི་ཚེ་ཚད་རྩིས་སྐོར་བའི་སྐབས། ཨང་རྩིས་རིག་པའི་སྦྱོར་ཐབས་མན་ངག་དང་བསྟུན་ན། མི་དེ་ལོ་འགའ་ཤས་གོང་ནས་འདས་གྲོངས་སུ་ཕྱིན་པ་ཞིག་ཡིན་དགོས་པར་ཤེས་རྟོགས་ཡོང་གི་ཡོད། ཡང་རྩིས་སྐོར་སྟངས་གཞན་ཞིག་ནས། གལ་ཏེ་མི་དེས་དགེ་བའི་ལས་ཧ་ཅང་མང་པོ་བྱེད་ཀྱི་ཡོད་ན། མི་དེས་རང་གི་ཚེ་ཚད་དེ་བརྒྱ་ཆ་གང་འཚམས་ཤིག་གི་བར་དུ་རིང་དུ་གཏོང་ཐུབ་པར་གསལ་སྟོན་བྱེད་ཀྱི་ཡོད། དེ་ལྟ་ནའང་མི་མང་པོ་ཞིག་ནི་སྔོན་ཚུད་ནས་འདས་གྲོངས་སུ་ཕྱིན་ཟིན་པ་ཡིན་དགོས། དེར་མ་ཟད། ཁྱེད་ཀྱི་ཚེ་ཚད་རིང་དུ་གཏོང་བར་དགེ་བའི་ལས་ག་ཚོད་ཙམ་བྱེད་དགོས་སམ། དེ་ལ་ནམ་རྒྱུན་འཆར་ཅན་དང་རིང་དུ་གཏོང་བའི་ཚེ་ཚད་བཅས་སྲིད་རུང་གི་གདམ་ཀ་གཉིས་ཁོ་ན་ལས་མེད་པ་རེད་དམ། ཡང་ན་གལ་ཏེ་ཁྱེད་ཀྱིས་དགེ་བའི་ལས་ཆུང་ཙག་ཅིག་བྱེད་པའམ་ཡང་ན་ཁྱེད་ཀྱི་ཀུན་སློང་དེ་ངན་པ་ཞིག་ཡིན་ན། ཁྱེད་ཀྱིས་ཚེ་ཚད་དེ་ཅུང་ཟད་རིང་དུ་གཏོང་ཐུབ་བམ།
ཁྱེད་ཀྱིས་བོད་དང་སོག་པོའི་སྐར་རྩིས་རིག་པར་མཁས་པའི་མི་སྣ་ཚོས་སྐར་རྩིས་རིག་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ནང་དུས་ནས་དུས་སུ་མཛད་པའི་གཞུང་ལུགས་ཁག་ལ་བལྟས་ན། གནས་སྟངས་དེ་བས་མགོ་རྙོག་ཆེ་རུ་འགྲོ་གི་ཡོད། ཁོང་ཚོས་མི་ཞིག་གི་ཚེ་ཚད་རྩིས་སྐོར་རྒྱུ་དེ་ལ་མོས་མཐུན་མི་བྱེད་པ་རེད། མི་འགའ་ཞིག་གིས་འོས་འཚམས་ཀྱི་ཚེ་ཚད་རིང་ཤོས་ནི་ལོ་བརྒྱ་དང་ཉི་ཤུ་བར་དུ་བརྩི་བ་དང་། འགའ་ཤས་ཀྱིས་ལོ་བརྒྱ། དེ་བཞིན་གཞན་དག་གིས་ལོ་བརྒྱད་ཅུའི་བར་དུ་བརྩི་གི་ཡོད། དེ་དག་ལས་ཁྱེད་ཀྱིས་གང་ཞིག་མོས་འདེམས་བྱེད་པ་ལ་བརྟེན་ནས་མི་ཞིག་ཚེ་རིང་ལོད་ག་ཚོད་འཚོ་བ་དང་མི་དེའི་ཚེའི་དུས་ཡུན་གྱི་རིང་ལ་གང་འབྱུང་རྒྱུ་ཡིན་པ་བཅས་ནི་མི་འདྲ་བ་རེད། དེ་དག་ལས་གང་འགྲིག་པ་རེད་དམ། རྒྱ་གར་ཧིནྡུའི་ལུགས་ཀྱི་སྐར་རྩིས་རིག་པ་དེའི་རྗེས་སུ་འབྲངས་ནས་ཚེ་ཚད་ནམ་ཡང་མ་བརྩིས་ན། དེ་ཡག་ག་ཡོད་ངེས་རེད་དམ། ཐ་ན་ང་ཚོས་དེ་ལྟར་བྱས་ཀྱང་། བོད་སོག་གི་སྐར་རྩིས་རིག་པའི་སྲོལ་རྒྱུན་ལམ་ལུགས་འགའ་ཞིག་ཡོད་པ་དང་། དེ་དག་རེ་རེ་ནས་ལོ་ཐོ་རྩི་སྟངས་དེ་ཏོག་ཙམ་མི་འདྲ་བ་ཡོད། དེར་བརྟེན་ཐ་ན་དེ་ལས་རྒྱ་ཆེ་བའི་སྔོན་དཔགས་སྣ་ཚོགས་པ་དེ་དག་ནི་མི་ཞིག་གི་མི་ཚེའི་རྒྱུད་རིམ་དང་འབྲེལ་ནས་ཐོབ་སླ་པོ་ཡོད་པ་རེད།
བདེན་པར་འཛིན་པ།
བོད་སོག་སྐར་རྩིས་རིག་པ་ནི་སྲོལ་རྒྱུན་མི་འདྲ་བ་འགའ་ཞིག་ཡོད་པར་བརྟེན་གཞན་ལས་ཐུན་མིན་ཞིག་མིན། དེ་དག་རེ་རེས་གཟའ་འགྲེམས་ཅུང་ཟད་མི་འདྲ་བ་སྐྲུན་བཞིན་ཡོད། ནུབ་ཕྱོགས་དང་། རྒྱ་གར་ཧིནྡུ། རྒྱ་ནག་ལུགས་བཅས་ཀྱིས་ཁྱད་ཆོས་འདི་མཉམ་སྤྱོད་བྱེད་ཀྱི་ཡོད། མི་རྣམས་གནས་སྟངས་འདི་ལ་རྒྱུས་མངའ་ཆགས་པའི་སྐབས། ཁོང་ཚོ་ཡང་སེ་མི་བདེ་བ་ཆགས་ཀྱི་ཡོད། ཉེན་སྲུང་མེད་པ་དང་ཁོང་ཚོས་རང་སོ་སོར་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་དང་རང་ངོས་ནས་རྙེད་དུ་ཡོད་པའི་བདག་ཅིག་ཡོད་པར་འཛིན་པ་དང་། དེ་བཞིན་ཁོང་ཚོའི་མི་ཚེའི་ནང་གང་འབྱུང་རྒྱུ་ཡིན་པ་དེ་རང་ངོས་ནས་ངེས་བརྟན་ཡོད་པའི་བྱུང་རྐྱེན་ལྟར་དུ་གྲུབ་པར་འཛིན་གྱི་ཡོད། རྨོངས་པ་འདི་ལ་གཞི་བྱས་ཏེ། ཁོང་ཚོས་འ་ཆད་འུ་ཐུག་གིས་སོ་སོའི་གཞན་ལ་ལྟོས་མི་དགོས་པར་གྲུབ་པའི་ “བདག་” དེ་ནི་གང་འབྱུང་རྒྱུ་ཡིན་པ་དེའམ། ཡང་ན་མ་མཐར་ཡང་གང་ཡོང་གི་ཡོད་པ་ཤེས་པ་ལ་སྟངས་འཛིན་ཡོང་བར་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་གྲ་སྒྲིག་བྱེད་ཐུབ། གང་འབྱུང་སྲིད་པའི་གདམ་ཀ་མང་པོ་དང་ཕྲད་པའི་སྐབས། ཁོང་ཚོའི་མི་ཚེ་ནི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ “བདག་” དེ་སྟངས་འཛིན་ལས་བྲལ་བར་ཚོར་གྱི་ཡོད།
བོད་པའམ་སོག་པོའི་དགེ་བའི་བཤེས་གཉེན་ཞིག་གིས་ནང་པའི་སྔ་རབས་ཀྱི་ཆོས་གསུང་པ་དང་། གྲུབ་མཐའ་འདི་དང་དགོན་སྡེའི་དཔེ་ཆ་འདིའི་ནང་གསུང་པའི་དོན་དག་འདི་རེད་ཅེས་འགྲེལ་བརྗོད་བྱེད་སྐབས། ཁོང་ཚོས་མྱོང་བའི་སུན་སྣང་གི་སྡུག་བསྔལ་ནི་ཁོང་ཚོའི་ཡ་ལན་དང་འདྲ་པོ་ཡོད། གང་ལྟར་ཡང་། དཔེ་ཆ་གཞན་རེ་རེའི་ནང་གསལ་བ་ལྟར་བྱས་ན། དེའི་དོན་དག་ནི་དེ་རེད་ཅེས་དང་གྲུབ་མཐའི་ལུགས་གཞན་གྱི་ལྟ་ཚུལ་ལྟར་ན། དཔེ་ཆ་རེ་རེ་ལ་ད་དུང་འགྲེལ་ཚུལ་གཞན་ཞིག་ཡོད་པ་དང་བོད་སོག་གི་སྲོལ་རྒྱུན་གཞན་དག་རེ་རེས་དེ་མི་འདྲ་བར་འགྲེལ་གྱི་ཡོད། གདམ་ཀའི་རིགས་ཧ་ཅང་མང་པོ་དང་འཕྲད་ཅིང་། ནུབ་ཕྱོགས་པ་མང་ཆེ་བས་དེ་ལ་ཡ་ལན་དུ། “འོན་ཀྱང་། དེའི་དོན་དག་ངོ་མ་གང་རེད་དམ་” ཞེས་ཟེར་གྱི་ཡོད། ཕལ་ཆེར་ཡེ་ཤུའི་གསུང་རབ་ཀྱི་བསམ་བློས་དྲན་ཤེས་མེད་པའི་སྒོ་ནས་ཁོང་ཚོར་ཤུགས་རྐྱེན་སྤྲད་ཡོད་སྲིད། དེ་ནི་བྱེད་པོ་དཀོན་མཆོག་གཅིག་དང་བདེན་པ་གཅིག་ཡོད་ཟེར་བ་དེ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ཁོང་ཚོས་ཆོས་ཀྱི་དོན་དག་དངོས་གང་ཡིན་པ་དེ་རང་ངོས་ནས་གྲུབ་པའི་བདེན་པ་གཅིག་ལ་འཛིན་པ་སྐྱེ་བ་ཡིན། ཁོང་ཚོས་སྐར་རྩིས་རིག་པའི་གནས་ཚུལ་རྣམས་གཅིག་མཚུངས་སུ་ཆ་འཇོག་བྱེད་པ་དང་། གང་འབྱུང་རྒྱུ་ཡིན་པའི་ཐད་ལ་ཁ་གསལ་གྱི་ལན་ཞིག་འཚོལ་གྱི་ཡོད།
གལ་ཏེ་ང་ཚོས་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པའི་དངོས་པོའི་གནས་ལུགས་ལ་འཛིན་པ་སྐྱེས་ན། བོད་སོག་གི་སྐར་རྩིས་རིག་པ་ནས་ཐོབ་པའི་གནས་ཚུལ་ལ་བརྟེན་ནས་ང་ཚོ་བློ་ཕམ་དང་སུན་སྣང་སྐྱེ་གི་རེད། དེ་ལས་གནད་དོན་གང་འདྲ་ཞིག་འཐོབ་པར། ང་ཚོས་གནས་ཚུལ་ལ་ལྟ་ཚུལ་རྦད་དེ་མི་འདྲ་བ་ཞིག་གི་ཐོག་ནས་བལྟ་དགོས་ཤིང་། དེ་ནི་ནང་པའི་ཆོས་ཀྱི་ནང་ལས་དང་སྟོང་པ་ཉིད་ལ་ལྟ་ཚུལ་ཡོད་པ་དེ་རེད། སྐར་རྩིས་རིག་པའི་གནས་ཚུལ་གྱིས་འཁོར་བ་འགྲེལ་བརྗོད་བྱེད་པ་སྟེ། སླར་ཡང་སྐྱེ་བ་ལེན་པ་དང་ལས་ཀྱི་དབང་འོག་ཏུ་དབང་མེད་ཀྱིས་འབྱུང་བའི་མི་ཚེ་རེ་རེའི་རྒྱུད་རིམ་དེ་རེད། དཀའ་རྙོག་ལུ་གུ་རྒྱུད་པའི་འཁོར་བ་འདི་ལས་ཐར་བར། ང་ཚོས་སྟོང་པ་ཉིད་རྟོགས་དགོས། སྟོང་པ་ཉིད་ནི་ང་ཚོའི་གཤིས་སྤྱོད་དང་མི་ཚེའི་ནང་གི་བྱུང་རྐྱེན་རྣམས་ཐེ་བའི་ཆོས་ཡོད་དོ་ཅོག་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པས་སྟོང་པའི་བདེན་དོན་དེ་རེད། དེར་བརྟེན་ང་ཚོས་ལས་དང་སྟོང་ཉིད་རྟོགས་དགོས།
ལས་ཀྱི་ནུས་པ་དང་སྔོན་ཚུད་ནས་ཐག་ཆོད་པ།
བོད་ཀྱི་མཁས་པ་ཆེན་པོ་མཁས་གྲུབ་རྗེས་ཧ་ཅང་ཡག་པོ་གསུངས་ཡོད། དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་འགྲེལ་བ་ཞིག་གི་ནང་ཁོང་གིས། གལ་ཏེ་སྐར་རྩིས་རིག་པས་མི་ཞིག་གི་གནས་ཚུལ་ཚང་མ་གསལ་སྟོན་བྱེད་ཀྱི་ཡོད་ན། དེ་ནས་མི་དང་ཁྱི་གཉིས་ས་ཆ་གཅིག་པ་དང་དུས་གཅིག་གི་ནང་སྐྱེས་པ་ལ་གཤིས་སྤྱོད་གཅིག་པ་དང་། ཚེ་ཚད་གཅིག་པ། དེ་དག་གི་མི་ཚེའི་ནང་གནད་དོན་རྣམས་གཅིག་པ་འབྱུང་དགོས་ངེས་རེད་ཅེས་བྲིས་མཛད་ཡོད། གནས་སྟངས་དེ་ལྟར་མིན་པ་ནི་གསལ་པོ་རེད། རྒྱུ་མཚན་ནི་སྐར་རྩིས་རིག་པས་མི་ཞིག་གི་གནས་ཚུལ་ཆ་ཚང་གསལ་སྟོན་བྱེད་ཀྱི་མེད། མི་སྒེར་ཞིག་གི་མི་ཚེའི་རྒྱུད་རིམ་ལ་ཆ་རྐྱེན་གཞན་མང་པོས་ཤུགས་རྐྱེན་སྤྲོད་ཀྱི་ཡོད། རྒྱུ་དང་རྐྱེན་ཧ་ཅང་པོ་ལ་བརྟེན་ནས་འབྲས་བུ་འབྱུང་གི་ཡོད་པ་དང་། ལས་དང་སྤྱོད་ལམ་གྱི་རྒྱུ་དང་འབྲས་བུའི་རྣམ་གཞག་ནི་ཆེས་ཤིན་ཏུ་མགོ་རྙོག་ཅན་ཞིག་རེད། ཐོག་མ་མེད་པ་ནས་ང་ཚོས་སྐྱེ་བ་རེ་རེའི་ནང་གི་ཉམས་མྱོང་རྣམས་ཀྱི་ཆེད་དུ་ལས་ཀྱི་རྒྱུ་བསགས་དང་གསོག་མུས་རེད། སྐར་རྩིས་རིག་པའི་རེའུ་མིག་ཅིག་ཇི་ཙམ་གྱི་ཞིབ་ཅིང་ཕྲ་བ་དང་ཚད་མཐོ་བ་ཡིན་རུང་། དེས་ང་ཚོར་ཡོད་པའི་ལས་ཀྱི་འགྲོས་གཅིག་གི་རྣམ་པའི་པར་རིས་ཆུང་ངུ་ཁོ་ན་ཙམ་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད། རེའུ་མིག་དེ་དང་བསྟུན་ནས་བྱུང་རྐྱེན་འགའ་ཞིག་འབྱུང་གི་ཡོད་པའི་སྲིད་རུང་ཆེན་པོ་ཞིག་ཡོད་སྲིད། འོན་ཀྱང་ཁྱེད་ཀྱིས་དེའི་སྒང་ལ་གནད་དོན་གཞན་འབྱུང་སྲིད་པའམ་ཡང་ན་དེའི་ཚབ་ལ་གནད་དོན་གཞན་འབྱུང་བའི་སྲིད་རུང་ཆུང་བ་རྣམས་ལ་བློས་གཏོང་བྱ་མི་ཐུབ། རང་བཞིན་གྱིས་ངེས་པ་དང་བརྟན་པ་གཅིག་ཀྱང་མེད། ཡིན་པ་མི་སྲིད་པར་གྲུབ་ཚུལ་དེ་ལ་དགག་པ་རྒྱག་པའི་སྒོ་ནས་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་བདག་ཅེས་བྱ་བ། གང་དངོས་གནས་འབྱུང་རྒྱུ་ཡིན་པ་རྟོགས་མཁན་དེ་ལ་གཏིང་ཚུགས་པའི་འཛིན་པ་དང་གོམས་འདྲིས་དེ་ལས་ཐར་བ་སོང་ཙང་། རྟག་ཏུ་སྟངས་འཛིན་གྱི་ནང་ཡོད།
སྨན་གྱི་གཞུང་ལུགས་སྣ་ཚོགས་ནས་བྱུང་བའི་གནས་ཚུལ་རྣམས་ལ་བསམ་བློ་གཏོང་དགོས། ནུབ་ཕྱོགས་ཀྱི་སྨན་གྱིས་ལུས་པོ་ནི་མ་ལག་སྣ་ཚོགས་ལས་གྲུབ་པའི་མགོ་རྙོག་ཅན་ཞིག་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད། དཔེར་ན། ལུས་ཀྱི་ཁྲག་སོགས་འཁོར་སྐྱོད་མ་ལག་དང་། དབང་རྩ། ཟས་འཇུ་བྱེད་མ་ལག་སོགས་དང་ལྡན་པ་ལྟ་བུ་རེད། བོད་སོག་གི་སྨན་གཞུང་ནས་རྩ་རླུང་འཁྲུལ་འཁོར་གྱི་ལུགས་འགྲེལ་བརྗོད་བྱེད་ཀྱི་ཡོད། རྒྱ་ནག་གི་སྨན་གཞུང་ནས་ (meridians) དང་སྐམ་ཁབ་དང་འབྲེལ་བའི་ལུས་ཀྱི་གནད་རྣམས་གཏན་ལ་ཕབ་ཡོད། གལ་ཏེ་ཁྱེད་ཀྱི་ངོ་རྒོལ་བྱས་ནས། “ཡིན་ནའང་། གང་ཞིག་བདེན་པ་རེད་དམ། ལུགས་གང་གིས་ལུས་ཀྱི་ནང་དངོས་གནས་གང་འབྱུང་བཞིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་དམ་” ཞེས་དྲིས་ན། ང་ཚོས་ཚང་མ་ཡང་དག་པ་དང་འགྲིག་པ་རེད་ཅེས་ལན་འདེབས་ངེས་རེད། དེ་དག་རེ་རེས་སྨན་བཅོས་ལམ་ལྷོང་ལྡན་པ་ཞིག་ཡོང་བར་བྱེད་པའི་ལུས་པོའི་སྐོར་གྱི་གནས་ཚུལ་ཚད་ལྡན་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད།
སྐར་རྩིས་རིག་པ་ལའང་དེ་དང་གཅིག་མཚུངས་རེད། ནུབ་ཕྱོགས་ཀྱི་ལུགས་ནི་ལྷོ་བྱང་མཐར་ཐུག་གི་སྐར་ཁྱིམ་ལ་བརྟེན་ནས་གནས་ཚུལ་ཚན་པ་གཅིག་སྐྲུན་གྱི་ཡོད། རྒྱ་གར་ཧིནྡུ་དང་བོད་སོག་ལུགས་ནི་བརྟན་སྐར་གྱི་ཁྱིམ་ལ་བརྟེན་ནས་འབྲས་བུ་གཞན་མཁོ་སྤྲོད་བྱེད་ཀྱི་ཡོད། སྲོལ་རྒྱུན་རྒྱ་ནག་གི་སྐར་རྩིས་རིག་པའི་ལུགས་ཀྱིས་གནས་ཚུལ་འཕར་མ་གསལ་སྟོན་བྱེད་ཀྱི་ཡོད་པ་དང་བོད་སོག་གིས་བཀོལ་སྤྱོད་བྱེད་པའི་རྒྱ་ནག་ནས་བྱུང་བའི་ནག་རྩིས་ཀྱིས་གནད་དོན་གཞན་མཁོ་སྤྲོད་བྱེད་ཀྱི་ཡོད། བོད་སོག་སྐར་རྩིས་རིག་པའི་སྲོལ་རྒྱུན་གྱི་ནང་དུ་གལ་ཏེ་ཁྱེད་ཀྱིས་མང་མཐར་ཡང་ཚེ་ཚད་ལོ་བརྒྱ་དང་ཉི་ཤུ་དང་། བརྒྱ། བརྒྱད་ཅུ་བརྩི་བའི་ལུགས་བཀོལ་སྤྱོད་བྱས་ན། མི་ཚེ་གཅིག་གི་རྒྱུད་རིམ་ནང་གང་འབྱུང་སྲིད་པའི་པར་རིས་མི་འདྲ་བ་གསུམ་རག་གི་ཡོད། ཕན་ཚུན་འགལ་བ་ལྟར་སྣང་བའི་གནས་ཚུལ་འདི་དག་ཐམས་ཅད་ལ་འབྲེལ་བར་བྱེད་པའི་ཐབས་ནི་ལུགས་རེ་རེས་སྲིད་རུང་གི་ལས་ཀྱི་ཆགས་དབྱིབས་གཅིག་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དང་སྲིད་རུང་བྱེ་བྲག་ཅིག་ལ་བརྟེན་ནས་དེ་དངོས་གནས་འབྱུང་སྲིད་པར་ལྟ་རྒྱུ་དེ་རེད།
ལས་ཀྱི་ཆགས་དབྱིབས་ཧ་ཅང་མང་པོ་ཞིག་གི་ཆེད་དུ་ང་ཚོ་རེ་རེ་ལ་ནུས་པ་ཡོད་པ་དང་། དེར་བརྟེན་འབྱུང་སྲིད་པའི་མི་ཚེ་ཧ་ཅང་མང་པོའི་རིང་ང་ཚོ་གནས་སྲིད། སྦྱོང་བརྡར་དེ་ནི་ངས་སང་ཉིན་མ་ཤེར་གྱི་འབབ་མང་ཙམ་ཉོ་དགོས་སམ་ཡང་ན་སང་ཉིན་ནི་ངའི་ལམ་འགྲོ་ཆེ་བའི་ཉིན་ཆགས་ཀྱི་རེད་དམ་ཞེས་སང་ཉིན་དངོས་གནས་གང་འབྱུང་རྒྱུ་ཡིན་པ་ཤེས་ཐབས་བྱ་རྒྱུ་དེ་མིན། སྦྱོང་བརྡར་ཡང་དག་པ་དེ་ནི་འབྱུང་སྲིད་པའི་བྱ་བ་དེ་རེད། གལ་ཏེ་ང་ཚོའི་སྐར་རྩིས་རེའུ་མིག་གིས་ལོ་བཅུའི་སྔོན་ནས་ཤི་ཟིན་དགོས་པ་གསལ་སྟོན་བྱེད་ཀྱི་ཡོད་ན། དེས་ང་ཚོ་ཚེ་ཐུང་ངུ་ལས་མི་གནས་པའི་ལས་བསགས་ཡོད་པའི་བསམ་བློ་ཞིག་འཁོར་གྱི་ཡོད། དེ་ནི་ང་ཚོའི་ལས་སྐལ་གྱི་གདམ་ཀ་གཅིག་རེད། འོན་ཀྱང་མི་ཚེ་བྲེ་བྲག་ཅིག་གི་ནང་གང་འབྲས་བུ་སྨིན་གྱི་ཡོད་པ་དེ་ནི་རྒྱུ་རྐྱེན་ལ་རག་ལུས་ཡོད། ས་ཡོམ་རྒྱག་པ་དང་རྡུལ་ཕྲན་འབར་མདེལ་ལྟ་བུ་རང་འབྱུང་ཁམས་ཀྱིས་རྐྱེན་དབང་དུ་མི་ཧ་ཅང་མང་པོ་ཤི་བར་བསམ་བློ་གཏོང་དགོས། མི་ཚང་མའི་ཚེ་རབས་ལས་རྩིས་ཀྱིས་མི་དེ་ཉིན་དེ་ལ་ཤི་རྒྱུ་ཡིན་པ་སྟོན་གྱི་མེད་ངེས་རེད། རེའུ་མིག་གི་ནང་བསྟན་མེད་པའི་ཕྱིའི་རྒྱུ་རྐྱེན་གྱིས་གང་འབྱུང་བར་ཤུགས་རྐྱེན་སྤྲོད་ཀྱི་ཡོད།
དེ་འདྲ་སོང་ཙང་། སྐར་རྩིས་རིག་པའི་རེའུ་མིག་ནི་གནས་གཤིས་སྙན་ཐོ་ལྟ་བུ་རེད། དེས་གང་འབྱུང་སྲིད་རུང་ཆེ་ཤོས་ཡིན་པ་དེའི་པར་རིས་ཤིག་མཁོ་སྤྲོད་བྱེད་ཀྱི་ཡོད། འོན་ཀྱང་དོན་ངོ་མར་དེ་འདྲ་འབྱུང་གི་མེད། དེ་རིང་ཆར་པ་འབབ་སྲིད་པ་སོང་ཙང་། ང་ཚོས་སྔོན་ནས་དྭོགས་ཟོན་དང་བཅས་ཆར་གདུགས་འཁྱེར་བ་ལྟ་བུ་རེད། གལ་ཏེ་ཆར་པ་མ་བབས་པ་ཡིན་ན། དེ་ལ་གནོད་པ་གང་ཡང་མེད། དེ་ག་ནང་བཞིན་གལ་ཏེ་ང་ཚོའི་ཚེ་རབས་ལས་རྩིས་ཀྱིས་དེ་རིང་ངའི་བརྩེ་བའི་སྙིང་སྡུག་ངོ་མ་དེ་ཐུག་རྒྱུ་ཡིན་པ་དང་། ཚོང་གི་ལས་དོན་ལམ་དུ་འགྲོ་བ་སོགས་ང་ཚོས་དེ་ནི་འབྱུང་སྲིད་རུང་ཤུགས་ཆེན་ཞིག་ཏུ་རྟོགས་ན། དེའི་ཉིན་འབྱུང་སྲིད་པའི་གོ་སྐབས་རྣམས་ལ་གོ་ཤེས་ལྡན་པར་གནས་ཀྱི་རེད། གལ་ཏེ་གང་ཡང་མ་བྱུང་ན། ང་ཚོས་ཚེ་རབས་ལས་རྩིས་ཀྱི་ནང་གང་ཡང་སྔོན་ལས་སྨྲ་བའི་གནད་དོན་ཞིག་མིན་པར་རང་གིས་རང་ལ་དྲན་གསོ་གཏོང་དགོས།
ལས་དག་སྦྱོང་།
གལ་ཏེ་ང་ཚོས་འབྱུང་སྲིད་པའི་སྐར་རྩིས་རིག་པའི་རེའུ་མིག་ཚང་མ་དག་སྦྱོང་བྱེད་འདོད་ཡོད་ན། དེ་ནི་གང་ལྟར་ཡང་ནང་པའི་སྐར་རྩིས་རིག་པའི་དམིགས་ཡུལ་དེ་ཡིན་ཞིང་། ང་ཚོས་རེའུ་མིག་ནས་ཆོས་ཀྱི་སློབ་ཚན་སྦྱོང་ཐབས་བྱེད་དགོས། དཔེར་ན། ང་ཚོས་གནས་སྟངས་ཚང་མའི་ནང་གོ་སྐབས་བཟང་པོ་ལ་བློ་སྒོ་འབྱེད་པ་དང་གོ་ཤེས་ཅན་དང་འབྱུང་སྲིད་པའི་ཉེན་ཁ་དང་འཐུས་ཤོར་རིགས་ལ་གཟབ་ནན་བྱ་རྒྱུ་སྦྱོང་སྲིད། གལ་ཏེ་ང་ཚོའི་རེའུ་མིག་གིས་ང་ཚོ་ལོ་བཅུ་ཡིན་པའི་སྐབས་ནས་ཤི་དགོས་པ་གསལ་ཡོད་ན། ང་ཚོས་དེ་དུས་ཤི་མེད་པ་གསལ་པོ་ཡིན་པས། འདིས་ང་ཚོས་ཚེ་ཐུང་ངུར་གནས་པའི་ལས་ཀྱི་རྒྱུའི་སྐོར་ལ་བསམ་བློ་གཏོང་དུ་འཇུག་གི་ཡོད། གཞོན་དུས་ནས་ཤི་བ་ནི་སྔོན་ཁྱེད་ཀྱིས་གཞན་གྱི་སྲོག་གཅོད་པའམ་ཡང་ན་གཞན་ལ་གནོད་འཚེ་བྱེད་པའི་འབྲས་བུ་ཡིན་པ་རེད། ལས་ཀྱི་འབྲས་བུ་དེ་ཐ་ན་ཚེ་འདིའི་ནང་མ་སྨིན་ནའང་། ལས་དེ་འདྲ་བསགས་ཡོད་པ་དང་ད་དུང་དེ་ལས་མང་བ་གསོག་རྒྱུའི་འདུན་སེམས་ཡོད་སྲིད་པ་ང་ཚོར་དྲན་སྐུལ་བྱེད་ཀྱི་ཡོད། དཔེ་ཆ་བཞག་ན། ང་ཚོས་སྣང་མེད་དུ་སྦྲང་བུའི་རིགས་གསོད་པ་དང་དེ་ལྟར་བྱེད་པས་ཕལ་ཆེར་ཁྱད་པར་གང་ཡང་མེད་ཅེས་བསམ་གྱི་ཡོད། ང་ཚོའི་སྐར་རྩིས་ཀྱི་རེའུ་མིག་ཏུ་ཡོད་པའི་ཚེ་ཐུང་ཐུང་དེས་འདུན་སེམས་སམ་བག་ཆགས་རྣམས་དག་སྦྱོང་བྱ་རྒྱུ་འབད་བརྩོན་བྱེད་དགོས་པའི་སེམས་སྐུལ་བྱེད་ཐུབ།
བོད་སོག་གི་ཚེ་རབས་ལས་རྩིས་ཀྱི་ནང་ནས་ང་ཚོས་གནད་དོན་གཙོ་བོ་ཞིག་སྦྱོང་གི་ཡོད་པ་ནི། རང་སོ་སོའི་ཁ་ནང་དུ་བལྟས་ནས་ལས་ཀྱི་རྒྱུ་བྱེ་བྲག་རྣམས་ལ་འབྲེལ་བ་བྱ་རྒྱུ་དེ་རེད། ང་ཚོའི་མི་ཚེའི་ནང་གི་ཚེས་ཞག་འདི་དང་འདིའི་ནང་གང་འབྱུང་ངེས་ཡིན་པ་འཚོལ་ཐབས་བྱེད་པར་ནན་བརྗོད་བྱེད་ཀྱི་མེད། སློབ་སྦྱོང་གིས་ང་ཚོར་འགན་ཆེ་བ་ཡོད་པ་བཟོ་གི་ཡོད་པ་ལས། འགན་ཆུང་བ་བཟོ་གི་མེད། གལ་ཏེ་ག་རེ་འབྱུང་གི་ཡོད་པ་རྣམས་སྔོན་ཚུད་ནས་ཐག་ཆོད་པ་ཞིག་ཡིན་ན། ང་ཚོས་ད་ལྟ་གང་བྱེད་པ་ལ་འབྲས་བུ་མེད་པ་རེད། གང་འབྱུང་གི་ཡོད་པ་ལ་ང་ཚོས་ཤུགས་རྐྱེན་གང་ཡང་སྤྲོད་མི་ཐུབ། ཕྱོགས་གཞན་ཞིག་ནས་གང་འབྱུང་རྒྱུ་ཡིན་མི་དགོས་པར་གང་འབྱུང་སྲིད་པའི་གོ་སྐབས་འགའ་ཞིག་ཡོད་པར་མཐོང་བའི་སྐབས། ང་ཚོས་གདམ་ཀ་གང་བྱེད་པ་དེ་ལ་འགན་འཁྲི་ཡོད་པ་རེད། ང་ཚོའི་གཤིས་སྤྱོད་དང་། མི་ཚེའི་རྒྱུད་རིམ། གཞན་གྱིས་ང་ཚོར་འབྲེལ་བ་བྱེད་པ་བཅས་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་ཞིག་དང་ངེས་བརྟན་ལྟར་སྣང་བའི་ཕྱིར། སྐར་རྩིས་རིག་པའི་གནས་ཚུལ་གྱི་ཤེས་ཡོན་དེས་ང་ཚོའི་སེམས་གུ་དོག་པོ་བཟོ་རྒྱུའི་ཚབ་ལ་ང་ཚོའི་གོ་རྟོགས་དེ་མཇུག་བསྡོམས་ལྡོག་ཕྱོགས་སུ་འཁྲིད་ཀྱི་ཡོད། ང་ཚོས་ཆོས་རྣམས་རྒྱུ་དང་རྐྱེན་གྲངས་ལས་འདས་པ་ལས་འབྱུང་གི་ཡོད་པ་ཤེས་ཀྱི་ཡོད་པ་དང་སོ་སོས་གང་བྱེད་པ་དེས་རང་གི་མི་ཚེའི་རྒྱུད་རིམ་ལ་མཐུན་རྐྱེན་སྦྱོར་གྱི་ཡོད།
བོད་སོག་གི་སྐར་རྩིས་རིག་པའི་ལུགས་དེ་རྙོག་འཛིངས་ཅན་ཞིག་ཡོད་སྲིད་ནའང་། མི་ཚེ་ནི་དེ་ལས་ཀྱང་ཚད་མེད་པའི་སྒོ་ནས་རྙོག་འཛིངས་ཆེ་བ་ཡོད། གང་འབྱུང་བཞིན་པ་དེ་ལས་བར་སྣང་གི་ཕུང་པོ་དང་། རྟགས། ཁྱིམ། སྲོག་ཆགས། འབྱུང་བའི་ཁམས། གསུམ་ལྡན་ང་རོ། ཀུན་བཟང་འཁོར་ལོའི་ཨང་གྲངས་འགའ་ཞིག་གིས་གང་མཚོན་ཐུབ་པ་དེ་རྦད་དེ་ཤུགས་རྐྱེན་མི་འདྲ་བ་ཆེ་བ་ཡོད། འགྱུར་ལྡོག་ཅན་གྱི་རྣམ་པ་གྲངས་མེད་པ་ལ་དྲན་པ་ཉེ་བར་བཞག་པའི་ཐོག་དེའི་ཤུགས་རྐྱེན་གྱིས་ང་ཚོའི་མི་ཚེའི་ནང་གང་འབྱུང་གི་ཡོད་པ་དང་། ང་ཚོའི་འཛམ་གླིང་དང་། མི་ཚེ། སོ་སོ་རང་ཉིད། དེ་བཞིན་གཞན་ལ་ཡོད་པའི་སྒྱུར་བཅོས་དཀའ་བའི་རྨོངས་པ་ཅན་གྱི་ལྟ་ཚུལ་ལྷོད་དུ་གཏོང་འགོ་བཙུག་གི་ཡོད། དེ་ལྟར་ལྷོད་དུ་གཏོང་བ་དེས་རྟེན་ཅིང་འབྲེལ་བར་འབྱུང་བ་དང་བསྟུན་ནས་སྟོང་པ་ཉིད་རྟོགས་ཐུབ་པའི་ལམ་སྒོ་འབྱེད་ཀྱི་ཡོད། ང་ཚོའི་མི་ཚེའི་རྒྱུད་རིམ་ཡོངས་སུ་རྫོགས་པ་ནི་གཞན་ལ་ལྟོས་མེད་ཀྱིས་གྲུབ་པ་དང་། རྡོག་རྡོག་ཚུགས་ཏུབ་ཏུ་གྲུབ་པ། བརྟན་པོར་གྲུབ་པས་སྟོང་པ་རེད། དེ་ལས་ལྡོག་སྟེ། ཆོས་དེ་དག་ནི་རྒྱུ་རྐྱེན་གྲངས་ལས་འདས་པ་ལ་བརྟེན་ནས་འབྱུང་གི་ཡོད། སྐར་རྩིས་རིག་པའི་གནས་ཚུལ་དང་ཚེ་རབས་ལས་རྩིས་ཀྱིས་འགྱུར་ལྡོག་ཅན་ནམ་འདུ་བྱེད་ཆོས་ཀྱི་ཆ་ཅུང་ཟད་ཙམ་ཞིག་གསལ་བར་བྱེད་ཀྱི་ཡོད། ཡིན་ནའང་འབྱུང་རྒྱུར་སྲིད་རུང་ཆེན་པོ་ཡོད་པའི་བྱུང་རྐྱེན་འགའ་ཞིག་གསལ་སྟོན་བྱེད་པའི་སྒོ་ནས་དེ་དག་གིས་ང་ཚོར་ལས་དང་། སྟོང་ཉིད། རྟེན་འབྲེལ་བཅས་ལ་དྲན་པ་ཉེ་བར་བཞག་ནས་གནས་དགོས་པར་ཕན་སྲིད། འདི་ལ་བསམ་བློ་བཏང་ན། བོད་སོག་གི་སྐར་རྩིས་རིག་པ་ལས་ཐོབ་པའི་གནས་ཚུལ་རྣམས་ཀྱི་བདེན་དོན་ནི་ཡང་སེ་ཏག་ཏག་ཐིག་གི་མེད་པ་དེ་རེད། དེ་ནི་དོན་ངོ་མར་ཕན་ཐོགས་ཅན་ཞིག་རེད། དེས་ང་ཚོར་མི་ཚེ་ནི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་དང་ངེས་བརྟན་ཡོད་པ་ཞིག་མིན་པར་སྟོན་གྱི་ཡོད། ལས་ཀྱི་རྣམ་པར་སྨིན་པ་སྣ་ཚོགས་པ་སྲིད་པ་ཞིག་རེད།
དྲི་བ་ཁག
བོད་སོག་གི་ལོ་དེ་ཟླ་རྩིས་དང་ནུབ་ཕྱོགས་ཀྱི་ལོ་དེ་ཉི་རྩིས་སྐོར་བ་ཞིག་རེད་འདུག །དེ་གཉིས་ལ་ཁྱད་པར་གང་དག་ཡོད་དམ།
བོད་སོག་གི་ལོ་ཐོ་དེ་བཞིན་ཟླ་བ་དང་ཉི་མ་གཉིས་ཀ་ཟུང་འབྲེལ་གྱི་ཁྱད་ཆོས་ཚང་ཡོད། ནང་པའི་མཚན་ཉིད་ལྟར་བྱས་ན། དུས་ནི་འགྱུར་བའི་ཚད་ཅིག་ཡིན་པ་རེད། ཁྱེད་ཀྱིས་ལོ་དང་། ཟླ་བ། ཞག་མ་བཅས་ཀྱི་མིང་འདོགས་ཚུལ་དེ་འགྱུར་བའི་ཚད་ཀྱི་འཁོར་ལོ་སྣ་ཚོགས་ལ་གཞི་བཅོལ་ཆོག །བོད་སོག་གི་ལོ་ཐོའི་ནང་ཟླ་བ་གཅིག་དེ་ནམ་གང་ངམ་ནམ་སྟོང་ནས་ནམ་གང་བར་དུ་ཚད་འཇལ་གྱི་ཡོད། ནམ་གང་བཅུ་གཉིས་སམ་ཡང་བོད་ཟླ་བཅུ་གཉིས་ནི་ཉི་ལོ་གཅིག་ལས་ཉུང་བའི་བར་དུ་བསྣན་པ་དང་། ཉི་མས་བསྐོར་བ་རྒྱག་ནས་རང་འཇགས་གཟའ་བཅུའི་རྒྱུ་ལམ་ཁྱིམ་གྱི་སྣེ་གཅིག་པའི་ནང་ཚུར་འཁོར་བའི་དུས་ཡུན་གྱི་ཚད་དེ་ནི་ཉི་ལོ་དེ་རེད། བོད་སོག་གི་ལོ་ཐོའི་ནང་ཟླ་བ་ཡོད་ནའང་ལོ་དེ་ནི་ཉི་མའི་ལོ་ཡིན་པ་སོང་ཙོང་། དེ་གཉིས་མཉམ་དུ་རན་འཚམས་ཡོང་བར་ཁ་གསབ་འགའ་ཞིག་དགོས་ཀྱི་ཡོད།
ཇི་ལྟར་ནུབ་ཕྱོགས་ཀྱི་ལོ་ཐོའི་ནང་། ཉི་ལོ་ལ་ཉི་ཞག་གྲངས་ཆ་ཚང་དང་མི་ལྡན་ཞིང་དེ་ལ་ཁ་གསབ་ཆེད་ལོ་བཞི་རེའི་ནང་ཉིན་གཅིག་ཁ་སྣོན་བྱེད་པའི་བཤོལ་ལོ་ཡོད་པ་ནང་བཞིན་བོད་སོག་གི་ལོ་ཐོའི་ནང་དུའང་ཟླ་བ་དེ་ཉི་ལོའི་ནང་ཏག་ཏག་རན་འཚམས་ཆགས་པའི་ཕྱིར། བཤོལ་བའི་ཁྱད་ཆོས་དེ་ཡོད། སྐབས་རེར་ཁོང་ཚོས་བཤོལ་ཟླ་འཕར་མ་ཞིག་ཁ་སྣོན་བྱེད་ཀྱི་ཡོད་པ་དང་སྐབས་རེར་ཚེ་གཅིག་ཟླ་བ་དང་ཚེས་པ་བཅོ་ལྔའི་ཟླ་བ་རྣམས་ཟླ་བའི་ཚེ་ཞག་ངེས་ཅན་ཞིག་གི་ནང་འཁེལ་བའི་ཕྱིར། ཚེས་ཞག་འགའ་ཞིག་ཉིས་ལྡབ་གཏོང་བའམ་གཅོག་འཕྲི་བྱེད་ཀྱི་ཡོད། རྩིས་རིག་གི་སྦྱོར་ཐབས་མན་ངག་དང་སྒྲིག་ལམ་ཁག་ནི་གང་ལ་གང་འཚམས་ཀྱི་མགོ་རྙོག་ཅན་ཞིག་ཡོད།
ཁྱིམ་བཅུ་གཉིས་དང་ཁྱིམ་ཉེར་བདུན་གྱི་འབྱུང་ཁུངས་གང་རེད་དམ།
ལོ་གཅིག་གི་ནང་ཉི་མ་ནམ་གང་བཅུ་གཉིས་རེ་རེར་ཤར་བའི་སྐབས། ཁྱིམ་བཅུ་གཉིས་ནི་ཤར་ཕྱོགས་ཀྱི་འཕྲེད་ཐིག་སྟེང་གི་རྒྱུ་སྐར་མངོན་གསལ་དོད་ཤོས་དེ་ནས་འབྱུང་གི་ཡོད། ཁྱིམ་ཉེར་བདུན་ནམ་ཡང་ན་བརྩི་ཚུལ་འགའ་ཤས་ཀྱི་ནང་རྒྱུ་སྐར་རམ་ཁྱིམ་ཉེར་བརྒྱད་ཞེས་པ་རྣམས་ནི་ནམ་གང་གཅིག་ནས་གཞན་དུ་མཚན་མོ་ཉེར་བདུན་ནམ་ཉེར་བརྒྱད་རེ་རེའི་ནང་ཟླ་བ་དེ་ཤར་བའི་སྐབས། ཤར་གྱི་ས་ངོས་སྙོམ་ཐིག་གི་སྐར་ཁྱིམ་མངོན་གསལ་དོད་ཤོས་དེ་ནས་འབྱུང་གི་ཡོད།
བོད་སོག་གི་སྐར་རྩིས་རིག་པས་བྱང་ཕྱེད་གོ་ལ་དང་ལྷོ་ཕྱེད་གོ་ལ་གཉིས་ཀྱི་དབར་ལ་ཁྱད་པར་འབྱེད་ཀྱི་ཡོད་དམ།
ཁྱད་པར་འབྱེད་ཀྱི་མེད། བོད་སོག་གི་སྐར་རྩིས་རིག་པ་ལ་བྱང་ཕྱེད་གོ་ལ་དང་ལྷོ་ཕྱེད་གོ་ལའི་ནང་སྐྱེ་བར་ཁ་གསབ་བྱེད་པའི་ཁྱད་ཆོས་གང་ཡང་མེད་པ་ཙམ་དུ་མ་ཟད། དེས་བྱང་ཕྱེད་གོ་ལའི་ནང་དུ་སྐྱེ་བའི་ས་ཆ་མི་འདྲ་བའམ་ཡང་ན་དུས་ཚོད་མི་འདྲ་བའི་ཐད་ལ་བསམ་ཞིབ་བྱེད་ཀྱི་མེད། སླར་ཡང་འདི་ལ་བརྟེན་ནས་ཇི་ལྟར་སྲོལ་རྒྱུན་གྱི་ཧིནྡུའི་ལུགས་ཀྱིས་ལག་བསྟར་བྱས་པ་ནང་བཞིན་ལམ་ལུགས་ལ་བསྐྱར་བཅོས་དང་བཅས་ཁྱད་ཆོས་དེ་དག་ཁ་སྣོན་བྱེད་དགོས་དང་མི་དགོས་ཞེས་དང་། ཡང་ན་དེ་ནི་དངོས་གནས་ཁྱད་པར་མེད་པ་རེད་བཅས་ཀྱི་དྲི་བ་སློང་གི་ཡོད།
གནད་དོན་འདི་ཐག་གཅོད་བྱེད་པར་ཉམས་ཞིབ་རྒྱ་ཆེན་པོ་དགོས། བོད་ཀྱི་ལོ་ཐོ་དང་ཟླ་ཐོ་བཀོལ་སྤྱོད་རྒྱ་ཆེ་ཤོས་གཏོང་བའི་དཀར་རྩིས་ཀྱི་ཁྱད་ཆོས་འགའ་ཞིག་བརྩི་བའི་ཆེད་ངོས་ནས་ལས་རོགས་ཤིག་དང་མཉམ་དུ་གློག་ཀླད་ཀྱི་མཉེན་ཆས་འཆར་འགོད་ (computer program) སྤེལ་བ་དེས་ལས་འཆར་ལག་བསྟར་བྱེད་པའི་གཞི་རྩའི་ཐབས་ལམ་ནང་གི་གཅིག་མཁོ་སྤྲོད་བྱེད་ཀྱི་ཡོད། གོམ་རྗེས་མ་རྣམས་ནི་ནག་རྩིས་ཀྱི་རྒྱུ་ཆ་རྣམས་ཁ་སྣོན་བྱ་རྒྱུ་ཡིན་པ་དང་གང་ལ་ཁྱད་པར་ཡོད་པ་དེར་འགྱུར་ལྡོག་ཅན་གྱི་རྣམ་པའི་ཆེད་འཕྲུལ་སྤྱད་རྩིས་ལུགས་འགྱུར་བ་གཏོང་བའི་སྒོ་ནས་བོད་སོག་གི་ལུགས་མི་འདྲ་བ་རྣམས་ལ་རྩིས་ཀྱི་ནང་འཆར་འགོད་བྱ་རྒྱུ་དེ་རེད། ཉམས་ཞིབ་པ་ཚོས་རྣམ་གྲངས་རིག་པའི་སྒོ་ནས་མིའི་གྲངས་འབོར་འདང་ངེས་ཀྱི་ཆེད་དུ་སྐྱེ་འཆིའི་གྲངས་མཛོད་དེ་འཇུག་དགོས་ཤིང་། མི་དེ་དག་གི་མི་ཚེའི་རྒྱུད་རིམ་དང་གཤིས་སྤྱོད་རྣམས་ཡོངས་སུ་གྲགས་པ་དགོས། བོད་སོག་ལུགས་ཀྱི་གཟའ་འགྲེམས་འགྲེལ་བརྗོད་བྱེད་ཚུལ་དང་བསྟུན་ནས་བརྟག་པའི་སྐབས། འགྱུར་ལྡོག་ཅན་གྱི་རྣམ་པ་རེ་རེ་གང་ཞིག་གིས་ཡིད་བརྟན་འཕེར་ཤོས་ཀྱི་འབྲས་བུ་སྦྱིན་གྱི་ཡོད་ཞིབ་བཤེར་བྱེད་དགོས། སྐར་རྩིས་རིག་པ་ནི་ནམ་ཡང་མཐའ་གཅིག་ཏུ་ཏག་ཏག་མ་ནོར་བ་ཞིག་ཡོང་གི་མེད་པ་དེ་ལ་བསམ་ཞིབ་ངེས་པར་དུ་བྱེད་དགོས། ཁོང་ཚོས་ད་དུང་ཡང་ནུབ་ཕྱོགས་ཀྱི་ལོ་ཐོ་ནས་བྱུང་བ་དང་། དཔྱིད་མཉམ་དུས་ཀྱི་ཕྱིར་ལྡོག་རྒྱུ་བ་ལ་ཁ་གསབ་བྱེད་པ། དེ་བཞིན་ཕྱེད་གོ་ལ་མི་འདྲ་བ་རྣམས་དང་། སྐྱེ་བའི་ས་ཆ། དུས་ཚིགས་ས་ཁུལ་བཅས་སྙོམ་སྒྲིག་བྱས་ཏེ། གཟའི་གནས་རྣམས་མོས་འདེམས་བྱེད་པ་ལ་བརྟེན་ནས་ཐོབ་པའི་འབྲས་བུ་རྣམས་ལའང་དཔྱད་པ་བྱེད་དགོས།
ང་རང་སྒེར་ལ་མཚོན་ན་བོད་སོག་གི་སྐར་རྩིས་རིག་པའི་ལུགས་ཀྱིས་ལས་དང་སྟོང་པ་ཉིད་ཀྱི་དོན་རྟོགས་པར་ཕན་ཐོགས་ཅན་ཡིན་པ་དེའི་སྟེང་ལ་ནུབ་ཕྱོགས་དང་། རྒྱ་གར་ཧིནྡུ། རྒྱ་ནག་གི་ཚེ་རབས་ལས་རྩིས་བཅས་ནས་ཐོབ་པ་ལ་ཕན་ཐོགས་ཇི་ཙམ་ཡོད་པ་དེ་ཚོད་ཀྱིས་ཀུན་རྫོབ་ཀྱི་གནས་ཚུལ་རྣམས་ཀྱང་མཁོ་སྤྲོད་བྱེད་ཐུབ་པའི་གདེང་ཚོད་དེ་ཡོད། གང་ལྟར་ཡང་། འདས་པའི་བོད་དང་སོག་པོའི་མཁས་པ་ཆེན་པོ་རྣམས་ཀྱིས་སྐར་རྩིས་རིག་པའི་རིག་གནས་ལ་བརྟེན་པ་དང་བསྟོད་བསྔགས་ཤུགས་ཆེར་མཛད་ཡོད། ཁོང་རྣམས་ནི་གླེན་པ་མ་རེད།
བསྔོ་བ།
ད་ང་ཚོས་བསྔོ་བ་ཞིག་བྱས་ནས་མཇུག་སྒྲིལ་རྒྱུ་ཡིན། ང་ཚོས་ཆོས་ཉན་པ་ལ་བརྟེན་ནས་དགེ་བའི་ནུས་པ་དང་གོ་རྟོགས་སོགས་གང་ཞིག་བསགས་པ་རྣམས་སེམས་ཅན་ཐམས་ཅད་ལ་མཐུན་རྐྱེན་དུ་འགྱུར་བར་ཤོག །རང་ཉིད་ཐེ་བའི་གཞན་ཐམས་ཅད་ཀྱིས་རང་སོ་སོའི་ཚེ་རབས་ལས་རྩིས་ཀྱི་ནང་གསལ་བའི་དཀའ་ངལ་ཅན་གྱི་རྣམ་པ་ཚང་མ་དང་དབང་མེད་ཀྱིས་ལས་ལ་འཇུག་པ་ཀུན་ལས་ཐར་ཐུབ་པར་ཤོག །སྐར་རྩིས་རིག་པའི་གཟའ་འགྲེམས་རྣམས་ནི་རྩེད་སྟངས་མཁས་པོ་ཇི་ལྟར་རྩེ་དགོས་པ་སྦྱོང་འདོད་དང་བཅས་རྒྱལ་ཁ་ཐོབ་པར་འདོད་པའི་ལག་པའི་ནང་གི་ཏག་སེ་ཙམ་ཞིག་མིན། ང་ཚོས་གླེན་རྟགས་ཅན་གྱི་ཏག་སེའི་རྩེད་རིགས་གང་དང་རྩེ་བ་ལས་རྩད་ནས་ཐར་བར་ཤོག །དེ་ལ་བརྟེན་ནས་ང་ཚོས་ནུས་པ་ཡོངས་སུ་རྫོགས་པ་བེད་སྤྱོད་བྱས་ཏེ་གཞན་དོན་གང་ཐུབ་ཅི་ཐུབ་འགྲུབ་ཐུབ་པར་ཤོག །