བོད་ཀྱི་རིག་གཞུང་གི་ཤུགས་རྐྱེན།
བོད་ཀྱི་ཆོས་དང་། སྐད་ཡིག །སྒྱུ་རྩལ། སྨན་རྩིས་རིག་པ་བཅས་པའི་བོད་ཀྱི་རིག་གཞུང་ནི་དབུས་ཨེ་ཤི་ཡའི་དཔལ་ཡོན་གྱི་གཙོ་བོ་ཞིག་ཡིན་པ་དང་། ནུབ་ཕྱོགས་སུ་རོ་མེན་གྱི་རིག་གཞུང་དང་སྐད་ཡིག་གིས་གལ་ཆེན་བྱེད་སྒོ་སྤེལ་བ་དང་མཚུངས་པའི་བྱེད་སྒོ་སྤེལ་བཞིན་ཡོད། ཨེ་ཤི་ཡའི་ནང་། བོད་ཀྱི་རིག་གཞུང་གིས་གཤམ་གྱི་མི་དང་། ས་ཁུལ། རྒྱལ་ཁབ་བཅས་ལ་ཤུགས་རྐྱེན་སྤྲད་ཡོད།
- ཧི་མ་ལ་ཡའི་ས་ཁུལ་གྱི་ལ་དྭགས་དང་། ལ་ཧུལ། སྤི་ཏི། ཀི་ནཽར། བལ་ཡུལ། འབྲས་ལྗོངས། འབྲུག་རྒྱལ་ཁབ། ཨ་རུ་ན་ཅལ་མོན་ཡུལ་བཅས་དང་།
- སོག་པོའི་ཡུལ་དུ།
- དབུས་སོག་ཡུལ་གྱི་ཕྱི་སོག་དང་ནང་སོག །ཨ་མདོ།
- ནུབ་སོག་པོ་ཁལ་མུག་ས་ཁུལ་ ༼ཝོལ་ག་ཆུ་བོ་༽ ཤིང་ཅང་། ཀ་ཛཁ་སྟཱན། ཁིར་གྷི་སྟཱན།
- བྷུར་ཡཏའི་མི་རིགས། Buryats
- མན་ཇུ།
- བྱང་རྒྱ་ནག
- ཏུ་ཝའི་ཏུར་ཀིའི་མི་རིགས།
- ཀན་སུའི་ཡུ་གུར་སེར་པོ། Uighurs
ལོ་རྒྱུས་ལྟར་བྱས་ན། བོད་ཀྱི་རིག་གཞུང་གིས་གཤམ་གྱི་ས་ཁུལ་ཁག་ལའང་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་ཡོད་པ་ནི།
- ཤིང་ཅང་ནང་གི་ཡུ་གུར།
- ཨ་མདོ་དང་ནང་སོག་གི་ས་ཁུལ་མི་ཉག་ཏན་གྷུཏ།
འདིར་ང་ཚོས་དབུས་སོག་པོའི་ཡུལ་ལ་དམིགས་ནས་ཤོད་རྒྱུ་ཡིན། གང་ཡིན་ཟེར་ན། དེ་དག་ནི་གོང་སྨྲོས་ཀྱི་ས་ཁུལ་དེ་དག་ལས་རྒྱ་ཆེ་ཤོས་དེ་ཡིན། ནུབ་ཕྱོགས་སུ་བོད་བརྒྱུད་ནང་བསྟན་དར་ཁྱབ་མ་བྱུང་སྔོན་གྱི་དུས་ཚོད་རིང་པོ་ཞིག་ནས་གོང་གི་ས་ཁུལ་ཁག་དང་། བོད་མི་མ་ཡིན་པའི་སྡེ་ཁག་གཞན་གྱི་ནང་བརྒྱུད་སྤེལ་བྱུང་ཡོད་པ་སོང་ཙང་། ང་ཚོས་ཁོང་ཚོའི་ཉམས་མྱོང་ནས་བསླབ་བྱ་དང་ལེགས་སྐྱེས་མང་པོ་ལེན་རྒྱུ་ཡོད།
སོག་ཡུལ་དུ་ནང་ཆོས་སྔ་དར།
སྲོལ་རྒྱུན་ལྟར། སོག་ཡུལ་དུ་ནང་ཆོས་དར་ཚུལ་དང་འབྲེལ་བའི་སྐོར་ལ་སོག་པོའི་ལོ་རྒྱུས་སྨྲ་བ་ཚོས་རིམ་པ་མི་འདྲ་བ་གསུམ་གྱི་སྒོ་ནས་ཤོད་ཀྱི་ཡོད། དང་པོ་ནི་དུས་རབས་བཅུ་གསུམ་པའི་དཀྱིལ་གྱི་སྔོན་དུ་དར་སྤེལ་བྱུང་ཞིང་། དེ་ནི་ཀུབ་ལེ་ཁན་གྱི་དབང་བསྒྱུར་སྔོན་ལ་ཡིན།
སོག་དག་གམ་སོག་ཌི་ཡན་དང་། ཀུ་ཆ། ལི་ཡུལ་ལམ་ཁོ་ཊན་བརྒྱུད་དེ་ཐེག་པ་ཆེ་ཆུང་གཉིས་ཀ་དབུས་ཨེ་ཤི་ཡའི་ནང་དུ་དར་སྤེལ་བྱུང་བ་དང་། དེ་ནི་སྔ་ཤོས་ལ་དུས་རབས་དང་པོའི་ནང་དར་ཞིང་། དེ་ནས་རྒྱ་ནག་གི་ཡུལ་དུ་དར་ཁྱབ་བྱུང་། མཁས་པ་འགའ་ཞིག་གིས། ཤིའོངྒ་ནུ་རྒྱལ་སྲིད་ Xiongnu ལ་བརྟེན་ནས་ནང་པའི་ཆོས་སྲོལ་འགའ་ཞིག་དེའི་སྔོན་ནས་སོག་ཡུལ་དུ་ངོ་སྤྲོད་བྱས་ཟིན་པར་འདོད་ནའང་། དེའི་འགོ་སྟོད་ཀྱི་དུས་སྐབས་སུ་དེ་ནི་དར་ཧ་ཅང་ཆུང་ངུ་རེད། ཏུར་ཀིའི་ཁ་ག་ན་ཏེ་ (༥༥༢-༧༤༤) དུས་ཡུན་རིང་ལ། རྒྱ་ནག་དང་རྒྱ་གར་གྱི་མཁས་པ་ཚོས་ཐེག་པ་ཆེ་ཆུང་གཉིས་ཀའི་གཞུང་རྣམས་སོག་ཌིའམ་སོག་དག་དང་། ཀུ་ཆ། རྒྱ་ནག་བཅས་ཀྱི་སྐད་ནས་ཏུར་ཀི་རྙིང་པའི་སྐད་དུ་བསྒྱུར། ཡིན་ནའང་ཕོ་བྲང་དུ་དེ་དག་ནི་ཚད་བཀག་ཡིན་པ་དང་སོག་པོ་ཁོང་རང་ཚོ་ལ་ཐོབ་རུང་མིན། ཡུ་གུར་གྱི་རྒྱལ་ཁམས་སྐབས། (དུས་རབས་དགུ་པའི་དཀྱིལ་ནས་བཅུ་གསུམ་པའི་དཀྱིལ་གྱི་བར་) ཡང་སོག་ཌི་དང་། རྒྱ་ནག །བོད་སྐད་བཅས་ནས་ཡུ་གུར་སྐད་དུ་བསྒྱུར་བའི་གཞུང་རྣམས་ནི་མང་ཆེ་བ་ཐེག་པ་ཆེན་པོའི་གཞུང་རྣམས་ཡིན། ཡུ་གུར་ནང་བསྒྱུར་བ་རྣམས་ཀྱིས་སོག་པོའི་ནང་ཆོས་ལ་ཤུགས་རྐྱེན་སྤྲད་ཡོད་ནའང་། སླར་ཡང་ནང་ཆོས་ནི་ཕལ་ཆེ་བ་ཡུ་གུར་མི་དྲག་རྣམས་ལ་ཚད་བཀག་ཡིན།
སོག་ཡུལ་ནང་ནང་ཆོས་དང་པོ་དར་བ་དེ་དབུས་ཨེ་ཤི་ཡ་ནས་བྱུང་ཞིང་། དེ་ཡང་ཆེས་སྔ་ན་དུས་རབས་དང་པོ་ནས་དར་འགོ་བཙུགས་ཡོད་ནའང་། སྔ་དར་དེའི་འབྱུང་ཁུངས་གལ་ཆེ་ཤོས་ནི་ཏུར་ཀིའི་ཡུ་གུར་རྒྱལ་སྲིད་ཡིན། དེས་སོག་ཡུལ་དུ་དུས་རབས་དགུ་པའི་དཀྱིལ་ནས་བཟུང་སྟེ། ཆིང་གྷི་སི་ཁན་ (༡༡༦༢-༡༢༢༧) གྱིས་གོ་དབང་ནས་གནས་དབྱུང་མ་བཏང་བར་དུ་དབང་བསྒྱུར་བྱས། ཆིང་གྷིས་ཁན་གྱིས་དུས་རབས་བཅུ་གསུམ་པའི་འགོ་སྟོད་ལ་སོག་པོ་ཆིག་སྒྲིལ་ཡོང་ཆེད་མཇུག་མཐུད་ཡོད།
སོག་ཡུལ་དུ་ནང་ཆོས་བར་དར།
སོག་ཡུལ་ནང་བསྟན་བར་དར་ནི། ཆིང་གྷིས་ཁན་གྱི་བུ་ཚ་དང་བཅས་པས་གསར་འཛུགས་བྱས་པའི་སོག་པོའི་རྒྱལ་སྲིད་ཀྱི་དུས་སྐབས་སུ་བྱུང་།
ཆིང་གྷིསི་ཁན་ནི་ཇི་སྲིད་ཁོང་གི་དམག་དོན་ལམ་ལྷོང་ཆེད་སྨོན་ལམ་འདེབས་པ་དེ་སྲིད་དུ་ཆོས་ལུགས་ཡོད་དོ་ཅོག་ལ་བཟོད་སྒོམ་བྱེད་མཁན་ཞིག་རེད། ཁོང་གི་མི་ཚེ་གང་པོར་ནང་པ་དང་ཏའོ་ཆོས་ལུགས་ཀྱི་དགེ་འདུན་པ། ཁ་ཆེ་དང་ནེས྄་ཊོ་རི་ཡན་ཡེ་ཤུའི་ཆོས་ཁྱབ་སྤེལ་བྱེད་མཁན་ Nestorian Christian Missionaries རྣམས་ལས་སློབ་སྟོན་ཞུས་ཡོད་པར་གྲགས། ཆིང་གྷི་སི་ཁན་གྱིས་ཁོ་རང་གི་ལྡོག་ཟླ་གྱུར་ཞིང་རྒྱབ་འགལ་ཅན་གྱི་དཔལ་ཡོན་ཁོ་ན་རྩ་གཏོར་བཏང་ཡོད་པ་དང་། ཡུ་གུར་དང་བོད་མི་ཚོས་དེའི་ཁ་གཏད་དུ་འཐབ་ཐབས་བྱས་མེད། ཆིང་གྷི་སི་ཁན་གྱིས་ཡུ་གུར་ཡི་གེ་ལེན་རྒྱུའི་བཀའ་བཀོད་བཏང་བ་དང་། ཁོང་གི་འཛིན་སྐྱོང་གི་སྒྲོམ་གཞི་དེ་ཡུ་གུར་ནས་གཡར་ཡོད་པ། དེར་མ་ཟད། ཡུ་གུར་མི་རིགས་འཛིན་སྐྱོང་བྱེད་མཁན་དུ་བཀོལ་སྤྱོད་བྱས་ཡོད། བྱས་ཙང་། སོག་པོའི་དབང་བསྒྱུར་བ་ཚོར་དངོས་སུ་སྙོབ་པའི་ནང་ཆོས་ཀྱི་རྒྱ་ཁྱབ་དང་པོ་དང་ཁོ་རང་ཚོའི་མི་དྲག་རྣམས་ཡུ་གུར་སྲོལ་རྒྱུན་ལས་བྱུང་། དེ་ལ་བརྟེན་ནས་ནང་པའི་གཞུང་རྣམས་སོག་པོའི་སྐད་དུ་བསྒྱུར་སྟངས་ལ་ཤུགས་རྐྱེན་སྤྲོད་ཡོད། དེ་ཡང་ཏུར་ཀིའི་སྐད་དང་འབྲེལ་བའང་ཆགས་ཡོད།
ཆིང་གྷི་སི་ཁན་གྱི་ཕྲུ་གུ་བུ་ཚ་དང་བཅས་པས་བོད་ཀྱི་བླ་ཆེན་ཁག་ཕོ་བྲང་དུ་གདན་འདྲེན་ཞུས་བྱས་ཤིང་། དེ་ལས་མང་ཆེ་བ་ནི་ས་སྐྱ་དང་། ཀརྨ་བཀའ་བརྒྱུད། དེ་བཞིན་རྙིང་མའི་ཆོས་བརྒྱུད་ནས་ཡིན་པ་རེད། སོག་པོའི་རྒྱལ་ཁང་དུ་ནུས་པ་ཆེ་ཤོས་ནི། ཀརྨ་པ་སྐུ་ཕྲེང་གཉིས་པ་ཀརྨ་པཀྵི་ (༡༢༠༤-༡༢༨༣) དང་ས་སྐྱ་པནྜི་ཏ་ཀུན་དགའ་རྒྱལ་མཚན་ (༡༡༨༢-༡༢༥༡) ཡིན། ཀུབ་ལེ་ཁན་གྱིས་ཀརྨ་་པཀྵི་སོག་པོའི་ཕོ་བྲང་དུ་གཏན་འཇགས་བཞུགས་རོགས་ཞེས་འབོད་སྐུལ་ཞུས་ཀྱང་། དེ་ལ་ངོས་བཞེས་གནང་མེད། དེའི་ཚབ་ཁོང་གི་གཅེན་པོ་མོང་ཀེ་ཁན་ Möngke Khan (༡༢༠༩ -༡༢༥༩) གྱི་ཕྱོགས་གནང་། མོང་ཀེ་དང་ཀུབ་ལེ་ཁན་གཉིས་ཕྱིས་སུ་ཤུལ་འཛིན་གྱི་འཐབ་རྩོད་ནང་ཞུགས་ནས་ཀུབ་ལེ་ཁན་རྒྱལ་ཁ་ཐོབ་པ་དང་། ཁོང་སོག་པོའི་ཁཱན་ཆེན་པོ་དང་རྒྱ་ནག་ཡོན་རྒྱལ་རྒྱུད་ (༡༢༧༡-༡༣༦༨) ཀྱི་སྲོལ་གཏོད་རྒྱལ་པོ་ཆགས་ཕྱིར་ཕེབས། ཀུབ་ལེ་ཁན་གྱིས་ས་སྐྱ་པཎྜི་ཏ་ཕོ་བྲང་དུ་ཆོས་གསུང་བར་གདན་དྲངས་པ་དང་ཆབས་ཅིག་ཀརྨ་པཀྵི་འཛིན་བཟུང་བྱས་ནས་བཙན་བྱོལ་དུ་གཏོང་དགོས་པའི་བཀའ་བཏང་བ་རེད།
ཀུབ་ལེ་ཁན་གྱིས་བོད་བརྒྱུད་ནང་བསྟན་དེ་སོག་པོ་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་འདེམ་སྒྲུག་བྱས་དགོས་པ་དང་། བོད་ཀྱི་ཆབ་སྲིད་ཀྱི་འཛིན་སྐྱོང་དབང་བསྒྱུར་དེ་ས་སྐྱ་ཎྜི་ཏར་ཕུལ་བའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་ངོ་མའི་ཐད་ལ་རྩོད་གླེང་མང་པོ་ཞིག་ཡོད། སོག་པོ་ཁ་ནེཊ་གསར་པའི་ Khanates རྒྱལ་ཁབ་ཀྱི་ཆོས་ལུགས་ཀྱི་ཆེད་དུ་ཐག་གཅོད་ནང་། རྒྱ་ནག་ཏའོ་ཆོས་ལུགས་དང་བོད་བརྒྱུད་ནང་བསྟན་དབར་རྩོད་གླེང་བྱས་ཡོད། འོན་ཀྱང་དམག་དོན་གྱི་སོག་པོ་རྣམས་ས་སྐྱའི་རྒྱུ་མཚན་རིགས་པ་དང་ལྟ་གྲུབ་ཁོ་ནར་བརྟེན་ནས་རྒྱལ་ཁ་ཐོབ་པ་ནི་བསམ་བློ་གཏོང་དཀའ་བ་ཞིག་ཆགས་ཡོད། རྒྱུ་མཚན་ཡག་ཤོས་ནི། སོག་པོ་རྣམས་ཆོས་སྐྱོང་སྲུང་མ་མ་ཧཱ་ཀཱ་ལའམ་མགོན་པོ་ནག་པོའི་ནུས་མཐུ་ལ་བརྟེན་ནས་སེམས་འགུལ་ཐེབས་པ་དེ་རེད། མགོན་པོ་ནག་པོ་ནི་མི་ཉག་གམ་ཏངྒུཊ་རྣམས་ཀྱི་སྲུང་མའི་གཙོ་བོ་དེ་ཡིན་པ་དང་། མི་ཉག་རྣམས་ཀྱིས་ཆིང་གྷི་སི་ཁན་གཡུལ་སར་ཕམ་པར་བྱས་ཤིང་བསད་པ་རེད། བྱས་ཙང་། སོག་པོ་རྣམས་སེམས་གཏིང་ནས་མགོན་པོ་ནག་པོ་ལས་སེམས་འགུལ་ཐེབས་པ་རེད། ཀརྨ་པཀྵི་ཁོང་ཉིད་ཀྱང་རང་བཞིན་ལས་འདས་པའམ་རྫུ་འཕྲུལ་གྱི་སྟོབས་དང་ལྡན་པ་ཞིག་ཡིན་པར་གྲགས་ཤིང་། མགོན་ནག་ཉམས་ལེན་གནང་མཁན་ཞིག་ཡིན་པ་མ་ཟད། མི་ཉག་བ་ཚོའི་བླ་མ་ཡིན་པ་རེད། གང་ལྟར་ཡང་། ཀརྨ་པཀྵིས་སོག་པོ་ཕམ་ལ་ཉེ་བ་རྣམས་ཀྱི་ཕྱོགས་གནང་བ་དང་། ས་སྐྱ་པ་རྣམས་ལའང་མགོན་པོ་ནག་པོའི་སྲོལ་རྒྱུན་ཤུགས་ཆེན་ཡོད་པ་སོང་ཙང་། ཁུབ་ལེ་ཁན་གྱིས་ས་སྐྱ་པཎྜི་ཏ་ལ་རྒྱབ་སྐྱོར་བྱེད་པ་བརྒྱུད་མགོན་པོ་ནག་པོར་རྒྱབ་སྐྱོར་བྱ་རྒྱུའི་འདུན་སེམས་བྱུང་། དམིགས་བསལ་རྒྱ་ནག་ལྷོ་ཕྱོགས་བཙན་བཟུང་བྱ་རྒྱུའི་དམིགས་ཡུལ་དང་བཅས་དེ་ལྟར་འདུན་སེམས་སྐྱེས་ཡོད།
ས་སྐྱ་པཎྜི་ཏས་རང་གི་ཚ་བོ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ (༡༢༣༥-༡༢༨༠) མཉམ་དུ་ཁྲིད་གནང་བ་དང་། ཀུབ་ལེ་ཁན་གྱི་བླ་མ་གཙོ་བོར་གྱུར་ཞིང་། ཐ་ན་ཀྱཻ་རྡོ་རྗེ་དང་འཁོར་ལོ་སྡོམ་པའི་དབང་ཡང་ཁོང་ལ་གནང་། ཁོང་གིས་དགོན་སྡེ་ཁག་འགའ་ཞིག་བཞེངས་གནང་བ་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གཙོས་རྒྱ་གར་དང་བོད་ཀྱི་གཞུང་ཁ་ཤས་བོད་སྐད་ནས་སོག་པོའི་སྐད་དུ་བསྒྱུར་འགོ་ཚུགས། གཞུང་དང་པོ་བསྒྱུར་བ་དེ་ནི་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དེ་རེད། དེ་དང་ཆབས་ཅིག་འགྲོ་མགོན་ཆོས་རྒྱལ་འཕགས་པས་སོག་པོའི་ཡི་གེ་འབྲི་བྱེད་ཀྱི་ཡིག་གཟུགས་གཉིས་པ་ཞིག་གསར་བཟོ་གནང་ཞིང་། དེ་ལ་འཕགས་པའི་འབྲི་གཟུགས་ཞེས་ཡོངས་སུ་གྲགས་པ་དང་། དེ་ནི་ལེགས་སྦྱར་དང་བོད་སྐད་སྒྲ་ཡིག་ཏུ་འབེབས་པར་ཡུ་གུར་ལས་ཀྱང་བེད་སྤྱོད་བདེ་བ་དང་ལས་སླ་བ་ཡོད། སོག་པོ་རྣམས་ཡུ་གུར་ནང་ཆོས་ཀྱི་སྐོར་ཧ་ཅང་འདྲིས་པོ་ཆགས་ཟིན་པ་དང་། ཁོང་ཚོའི་ཡུ་གུར་གྱི་བསྒྱུར་ནང་། དབུས་ཨེ་ཤི་ཡའི་སྐད་ཡིག་ནང་བཞིན་ལེགས་སྦྱར་གྱི་སྒྲ་བསྒྱུར་ཐ་སྙད་མང་དག་ཚུད་ཡོད་པ་དང་། སོག་པོ་ཚོས་བོད་ཀྱི་ཐ་སྙད་འགའ་ཞིག་རང་སོར་བཞག་ནས་གཞན་མང་དག་ཅིག་ལེགས་སྦྱར་གྱི་སྐད་དུ་ཕར་བསྒྱུར་ཡོད། ནུབ་ཕྱོགས་སུ་གནས་བརྟན་སྡེ་པའི་པཱ་ལིའི་ནང་ཆོས་ཐེངས་དང་པོ་དར་བ་ནས་བྱུང་བའི་ཐ་སྙད་མང་པོ་ཞིག་ལ་གོམས་འདྲིས་ཡོད་པ་སོང་ཙང་། དེས་ནུབ་ཕྱོགས་ཀྱི་སྐད་ཡིག་ནང་ལེགས་སྦྱར་དང་བོད་སྐད་ཀྱི་ཐ་སྙད་འགའ་ཞིག་བེད་སྤྱོད་བྱེད་སྟངས་ཀྱི་སློབ་གསོ་ཞིག་ང་ཚོར་བསླབ་ཐུབ།
སོག་ཡུལ་དུ་ནང་ཆོས་ཕྱི་དར།
དུས་རབས་བཅོ་ལྔ་པའི་དུས་དཀྱིལ་ནང་ཡོན་རྒྱལ་རྒྱུད་ཉམས་པ་ལ་བརྟེན་ནས་སོག་པོ་རྣམས་ཁ་གྱེས་པ་དང་ཉམས་རྒུད་ཕྱིན་ཡོད། ནང་ཆོས་དེ་སྐུ་དྲག་ཚོའི་ཁྲོད་དུ་ཉམས་ལེན་བྱེད་སྲོལ་ཁོ་ནར་ཟད་པས། ནང་ཆོས་རྩ་མེད་ཕྱིན་མེད་ཀྱང་ཉམས་རྒུད་ཕྱིན་ཡོད།
དུས་རབས་བཅུ་དྲུག་པའི་དཀྱིལ་ཙམ་ལ་དབུས་སོག་གི་ལྷོ་ཕྱོགས་ཡན་ལག་གི་རྒྱལ་པོ་ཨལ་ཏན་ཁན་ (༡༥༠༧-༡༥༨༢) ཏེ། ཀུབ་ལེ་ཁན་གྱི་བརྒྱུད་པ་ཡིན། ཁོང་གིས་སོག་པོའི་སྟོབས་ཤུགས་དང་ཆིག་སྒྲིལ་བསྐྱར་གསོ་བྱེད་ཐབས་བྱས། ཁོང་གིས་ཁྲིམས་མཐུན་གྱི་རང་བཞིན་གསར་འཛུགས་ཆེད་དེའི་སྐབས་ཀྱི་བླ་མ་གྲགས་ཆེ་ཤོས་བསོད་ནམས་རྒྱ་མཚོ་ (༡༥༤༣-༡༥༨༨) བླ་མའམ་དགེ་བའི་བཤེས་གཉེན་གྱི་གཙོ་བོར་གདན་དྲངས། ཁོས་རང་གིས་རང་ལ་ཀུབ་ལེ་ཁན་གྱི་ཡང་སྲིད་ཡིན་ཞེས་དང་། བསོད་ནམས་རྒྱ་མཚོ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཡང་སྲིད་ཡིན་ཞེས་ཁྱབ་བསྒྲགས་བཏང་ནས། ཁོང་ལ་ཏཱ་ལའི་བླ་མའི་མཚན་གནས་ཕུལ། (སྤྲུལ་བརྒྱུད་ཁྲིམས་མཐུན་ལྟར་བྱས་ན། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་ཡིན།) ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པས་གྷོ་བྷི་བྱེ་ཐང་ Gobi desert གི་ལྷོ་ཕྱོགས་སུ་དགོན་པ་ཁ་ཤས་གསར་བཞེངས་མཛད་ཡོད་པ་དང་། དེ་ནི་དེང་སང་ནང་སོག་གི་བྱང་ཕྱོགས་དང་ཨ་མདོའི་ས་ཁུལ་དུ་ཁེལ་གྱི་ཡོད། དེའི་ནང་བོད་དང་སོག་པོ་འདྲེས་མའི་མི་འབོར་ཡོད། ཁོང་ལ་གྷོ་བྷིའི་བྱེ་ཐང་གི་བྱང་ཕྱོགས་ (ད་ལྟའི་ཆར་ཕྱི་སོག་) སུ་དགོན་པ་ཞིག་བཞེངས་རོགས་ཞེས་འབོད་སྐུལ་ཞུས་པ་དང་། སྐུ་ཚབ་གཅིག་ཀྱང་བཏང་ཡོད། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སྐུ་མྱ་ངན་ལས་འདས་རྗེས་ཨལ་ཏན་ཁན་གྱི་ཚ་བོ་ནས་བརྒྱུད་པའི་ཡོན་ཏན་རྒྱ་མཚོ་ (༡༥༨༩-༡༦༡༧) ལ་ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་པ་ཞེས་མཚན་དུ་གསོལ་ཞིང་། ཁོང་གི་ཡོངས་འཛིན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ (༡༥༧༠-༡༦༦༢) རེད།།
མན་ཇུ།
མན་ཇུའི་སྟོབས་ཤུགས་དེ་དུས་རབས་བཅུ་བདུན་པའི་འགོ་སྟོད་ཙམ་ནས་དར་འགོ་ཚུགས་ཤིང་། ཁོང་ཚོ་སོག་པོ་དང་བོད་པ་ཚོ་བརྒྱུད་དེ་ནང་ཆོས་དང་འབྲེལ་བ་ཆགས། སོག་པོའི་ཆ་ཤས་ཁག་བཙན་བཟུང་བྱས་པའི་རྗེས། རྒྱ་ནག་དབང་བསྒྱུར་བྱེད་ཆེད་དེའི་གཞི་རྟེན་ལྟ་བུར་ནང་སོག་གསར་དུ་བསྐྲུན། ཁོང་ཚོས་མན་ཇུའི་སྐད་འབྲི་བྱེད་དུ་སོག་པོའི་ཀ་མད་རྣམས་བླངས་ཤིང་། དེ་ནི་སྐད་ཡིག་འབྲེལ་བ་ཡོད་པ་ཞིག་རེད།
དེའི་སྐབས་སུ་བོད་དབུས་ཕྱོགས་སུ་དབུས་དང་གཙང་གི་དབར་ལ་ཧ་ལམ་དུས་རབས་གཅིག་རིང་ནས་ཡོད་པའི་ནང་འཁྲུག་དེ་བྱུང་དང་འབྱུང་བཞིན་ཡོད། ཀརྨ་བཀའ་བརྒྱུད་པ་ ༼ཀརྨ་པ་སྐུ་ཕྲེང་རིམ་བྱོན་༽ དང་ཇོ་ནང་པ་ ༼ས་སྐྱ་པའི་ཡན་ལག་༽ རྣམས་ཀྱིས་གཙང་གི་རྒྱལ་པོ་རྣམས་ཀྱི་སློབ་སྟོན་པ་ལྟ་བུ་མཛད་པ་དང་། དགེ་ལུགས་པ་རྣམས་ཀྱིས་དབུས་ཀྱི་རྒྱལ་པོ་རྣམས་ཀྱི་སློབ་སྟོན་པ་ལྟ་བུར་མཛད། དུས་རབས་བཅུ་བདུན་པའི་བཞི་ཆ་དང་པོའི་མཐའ་མཇུག་ཙམ་ལ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། ཕྱི་ལོ་ ༡༦༡༧ ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་སྐུ་མྱ་ངན་ལས་འདས་རྗེས་མུ་མཐུད་དེ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་ (༡༦༡༧-༡༦༨༢) ཡོངས་འཛིན་མཛད་པ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ནི་སོག་པོ་བྱང་ཕྱོགས་སུ་ཨབ་དེ་ཁན་ Abdai Khan (༡༥༥༤-༡༥༨༨) གྱི་ཚ་བརྒྱུད་ལ་ངོས་འཛིན་གནང་། ཁོང་ནི་ཆིང་གྷི་སི་ཁན་གྱི་བརྒྱུད་པ་ཞིག་ཡིན། དགེ་ལུགས་པའི་ལུགས་སུ་ཡང་སྲིད་དུ་ངོས་འཛིན་བྱས་པའི་ཏཱ་ར་ནཱ་ཐ་ཡིན། ༼ཇོ་ནང་པའི་དབུ་འཛིན་ཡིན།༽ འདི་ནི་ཇོ་ནང་པས་གཙང་གི་རྒྱལ་པོའི་སློབ་སྟོན་ལྟ་བུར་བྱས་མེད་པའི་སྒོ་ནས་གཙང་གི་ཁུལ་དུ་ཇོ་ནང་པའི་སྟོབས་ཤུགས་ལ་ཆ་སྙོམ་བཟོ་བའི་ཆབ་སྲིད་ཀྱི་ལས་འགུལ་ཞིག་རེད། དེའི་སྐབས་སུ་ལྷོ་སོག་སྟེ། ཨལ་སྟན་ཁན་གྱི་ནང་མིའི་དབང་བསྒྱུར་གྱི་གཞི་རྟེན་དེ་མན་ཇུའི་མངའ་འོག་ཏུ་ཡོད། བྱས་ཙང་། བྱང་སོག་གི་ཨབ་དེ་ཁན་གྱི་ནང་མི་ནང་ནས་བུ་ཞིག་འདེམ་སྒྲུག་བྱེད་པའི་སྒོ་ནས་དབུས་ཀྱིས་ཀྱང་ཐག་ཆབ་སྲིད་ཀྱི་ལར་ཞེན་ཉེ་པོ་ཞིག་གྲ་སྒྲིག་བྱས་ཡོད། བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་བུ་དེ་བོད་དུ་སློབ་སྦྱོང་ཆེད་ཁྲིད་གནང་། ཕྱི་ལོ་དུས་རབས་བཅུ་བདུན་པའི་དཀྱིལ་ཙམ་ནང་། ཨ་མདོའི་ནང་སོག་པོ་ཁོ་ཤུཏའི་ Khoshut Mongols གུ་ཤྲི་ཁན་ (༡༥༨༢-༡༦༥༥) གྱིས་གཙང་གི་རྒྱལ་པོ་ཕམ་པར་བྱས་ཏེ། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོ་བོད་ཀྱི་འཛིན་སྐྱོང་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་དུ་བསྐོ་བཞག་བྱས། དུས་ཚོད་དེ་དང་མཚུངས་པའི་སྐབས་ཤིག་ལ་མན་ཇུས་རྒྱ་ནག་དབང་བསྒྱུར་བྱས་ཏེ། ཆིང་རྒྱལ་རྒྱུད་ (༡༦༤༤-༡༩༡༢) གསར་འཛུགས་བྱས། ༧གོང་ས་སྐུ་ཕྲེང་ལྔ་པ་ཆེན་པོས་ཁོང་གི་ཡོངས་འཛིན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་པཎ་ཆེན་ཞེས་མཚན་གསོལ་བ་དང་། དེ་བཞིན་པཎ་ཆེན་སྐུ་ཕྲེང་སྔོན་མ་གསུམ་ལའང་པཎ་ཆེན་ཞེས་པའི་མཚན་གནས་བསྩལ་གནང་བས། ཁོང་ནི་པཎ་ཆེན་སྐུ་ཕྲེང་བཞི་པ་དེ་ཡིན་པ་རེད།
གུ་ཤྲི་ཁན་གྱི་རྒྱབ་སྐྱོར་ལ་བརྟེན་ནས་པཎ་ཆེན་སྐུ་ཕྲེང་བཞི་པ་དང་ཏཱ་ལའི་བླ་སྐུ་ཕྲེང་ལྔ་པས། གཙང་དུ་ཇོ་ནང་དགོན་པ་དགེ་ལུགས་དགོན་པར་བསྒྱུར་བ་དང་། ཏཱ་ར་ནཱ་ཐའི་ཡང་སྲིད་དེ་བྷོག་དོ་ཁན་དང་པོ་ ༼རྗེ་བཙུན་དམ་པ་ ༡༦༣༥-༡༧༢༣༽ བཟོས་གནང་བ་རེད། བྷོག་དོ་ཁཱན་ནི་སོག་པོའི་ཆོས་ཕྱོགས་དང་འཛིན་སྐྱོང་གཉིས་ཀྱི་དབུ་འཁྲིད་ཡིན་པ་དང་། ཁོང་བྱང་སོག་ཁུལ་དུ་བཏང་ཡོད། བྷོག་དོ་ཁཱན་དང་པོ་ ༼བྷོག་དོ་གེ་གན། ཛ་ན་བ་ཛར་༽ ནི། གྲགས་ཅན་གྱི་སྐུ་འདྲ་བཟོ་མཁན་དང་ལེགས་བཅོས་མཁན་ཞིག་ཡིན། ཁོང་གིས་དེ་སྔ་གྲྭ་ཆས་གྱོན་སྲོལ་ཡོད་པ་དེ་ཕུ་ཐུང་རིང་བའི་ཕྱུ་པ་དམར་སྨུག་ལ་བརྗེ་འགྱུར་བཏང་། དེ་ནི་མི་སྐྱ་ཚོའི་གྱོན་པའི་ཕྱུ་པ་དང་འདྲ་པོ་ཡོད། ཡིན་ནའང་ཕྱུ་པའི་ཕུ་ཐུང་སྒྲིལ་བའི་ནང་ཤ་དེ་སྔོན་པོ་ཡིན། འདིས་རབ་བྱུང་བའི་ན་བཟའ་དེ་ནུབ་ཕྱོགས་སུ་ཡུལ་དུས་དང་བསྟུན་ཐབས་ཀྱི་མིག་དཔེ་ཞིག་སྟོན་གྱི་ཡོད། དེང་གི་བར་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་མང་ཆེ་བ་སོག་སྐད་དུ་བསྒྱུར་ཟིན་པ་དང་། སོག་པོ་ཚོས་སོག་པོའི་སྐད་དུ་ཆོ་ག་དང་ཞལ་འདོན་འགའ་ཞིག་འདོན་གྱིན་ཡོད། དེ་ནི་རྒྱ་ཆེའི་མི་མང་ལ་ནང་ཆོས་དར་སྤེལ་ཆེད་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཡོད།
སོག་པོ་རྣམས་ཆིག་སྒྲིལ་བྱུང་ནས་གནས་དབྱུང་གཏོང་ཡོང་སོགས་བསམས་ནས་མན་ཇུ་རྣམས་མུ་མཐུད་དེ་ཞེད་སྣང་ཡོང་གི་ཡོད། ཕྱི་ལོགས་ལ་ཁོང་ཚོས། མན་ཇུ་དང་། བོད། སོག་པོ་བཅས་རྒྱ་ནག་དང་མི་འདྲ་བའི་ནང་ཆོས་ཀྱི་རྣམ་པའི་ཆ་ནས་སྤུན་ཟླ་ཡིན་པར་བཤད་ནའང་། ཁོང་ཚོས་ད་དུང་སོག་པོའི་སྟོབས་ཤུགས་གང་འདྲ་ཞིག་ལའང་གཏོར་སྐྱོན་གཏོང་རྒྱུའི་འབད་བརྩོན་བྱས་ཡོད་པ་དང་། སོག་པོའི་རྒྱལ་ཞེན་ནས་ནང་ཆོས་དེ་ལོགས་སུ་ཁ་བྲལ་གཏོང་ཐབས་བྱེད་ཀྱི་ཡོད།
དུས་རབས་བཅུ་བདུན་པའི་མཇུག་ཙམ་ལ། མན་ཇུས་བྱང་སོག་ལ་བཙན་བཟུང་བྱས་ཏེ་བྷོག་དོ་ཁཱན་མགོ་བཏགས་པ་རེད། སོག་པོ་རྣམས་ཉམས་རྒུད་གཏོང་བ་དང་ཁོང་ཚོའི་སླར་ཡང་ཆིག་སྒྲིལ་འགོག་རྐྱེན་བཟོ་ཕྱིར། མན་ཇུས་སོག་པོའི་མངའ་སྡེ་མི་འདྲ་བ་གཉིས་ལོགས་སུ་གསར་སྐྲུན་དང་རྒྱུན་སྐྱོང་བྱ་རྒྱུའི་ཐག་གཅོད་བྱས། དེ་གཉིས་ནི། ཕྱི་སོག་དང་ནང་སོག་གཉིས་ཡིན། བྷོག་དོ་ཁཱན་གྱི་གདན་ས་ཡིན་པའི་ཕྱི་སོག་ནས་གདམ་ཁ་ཡོད་པའི་བསྟི་གནས་ཁང་ཞིག་ལྟ་བུར་མན་ཇུ་ཚོས་ནང་སོག་གི་དོ་ལོན་ནོར་ Dolon Nor གྱི་ས་ཁུལ་དུ་དགོན་པ་ཞིག་བཞེངས་ནས་ཆོས་ཀྱི་བསྟི་གནས་སུ་གྱུར། དེར་བྷོག་དོ་ཁཱན་མགོ་བཏགས་པ་རེད། བྷོག་དོ་ཁཱན་གྱི་སྟོབས་ཤུགས་ཞན་དུ་གཏོང་ཕྱིར། ལྕང་སྐྱ་རིན་པོ་ཆེ་ (༡༧༡༧-༡༧༨༦) ནང་སོག་གི་ཆོས་ཕྱོགས་ཀྱི་དབུ་འཁྲིད་དུ་བསྐོ་བཞག་མཛད་པ་དང་། ཁོང་ནི་མི་ཚེ་ཕྱེད་ཙམ་རྒྱ་ནག་པེ་ཅིང་དུ་བཞུགས། སོག་པོ་ཕྱི་སོག་དང་ནང་སོག་གཉིས་ཀའི་བླ་མ་རྣམས་དོ་ལོན་ནོར་གྱི་དགོན་དུ་སྦྱོང་བརྡར་བྱེད་དགོས་ཀྱི་ཡོད། བྷོག་དོ་ཁཱན་གྱི་དགོན་པ་དང་པོ་ཆིང་གྷི་སི་ཁཱན་གྱི་རྒྱལ་སའི་ཕྱི་ལོགས་སུ་ཡོད་པ་ནང་བཞིན་དོ་ལོན་ནོར་གྱི་དགོན་པ་དེ་ཡང་ཤངས་དུའི་ (Xanadu) ཕྱི་ལོགས་སུ་ཆགས་ཡོད། ཤངས་དུ་ནི་ཀུབ་ལེ་ཁཱན་གྱི་རྒྱ་ནག་དབང་བསྒྱུར་བྱེད་སྐབས་ཀྱི་རྒྱལ་ས་ཡིན། གཞན་ཡང་མན་ཇུ་རྣམས་ཀྱིས་མན་ཇུ་ལྷོ་ཕྱོགས་སུ་ལྷ་ས་དང་གདམ་ཀའི་ཚུལ་དུ་ཇེ་ཧོལ་ཞེས་པ་གསར་འཛུགས་བྱས་ ༼དེང་སང་ཆེང་དྷེ་༽ ཤིང་། དེ་ནི་པོ་ཏཱ་ལ་ཕོ་བྲང་གི་འདྲ་ཆ་སོགས་ཆ་ཚང་བ་ཞིག་ཡོད།
བྷོག་དོ་ཁཱན་གསུམ་པ་ (༡༧༥༨-༡༧༧༣) ནས་བཟུང་སྟེ། མན་ཇུ་ཚོས་བྷོག་དོ་ཁཱན་སོག་པོའི་ནང་གི་ཁྱིམ་ཚང་ཞིག་ནས་རྙེད་པ་དེ་སྦས་གསང་བྱས་པ་དང་། དམིགས་བསལ་བྷོག་དོ་ཁཱན་དང་པོ་གཉིས་ནི་ཆིང་གྷི་སི་ཁཱན་གྱི་ནང་མི་ནས་ཡིན་པ་དང་། ཁོང་ཚོས་ཡང་སྲིད་དེ་བོད་མིའི་ཁོ་ནའི་ཁྲོད་དུ་རྙེད་སོན་དགོས་པའི་ཆོག་མཆན་སྤྲད་ཡོད། མན་ཇུས་ཚོས་བཀའ་འགྱུར་དང་བསྟན་འགྱུར་སོག་སྐད་དུ་བསྒྱུར་རྒྱུའི་སྦྱིན་བདག་བྱས་པ་དང་། བོད་སྐད་དེ་ཆོ་གའི་ནང་བེད་སྤྱོད་བྱ་རྒྱུའི་སེམས་སྐུལ་བྱས་ཤིང་། དེ་ནི་སོག་པོ་དང་། བོད་རིགས། མན་ཇུ་བཅས་ཀྱི་ནང་ཆིག་སྒྲིལ་ཡོང་ཐབས་ཀྱི་ཁྱབ་སྤེལ་ཆེད་དུ་ཡིན་པ་རེད། མན་ཇུ་ཚོས་ཀྱང་མན་ཇུའི་འགྲེལ་ཚུལ་གྱི་བཀའ་འགྱུར་བསྐྲུན་པ་དང་། དེ་དག་ལ་མཚན་བྱང་དུ་བོད་སྐད་ནས་བསྒྱུར་བ་འདྲ་པོ་བཀོད་ཡོད་ནའང་། དོན་ངོ་མར་རྒྱ་ནག་སྐད་ནས་བསྒྱུར་བ་ཞིག་ཡིན། ཐ་ན་མན་ཇུ་རྣམས་ཁོང་ཚོ་སོག་པོ་དང་མཉམ་དུ་དཔུང་སྒྲིག་བྱེད་པར་ཞེད་སྣང་དང་བཅས་ཏེ་ནང་ཆོས་དང་ལེན་བྱ་མི་ཆོག་ནའང་། ད་དུང་དྲན་རྟེན་དུ་མན་ཇུའི་དགོན་པ་གཉིས་ཡོད།
ཨ་མདོ་དང་ཕྱི་སོག་དང་ནང་སོག་ལ་སྤྲུལ་སྐུ་ཡོད་པ་དང་། དེ་དག་ན་རྒྱུན་ཁྲལ་བསྡུ་རུབ་ཆེད་འཛིན་སྐྱོང་གི་འགོ་ཁྲིད་མཚོན་རྟགས་སུ། མན་ཇུ་ཚོས་ཧུ་ཏུཁ་ཏུ་ Hutukhtu ཞེས་པའི་མཚན་གནས་འབུལ་སྲོལ་ཡོད། ལོ་རེར་བཞིན་ཁོང་ཚོ་པེ་ཅིང་དུ་འགྲོ་བ་དང་། “འཚོ་བཞུགས་ཀྱི་སངས་རྒྱས་” ཞེས་པའི་ཐ་སྙད་དེ་གསར་བཟོ་བྱས་ཤིང་། དེ་ལ་བརྟེན་ནས་མི་རྣམས་ཀྱིས་གུས་བརྩི་དང་བཅས་ཏེ་ཁྲལ་སྤྲོད་རྒྱུ་གྲ་སྒྲིག་ཨང་བསར་ཡོད་པ་རེད།
དུས་རབས་ཉི་ཤུ་པ།
བོད་སོག་གཉིས་ཀྱི་དབར་འབྲེལ་བ་དམ་པོ་ཞིག་རྒྱུན་སྐྱོང་བྱས་ཡོད་པ་དང་། དུས་རབས་ཉི་ཤུ་པའི་འགོ་སྟོད་ཙམ་ལ། ཨིན་ཇི་དང་། ཨུ་རུ་སུ། རྒྱ་ནག་གོང་མའི་རྒྱལ་ཁམས་དབར་ལ་དང་ཞེན་གྱི་རྩོད་རྙོག་ཅིག་བྱུང་བའི་རྐྱེན་གྱིས་མན་ཇུའམ་རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་སྐབས། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ (༡༨༧༦-༡༩༣༣) མཆོག་སོག་ཡུལ་དུ་ལོ་འགའ་ཤས་རིང་བཙན་བྱོལ་དུ་བྲོས་ཕེབས། ཕྱི་ལོ་ ༡༩༡༡ ལོའི་རྒྱ་ནག་རྒྱལ་ཞེན་གྱི་གསར་བརྗེ་དང་ཆིང་རྒྱལ་རྒྱུད་ཆད་པ་ལ་བརྟེན་ནས་སོག་པོ་རྣམས་མན་ཇུའི་ཐེ་བྱུས་ལས་ཐར་བ་རེད། ནང་སོག་ནི་སྲུང་ཡ་སེན་ Sun Yat-sen (༡༨༦༦-༡༩༢༥) གྱི་མངའ་འོག་ཏུ་རྒྱ་ནག་རྒྱལ་ཞེན་པ་ཚོས་དབང་བསྒྱུར་བྱས་པ་དང་། ཕྱི་སོག་ནི་བྷོག་དོ་ཁཱན་བརྒྱད་པའི་ (༡༨༦༩-༡༩༢༤) དབང་བསྒྱུར་འོག་མུ་མཐུད་དེ་གནས། ཁོང་གཉེན་སྒྲིག་བྱས་ཤིང་། ཕྱི་ལོ་ ༡༩༢༡ བར་དུ་བཙུན་མོ་མང་པོ་ཡོད། དུས་ཕྱིས་སུ་ཕྱི་སོག་རྣམས་ཀྱིས་ཁོང་གི་དཔེ་ལ་སྙད་བཏགས་ཏེ། རང་གིས་རང་ལ་གྲྭ་པ་ཞེས་འབོད་ཀྱང་། ད་དུང་ཆང་ས་རྒྱག་གི་ཡོད། དེ་བས་བཟུང་དེ་དང་འབྲེལ་བའི་གོ་བསྡུར་དེ་ཕྱི་སོག་ནང་ཚད་བཀག་བཟོས་པ་རེད།
ཕྱི་སོག་ནང་ས་སྐྱ་དང་། བཀའ་བརྒྱུད། རྙིང་མ་བཅས་ཀྱི་དགོན་པ་འགའ་ཞིག་གནས་ཡོད་ནའང་དགོན་པ་ཕལ་ཆེ་བ་ནི་དགེ་ལུགས་ཡིན། དེའི་སྐབས་སུ་དགོན་པ་སུམ་བརྒྱ་ལས་མང་བ་ཡོད་པ་དང་། དགེ་འདུན་གྱི་ཞལ་གྲངས་སྟོང་ཕྲག་བདུན་ཅུའི་མང་ཐལ་ཡོད། དགེ་ལུགས་པའི་དགེ་འདུན་པ་ཚོས་ཚད་མཐོའི་སློབ་གཉེར་ཆེད་བོད་དུ་ཕྱིན་ནས་ནམ་རྒྱུན་འབྲས་སྤུངས་སྒོ་མང་གི་ནང་འཛུལ་བཞུགས་བྱེད་ཀྱི་ཡོད། ཡིན་ནའང་ཁ་ཤས་ཀྱི་ཁང་ཚན་དམིགས་བསལ་གྱི་ནང་འགྲོ་མཁན་ཡོད། དཔེར་ན། དགའ་ལྡན་བྱང་རྩེ་དང་། སེ་ར་བྱེས། བཀྲ་ཤིས་ལྷུན་པོ་ལྟ་བུ་རེད། མ་ཅིག་ལབ་སྒྲོན་ནས་བརྒྱུད་པའི་གཅོད་ཀྱི་ཉམས་ལེན་རྒྱུན་འཛིན་གནང་མཁན་བུད་མེད་འགའ་ཞིག་ཡོད་ནའང་། བཙུན་མའི་སྲོལ་རྒྱུན་དེ་འདྲ་མེད། ཐ་ན་བོད་ཀྱི་དགེ་ཚུལ་མ་ཚོ་ལའང་དེ་འདྲ་མེད།
པཎ་ཆེན་སྐུ་ཕྲེང་བཞི་པའི་ཤུགས་རྐྱེན་ཆེན་པོ་ཡོད་པའི་རྒྱུ་མཚན་གྱིས་སོག་པོའི་ས་ཁུལ་ཡོངས་དང་ཨ་མདོའི་ནང་སོག་པོའི་དགོན་པ་རྣམས་ཀྱི་བཟོ་བཀོད་དེ་བཀྲ་ཤིས་ལྷུན་པོའི་དགོན་པ་དང་འདྲ་བ་ཡོད། དགོན་པའི་ནང་རྟགས་གསལ་ལམ་རྩོད་གྲྭའི་སློབ་ཁང་དང་སྔགས་ཀྱི་ཆོ་གའི་སློབ་ཁང་ཟུར་དུ་ཡོད། ཕྱིས་སུ་དགོན་སྡེ་ཁག་གི་ནང་ཡོད་པའི་ལྷ་ཁང་རྣམས་ཀྱིས་ཡི་དམ་གྱི་ལྷ་བྱེ་བྲག་གི་ཉམས་ལེན་ལ་བརྩོན་གྱི་ཡོད་པ་དང་། དེ་ལ་བརྟེན་ནས་དམིགས་བསལ་གྱི་སྨན་དང་། དུས་འཁོར། རྩིས་རིག་བཅས་ལ་འབད་བརྩོན་བྱེད་པའི་སློབ་ཁང་ཆ་ཚང་གསར་འཛུགས་ལ་སེམས་སྐུལ་བྱིན་ཡོད། དུས་ཀྱི་འཁོར་ལོ་ནི་དམིགས་བསལ་སྐད་གྲགས་ཡོད། གང་ཡིན་ཞེ་ན། ཤམ་བྷ་ལའི་རྒྱལ་ཁམས་དེ་བྱང་གི་ཕྱོགས་སུ་ཆགས་ཡོད་པར་བཞེད་པ་དང་། སྨན་དང་རྩིས་རིག་ནི་དུས་འཁོར་ཉམས་ལེན་དང་ཧ་ཅང་འབྲེལ་བ་དམ་ཟབ་ཡོད་པ་སོང་ཙང་། དེ་དག་གི་བསླབ་པ་སློབ་གཉེར་སྐོར་བོད་དབུས་ཕྱོགས་ལས་ཀྱང་ནན་བརྗོད་མང་བ་བྱས་ཡོད། པཎ་ཆེན་སྐུ་ཕྲེང་དྲུག་པས་ཨ་མདོ་དང་ནང་སོག་གི་མིག་དཔེའི་རྗེས་སུ་འབྲངས་ཏེ། བཀྲ་ཤིས་ལྷུན་པོའི་དགོན་དུ་དུས་འཁོར་གྱི་སློབ་ཆེན་ཁང་གསར་འཛུགས་གནང་། དུས་རབས་བཅུ་དགུ་པའི་དུས་དཀྱིལ་ཙམ་ལ། ཨ་མདོའི་ནང་ཡོད་པའི་སོག་པོའི་མཁས་པ་ཆེན་པོ་སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་གྱིས་བོད་ཀྱི་སྨན་དང་རྩིས་རིག་སོག་པོའི་རྩི་ཤིང་དང་དུས་ཚིགས་ས་ཁུལ་ལ་སྔོན་ཚུད་ནས་རང་ལུགས་སུ་བསྟེན་ཟིན་པ་ཡིན། དེར་བརྟེན་བོད་ཀྱི་རིག་གནས་དེ་གཉིས་ལ་བརྟེན་ནས་སོག་པོའི་ཐུན་མིན་གྱི་ཁྱད་པར་ཞིག་གསར་སྐྲུན་གནང་ཡོད། སོག་པོ་རྣམས་ཁོང་ཚོའི་མཁས་པའི་ངང་ཚུལ་ལམ་ཤེས་ཡོན་ལ་སྐད་གྲགས་ཡོད་པ་དང་། གཞུང་ཁག་ལ་འགྲེལ་བ་རྒྱས་པོ་དུ་མ་ཞིག་བྲིས་ཡོད་པ། དེ་དག་ལས་རྗེ་ཙོང་ཁ་པའི་ལམ་རིམ་གྱི་འགྲེལ་བ་འགའ་ཞིག་སོག་སྐད་ནང་བྲིས་ཡོད་པ་ལས་གཞན་མང་ཆེ་བ་ནི་བོད་སྐད་ནང་མཛད་ཡོད།
ཁོང་ཚོའི་རྟགས་གསལ་གཏོང་སྟངས་དེ་མཐའ་གཅིག་ཏུ་གཏན་ཚིགས་རིག་པའི་རྩོད་གླེང་ལ་ལྟོས་དགོས་ཤིང་། བོད་པ་དང་མི་འདྲ་བར། གནད་དོན་ཞིག་ཡང་དག་པར་སྒྲུབ་པར་ལུང་འདྲེན་བྱེད་མི་ཆོག་པ་དང་། དེ་ནི་ཚད་ལྡན་གྱི་རྩོད་གཞི་མི་བརྩི་བ་ཡིན། ཐོག་མར་རྟགས་གསལ་ལམ་རྩོད་གླེང་དེ་སོག་པོའི་ནང་ཚུགས་པ་དང་། དེ་ནས་བོད་ཀྱི་དགོན་སྡེ་ཁག་ཏུ་གྲྭ་པ་ཇེ་མང་གིས་སློབ་གཉེར་བྱས་པ་སོང་ཙང་། རྩོད་གླེང་སྐབས་བོད་སྐད་བཀོལ་སྤྱོད་བྱ་རྒྱུ་དེ་དར་བ་རེད། སོག་པོའི་སྐད་ཀྱི་ནང་བོད་སྐད་ཀྱི་སྒྲ་གདངས་འགའ་ཞིག་ཚང་མེད་པ་སོང་ཙང་། ཁོང་ཚོས་ནམ་རྒྱུན་བོད་སྐད་ཀྱི་སྒྲ་གདངས་མང་དག་ཅིག་གཅིག་པ་གཅིག་རྐྱང་འདོན་གྱི་ཡོད། དེར་བརྟེན་བོད་སྐད་ནང་རྟགས་གསལ་གཏོང་རྒྱུ་དེ་ཡང་སེ་བློ་གྲོས་དང་མི་ལྡན་ཞིང་མགོ་རྙོག་ཅན་ཆགས་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་རྟགས་གསལ་གཏོང་བའི་སྐབས། ཁོང་ཚོས་སོག་པོའི་ཚིག་རྣམས་གཞི་རྩའི་བོད་སྐད་ཀྱི་སྒྲོམ་གཞི་ཞིག་གི་ནང་དུ་ཁ་ཐོར་དུ་འཇོག་འགོ་བཙུགས་པ་དང་། སྨོན་ལམ་དང་ཆོ་ག་འགའ་ཞིག་སོག་སྐད་རང་གི་ནང་འདོན་པ་དང་འགའ་ཞིག་ནི་བོད་སྐད་རང་སོར་བཞག་ཡོད། འདིས་ང་ཚོ་ནུབ་ཕྱོགས་ཀྱི་སྐད་རྣམས་ཇི་ལྟར་མདུན་སྐྱོད་བྱེད་དགོས་པའི་བསླབ་བྱ་ཞིག་སྟོན་གྱི་ཡོད།
དམར་པོའི་རིང་ལུགས།
ཕྱི་ལོ་ ༡༩༢༡ ལོར་ཤུཁ་བྷཱ་ཏར་ SÜkhbaatar (༡༨༩༣-༡༩༢༣) གྱིས་འགོ་ཁྲིད་པའི་སོག་པོའི་དམར་ཤོག་གསར་བརྗེས་བྷོག་དོ་ཁན་ཕྱིར་འབུད་བཏང་བ་དང་། དེ་ནས་ཕྱི་ལོ་ ༡༩༢༤ ལོར་ཁོང་རེག་དུག་ནད་ཀྱིས་མནར་ནས་གྲོངས། ཁོང་གྲོངས་པའི་རྗེས་ནས་བཟུང་སྟེ། སོག་པོའི་ནང་ཁོང་གི་ཡང་སྲིད་བཙལ་མེད། འོན་ཀྱང་བྷོག་དོ་ཁཱན་དགུ་པ་དེ་བོད་དུ་ངོས་འཛིན་བྱས་ཏེ། འབྲས་སྤུངས་དགོན་དུ་སློབ་གཉེར་མཛད། ཁོང་ཕྱིས་སུ་སྐྱ་སར་ཕབ་ནས་རྡ་རམ་ས་ལར་གནས་སྤོས་བྱས།
ཨུ་རུ་སུ་སི་ཏ་ལི་པས་སོག་པོར་དམ་པོར་འཛིན་རྒྱུ་འགོ་བཙུགས་ཏེ། འགོ་འཛིན་པ་ཚོས་སྲོལ་རྒྱུན་གྱི་སོག་པོའི་འབྲི་གཟུགས་དེ་བསྐྱུར་ནས་དེའི་ཚབ་ལ་སི་རི་ལིཀ་ཀ་མད་ Cyrillic alphabet དང་བརྗེ་པོ་རྒྱག་ཡོད། ཕྱི་ལོ་ ༡༩༣༧ ནས་ ༡༩༣༩ བར་ཨུ་རུ་སུའི་སི་ཏ་ལི་པས་ཕྱི་སོག་ནང་གི་དགོན་སྡེ་མང་ཆེ་བ་གཏོར་བཤིག་བཏང་བ་དང་། འཛམ་གླིང་དམག་ཆེན་གཉིས་པའི་མཇུག་ཏུ་ཨུ་རུ་སུས་ནང་སོག་དང་རྒྱ་ནག་བྱང་ཕྱོགས་ལ་ཉི་ཧོང་ནས་རང་བཙན་སྤྲད་པའི་སྐབས། ཁོང་ཚོས་ནང་སོག་གི་དགོན་སྡེ་མང་ཆེ་བའང་གཏོར་བཤིག་བཏང་ཡོད། ཕྱི་ལོ་ ༡༩༦༠ སྨད་ཙམ་ནས་རྒྱ་ནག་དམར་ཤོག་གི་རིག་གནས་གསར་བརྗེའི་སྐབས་བོད་ཀྱི་དགོན་སྡེ་ཁག་གཏོར་བཤིག་མ་བཏང་སྔོན་ནས་སོག་ཡུལ་ནང་ཡོད་པའི་ནང་པའི་རབ་བྱུང་གི་སྡེ་གཏོར་བཤིག་བཏང་ཟིན་པ་རེད།
ཕྱི་སོག་ནང་དགོན་པ་ཁ་ཤས་ནི་འགྲེམས་སྟོན་ཁང་ལྟར་སྒོ་ཕྱེས་ཡོད་པ་དང་། ཕྱི་ལོ་ ༡༩༤༦ ལོར་གཞུང་ནས་དགེ་ལྡན་ཐེག་མཆོག་གླིང་ Gandantehchinlen Monastery དགོན་པ་དེ་ཨུ་ལཱན་བྷཱ་ཏར་ Ulaanbattar ལ་གཞུང་གིས་ངོས་ལེན་ཡོད་པའི་ཆང་ས་རྒྱག་ཟིན་པའི་གྲྭ་པ་འགའ་ཤས་དང་བཅས་སྒྲིག་ཤོམ་ཁང་ལྟ་བུར་སྒོ་ཕྱེས། དེ་ནི་སི་ཏཱ་ལིན་གྱིས་སཡེ་བྷེ་རི་ཡའི་ Siberia སོག་པོའི་ས་ཁུལ་གྱི་བྱང་དབུས་དང་སོག་པོའི་ཤར་ཕྱོགས་ཀྱི་བྷུར་ཡ་ཏི་ཡའི་ནང་བྱས་པ་ནང་བཞིན་རེད། ཕྱི་ལོ་ ༡༩༧༠ ཙམ་ལ་གཞུང་ནས་ལོ་ལྔའི་རིང་གི་བླ་མའི་སྦྱོང་བརྡར་མཐོ་སློབ་ཁང་འགོ་འཛུགས་བྱས་ཏེ། དེའི་ནང་བསྡུས་གྲྭ་དང་། བློ་རིག་དང་རྟགས་རིག །དེ་བཞིན་དགེ་བཤེས་ཀྱི་སློབ་ཚན་ལྔ་ལས་ཤེས་རབ་་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅས་སློབ་སྦྱོང་བྱེད་ཀྱི་ཡོད། གྲྭ་པ་རྣམས་ཀྱིས་ལམ་རིམ་དང་། ཨུ་རུ་སུའི་སྐད། བོད་སྐད། སྲོལ་རྒྱུན་གྱི་སོག་པོའི་སྐད། ཨིན་ཡིག་ཏོག་ཙམ་དང་དམར་ཤོག་རིང་ལུགས་ཀྱི་སྐོར་བཅས་སྦྱོང་གི་ཡོད། ཁོང་ཚོས་རྟགས་གསལ་འགའ་ཞིག་གཏོང་བ་དང་ཆོ་གའི་རིགས་ཉམས་ལེན་བྱེད་ཀྱི་ཡོད་ནའང་། གྲྭ་པ་ཟེར་བ་དེ་ཚོ་ནི་ཆང་ས་རྒྱག་ཟིན་པ་དང་། ཆང་རག་འཐུང་བ། དགོན་པའི་ནང་ལ་སོག་པོའི་ཕྱུ་པ་གྱོན་པ་དང་སྤྱིར་བཏང་འཆར་ཅན་གྱི་གྱོན་གོས་དེ་སོ་སོའི་ནང་དུ་གྱོན་སྲོལ་ཡོད། བྷུར་ཡ་ཏི་ཁ་ཤས་སྦྱོང་བརྡར་ལ་སླེབས་ཀྱི་ཡོད། འོན་ཀྱང་ནང་སོག་ནས་སུ་གཅིག་ཀྱང་སླེབས་ཀྱི་མེད།
དམར་ཤོག་རིང་ལུགས་ཉམས་པ་ནས་བཟུང་།
ཕྱི་ལོ་ ༡༩༩༠ ལོར་དམར་ཤོག་རིང་ལུགས་ཉམས་པ་ནས་བཟུང་སྟེ། དགོན་སྡེ་ཁག་མང་པོ་ཞིག་སླར་ཡང་སྒོ་ཕྱེས་པ་དང་དགེ་འདུན་པ་ཡོད། དེ་དག་འགའ་ཞིག་གི་ཚངས་སྤྱོད་པ་ཆགས་པ་དང་མང་པོ་ཞིག་ནི་ཁྱིམ་པར་གནས་ཡོད། དཀའ་ངལ་གང་ཡོད་ཅེ་ན། ཆང་ས་རྒྱག་མིན་ལ་མ་ལྟོས་པར། ཁོང་ཚོས་ད་དུང་གསོ་སྦྱོང་གི་སྡོམ་པའི་ཆོ་ག་ཉམས་ལེན་བྱེད་ཀྱི་ཡོད།
བ་ཀུ་ལ་རིན་པོ་ཆེ་ནི་ཕྱི་ལོ་ ༡༩༩༠ ལོ་ནས་བཟུང་སྟེ། སོག་ཡུལ་དུ་རྒྱ་གར་གྱི་གཞུང་ཚབ་པ་ཡིན་པ་དང་། ཁོང་གིས་དམ་བསྒྲགས་ཅན་གྱི་དགོན་པ་ཞིག་སྒོ་ཕྱེས་པ་དང་། གྲྭ་པ་གཞོན་གཞོན་རྣམས་རྒྱ་གར་དུ་སློབ་གཉེར་ཆེད་བཏང་ཡོད། ཁོང་གིས་ད་དུང་བཙུན་མའི་དགོན་པ་འགའ་ཞིག་ཀྱང་སྒོ་ཕྱེས་ཡོད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དུ་ཐེངས་འགའ་ཤས་ཆིབས་སྒྱུར་བསྐྱངས་གནང་ཞིང་། ཁོང་གིས་ཕྱི་ལོ་ ༡༩༩༦ ལོར་སོག་ཡུལ་དུ་དུས་འཁོར་དབང་ཆེན་གནང་སྐབས། རྣམ་རྒྱལ་གྲྭ་ཚང་གི་ཡན་ལག་དགོན་ཆུང་ངུ་ཞིག་ཀྱང་སྒོ་འབྱེད་གནང་བ་དང་། དུས་འཁོར་ལུགས་ཀྱི་ཆོ་གའི་རིམ་པ་རྣམས་སླར་ཡང་འགོ་འཛུགས་གནང་ཡོད། ༧གོང་མཆོག་ནས་སོག་ཡུལ་དུ་འདུལ་བ་ ༼རབ་བྱུང་གི་བསླབ་ཁྲིམས་༽ ལ་བཅོས་མིན་གྱི་དགའ་ཞེན་དམ་པོ་དགོས་སྐོར་སེམས་སྐུལ་གནང་ཡོད།
ཕྱི་ལོ་ ༢༠༡༠ ལོར་བྷོག་དོ་ཁཱན་སྐུ་ཕྲེང་དགུ་པ་སྟེ། སོག་ཡུལ་དུ་ནང་ཆོས་ལ་སྡུག་སྦྱོང་གཏོང་བཞིན་པའི་སྐབས་ཡིན་པ་སོང་ཙང་། ཁོང་གི་ངོས་འཛིན་དེ་གསང་བར་བཞག་ཡོད། ཁོང་དགའ་ལྡན་ཐེག་ཆེན་གླིང་དགོན་པས་གདན་འདྲེན་ཞུས་པ་དང་སོག་པོའི་མི་སེར་ཐོབ། ཕྱི་ལོ་ ༢༠༡༡ ལོར་ཁོང་སོག་ཡུལ་གྱི་ནང་པའི་དབུ་འཛིན་དུ་ཁྲི་འདོན་མཛད། དེའི་རྗེས་ཀྱི་ལོའི་ནང་ཁོང་འདས་གྲོངས་སུ་མ་ཕྱིན་བར་དུ་གོ་གནས་དེ་བཟུང་གནང་ཡོད།
སོག་ཡུལ་ད་དུང་ཁྱིམ་པ་མི་སྐྱ་ཡིན་པའི་ནང་པའི་ཚོགས་སྡེ་འགའ་ཞིག་ཀྱང་ཡོད། ཨ་ཤི་ཡའི་སྔ་རབས་བསྟི་གནས་ཁང་ནས་རྒྱལ་ནང་གི་དཔེ་མཛོད་དང་མཉམ་དུ་སོག་པོ་དང་བོད་སྐད་གཞུང་ལུགས་ཕྱོགས་བསྡུས་ཆེན་མོ་ཞིག་དཀར་ཆག་ཏུ་སྒྲིག་འགོ་ཚུགས་ཡོད། ཕྱི་ལོ་ ༡༩༩༩ ལོར་བླ་མ་བཟོད་པ་རིན་པོ་ཆེས་ཐེག་པ་ཆེན་པོའི་ཆོས་སྲོལ་རྒྱུན་འཛིན་རྨང་གཞི་ FPMT Foundation for the Preservation of the Mahayana Tradition ཞེས་པའི་ཆོས་ཚོགས་ཤིག་ཨུ་ལཱན་བྷཱ་ཏར་ Ulaanbaatar ས་ཁུལ་དུ་སྒོ་འབྱེད་གནང་ཡོད།
མོར་མོམ་ Mormom དང་། ཉིན་བདུན་གྱི་ཡེ་ཤུ་སླར་བྱོན་པར་ཡིད་ཆེས་བྱེད་མི། Seventh Day Adventist ཇེ་ཧོ་ཝ་ཧ་དཔང་པོ་ཆོས་ལུགས་ཁྱབ་སྤེལ་གཏོང་མཁན་ Jehovah Witness missionaries བཅས་ཀྱི་ནང་ཁུལ་འགྲན་བསྡུར་ཡོད། འདས་པའི་ལོ་བརྒྱད་ཅུ་རིང་སོག་་ཡུལ་དུ་ཨུ་རུ་སུའི་ཤེས་ཡོན་དང་ཤུགས་རྐྱེན་ཡོད་པའི་རྒྱུ་མཚན་གྱིས་སོག་པོ་རྣམས་བོད་པ་ལས་ཀྱང་མང་བ་ནུབ་ཕྱོགས་པ་ཆགས་ཡོད།།