བོད་ཀྱི་ལོ་ཐོ།

བོད་ལུགས་ཀྱི་གཟའ་སྐར་དཔྱད་རིག་དང་སྐར་རྩིས་རིག་པ་ནི་ཧ་ཅང་མགོ་རྙོག་ཅན་ཞིག་ཡོད། དེ་ཡང་རྒྱ་གར་རྡ་སར་རྟེན་གཞི་བྱས་པའི་བོད་གཞུང་སྨན་རྩིས་ཁང་དུ་དེའི་སྐོར་བསླབ་པ་སློབ་གཉེར་དང་མཁས་པར་བྱེད་པར་ལོ་ལྔ་འགོར་གྱི་ཡོད། སྲོལ་རྒྱུན་ལྟར་སློབ་གཉེར་བ་ཚོས་བསླབ་གཞི་ཚང་མ་དུ་དྲེག་གིས་གཏུམས་པའི་ཤིང་ལེབ་ཅིག་གི་སྟེང་ལ་ཚགས་སྙུག་བེད་སྤྱོད་བྱས་ཏེ་ལག་པས་རྩིས་བསྐོར་ནས་སྦྱོང་དགོས་ཀྱི་ཡོད། རི་མོ་ལ་བལྟ་བའི་ཆེད་ལོ་ཐོ་ཆ་ཚང་བ་ཞིག་གཅེས་བསྡུས་བྱས་མེད། སྦྱོང་བརྡར་གྱི་རྣམ་པ་གཙོ་བོ་ཞིག་ནི་རྩིས་ཚང་མའི་ནང་ཨང་རྩིས་རིག་པ་ཡོད་པ་དེ་རེད། 

དུས་འཁོར་གྱི་ལུགས་ལྟར་ན། ཧིནྡུའི་སྲོལ་རྒྱུན་དང་འདྲ་བར་ “གཟའ་ལྔ་ལྔ་བསྡུས་” གཏན་ལ་དབབ་པའི་ཆེད་སྦྱོར་ཐབས་རྣམས་བསྟན་ཡོད། གཟའ་ལྔ་ནི། གཟའ་ཆེན་ལྷག་པ་དང་། པ་སངས། མིག་དམར། ཕུར་བུ། སྤེན་པ་བཅས་རེད། དེ་དག་གི་གནས་དང་། ཉི་མ་དང་ཟླ་བ། སྒྲ་གཅན་དང་དུས་མེ་བཅས་ཚང་མ་ཨང་རྩིས་རིག་པའི་དཔེ་དང་བསྟུན་ནས་བོད་ཀྱི་ལོ་ཐོའི་ཆེད་དུ་རྩིས་སྐོར་གྱི་ཡོད། དེ་ནི་གནའ་བོའི་གྷི་རིཀ་ལུགས་སུའང་གཅིག་མཚུངས་ཡིན་པ་རེད། དེར་བརྟེན་དེ་ནི་རྒྱ་ནག་གི་གནམ་རིག་ཁམས་དང་མི་འདྲ་བ་ཡིན། རྒྱ་ནག་གི་གནམ་རིག་ཁམས་ནི་གཟའི་གནས་དང་རྒྱུ་བ་རྣམས་ཕལ་ཆེ་བ་དཔྱད་ཞིབ་ལ་གཞི་བྱས་ནས་བྱུང་ཡོད། རྒྱ་ནག་གི་ཨང་རྩིས་རིག་པ་སྐབས་འགར་བཀོལ་སྤྱོད་བྱེད་པའི་སྐབས། དེ་ནི་གཙོ་བོ་གྲངས་ཚབ་རྩིས་རིག་ཡིན་པ་རེད། 

གནའ་བོའི་གྷི་རིག་གིས་གཙོ་བོ་དབྱིབས་རྩིས་རིག་པ་བེད་སྤྱོད་བྱས་ཡོད། དེ་ལའང་གཟའ་སྐར་གྱི་རྒྱུ་བ་གཏན་ལ་དབབ་པ་དང་འགྲེལ་བརྗོད་བྱེད་པར། དབྱིབས་རྩིས་རིག་པའི་ཆ་ཚད་སྣ་ཚོགས་པ་ཡོད། ཧིནྡུའི་ལུགས་ཀྱིས་མཐའ་གསུམ་འཇལ་རིག་གི་བྱེད་ལས་གསར་དུ་སྤེལ་ཡོད་པས། དེ་ལ་མཐའ་གསུམ་འཇལ་རིག་བཀོལ་སྤྱོད་བྱེད་པ་ལས་དབྱིབས་རྩིས་རིག་པའི་ཐབས་ལམ་ཁོ་ན་བཀོལ་སྤྱོད་བྱེད་ཀྱི་མེད། ཕྱོགས་གཞན་ཞིག་ནས་བོད་ལུགས་སུ་རྩིས་སྐོར་ཚུལ་གྱི་ནང་དབྱིབས་རྩིས་རིག་པའི་ཆ་ཚད་དང་མཐའ་གསུམ་འཇལ་རིག་གི་འགྲོ་སྟངས་གཉིས་གང་ཡང་མེད། ཡིན་ནའང་ཨང་རྩིས་རིག་པའི་རྣམ་གཞག་གཙང་མ་གཙང་རྐྱང་ཡིན་པ་རེད། 

ལོ་ཐོ་བཟོ་ཚུལ་གྱི་ནང་ལྔ་བསྡུས་ཡོད་དེ། གཟའ་དང་། ཚེས་གྲངས། ཟླ་སྐར། སྦྱོར་བ། བྱེད་པ་བཅས་རེད། དང་པོ་གཉིས་ནི་ཟླ་ཐོ་ཉོན་ཐོ་ཞི་མཐུན་ཡོང་བའི་ཐབས་ཚུལ་གྱི་ཁོངས་སུ་གཏོགས་ཡོད། 

བོད་ལུགས་དང་ཧིནྡུའི་ལུགས་གཉིས་ཀས་ཞག་གསུམ་རྣམ་པར་འབྱེ་ཞིང་ངོ་སྤྲོད་བྱེད་ཀྱི་ཡོད། ཁྱིམ་ཞག་ནི་ཉི་མས་སྐར་ཁྱིམ་གྱི་འཁོར་ལོའི་ཚད་གཞི་ ༣༦༠ ནས་གཅིག་ཡར་རྒྱས་གཏོང་བར་འགོར་བའི་དུས་ཚོད་དེ་རེད། ཕྱོགས་གཞན་ཞིག་ནས་ཉིན་ཞག་ནི་ནམ་ལངས་ནས་ནམ་ལངས་བར་ཏེ། དེ་རིང་ནམ་ལངས་ཏེ་ལག་རིས་མཐོང་བ་ནས་སང་ཉིན་ནམ་ལངས་ཏེ་ལག་རིས་མཐོང་བའི་བར་རེད། ཚེས་ཞག་ནི་ཡར་ངོ་དང་མར་ངོ་ལྟ་བུ་ཟླ་བའི་འཕེལ་འགྲིབ་དང་ཕན་ཚུན་འབྲེལ་ནས་ཡོད་པ་ནི་ཟླ་བས་གཟའ་ཁྱིམ་ནང་རིམ་པར་འབྱུང་བའི་ཁྱིམ་བཅུ་གཉིས་ཀྱི་རྟགས་རེ་རེའི་ནང་གི་ནམ་གང་ངམ་ནམ་སྟོང་གི་རྒྱུ་བའི་རྒྱང་ཐག་རིང་ཚད་གསུམ་ཆ་གཅིག་འགོར་བའི་དུས་ཚོད་དེ་རེད། ཟླ་བའི་ཚེས་ཞག་འགོ་ཚུགས་ས་དེ་ཨང་རྩིས་རིག་པའི་རྒྱུད་རིམ་ཞིག་ལ་བརྟེན་ནས་རྩིས་སྐོར་གྱི་ཡོད་པ་དང་དེ་ནི་ཉི་མ་དང་རྒྱུ་སྐར་གཞན་དག་གི་གནས་གཏན་ལ་དབབ་པའི་ཕྱིར་བེད་སྤྱོད་བྱེད་པ་དང་གཅིག་མཚུངས་རེད། དེ་དག་ནི་ཚེས་ཞག་བདུན་སྐོར་དུ་བརྩིས་ཏེ་གཟའ་འཁོར་གྱི་ཉིན་ཞེས་སུ་མིང་བཏགས་ཡོད་པ་དང་དེ་དག་ཀྱང་རྒྱུ་སྐར་བདུན་གྱི་མིང་ཡིན་པ་རེད། ཟླ་ཐོ་དེ་ཉི་ཐོ་དང་ཉེ་བར་འབྲེལ་བར། གཟའ་འཁོར་གྱི་ཉིན་དེ་དག་ཉི་མའི་ཚེས་ཞག་དང་རན་འཚམས་བཟོ་དགོས་ཀྱི་ཡོད་པས། འདི་ནི་རྙོག་འཛིངས་ཅན་ཞིག་ཡོད།

ཐོག་མར་ཟླ་བ་རེ་རེའི་ཞག་མའི་དུས་ཚོད་གཅིག་པའི་ནང་ནམ་གང་དེ་འཕྱུག་པ་མེད་པར་ཏག་ཏག་འབྱུང་གི་མེད། དེར་བརྟེན་ཉི་མའི་ཞག་ཚེས་གང་རུང་ནང་ཟླ་བས་རྒྱུ་ལམ་གྱི་རྒྱང་ཐག་རིང་ཚད་ཆུང་ངུའི་དེ་དག་ནང་ནས་སུམ་ཅུའི་ཆ་གཅིག་འཁོར་སྐྱོད་བྱེད་འགོ་བཙུག་ཐུབ། རྒྱུ་ལམ་གྱི་རྒྱང་ཐག་རིང་ཚད་སུམ་ཅུའི་ཆ་གཅིག་འཁོར་སྐྱོད་བྱེད་པར་འགོར་བའི་དུས་ཡུན་དེ་ལ་གཟའ་འཁོར་གྱི་ཉིན་མོའམ་ཉིན་ཞག་ཟེར་གྱི་ཡོད། དེ་བས་ན་གཟའ་འཁོར་གྱི་ཉིན་ཞག་དེ་ཉི་མའི་ཚེས་ཞག་སྐབས་དུས་ཚོད་མི་འདྲ་བར་འགོ་བཙུག་སྲིད་པ་རེད། 

དེར་མ་ཟད། སུམ་བཅུའི་ཆ་གཅིག་ཆུང་ངུ་དེ་དག་རེ་རེ་འཁོར་སྐྱོད་བྱེད་པར་ཟླ་བ་ལ་དུས་ཡུན་རིང་ཐུང་མི་འདྲ་བ་ཞིག་འགོར་གྱི་ཡོད། དེ་གང་ཡིན་ཞེ་ན། དེའི་མྱུར་ཚད་དེ་ཉིད་ཀྱི་གནས་དང་གཟའ་བཅུའི་རྒྱུ་ལམ་ཁྱིམ་ནང་གི་ཉི་མའི་གནས་ལ་བརྟེན་ནས་མི་འདྲ་བ་ཡིན་པས་རེད། དེའི་འབྲས་བུར་རིམ་པར་འབྱུང་བའི་ཟླ་བའི་ཚེས་ཞག་གཉིས་ཀྱི་ནམ་ལངས་ཀྱི་བར་དུ་རྒྱུ་བའི་ཟླ་བའི་གཟའ་འཁོར་གྱི་ཚེས་ཞག་གི་ཁྱོན་འབོར་དེ་མི་འདྲ་བའི་ཁྱད་པར་འགྱུར་གྱི་ཡོད། གང་ཡིན་ཞེ་ན། ཟླ་བའི་གཟའ་འཁོར་གྱི་ཚེས་ཞག་གི་ཚད་ནི་དེ་དང་ཕྱོགས་མཚུངས་འགྱུར་ལྡོག་ཅན་ཡིན་པ་རེད། 

བོད་ཟླའི་ཚེས་ཞག་རྣམས་ལ་ལྔ་བསྡུས་གཉིས་པ་ཡོད་པ་ནི་ཨང་ཀི་གཅིག་ནས་སུམ་ཅུའི་བར་དུ་བཀོད་ཡོད་པ་དང་མཐའ་མ་དེ་ཉི་མའི་ཚེས་ཞག་གི་ཚུལ་དུ་ནམ་ལངས་ནས་ནམ་ལངས་བར་དུ་བཀོད་ཡོད། ཚེས་ཞག་གང་ཞིག་གཟའ་འཁོར་ནང་གི་ཚེས་ཞག་རེ་རེ་ལ་མིང་སྒྱུར་གཏན་འབེབས་བྱེད་པར་དཀའ་ངལ་ཞིག་རེད། དཀའ་ངལ་དེ་སེལ་ཐབས་གསལ་པོ་དེ་ཙམ་མེད། གང་ཡིན་ཞེ་ན། ཟླ་བའི་གཟའ་འཁོར་གྱི་ཉིན་མོ་རྣམས་ནི་གཟའ་འཁོར་གྱི་ཉིན་མོ་གང་ཐག་གཅོད་བྱེད་མཁན་དེ་རེད། དེར་བརྟེན་དེ་དག་ལ་གཟའ་ཉི་མ་དང་། ཟླ་བ། མིག་དམར་སོགས་བརྗོད་ཀྱི་ཡོད། དེ་དག་འགོ་བཙུགས་ཡུན་དང་གནས་ཡུན་རིང་ཐུང་མི་འདྲ་བ་ཡིན་པ་རེད། 

ལམ་ལུགས་དེ་གང་རེད་ཅེ་ན། གཟའ་འཁོར་གྱི་ཉིན་མོ་དེ་ཟླ་བའི་ཚེས་ཞག་གི་ནམ་ལངས་སྐབས་ཟླ་བའི་གཟའ་འཁོར་གྱི་ཉིན་མོ་གང་ཞིག་འབྱུང་བ་དེས་ཐག་གཅོད་བྱེད་ཀྱི་ཡོད་པ་དེ་རེད། དཔེར་ན། ཟླ་བའི་གཟའ་འཁོར་གྱི་ཉིན་མོ་ཞིག་རེས་གཟའ་ཟླ་བ་ལྟ་བུ་ནི་ཟླ་བ་གཅིག་གི་ཚེས་ཞག་གཉིས་པའི་ཉིན་རྒྱབ་ཕྱེད་ཡོལ་ནས་འགོ་བཙུག་པ་དང་ཚེས་ཞག་གསུམ་པའི་ཕྱེད་ཡོལ་ལ་མཇུག་རྫོགས་སྲིད་པ་རེད། ཚེས་ཞག་གསུམ་པའི་ནམ་ལངས་སྐབས་ནི་འདིར་ཚད་ལྡན་ལྟར་བྱས་ན། ཞོགས་པའི་ཆུ་ཚོད་ལྔ་པར་འཁེལ་གྱི་ཡོད་པ་སོང་ཙང་། ཟླ་བའི་གཟའ་འཁོར་གྱི་ཉིན་མོ་དེ་ནི་ད་དུང་ཡང་གཟའ་ཟླ་བ་ཡིན་ཞིང་། གསུམ་པ་དེ་ནི་རེས་གཟའ་ཟླ་བར་ངོས་འཛིན་བྱེད་ཀྱི་རེད། 

གཟའ་འཁོར་གྱི་ཉིན་མོ་དེ་ནམ་ཡང་བསྐྱར་ཟློས་བྱེད་པའམ་ལྷག་པ་དང་མཆོང་རྒྱག་རྒྱག་པའམ་ཆད་མི་ཐུབ། རེས་གཟའ་ཉི་མའི་རྗེས་སུ་ཐད་ཀར་རེས་གཟའ་ཟླ་བ་ཡོང་དགོས་ངེས་ཡིན་པ་ལས། རེས་གཟའ་ཉི་མ་གཉིས་པའམ་མིག་དམར་གཉིས་པ་ཟེར་བ་ཡོང་ཐབས་མེད། ཡིན་ནའང་སྐབས་འགར་རིམ་པར་འབྱུང་བའི་ཚེས་ཞག་གཉིས་ཀྱི་ནམ་ལངས་དེ་ཟླ་བའི་གཟའ་འཁོར་གྱི་ཉིན་མོ་གཅིག་པའི་ནང་དུ་འབྱུང་གི་ཡོད། དཔེ་ཆ་བཞག་ན། གཟའ་ཟླ་བ་དེ་ཚེས་ཞག་གསུམ་པའི་ནམ་ལངས་ཀྱི་སྐར་མ་ལྔའི་སྔོན་ལ་འགོ་བཙུག་སྲིད་པ་དང་། དེའི་ཕྱི་ཉིན་གྱི་གཟའ་མིག་དམར་དེ་ཚེས་ཞག་བཞི་པའི་ནམ་ལངས་ཀྱི་སྐར་མ་ལྔའི་རྗེས་ལ་འགོ་བཙུག་སྲིད་པ་ལྟ་བུ་རེད། འདིས་ཚེས་ཞག་གསུམ་པ་དང་བཞི་པ་གཉིས་ཀའི་རེས་གཟའ་ཟླ་བ་སྐྲུན་ངེས་རེད། རེས་གཟའ་ཟླ་བ་གཉིས་གྲལ་བསྟར་གཅིག་གི་ནང་ཡོང་མི་སྲིད་པ་རེད། ཚེས་ཞག་དེ་དག་ལས་གཅིག་ངེས་པར་དུ་གཅོག་འཕྲི་བྱེད་དགོས། རྒྱུ་མཚན་དེ་ལ་བརྟེན་ནས་བོད་ཀྱི་ལོ་ཐོའི་ནང་ཟླ་བའི་ཚེས་ཞག་འགའ་ཤས་ཆད་པ་ཡོད། 

ཕྱོགས་གཞན་ཞིག་ནས་སྐབས་རེར་ཚེས་ཞག་རྗེས་མ་དེའི་ནམ་ལངས་ཀྱི་སྔ་རོལ་ཏུ་ཟླ་བའི་གཟའ་འཁོར་གཉིས་ཀྱི་འགོ་སྟོད་ལ་འབྱུང་གི་ཡོད། དཔེར་ན། གལ་ཏེ་གཟའ་ཟླ་བ་དེ་ཚེས་ཞག་གསུམ་པའི་ནམ་ལངས་ཀྱི་སྐར་མ་ལྔའི་རྗེས་སུ་འགོ་བཙུག་པ་དང་ཚེས་ཞག་བཞི་པའི་ནམ་ལངས་ཀྱི་སྐར་མ་ལྔའི་སྔོན་དུ་མཇུག་རྫོགས་ཀྱི་ཡོད་ན། དེའི་ལམ་ལུགས་དང་པོ་ལ་བརྟེན་ནས་ཚེས་ཞག་གསུམ་པ་དེ་རེས་གཟའ་ཉི་མ་ཡིན་དགོས་པ་དང་བཞི་པ་དེ་རེས་གཟའ་མིག་དམར་ཡིན་དགོས། རེས་གཟའ་ཟླ་བ་མེད་ངེས་རེད། རེས་གཟའ་ཟླ་བས་བར་མ་ཆོད་པར་གཟའ་ཉི་མ་ནས་མིག་དམར་འགྲོ་མི་སྲིད་པ་སོང་ཙང་། ཚེས་ཞག་དེ་དག་ལས་གཅིག་རེས་གཟའ་ཟླ་བ་ཆགས་པར། ཚེས་ཞག་དེ་དག་ལས་གཅིག་ལྡབ་འགྱུར་ཆགས་དགོས་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་བོད་ཟླ་ལ་སྐབས་རེར་ཚེས་པ་བརྒྱད་གཉིས་དང་སྐབས་རེར་ཚེས་པ་ཉེར་ལྔ་གཉིས་ཆགས་ཀྱི་ཡོད། 

ཟླ་བའི་འཆར་ནུབ་དང་འབྲེལ་བའི་ལོ་ཐོ་དེ་ད་དུང་ཡང་ཉི་མའི་འཆར་ནུབ་དང་འབྲེལ་བའི་ལོ་ཐོ་དང་མཐུན་པར་བཟོ་བར། ཟླ་བ་བཅུ་གསུམ་པ་དེ་སྐབས་སྐབས་སུ་ལོའི་སྟེང་དུ་ཉིས་ལྡབ་འཕར་མའམ་ཟླ་བཤོལ་གྱི་ཚུལ་དུ་ཁ་སྣོན་བྱེད་དགོས་ཀྱི་ཡོད། ཚེས་ཞག་གང་དག་ལྡབ་འགྱུར་བྱེད་པའམ་ཡང་ན་ཆད་ལྷག་ཡོད་པ་དང་། ཟླ་བ་འཕར་བ་ག་དུས་ཁ་སྣོན་བྱེད་པའི་ལམ་ལུགས་ནི་བོད་ཀྱི་སྐར་རྩིས་རིག་པའི་བརྒྱུད་ཚུལ་སྣ་ཚོགས་པའི་ནང་མི་འདྲ་བ་ཡོད། འདི་དེ་དག་གི་མི་འདྲ་བའི་ཁྱད་པར་ཆེ་ཁག་དེ་རེད། ཧིནྡུའི་ལོ་ཐོ་སྣ་ཚོགས་པའི་ནང་དུའང་ལྡབ་འགྱུར་དང་ཆད་ལྷག་བྱས་པའི་ཚེས་ཞག་ཡོད་པ་དང་། དེ་དག་དང་སྔ་རབས་རྒྱ་ནག་གི་ལོ་ཐོ་གཉིས་ཀའི་ནང་ཟླ་བ་ཉིས་ལྡབ་ཡོད། དེ་དག་ལུགས་ཀྱི་སྒྲིག་སྲོལ་ལམ་ལུགས་རྣམས་ནི་བོད་ལུགས་གང་དང་ཡང་མི་འདྲ་བ་ཡིན། 

ལྔ་བསྡུས་གསུམ་པ་ནི་ཟླ་བའི་སྐར་ཁྱིམ་དེ་རེད། འདི་ནི་གཟའ་ལྔའི་ཐབས་ཚུལ་གྱི་སྒོ་ནས་བརྩིས་པའི་ཟླ་བའི་ཚེས་ཞག་གི་ནམ་ལངས་སྐབས་ཀྱི་ཟླ་བའི་གནས་དངོས་དེ་ལ་གོ་བ་མིན་པར། དེ་ལས་ལྡོག་སྟེ། འདི་ནི་དེའི་རིམ་པར་འབྱུང་བའི་འབྲེལ་ཡོད་ཀྱི་སྐར་ཁྱིམ་ལ་གོ་བ་ཡིན། ཟླ་བའི་ཚེས་ཞག་བྱེ་བྲག་གང་རུང་ཞིག་ལ་འདི་ནི་ཟླ་བའི་གཟའ་འཁོར་གྱི་འགོ་སྟོད་ནས་ཡོད་དགོས་པའི་ཚེས་ཞག་དེའི་ནམ་ལངས་ལ་འབྱུང་བའི་སྐར་ཁྱིམ་གྱི་གནས་ཡིན་པ་དང་། དེ་ལ་གཞིགས་ནས་ཚེས་ཞག་དེ་ནི་གཟའ་འཁོར་གྱི་ཉིན་མོར་སྒྲིག་བཀོད་བྱས་ཡོད། 

ལྔ་བསྡུས་བཞི་པ་དང་ལྔ་ནི། སྦྱོར་བ་དང་བྱེད་པ་རེད། སྦྱོར་བ་ཉེར་བདུན་ཡོད། དེ་དག་རེ་རེ་ནི་ཉི་ཟླ་སྦྱོར་བའི་རྒྱུ་བ་དེ་གཟའ་ཁྱིམ་གྱི་འཁོར་ལོ་ཡོངས་སུ་རྫོགས་པའི་ཉེར་བདུན་པ་གཅིག་དང་མཉམ་པའི་དུས་དེ་ཡིན་པ་རེད། དུས་ཚོད་ག་དུས་ཡིན་ནའང་རིམ་པར་འབྱུང་བའི་ཟླ་བའི་འབྲེལ་ཡོད་ཀྱི་རྒྱུ་སྐར་ལ་ཉི་མའི་གནས་ཡང་དག་པར་ཁ་སྣོན་བྱེད་པ་ལ་བརྟེན་ནས་ང་ཚོས་སྦྱོར་བ་འབྱུང་བར་བྱེད་ཀྱི་ཡོད། དེར་བརྟེན་དུས་རེ་རེ་བཞིན་དུས་ཚོད་མི་འདྲ་བའི་ནང་འགོ་བཙུག་གི་ཡོད། དེ་དག་འགའ་ཤས་ནི་གཞན་དག་ལས་རྟེན་འབྲེལ་བཟང་པོ་དེ་ཙམ་མིན་པ་བཅས་མིང་དང་འགྲེལ་བཤད་ངེས་ཅན་རེར་ཡོད། 

མཐར་བྱེད་པ་བཅུ་གཅིག་ཡོད་པ་དེ་དག་ནི་ཟླ་བའི་ཚེས་ཞག་སུམ་ཅུ་བགོས་པ་ལ་བརྟེན་ནས་ཆ་བཀོད་མི་ལེགས་པའི་ཚུལ་དུ་བྱུང་བ་ཞིག་རེད། འདིར་དེ་དག་ཞིབ་ཕྲར་འགོད་དགོས་དོན་མེད། བྱེད་པ་བཅུ་གཅིག་པོ་རེ་རེར་མིང་ངེས་ཅན་རེར་ཡོད་པ་དང་། དེ་མཚུངས་འགའ་ཤས་ནི་བྱེད་སྒོ་ཁག་ཅིག་ལ་གཞན་དག་ལས་རྟེན་འབྲེལ་མི་བཟང་བའམ་བཀྲ་མི་ཤིས་པ་ཡོད། 

བོད་ཀྱི་ལོ་ཐོའི་ནང་གི་དམིགས་བསལ་གྱི་ཚེས་ཞག་ཁག

བོད་མི་ཚོའི་མི་ཚེའི་ནང་བོད་ཀྱི་ལོ་ཐོས་བྱེད་སྒོ་འགངས་ཆེན་པོ་ཞིག་བྱེད་ཀྱི་ཡོད། དེ་དག་གི་བེད་སྤྱོད་གལ་ཆེ་ཤོས་ཤིག་ནི་ནང་པའི་ཚོགས་དང་མཆོད་འབུལ་སྣ་ཚོགས་པའི་དུས་ཚེས་གཏན་འབེབས་བྱ་རྒྱུ་དེ་རེད། ཟླ་བའི་ཡར་ངོ་དང་མར་ངོ་གཉིས་ཀའི་ཚེས་པ་བཅུའི་ཉིན་ནམ་ཡང་ན་ཟླ་བ་རེ་རེའི་ནང་གི་ཚེས་པ་བཅུ་དང་ཉི་ཤུ་རྩ་ལྔ་ནི་ཡི་དམ་གྱི་ལྷ་བདེ་མཆོག་འཁོར་ལོ་སྡོམ་པར་ཚོགས་མཆོད་འབུལ་བའི་དུས་ཡིན་པ་དང་། དེ་ལ་སྐབས་འགར་ཧེ་རུ་ཀ་དང་རྡོ་རྗེ་རྣལ་འབྱོར་མ། དེབཞིན་སྔ་འགྱུར་རྙིང་མའི་ལུགས་སྲོལ་གཏོད་གནང་མཁན་གུ་རུ་རིན་པོ་ཆེའི་ཉིན་མོའང་ཡིན་པ་རེད། དེ་དག་ཐམས་ཅད་ལས་བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་དང་ཉེར་ལྔ་ནི་བདེ་མཆོག་འཁོར་ལོ་སྡོམ་པ་དང་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་རྡོ་རྗེ་རྣལ་འབྱོར་མའི་ཉིན་གལ་ཆེ་ཤོས་ཡིན་པ་རེད། བོད་ཟླ་རེ་རེའི་ཚེས་བརྒྱད་ནི་རྗེ་བཙུན་སྒྲོལ་མར་མཆོད་འབུལ་བྱ་རྒྱུའི་དུས་བཟང་དམིགས་བསལ་ཅན་ཞིག་ཡིན་པ་རེད། འདི་ནི་ཟླ་བའི་ཡར་ངོ་ཁོ་ནའི་སྐབས་སུ་ཡིན། 

དཔེར་ན། གལ་ཏེ་བོད་ཀྱི་ཟླ་བར་བཅུ་པ་གཉིས་ཡོད་པའི་དབང་དུ་བཏང་ན། ཚོགས་མཆོད་འབུལ་རྒྱུ་དེ་དེ་གཉིས་ལས་དང་པོའི་སྐབས་བྱེད་ཀྱི་ཡོད། ཟླ་བ་དེའི་ནང་གལ་ཏེ་ཚེས་པ་བཅུ་དེ་ཆད་ཡོད་ན། ཚོགས་མཆོད་དང་ཆོ་གའི་རིགས་ཚེས་དགུའི་ཉིན་བྱེད་ཀྱི་ཡོད། ལམ་ལུགས་འདི་ནི་བོད་ཀྱི་ལོ་ཐོའི་ཚེས་བཟང་ངེས་ཅན་ཞིག་གི་ནང་ཆོས་ཕྱོགས་དང་འབྲེལ་བའི་ཆོ་གའི་རིགས་ཚང་མས་རྗེས་སུ་འབྲང་གི་ཡོད། 

བོད་བརྒྱུད་ནང་བསྟན་གྱི་བརྒྱུད་པ་རེ་རེ་དང་སྲོལ་རྒྱུན་སོ་སོའི་དགོན་སྡེ་རེ་རེའི་ནང་ལོ་རེའི་ཆོ་གའི་རིགས་ཀྱི་དུས་ཚོད་དེ་བོད་ཀྱི་ལོ་ཐོ་ལ་གཞིར་བྱས་ནས་ཚད་འཛིན་བཟོ་གི་ཡོད། དབྱར་གནས་དེ་ཡང་ནམ་རྒྱུན་བོད་ཟླ་དྲུག་པའི་ཚེས་བཅུ་དྲུག་ནས་བོད་ཟླ་བདུན་པའི་ཚེས་སུམ་བཅུའི་བར་དུ་འཚོགས་ཀྱི་ཡོད། འདི་ལ་དབྱར་གནས་སྔ་མ་ཞེས་གྲགས་པ་རེད། ལྷ་སར་ཡོད་པའི་རྒྱུད་སྟོད་དང་རྒྱུད་སྨད་གྲྭ་ཚང་གིས་བོད་ཟླ་བདུན་པའི་ཚེས་བཅུ་དྲུག་ནས་བོད་ཟླ་བརྒྱད་པའི་ཚེས་སུམ་བཅུའི་བར་དུ་དབྱར་གནས་ཕྱི་མ་འཚོགས་སྲོལ་ཡོད། དེར་མ་ཟད། རི་བོ་དགེ་ལྡན་པའི་ལུགས་སུ་བོད་ཟླ་རེ་རེའི་ཚེས་ཉེར་དགུའི་ཉིན་མོ་ནི་ཡི་དམ་གྱི་ལྷ་རྡོ་རྗེ་འཇིགས་བྱེད་དམ་གཤིན་རྗེ་གཤེད་ཀྱི་ཉིན་ཞེས་དུས་ཁྱད་པར་ཅན་ཡིན་པ་དང་། ཡི་དམ་གྱི་ལྷ་དེ་ནི་དམིགས་བསལ་གེགས་དང་བར་ཆད་ཀུན་བཟློག་པའི་ཆེད་དུ་བསྟེན་གྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་བོད་ཟླ་འདིའི་ནང་གཟབ་ནན་གྱི་ཉམས་ལེན་ཆེད་མཚམས་སྒྲུབ་ཀྱི་བྱེད་སྒོ་སོགས་འགོ་འཛུགས་བྱས་ན་ཡག་ཤོས་ཡིན་པར་བརྩི་གི་ཡོད། 

ས་ག་ཟླ་བའི་ནང་པའི་དུས་ཆེན་སྐབས་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་པ་དེ་ཁོ་ན་ཙམ་མིན་པར། ཁོང་སྐུ་འཁྲུངས་པ་དང་སངས་རྒྱས་པའི་དུས་སྟོན་ཁྱད་པར་ཅན་ཞིག་ཏུ་སྲུང་བརྩི་བྱེད་ཀྱི་ཡོད། པཱ་ལིའི་སྐད་དོད་དུ་ཝེ་སཱཁ་ཟེར་བ་དེ་གནས་བརྟན་སྡེ་པའི་རྒྱལ་ཁབ་ཁག་གི་ནང་བེད་སྤྱོད་བྱེད་པའི་ལེགས་སྦྱར་སྐད་དུ་ཝཻ་ཤཱཁའི་ཟླ་བ་དེ་ཡིན་ཞིང་། དེ་ནི་དུས་འཁོར་ནང་གི་ཟླ་བ་གཉིས་པ་དང་བོད་ཟླ་བཞི་པ་སྟེ། ས་ག་ཟླ་བའི་དུས་ཆེན་ཁྱད་པར་ཅན་དེ་ཡིན་པ་རེད། དུས་ཆེན་འདི་ནི་ཟླ་བ་ཉ་གང་བའམ་ཚེས་པ་བཅོ་ལྔའི་སྐབས་སུ་སྲུང་བརྩི་བྱེད་སྲོལ་ཡོད། གནས་བརྟན་པའི་ལོ་ཐོ་དེ་རྒྱ་གར་གྱི་ཧིནྡུའི་ལུགས་ཤིག་ལས་བྱུང་བ་ཡིན་པ་དང་བོད་ཀྱི་ལོ་ཐོ་དང་མི་འདྲ་བ་ཡིན་པ་སོང་ཙང་། ས་ག་ཟླ་བའམ་ཝཻ་ཤཱཁ་དེ་བོད་ལུགས་ལས་ཟླ་བ་གཅིག་སྔ་བ་ཡོང་གི་ཡོད། 

བདག་ཅག་གི་སྟོན་པ་ཤཱ་ཀྱ་ཐུབ་པའི་སྐུ་ཚེའི་མཛད་རྣམ་ལས་དུས་སྟོན་གཞན་གཉིས་སྲུང་བརྩི་ཞུ་གི་ཡོད། གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དབང་དྲུང་དུ་སངས་རྒྱས་པའི་མཛད་པ་བསྟན་པའི་རྗེས་སུ་ཁོང་གིས་ཆེས་ཐོག་མར་ཆོས་གསུང་ཡུལ་དེ་ཁོང་གི་ཡུམ་ཡིན་པ་དང་། ཁོང་ཆུང་དུས་འཁྲུངས་པའི་སྐབས་ནས་ཁོང་ཉིད་ཀྱི་ཡུམ་སྐུ་མྱ་ངན་ལས་འདས་པ་དང་སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་སུ་སྐུ་སྐྱེ་བླངས་ཟིན་པའམ། ཡང་ན་ཁུངས་འགའ་ཤས་ལྟར་བྱས་ན། དགའ་ལྡན་གྱི་གནས་སུ་སྐུ་སྐྱེ་བླངས་པར་བཞེད། སངས་རྒྱས་དེར་ཕེབས་ནས་ཡུམ་ལ་ཆོས་གསུངས། དེ་ལྟར་ལྷ་ནས་བབས་པའི་དུས་ཆེན་ནི་བོད་ཟླ་དྲུག་པའི་ཚེས་བཞིའི་ཉིན་སྲུང་བརྩི་ཞུ་བ་དང་དེ་ནི་སངས་རྒྱས་འཛམ་བུ་གླིང་འདིའི་ནང་སླར་ཕེབས་པའི་དུས་དྲན་སྲུང་བརྩི་བྱེད་ཀྱི་ཡོད། དེ་ནས་སངས་རྒྱས་སཱ་ར་ནཱ་ཐའི་དྲང་སྲོང་ལྷུང་བའི་རི་དྭགས་ཀྱི་ནགས་སུ་ཕེབས་པ་དང་དེར་ཁོང་གི་མིའི་སློབ་མ་དང་པོ་སྟེ། འཁོར་ལྔ་སྡེ་བཟང་པོར་ཆོས་གསུངས། དེ་ནི་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཆེན་ཡིན་པ་དང་དེ་ཡང་བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ལ་སྲུང་བརྩི་ཞུ་གི་ཡོད། 

བོད་བརྒྱུད་ནང་བསྟན་གྱི་བརྒྱུད་པ་རེ་རེར་དུས་ཚེས་དམིགས་བསལ་རེར་ཡོད། དཔེ་ཆ་བཞག་ན། དགེ་ལུགས་པའི་ལུགས་ལ་དགའ་ལྡན་ལྔ་མཆོད་ཆེན་མོའི་དུས་ཆེན་ནི་བོད་ཟླ་བཅུ་པའི་ཚེས་ཉེར་ལྔའི་ཉིན་ཡིན་ཞིང་། དེ་ནི་རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་སྲུང་བརྩི་ཞུ་གི་ཡོད། ལྷ་སའི་སྨོན་ལམ་ཆེན་མོ་ནི་བོད་ཟླ་དང་པོ་ཚེས་གསུམ་ནས་ཚེས་ཉེར་བཞིའི་བར་དུ་འཁེལ་གྱི་ཡོད། དེའི་ཉིན་མཐའ་མའི་སྐབས་སུ་གནས་ཆུང་ཆོས་སྐྱོང་གིས་གཏོར་རྒྱག་རྒྱག་སྲོལ་ཡོད་པ་དང་དེའི་སྐབས་སུ་ལོ་གསར་པའི་བར་ཆད་ཡོངས་སུ་རྫོགས་པ་སེལ་བར་མཚོན་པར་བྱེད་ཀྱི་ཡོད། འདི་ཡང་ཉིན་རྗེས་མའི་བོད་ཟླ་དང་པོ་ཚེས་ཉེར་ལྔའི་སྐབས་རྗེ་བཙུན་བྱམས་མགོན་སྤྱན་དྲངས་པའི་ཉིན་སྲུང་བརྩི་ཞུ་བ་དང་ཆབས་ཅིག་དེའི་དུས་སུ་མ་འོངས་སངས་རྒྱས་བྱམས་པ་མགོན་པོའི་སྐུ་བརྙན་ཞིག་རྒྱན་གྱིས་སྤྲས་པའི་འདྲེན་འཁོར་གྱི་སྟེང་དུ་ལྷ་སར་རུ་སྒྲིག་ཁྲོམ་སྐོར་བྱེད་སྲོལ་ཡོད། 

ཆོས་སྐྱོང་སྲུང་བ་རྣམས་བསྟེན་གཏུགས་ཞུ་བའི་ཚེས་ཞག་ངེས་ཅན་དེ་འདྲའང་ཡོད་པ་རེད། དཔེར་ན། བོད་གཞུང་ནས་སྲོལ་རྒྱུན་ལྟར་གཞུང་བསྟེན་ཆོས་སྐྱོང་གནས་ཆུང་དེ་བཞིན་བོད་ཟླ་དང་པོའི་ཚེས་བཅུའི་ཉིན་བསྟེན་གཏུགས་དང་ལམ་སྟོན་ཞུ་སྲོལ་ཡོད། བོད་ལ་འབྲས་སྤུངས་དགོན་པའི་མཁན་པོ་ཚོས་ནམ་རྒྱུན་འཆར་ཅན་བོད་ཟླ་རེ་རེའི་ཚེས་གཉིས་ལ་གནས་ཆུང་བསྟེན་གཏུགས་བྱེད་སྲོལ་ཡོད། 

བོད་ཀྱི་ལོ་ཐོའི་ནང་ནམ་རྒྱུན་བཀྲ་མི་ཤིས་པའི་ཚེས་ཞག་གསུམ་བརྩི་སྲོལ་ཡོད། དེ་དག་ལ་ཞག་ངན་ཟེར་ཞིང་། ལོ་ཐོའི་ནང་དེའི་རྟགས་སུ་ཡི་གེ་ “ཞ་” བཀོད་ཡོད་པ་དང་དེ་ནི་དེ་རིང་ནམ་ལངས་ནས་སང་ཉིན་ནམ་ལངས་ཀྱི་བར་དུ་གནས་ཀྱི་ཡོད། ཉིན་ནག་གི་རྟགས་སུ་ཡི་གེ་ “ཉ་” བཀོད་ཡོད་པ་དང་དེ་ནི་ཉིན་མོའི་དུས་ཚོད་གཅིག་པུ་ཆགས་ཀྱི་ཡོད། དེ་གཉིས་ཀ་ལོ་རེའི་ནང་དུས་ཚོད་ངེས་བརྟན་གྱི་ནང་འབྱུང་གི་ཡོད། གཅིག་དུས་འཁོར་གྱི་ཟླ་བ་རེ་རེའི་ནང་འབྱུང་གི་ཡོད། བཀྲ་མི་ཤིས་པའི་ཚེས་ཞག་གསུམ་པའི་རྟགས་སུ་ཡི་གེ་ “ཡ་” བཀོད་ཡོད་པ་དང་དེ་ནི་ཉིན་དང་མཚན་གཉིས་ཀར་གནས་ཀྱི་ཡོད། དེ་ལ་ཡན་ཀྭོང་ཉིན་ཟེར་ཞིང་དེ་ནི་རྒྱ་ནག་གི་ཡི་དམ་ལྷ་ཞིག་གི་མཚན་ནས་བྱུང་བ་ཞིག་རེད། ནམ་རྒྱུན་དེ་དག་ལོ་རེའི་ནང་བཅུ་གསུམ་ཡོད་པ་དང་གསེར་རྩིས་ལུགས་ཀྱི་རྒྱ་རྩིས་ཀྱི་ཚེས་ཞག་ངེས་ཅན་ལ་འབྱུང་གི་ཡོད། ལོ་རེ་རེ་ལ་ཟླ་ནག་གམ་བཀྲ་མི་ཤིས་པའི་ཟླ་བ་གཉིས་ཡོད་པ་དང་སྐབས་སྐབས་སུ་ལོ་ནག་གཅིག་ཡོད། 

བོད་ཀྱི་ལོ་ཐོའི་ནང་ཚེས་ཞག་གི་རིགས་གཞན་ཞིག་ཡོད་པ་དེའི་རྟགས་སུ་ཡི་གེ་ས་བཀོད་པ་དེ་རེད། དེ་ནི་དགེ་འདུན་བཙུན་མ་རྣམས་ཀྱི་གསོ་སྦྱོང་ཆེད་དུ་ཟླ་བ་གཉིས་རེའི་མཚམས་སུ་རེར་ཡོད། ལོ་རེ་རེའི་ནང་དེ་དག་ལས་དང་པོ་ནི་ལོ་གསར་གྱི་རྗེས་སུ་ཉི་མའི་ཚེས་ཞག་བཅོ་ལྔ་ལ་འཚོག་གི་ཡོད། བོད་ཀྱི་ཟླ་བ་ནི་ཡར་ངོའི་ཟླ་བའི་དུས་སྐབས་ནས་འགོ་བཙུག་གི་ཡོད། མར་ངོའི་ཟླ་བའི་མཇུག་གི་ཟླ་རེའི་གསོ་སྦྱོང་གཉིས་པ་ནི་སྔོན་གྱི་གསོ་སྦྱོང་རྗེས་ཀྱི་ཟླ་བའི་ཚེས་ཞག་གྲངས་བཅུ་བཞི་ལ་འཚོག་གི་ཡོད། གལ་ཏེ་ཚེས་ཉིས་ལྡབ་ཡོད་ན། ཚེས་ཞག་གཉིས་ཀ་གཅིག་ཏུ་གྲངས་ཀ་བརྩི་གི་ཡོད། གལ་ཏེ་ཚེས་ཞག་ཆད་པ་ཡོད་ན། བཅུ་བཞི་ཆགས་པའི་ཆེད་ཚེས་པ་འཕར་མ་ཞིག་ངེས་པར་དུ་བརྩི་དགོས། ཡར་ངོའི་ཟླ་བའི་མཇུག་གི་ཟླ་རེའི་གསོ་སྦྱོང་དང་པོ་ནི་སྔོན་གྱི་གསོ་སྦྱོང་རྗེས་ཀྱི་ཉི་མའི་ཞག་མ་བཅོ་ལྔ་ལ་འཚོག་གི་ཡོད་པ་དང་། འདི་ནི་ཚེས་ཞག་ལ་ཆད་ལྷག་ཡོད་མེད་བལྟོས་ཀྱི་མེད། 

སྤྱིར་བཏང་ཡར་ངོའི་ཟླ་བ་ཕྱེད་ཀ་དེ་ནི་མར་ངོའི་ཟླ་ཕྱེད་ལས་བཀྲ་ཤིས་པའམ་བཟང་བ་བརྩི་གི་ཡོད་པ་དེ་ཤེས་དགོས། དེར་བརྟེན་བོད་མི་མང་ཆེ་བས་ཕན་བྱེད་དགེ་བའི་ལས་དང་ཆོས་ཉམས་ལེན་སོགས་ཟླ་བའི་ཕྱེད་དང་པོའི་སྐབས་སུ་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་འབྲས་བུ་རྒྱས་པ་དང་ཡར་ངོའི་ཟླ་ལྟར་རྒྱ་སྐྱེད་འགྲོ་བར་མཚོན་པར་བྱེད་ཀྱི་ཡོད། 

ཚེས་ཞག་བཟང་ངན། 

དེའི་སྟེང་ལ་བྱེད་སྒོའི་རིགས་སྣ་ཚོགས་པ་སྤེལ་བར་ཚེས་ཞག་འགའ་ཤས་ནི་བཟང་པོ་དང་འགའ་ཞིག་ནི་ངན་པའམ་བཀྲ་མི་ཤིས་པར་བརྩི་སྲོལ་ཡོད། དཔེར་ན། ཟླ་བའི་ཚེས་པ་དགུ་དང་། བཅུ་དགུ། ཉེར་དགུ་བཅས་ནི་ཐོག་མར་འགྲུལ་བཞུད་འགོ་འཛུགས་ལ་བཀྲ་ཤིས་པ་དང་། དེ་ག་ནང་བཞིན་ཆུ་ཚགས་ཀྱི་ཚེས་ཞག་ནི་ཚེས་པ་གཉིས་པ་དང་། བརྒྱད་པ། བཅུ་བཞི། ཉི་ཤུ། ཉེར་དྲུག་བཅས་ནི་འགྲུལ་བཞུད་ལ་མི་བཟང་བའམ་བཀྲ་མི་ཤིས་པ་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་གལ་ཏེ་བོད་མི་ཚོས་བཀྲ་ཤིས་པའི་ཚེས་བཟང་ཉིན་འགྲུལ་བཞུད་འགོ་འཛུགས་བྱེད་མ་ཐུབ་ན། ཁོང་ཚོས་ནམ་རྒྱུན་ཚེས་བཟང་ཉིན་ལ་འགྲུལ་བཞུད་འགོ་འཛུགས་བྱེད་པའི་མཚོན་དོན་དུ་ཏོག་ཙམ་ལམ་འོག་ཏུ་ཆགས་པའི་ཁང་པ་གཞན་ཞིག་གི་ནང་དོ་པོའི་ཆ་ཤས་ཁྱེར་ནས་འཇོག་སྲོལ་ཡོད། འོན་ཀྱང་གལ་ཏེ་མི་ཞིག་ཚེས་དགུ་དང་། བཅུ་དགུ། ཉེར་དགུའི་ཉིན་གྲོངས་པའམ་ཟླ་བ་དེ་རྒྱུ་སྐར་དགུ་པའམ་ཡང་ན་རེས་གཟའ་ཉི་མ་འཁེལ་བའི་སྐབས་དང་། དམིགས་བསལ་དེ་དག་གསུམ་ཀ་མཉམ་དུ་འབྱུང་བའི་ཚེས་ཞག་ཅིག་ཡིན་ན། དེ་ནི་འཚོ་བཞིན་པའི་ནང་མི་ཁྱིམ་ཚང་ལ་དེ་ནི་བཀྲ་མི་ཤིས་པར་བརྩི་སྲོལ་ཡོད། 

ལོ་གཅིག་ནང་གི་བཀྲ་མི་ཤིས་པའི་ཚེས་ངན་ཤོས་དེ་ནི་ངན་པ་དགུ་འཛོམས་ཀྱི་སྐབས་དེ་རེད། དེ་ནི་བོད་ཟླ་བཅུ་གཅིག་པའི་ཚེས་དྲུག་གི་ཕྱེད་ཡོལ་ནས་འགོ་བཙུག་གི་ཡོད་པ་དང་ཕྱི་ཉིན་ཚེས་བདུན་གྱི་ཕྱེད་བར་དུ་གནས་ཀྱི་ཡོད། དུས་སྐབས་དེའི་རིང་བོད་མི་མང་ཆེ་བས་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་དགེ་བའི་ཉམས་ལེན་གྱི་རིགས་མི་བྱེད་པར། དེའི་ཚབ་ལ་སྤྲོ་སྐྱིད་དང་གླིང་ཁ་གཏོང་བ་དང་། དལ་ལྷོད་ངང་སྡོད་པ། རྩེད་མོ་རྩེ་བ་སོགས་བྱེད་སྲོལ་ཡོད། གོམས་སྲོལ་འདིའི་ལོ་རྒྱུས་ནི། སྔོན་སངས་རྒྱས་ཞལ་བཞུགས་པའི་སྐབས་སུ་མི་ཞིག་གིས་ཉིན་འདིའི་རིང་ལ་དགེ་བའི་ལས་མང་པོ་བསྒྲུབ་ཐབས་བྱས་ཀྱང་། མི་དེ་ལ་ངན་པ་དགུ་ཐོག་ཏུ་བབས་པ་རེད། དེའི་ཚེ་ན་སངས་རྒྱས་ཀྱིས་མ་འོངས་པར་ལོ་རེ་རེའི་ནང་དུས་ཚེས་འདིའི་སྐབས་སུ་ལས་བཟང་པོ་བསྒྲུབ་ཐབས་བྱ་མི་ཉན་ཞེས་བཀའ་གནང་ཡོད། 

གང་ལྟར་ཡང་། དེའི་རྗེས་ཀྱི་ཚུ་ཚོད་ཉེར་བཞིའི་རིང་དེ་མ་ཐག་སྟེ། བོད་ཟླ་བཅུ་གཅིག་པའི་ཚེས་བདུན་གྱི་ཕྱེད་ཡོལ་ནས་ཚེས་བརྒྱད་ཀྱི་ཕྱེད་ཡོལ་བར་དེ་བཟང་པོ་བཅུ་འཛོམས་འཁེལ་གྱི་ཡོད། ཚེས་དུས་དེའི་རིང་ལ་སྔོན་སངས་རྒྱས་ཞལ་བཞུགས་པའི་སྐབས་སུ་གོང་གི་མི་དེ་ག་རང་ནས་དགེ་བའི་ལས་གང་ཡིན་པ་ལ་མུ་མཐུད་དེ་གང་ཐུབ་འབད་པའི་སྐབས། ཁོང་ལ་གནས་ཚུལ་ཧ་ཅང་བཟང་པོ་བཅུ་བྱུང་བ་རེད། དུས་ཚེས་དེ་ནི་དགེ་བའི་ལས་གཞི་ལ་ཧ་ཅང་བཀྲ་ཤིས་པ་དང་བཟང་པོར་བརྩི་སྲོལ་ཡོད། ཡིན་ནའང་སྤྱིར་བཏང་བོད་མི་ཚོས་དུས་ཚོད་དེ་དག་ནི་སྤྲོ་སྐྱིད་དང་གླིང་ཁ་གཏོང་བ། དེ་བཞིན་རྩེད་རིགས་རྩེ་བ་སོགས་ཀྱི་ཆེད་དུའང་བེད་སྤྱོད་བྱེད་ཀྱི་ཡོད། 

ལོ་འཁོར་གཅིག་གི་ནང་དུས་ཚེས་གཞན་གཉིས་ལོ་ཐོའི་དེབ་ཀྱི་ནང་གསལ་ཡོད་པ་དང་དེ་གཉིས་ནི་དོ་སྣང་བྱ་འོས་ཤིག་ཡིན། དང་པོ་དེ་ལ་སྐར་མ་རཱི་ཥིའམ་སྐར་མ་རི་འདོར་ཟེར་ཞིང་། འདི་ནི་གནད་དོན་ངེས་ཅན་ཞིག་གི་ཐོག་ནས་བརྩིས་ཏེ། བོད་ཟླ་བརྒྱད་པའི་ནང་འཆར་བ་དང་དེ་ཉིན་བདུན་གྱི་རིང་གནས་ཀྱི་ཡོད་པར་བཤད། དུས་ཚོད་དེའི་རིང་ལ་ཁྱད་པར་དུ་འཕགས་པའི་སྐུ་འདྲའི་སྤྱི་གཙུག་གི་ནོར་བུའི་སྟེང་ལ་སྐར་མ་རཱི་ཥི་ནས་འོད་ཟེར་ཤར་བས་དེ་ལས་བདུད་རྩི་འབབ་པར་བྱེད་ཀྱི་ཡོད། དེས་ཆུ་ཚན་རྣམས་ཕན་ནུས་ཆེ་ཤོས་སུ་གྱུར་བ་དང་ཉིན་བདུན་པོ་དེ་དག་ལ་ལུས་པོ་འཁྲུད་པའི་ཉིན་ཞེས་སུ་གྲགས་པ་དང་བོད་མི་ཚོས་ནད་བཅོས་ཐབས་དང་དྲག་སྐྱེད་ཡོང་ཆེད་ཆུ་ཚན་དུ་འགྲོ་སྲོལ་ཡོད། 

གཞན་དེ་ལ་ “དུག་ཕག་གི་ཚེས་ཞག་” ཟེར་ཞིང་། དེའང་ཉིན་མ་བདུན་གྱི་རིང་གནས་པ་དང་དེ་ནི་གནད་དོན་གྱི་རིགས་གཞན་ཞིག་ནས་བོད་ཟླ་ལྔ་པའི་ནང་འཁེལ་གྱི་ཡོད་པར་བརྩིས་ཡོད། དེའི་རིང་ལ་ཆར་པ་མི་གཙང་བའི་ཤུགས་རྐྱེན་གྱིས་ཆུ་དུག་ཏུ་འགྱུར་གྱི་ཡོད། ཉིན་དེ་དག་གི་རིང་ལ་སྨན་རྩའི་རིགས་གང་འདྲ་ཞིག་འཐུ་བ་ཡིན་ནའང་དེ་དག་དུག་ཅན་ཡིན་པ་རེད། དེ་ག་ནང་བཞིན་ཆུ་ཚན་རྣམས་ཀྱང་ཧ་ཅང་གནོད་འཚེ་ཅན་ཆགས་ཀྱི་ཡོད་པས། མི་ཚང་མས་དེ་དག་སྤོང་གི་ཡོད། 

རྒྱ་ནག་ནས་བྱུང་བའི་འབྱུང་རྩིས་ལས། ང་ཚོའི་མི་ཚེའི་ནང་བར་ཆད་ཅན་གྱི་དུས་སྐབས་མང་པོ་ཡོད་པར་བཤད་ནའང་། བོད་མི་ཚང་མས་དོ་སྣང་བྱས་པའི་བར་ཆད་ཆེ་ཤོས་ནི་ལོ་སྐེག་དེ་ཆགས་ཀྱི་ཡོད། འདི་ནི་ལོ་རེ་བཞིན་དུ་སྐྱེ་དུས་ཀྱི་ལོ་རྟགས་དེ་བསྐྱར་དུ་འབྱུང་བའི་སྐབས་རེད། དེ་འདྲ་སོང་ཙང་། གལ་ཏེ་ང་ཚོ་བྱི་བའི་ལོར་སྐྱེས་ཡོད་ན། དེའི་རྗེས་ཐོགས་ཀྱི་བྱི་བའི་ལོ་རྣམས་ལོ་སྐེག་ཆགས་ཀྱི་ཡོད། འདི་ནི་ལོ་འཁོར་བཅུ་གཉིས་རེ་རེའི་ནང་འབྱུང་གི་ཡོད། བོད་ཀྱི་ལོ་བརྩི་ཚུལ་ལྟར་བྱས་ན། ལོ་རེ་རེའི་ནང་ང་ཚོ་འཚོ་བ་དེ་ལོ་གཅིག་ལ་བརྩི་བ་དང་། དེ་དག་ལས་དང་པོའི་སྐབས་སུ་ང་ཚོ་ལོ་གཅིག་ཡིན་པ་དང་གཉིས་པའི་སྐབས་སུ་ལོ་བཅུ་གསུམ་ཡིན་པ་སོགས་རིགས་འགྲེ་བར་བྱའོ།།

བོད་མི་ཚོའི་ཁྲོད་དུ་སྐར་རྩིས་རིག་པ་སྤྱོད་སྟངས་དར་སྲོལ་ཆེ་བ་ཁག

ཉིན་གཅིག་གི་ཆུ་ཚོད་ཀྱི་བཀྲ་ཤིས་པའི་དུས་བཟང་བརྟག་པའི་དུས་རྩིས་ནི་བོད་ཀྱི་ལོ་ཐོ་ལས་བྱུང་བའི་སྐར་རྩིས་རིག་པའི་ཁྱད་ཆོས་གཙོ་བོ་དེ་རེད། དེས་བོད་མི་ཚོའི་མི་ཚེའི་ནང་ལས་འགན་འགངས་ཆེན་ཞིག་བྱེད་ཀྱི་ཡོད། དེའི་ནང་གཟའ་འཁོར་གྱི་ཉིན་མོ་དང་ཟླ་བའི་རྒྱུ་སྐར་བཅས་ལྔ་བསྡུས་དང་པོ་གཉིས་ཚུད་ཡོད།

རྒྱུ་སྐར་ཉེར་བརྒྱད་རེ་རེ་དང་གཟའ་འཁོར་གྱི་ཉིན་བདུན་རེ་རེ། དེ་བཞིན་གཟའ་བཅས་འབྱུང་བ་བཞི་ལས་གཅིག་དང་འབྲེལ་ནས་ཡོད། དེ་དག་ནི་ས་དང་། ཆུ། མེ། རླུང་བཅས་རྒྱ་གར་གྱི་འབྱུང་བ་ལྔ་ལས་བཞི་ཡིན་པ་རེད། ཚེས་ཞག་བྱེ་བྲག་པ་ཞིག་ལ་ཟླ་བའི་རིམ་པ་འབྱུང་བའི་རྒྱུ་སྐར་འབྲེལ་ཡོད་ཀྱི་ཁམས་དེ་གཟའ་འཁོར་གྱི་ཉིན་མོ་འབྱུང་བཞིན་པ་དང་མཚུངས་བསྡུར་བྱས་ཡོད། འབྱུང་བའི་སྦྱོར་བ་བཅུ་པོ་རེ་རེ་ལ་འགྲེལ་ཚུལ་མི་འདྲ་བ་ཡོད་པ་དང་། དེ་ལ་གཞི་བྱས་ཏེ་ང་ཚོས་དུས་ཚོད་དེའི་ནང་བྱ་བ་ངེས་ཅན་ཞིག་བྱས་ན། བཟང་ཤོས་ཡིན་དང་མིན་གྱི་ཐག་གཅོད་བྱེད་ཐུབ། 

འདི་ནི་འཕྲོད་སྦྱོར་བཅུའི་ལུགས་དེ་ཡིན། དཔེར་ན། གལ་ཏེ་ང་ཚོས་མཚམས་བསྙེན་སྒྲུབ་ཀྱི་མཇུག་ཏུ་སྦྱིན་སྲེག་གཏོང་བཞིན་ཡོད་ན། འབྱུང་བ་མེ་ཉིས་ལྡབ་ཀྱི་དུས་ཡུན་ཞིག་འདེམ་རྒྱུ་དེ་ནི་བཟང་ཤོས་ཡིན་ངེས་རེད། དེས་མེ་རྒྱས་པར་བྱེད་ཀྱི་ཡོད། དེ་མིན་ཆུ་དང་མེ་ལྟ་བུ་ཡིན་ན། མེ་ལྕེ་རྣམས་ཆུས་གསོད་ངེས་ཡིན་པ་ལྟ་བུ་རེད། 

བོད་མི་ཚོའི་ཁྲོད་དུ་རྩིས་པ་རྣམས་ལ་སྤྱིར་བཏང་ཡོངས་གྲགས་སུ་ཕྲུ་གུ་གསར་སྐྱེས་དང་། གཉེན་སྒྲིག་བག་མ་གཏོང་ལེན། དེ་བཞིན་འཆི་བའི་སྐབས་བཅས་ཚེ་རབས་ལས་རྩིས་སྐོར་བའི་ཆེད་དུ་བསྟེན་གཏུགས་དང་ལམ་སྟོན་ཞུ་སྲོལ་ཡོད། དེ་ཡང་ཚེ་རབས་ལས་རྩིས་ཤིག་འབྲི་བར་དཀར་རྩིས་དང་ནག་རྩིས་ཀྱི་ལུགས་གཉིས་ཀ་ཟུང་དུ་འབྲེལ་ནས་ཡོད། དཀརར་རྩིས་ནི་རྒྱ་གར་གྱི་རྩིས་རིག་པ་ལས་བྱུང་བ་ཞིག་དང་ནག་རྩིས་ནི་རྒྱ་ནག་གི་རྩིས་རིག་པ་ལས་བྱུང་བ་ཞིག་རེད། བོད་པ་ཚོའི་ཕ་མ་རྣམས་ལ་དོ་སྣང་དམིགས་བསལ་ཞིག་ཡོད་པ་ནི་སོ་སོའི་ཕྲུ་གུའི་ཚེ་ཚད་ལ་རེ་འདུན་བྱེད་པ་དེ་རེད། གལ་ཏེ་ཚེ་ཚད་ཐུང་ལ་བར་ཆད་མང་ན། ཚེ་རབས་ལས་རྩིས་ནང་ཆོས་ཕྱོགས་ཀྱི་ཆོ་གའི་རིགས་སྣ་ཚོགས་བསྒྲུབ་དགོས་པར་ལམ་སྟོན་ལྟར། དེ་དག་བསྒྲུབ་དགོས་ཤིང་སྐུ་འདྲ་དང་ཐང་ག་སོགས་གསར་བཞེངས་བྱེད་པའམ་བླུ་བ་སོགས་བྱེད་སྲོལ་ཡོད། 

གཉེན་སྒྲིག་གམ་བག་མ་གཏོང་ལེན་གྱི་སྔོན་དུ་བཟའ་ཚང་ཕན་ཚུན་རན་པོ་དང་མཐུན་པོ་ཡོད་དང་མེད་བརྟག་གི་ཡོད། དེ་ཡང་དེ་གཉིས་ཀྱི་རྡེལ་སྣ་ཚོགས་པ་དང་སྤར་ཁ་བཅས་ཕན་ཚུན་མཚུངས་བསྡུར་བྱེད་སྲོལ་ཡོད། དེ་ནི་ནག་རྩིས་ལུགས་ཀྱི་ཁྱད་ཆོས་གཉིས་ཡིན་པ་རེད། རེས་གཟའ་སྤེན་པ་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པའི་གཟའ་འཁོར་ཡིན། དེར་བརྟེན་གཉེན་སྒྲིག་གི་རྩིས་ནང་། དེ་ནི་མནའ་མ་དེ་ཁྱོ་གའི་ནང་མི་ཡོད་སར་གཏོང་བའི་གཟའ་འཁོར་གཅིག་ནང་གི་ཉིན་མོ་བཟང་ཤོས་ལ་བརྩི་སྲོལ་ཡོད། ཁྱོ་ཤུག་གཉིས་ཀྱི་ནང་མིས་རྩིས་སྐོར་མཁན་ལ་གཉེན་སྒྲིག་བྱེད་འདོད་ཡོད་པའི་གཟའ་འཁོར་གྱི་རོབ་རྩིས་དེ་སྤྲོད་ཀྱི་རེད། འཕྲོད་སྦྱོར་བཅུའི་ལུགས་ལྟར། གཟའ་འཁོར་དེའི་ཉིན་བཟང་ཤོས་དང་དེའི་རིང་གི་དུས་ཚོད་ཡག་ཤོས་དེ་འདེམས་སྒྲུག་བྱེད་ཀྱི་རེད། གལ་ཏེ་རེས་གཟའ་སྤེན་པ་དེ་བཟང་པོ་ཞིག་ཡིན་པ་དེ་ཏག་ཏག་བྱུང་ན། བག་མ་གཏོང་རྒྱུ་དེ་རྟག་ཏུ་དེའི་སྐབས་སུ་བྱ་རྒྱུ་དེ་བཟང་ཤོས་ཆགས་ཀྱི་ཡོད། གལ་ཏེ་རེས་གཟའ་སྤེན་པ་དེ་ཚེས་པ་བཟང་པོ་ཞིག་མེད་ན།  དེའི་རྗེས་ཀྱི་ཚེས་བཟང་པོ་ཉེ་ཤོས་དེ་འདམ་ག་བྱེད་དགོས། ཡིན་ནའང་མནའ་མ་ལ་ཁོ་མོའི་ཁྱོ་ག་གསར་པའི་ནང་ལ་སྔོན་གྱི་རེས་གཟའ་སྤེན་པའི་ཉིན་ནས་འཛུལ་དགོས་པར་ལམ་སྟོན་བྱེད་དགོས། 

མི་ཞིག་འཆི་བའི་སྐབས། བོད་མི་ཕལ་ཆེར་ཚང་མས་རྩིས་པ་ཞིག་པ་བསྟེན་གཏུགས་བྱེད་ཀྱི་རེད། འཆི་བ་བྱུང་བའི་སྐབས་ལ་གཞི་བྱས་ཏེ། རྩིས་རྣམས་རྒྱ་ནག་ནས་བྱུང་བའི་འབྱུང་རྩིས་ཀྱི་ལུགས་ལྟར་དུས་ཚོད་ག་དུས་དང་ཕྱོགས་གང་དུ་ཕུང་པོ་དེ་ཕྱིར་འདོན་བྱས་ནས་མེར་སྲེག་པའམ་ས་འོག་ཏུ་སྦས་དགོས་མིན་རྩིས་སྐོར་གྱི་ཡོད། ཕུང་པོ་མེར་སྲེག་གམ་ཡང་ན་ཕུང་པོ་འདོན་ལས་ཀྱི་དུས་ཚོད་ངོ་མ་དེ་རྩིས་སྐོར་གྱི་མེད་པ་དང་། འཕྲོད་སྦྱོར་བཅུ་ལ་བརྟེན་ནས་བཟང་པོ་དང་ངན་པ་ཐག་གཅོད་པ་རྣམས་ཚུད་མེད། འཆི་མཁན་གྱི་ཆེད་དུ་ཆོ་གའི་རིགས་བསྒྲུབ་དགོས་པ་རྣམས་ཀྱང་ཐག་གཅོད་ཟིན་པ་དང་། ལྷག་པར་དུ་གལ་ཏེ་གནོད་ཚབས་ཅན་གདོན་གྱི་རིགས་འཆི་བ་དང་མཉམ་དུ་ཡོད་ན། ཆོ་གའི་རིགས་བསྒྲུབ་དགོས་པ་ཐག་གཅོད་བྱེད་ཀྱི་ཡོད། 

སྤྱིར་བཏང་བོད་མི་ཚོས་ཁང་པ་སྤོ་བའི་སྐབས་དང་། ཚོང་ཁང་གསར་སྒོ་འབྱེད་པ། ཚོང་དོན་ཆེད་འགྲུལ་བཞུད་དུ་འགྲོ་བའི་སྐབས་སུའང་དུས་ཚོད་བཟང་པོ་ག་དུས་འཁེལ་གྱི་ཡོད་མེད་རྩིས་པ་ཞིག་ལ་བསྟེན་གཏུགས་བྱེད་ཀྱི་ཡོད། བོད་ནང་ཆ་བཞག་ན། འགྲུལ་ཚོ་འགོ་འཛུགས་བྱེད་པའི་དུས་ཚེས་ལ་སེམས་ཁུར་བྱེད་པ་དང་། རྒྱ་གར་ནང་ཡང་སེ་འབྱུང་བཞིན་པ་ཞིག་ནི་བོད་མི་ཚོས་སུད་ཚོང་རྒྱག་པའི་སྐབས། བཟོས་བཟོས་པའི་སུད་ཊར་རམ་སྦ་ལན་དང་གྱོན་ཆས་ཀྱི་རིགས་རྣམས་འཚོང་དུ་འགྲོ་བའི་ཕྱིར། ནང་ནས་རྒྱ་གར་གྱི་ས་ཆ་འདྲ་མིན་ལ་ཁྲོམ་ར་སྟོན་དུ་ག་དུས་ཐོན་དགོས་མིན་རྩིས་སྐོར་གྱི་ཡོད། སུད་ཊར་རམ་སྦ་ལན་ཚོང་རྒྱག་རྒྱུ་ནི་བཙན་བྱོལ་བོད་མི་ཚོའི་ཁྲོད་དུ་འཚོ་ཐབས་ཡོངས་གྲགས་ཆེ་ཤོས་དེ་རེད། 

དེ་ག་ནང་བཞིན་ཡང་སྲིད་ཁྲི་འདོན་བྱེད་པའི་སྐབས་དང་། ཕྱིས་སུ་ཁོང་ནས་བསླབ་པ་སློབ་གཉེར་འགོ་འཛུགས་བྱ་ཕྱིར། རང་གི་དགོན་པར་འགྲོ་ལུགས་ལྟར་མཆོད་པ་འབུལ་བའི་སྐབས་དང་། ནང་མིས་ཕྲུ་གུ་དགོན་པ་དང་བཙུན་དགོན་དུ་རབ་ཏུ་བྱུང་བར་གཏོང་བའི་སྐབས། དགེ་བཤེས་གསར་པ་ཞིག་ཆོས་ཕྱོགས་ཀྱི་སློབ་གཉེར་མཐར་ཕྱིན་ནས་ཡིག་རྒྱུགས་འཕྲོད་པའི་སྐབས་སུ་རང་གི་དགོན་པར་མཆོད་འབུལ་བྱེད་པ་སོགས་ཀྱི་དུས་བཟང་ཉིན་ལ་རྟག་ཏུ་རྟེན་འབྲེལ་བཟང་བའི་དུས་ཚེས་འདམ་ག་བྱེད་ཀྱི་ཡོད། དེར་མ་ཟད། བོད་ཀྱི་ལམ་དང་ལུགས་སྲོལ་ལ་ཕུ་གུ་སྐྱེས་ནས་ཧ་ལམ་ལོ་གཅིག་གི་རྗེས་སུ་སྐྲ་ཐེངས་མ་དང་པོ་དེ་གཏུབ་སྲོལ་ཡོད་པ་དང་། དེ་ཡང་ཚེས་བཟང་ཉིན་གཏུབ་དགོས་པ་ལས། དེ་མིན་ཕྲུ་གུ་དེ་ལ་རྣག་འབུར་དང་རྨ་འདོན་སྲིད་པའི་ཡིད་ཆེས་བྱེད་ཀྱི་ཡོད།

ནད་པ་ཞིག་ལ་དམིགས་བསལ་སྨན་བཅོས་བྱེད་པར་བོད་ཀྱི་སྨན་པ་ཚོས་སྨན་རྩིས་མཁས་པ་ལ་བསྟེན་ནས་གཟའ་འཁོར་ནང་གི་ཉིན་མོ་བཟང་ཤོས་དེ་གང་ཡིན་ཐག་གཅོད་བྱེད་ཀྱི་ཡོད། དཔེར་ན། མེ་བཙའ་དང་གསེར་གྱི་སྐམ་ཁབ་རྒྱག་པ་ལྟ་བུ་རེད། ནད་པ་དེའི་སྲོག་གཟའ་དང་བླ་གཟའ་ནི་སྐྱེ་དུས་ལོ་རྟགས་ཀྱིས་གཏན་འབེབས་བྱས་ཡོད་པ་དང་དེ་འདམ་ག་བྱེད་པ་དང་གཤེད་གཟའ་དེ་སྤོང་ངེས་རེད། 

བླ་མ་ཞིག་ལ་བརྟན་བཞུགས་ཀྱི་ཆོ་ག་རིང་པོ་ཞིག་འབུལ་བའི་སྐབས། དེ་ནི་སྲོག་གཟའ་ཡང་ན་བླ་གཟའི་ཉིན་གྱི་ཞོགས་པ་སྔ་པོ་ནས་འབུལ་གྱི་ཡོད། ༧གོང་ས་མཆོག་ལྟ་བུ་ས་ཕག་ལོར་སྐུ་འཁྲུངས་པ་སོང་ཙང་། ཁོང་གི་བླ་གཟའ་ནི་རེས་གཟའ་ལྷག་པ་ཡིན་པས། བླ་མ་མང་པོས་དེ་ནི་བཀྲ་ཤིས་པའི་ཉིན་ཡིན་པའི་རྒྱུ་མཚན་གྱིས་དེའི་ཉིན་ལ་གསུང་ཆོས་གནང་འགོ་བཙུག་གི་ཡོད། ནད་པ་ཞིག་ལ་ཕན་པའི་ཆེད་ཆོ་གའི་རིགས་བསྒྲུབ་པའི་སྐབས། ནད་པ་དེའི་བླ་གཟའ་གང་ཡིན་པའང་འདམ་ག་བྱེད་ཀྱི་ཡོད། 

ད་དུང་གནད་དོན་གཞན་ཞིག་གི་ཐད་ལ་བོད་མི་ཚོས་རྟག་ཏུ་རྩིས་པར་བསྟེན་གཏུགས་བྱེད་སྲོལ་ཡོད་པ་ནི་ལོ་འདིའི་ནང་ཁོང་ཚོའི་ཚོང་ཡག་པོ་དང་ལམ་ལྷོང་ཡོང་ས་རེད་དམ་མ་རེད་ཅེས་འདྲི་གི་ཡོད། རྩིས་པས་དབྱངས་འཆར་གྱི་རྩིས་ལུགས་ལྟར་ལུང་བསྟན་ཞིག་གནང་གི་ཡོད། དྲི་བ་ནི་འགྲོ་ལུགས་ལྟར་འབུལ་ལམ་ཞུ་དགོས་པ་དང་དྲི་བའི་ནང་གི་ཚིག་གི་གྲངས་དང་དྲི་བ་དེ་གཏོང་སའི་ཁང་པ་དང་དུས་ཚོད། དེའི་ནང་ཡོད་པའི་མིའི་གྲངས་བཅས་ལ་བརྟེན་ནས་རྩིས་སྐོར་གྱི་ཡོད། 

སྐར་རྩིས་རིག་པ་ལ་ནང་པའི་ལྟ་ཚུལ།

སྤྱི་དང་སྒེར་སོ་སོ་གཉིས་ཀར་དུས་སྐབས་བྱེ་བྲག་པ་ཞིག་གི་འགྲེལ་ཚུལ་ལ་ཤུགས་རྐྱེན་ཕེབས་སྲིད་པའི་འགྱུར་ལྡོག་ཅན་གྱི་རྣམ་པ་ཧ་ཅང་མང་པོ་ཡོད་པ་དང་། ཧ་ལམ་རྟག་ཏུ་དེ་ལ་ནོར་འཁྲུལ་ཞིག་ཡོད་པ་རེད། ཆ་རྐྱེན་ཚང་མར་གལ་གནད་གཅིག་མཚུངས་ཤིག་མེད། གནས་ཚུལ་གཅིག་གམ་གཞན་གྱི་ཆེད་དུ་འགྱུར་ལྡོག་ཅན་གྱི་རྣམ་པ་འགའ་ཞིག་ཁོ་ན་བརྟག་དཔྱད་བྱེད་པ་དང་། འགའ་ཤས་ཀྱིས་གཞན་དག་ལ་བཀག་འགོག་བྱེད་ཀྱི་ཡོད། དེར་བརྟེན་གལ་ཏེ་འགྲུལ་བཞུད་ཅིག་ཚེས་དགུ་དང་། བཅུ་དགུ། ཡང་ན་ཉེར་དགུའི་ཉིན་འགོ་འཛུགས་བྱེད་ཆོག་པའམ། ཡང་ན་དུས་འཁོར་དབང་ཆེན་དེ་ཚེས་པ་བཅོ་ལྔའི་ཉིན་གནང་ན་འགྲིགས་པས། ཆ་རྐྱེན་གཞན་དག་མི་བཟང་བ་ཡིན་སྲིད་པ་ནི་དེ་ཙམ་གྱི་གནད་འགགས་ཆགས་ཀྱི་མེད། 

ལུགས་འདིའི་དམིགས་ཡུལ་ནི་མི་རྣམས་རྣམ་རྟོག་དང་རྨོངས་དད་ལ་བརྟེན་ནས་ཞ་རུ་འཇུག་རྒྱུ་དེ་མིན་པར། དེ་ལས་ལྡོག་སྟེ། འདིས་མང་ཚོགས་ལ་གནམ་གཤིས་སྔོན་བརྡ་ལྟ་བུ་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད། གལ་ཏེ་ཉིན་མོ་བྱེ་བྲག་ཅིག་བཟང་པོ་དེ་ཙམ་མིན་སྲིད་པའི་བསམ་བློ་ཞིག་ང་ཚོར་ཡོད་ན། དེ་ལ་ང་ཚོས་དཀའ་ངལ་རྣམས་ལས་ཐར་བའི་ཐབས་སམ་དཀའ་ངལ་རྣམས་མེད་པ་བཟོ་ཐབས་སུ་ཆོ་ག་བསྒྲུབ་པ་དང་། སེམས་བཟང་གི་ལས་བྱེད་པ། སྤྱོད་པ་གཟབ་ནན་བྱེད་པ་སོགས་སྔོན་འགོག་གི་ཐབས་ལམ་བྱེ་བྲག་དང་དུ་བླང་ཆོག །དེ་ནི་མི་ཞིག་གིས་ཆར་པ་གཏོང་སྲིད་ཅེས་ཐོས་པའི་སྐབས་ཆར་གདུགས་འཁྱེར་བ་ནང་བཞིན་རེད། 

མི་སྒེར་པ་རེ་རེའི་སེམས་རྒྱུད་དང་མཐའ་གཅིག་ཏུ་འབྲེལ་བ་མེད་ཅིང་། གཞན་ལ་ལྟོས་མེད་རང་དབང་དུ་གྲུབ་པའི་བར་སྣང་གི་ཕུང་པོ་ནས་འབྱུང་བའི་ཤུགས་རྐྱེན་ཡིན་པ་ལྟ་བུ་ནི་ནང་ཆོས་ཀྱི་སྐར་རྩིས་རིག་པར་ལྟ་ཚུལ་དེ་མིན། དེ་ལས་ལྡོག་སྟེ། དེ་ནི་སྔོན་སྤྱོད་ལམ་གྱི་སྐུལ་སློང་ངམ་ཡང་ན་ལས་ཀྱི་འབྲས་བུའི་སྣང་བརྙན་ལྟ་བུ་ཞིག་ལ་ལྟ་གི་ཡོད། ཚེ་རབས་ལས་རྩིས་ནི་དོན་ངོ་མར་ས་ཁྲ་ལྟ་བུ་ཞིག་ཡིན་པ་དང་དེས་ང་ཚོའི་ལས་ཀྱི་རྣམ་པ་རྟོགས་ཐུབ་ཀྱི་ཡོད། ང་ཚོའི་སྐྱེ་བ་སྔོན་མའི་ལས་ཀྱི་སྐུལ་སློང་གི་བདག་པོའི་འབྲས་བུའི་ནང་གི་གཅིག་ནི་ང་ཚོ་སྐྱེ་སའི་གནམ་རིག་ཁམས་དང་སྐར་རྩིས་ཆགས་དབྱིབས་ཀྱི་ནང་གི་ལས་ཀྱི་གནས་སྟངས་ཀྱི་སྣང་བརྙན་དེ་ཡིན་ངེས་རེད། དེར་བརྟེན་ང་ཚོས་གནས་སྟངས་དེ་འགྱུར་བ་གཏོང་ཕྱིར་སྔོན་འགོག་གི་ཐབས་ལམ་ལག་བསྟར་མ་བྱས་ན། སྐར་རྩིས་རིག་པའི་གནས་ཚུལ་ལ་བརྟེན་ནས་ང་ཚོའི་སྔོན་གྱི་ལས་ཀྱི་སྐུལ་སློང་ལས་བྱུང་ཡོད་སྲིད་པའི་འབྲས་བུའི་ཐད་ལ་བརྡའམ་ཁུངས་སྣེ་ཞིག་སྤྲོད་ཐུབ། དེ་འདྲ་སོང་ཙང་། དེས་བྱ་དཀའ་བའི་གནད་གང་འདྲ་ཞིག་ཇི་ལྟར་སྟངས་འཛིན་བྱེད་དགོས་པ་ཤེས་པར་བྱེད་པ་ལ་ཕན་གྱི་ཡོད། དེ་ག་ནང་བཞིན་ང་ཚོས་བསགས་པའི་བདག་འབྲས་དང་དེ་དག་མི་སྒེར་པ་ཧ་ཅང་མང་པོས་མཉམ་དུ་མྱོང་རྒྱུ་ཡིན་པ་བཅས་ནི་ལོ་ཐོ་ཞིག་གིས་སྟོན་གྱི་ཡོད། 

ནང་པའི་འཛམ་གླིང་གི་ལྟ་ཚུལ་ཐད་ལ་སྔོན་ལས་ལ་རག་ལས་པའི་བསམ་ཚུལ་དེ་འདྲ་གང་ཡང་མེད། ད་ལྟའི་གནས་སྟངས་ནི་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་རེད། གལ་ཏེ་ང་ཚོས་གནས་སྟངས་དེ་ཡང་དག་པའི་སྒོ་ནས་གོ་བ་བླངས་ཐུབ་ན། རང་གཞན་གཉིས་ཀར་ཕན་པའི་ཕྱིར། ཐ་ན་ཚེ་འདིའི་ནང་དུའང་ཡར་རྒྱས་གཏོང་བའི་ཆེད་རྒྱུ་རྐྱེན་སྣ་ཚོགས་པ་བསྐྲུན་པའི་ལས་བརྩམ་ཆོག །འདི་ནི་གཟའི་ལྷ་སྣ་ཚོགས་པར་ཞི་བར་བྱེད་པ་དང་དེ་དག་གི་གནོད་པ་ཟློག་ཐབས་སུ་གསོལ་མཆོད་བྱེད་པ་ལ་བརྟེན་ནས་བསྒྲུབ་ཐུབ་པའི་དོན་མིན་པར། དེ་ལས་ལྡོག་སྟེ། ང་ཚོས་སོ་སོ་རང་ཉིད་ཀྱི་བསམ་བློའི་ཁྱེར་སོ་དང་སྤྱོད་ལམ་འགྱུར་བཅོས་གཏོང་བ་ལས་བསྒྲུབ་དགོས་པ་ཞིག་རེད། 

ཡོངས་གྲགས་ཀྱི་ཐོག་ནས་བཤད་ན། ང་ཚོའི་ཚེ་ཚད་རིང་དུ་གཏོང་བར་སྐུ་འདྲ་ཞིག་གམ་ཡང་ན་ཡི་དམ་གྱི་ལྷ་གང་རུང་ཞིག་གི་སྐུ་ཐང་མངགས་བླུ་བྱེད་དགོས་ཞེས་སྐབས་རེར་ལམ་སྟོན་བྱེད་སྐབས། དེ་ནི་ཡི་དམ་གྱི་ལྷ་དེ་ལས་རོགས་མགོན་འཐོབ་པའི་ཆེད་དུ་ཡིན་པ་ལྟར་སྣང་གི་ཡོད། འདི་ནི་ཤེས་ཡོན་མེད་པའི་གོ་བ་ལོག་སྒྲུབ་ཅིག་རེད། ལས་གཞི་དེ་འདྲ་ཞིག་གི་ནང་བློའི་ཁྱེར་སོ་བསྐྱེད་པ་ནི་གང་ནུས་པ་ཆེ་ཤོས་ཡོད་པ་དེ་རེད། གལ་ཏེ་དེ་ནི་ཞེད་སྣང་ངམ་རང་འདོད་དོན་གཉེར་ཞིག་ཡིན་ན། དེའི་ནུས་པ་ནི་ཉུང་ཤོས་དེ་ཆགས་ཀྱི་རེད། ང་ཚོའི་མི་ཚེ་རིང་དུ་གཏོང་བ་དང་འཕྲོད་བསྟེན་དང་ཕྱི་དངོས་པོའི་གནས་སྟངས་ཡར་རྒྱས་གཏོང་བའི་ནང་དེ་ལས་ཀྱང་རྦད་དེ་ཕན་ནུས་ཆེ་བ་ནི། གཞན་དོན་གྱི་ཀུན་སློང་དང་ལྡན་པའི་སྒོ་ནས་སྒོམ་ཉམས་ལེན་ངེས་ཅན་ཞིག་བྱེད་པ་དེ་རེད།།

Top