དཔལ་དུས་ཀྱི་འཁོར་ལོའི་བླ་མའི་རྣལ་འབྱོར་སྟོང་གཟུགས་བདུད་རྩིའི་བུམ་བཟང།

སྐད་ཡིག་གཞན།

ན་མོ་གུ་རུ་ཀཱ་ལ་ཙཀྲཱ་ཡ།

རང་ཉིད་ཚེ་འདི་ཉིད་ལ་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་མངོན་དུ་བྱེད་པར་འདོད་པས། ཡིད་དང་མཐུན་པའི་གནས་སུ སྦྱོར་བའི་ཆོས་དྲུག་ལ་སོགས་པ་སྔོན་དུ་བཏང་ནས། སྐྱབས་ཡུལ་རྣམས་ལེགས་པར་གསལ་བཏབ་སྟེ།

སངས་རྒྱས་སློབ་དཔོན་དབང་མཆོག་ཐོབ། །དེས་བསྟན་ཐབས་ཤེས་དབྱེར་མེད་ཆོས། །དེར་གནས་དགེ་འདུན་རྣམ་གཉིས་ལ། །རབ་ཏུ་དྭངས་པས་སྐྱབས་སུ་མཆི། །

བླ་མ་སངས་རྒྱས་སྲས་བཅས་ལ། །བདག་ཉིད་རྣམ་པ་ཀུན་ཏུ་འབུལ། །ཡོན་གནས་དམ་པ་ཁྱེད་རྣམས་ཀྱི། །བྲན་དང་འབངས་སུ་བཟུང་དུ་གསོལ། །

བདག་གི་དུས་གསུམ་དགེ་བའི་ཚོགས། །རང་དོན་དྲི་མས་མ་གོས་པར། །སྲིད་གསུམ་སེམས་ཅན་མ་ལུས་པ། །སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ། །

དུས་འདི་ནས་བཟུང་བྱང་ཆུབ་བར། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །བསམ་པ་རྣམ་པར་དག་པ་བསྐྱེད། །བདག་དང་བདག་གིར་འཛིན་པ་སྤངས། །

བེམ་ཆོས་ཟད་པའི་ལྷ་ལམ་ཡངས་པའི་ངོགས། །ཆུ་སྐྱེས་ཟླ་ཉི་སྒྲ་གཅན་དུས་མེའི་སྟེང༌། །རྩ་བའི་བླ་མ་ངོ་བོ་དུས་གསུམ་གྱི། །སངས་རྒྱས་ཀུན་འདུས་དཔལ་ལྡན་དུས་འཁོར་ལོ། །

ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནམ་མཁའི་མདངས། །རྡོར་དྲིལ་བཟུངས་སྟེ་སྣ་ཚོགས་ཡུམ་ལ་འཁྱུད། །

སྣ་ཚོགས་ཡུམ་གྱི་ལྷན་ཅིག་སྐྱེས་དགའ་དང༌། །སྟོང་གཟུགས་འགོག་མེད་ཐབས་ཤེས་རོ་གཅིག་པ། །

སྣ་ཚོགས་ཡུམ་ནི་སྐུ་མདོག་སེར་མོ་སྟེ། །གྲི་གུག་ཐོད་པས་མི་ཤེས་རྨོངས་མུན་ཀུན། །ལྷག་པར་དྲུངས་ཕྱུང་བདེ་བ་ཆེན་པོ་ཡིས། །སེམས་ཅན་ཀུན་ལ་དགེ་ལེགས་སྦྱིན་པར་མཛད། །

གཡས་དམར་ཞབས་བརྐྱངས་གཡོན་དཀར་ཞབས་བསྐུམས་པས། །བདུད་དང་དྲག་པོ་བརྫིས་པའི་བཅོམ་ལྡན་གྱི། །སྐུ་ལ་རྡོ་རྗེ་ནོར་བུ་ལ་སོགས་པ། །ཆ་ཚད་རྫོགས་པའི་རྒྱན་མང་འོད་ཀྱིས་བརྗིད། །

ཐུགས་ཀ་ནས་སྤྲོས་རྡོ་རྗེ་ཤུགས་ཀྱི་མཐུས། །ཡེ་ཤེས་སྤྱན་དྲངས་དམ་ཚིག་པ་དང་འདྲེས། །

དབང་ལྷ་སྤྱན་དྲངས་དེ་ལ་གསོལ་བཏབ་པས། །དབང་ལྷས་དབང་བསྐུར་རིགས་བདག་གིས་རྒྱས་བཏབ། །

ཐུན་མོང་བ་དང་ཐུན་མོང་མིན་པ་ཡི། །ཉེར་སྤྱོད་ཕྱི་ནང་གསང་བའི་མཆོད་པའི་སྤྲིན། །རབ་འབྱམས་ནམ་མཁའི་ཁྱོན་ཀུན་གང་བ་ཡིས། །བླ་མ་སྐྱབས་གསུམ་ཀུན་འདུས་མཆོད་པར་བགྱི། །

བསྐྱེད་རིམ་ས་བོན་འདེབས་བྱེད་དབང་རྣམ་བདུན། །ཡན་ལག་དྲུག་གི་བག་ཆགས་འཇོག་བྱེད་པ། །གོང་མ་གོང་ཆེན་སྟོང་གཟུགས་ཕྱག་རྒྱ་ཆེ། །འདེབས་བྱེད་བདག་པོ་ཆེན་པོའི་དབང་རྣམས་སྩོལ། །

ཞེས་པའི་གསོལ་འདེབས་བླ་མ་ལྷས་གསན་པས། །ཐུགས་ཀ་ནས་སྤྲོས་ནུས་མའི་ཚོགས་རྣམས་དང༌། །དེ་བཞིན་གཤེགས་པ་ཁྲོ་བོའི་དབང་པོ་སོགས། །དབང་ལྷ་ནམ་མཁའི་ཁྱོན་ཀུན་གང་བ་ཡི། །བྱིས་པ་ལྟར་འཇུག་བདུན་དང་གོང་མ་ཡི། །དབང་བཞི་གོང་ཆེན་དབང་བཞི་དབང་གི་མཆོག །རྡོ་རྗེ་སློབ་དཔོན་ཆེན་པོའི་དབང་ཡང་བསྐུར། །

དེ་དག་མཐུ་ལས་ལུས་ཀྱི་རྩ་དང་རླུང༌། །ལས་རླུང་རིམ་པ་གཉིས་ཀྱི་བག་ཆགས་ཆེ། །རྒྱུད་ལ་ཐེབས་པས་ཚེ་འདི་ཉིད་ལ་ནི། །ཕྱག་ཆེན་མངོན་དུ་གྱུར་པའི་སྐལ་ལྡན་བྱས། །

བླ་མ་དང་པོའི་སངས་རྒྱས་དུས་འཁོར་ལོ། །ཁྱེད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །དངོས་གྲུབ་མྱུར་བ་ཉིད་དུ་སྩལ་དུ་གསོལ། །འདོད་དགུའི་ཆར་ཆེན་མྱུར་དུ་ཕབ་ཏུ་གསོལ། །

ཞེས་ལན་གང་མང་བརྗོད་མཐར།ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་ཝ་གིནྡྲ་སུ་མ་ཏི་ཤཱ་ས་ན་དྷ་ར་ས་མུ་དྲ་ཤྲཱི་བྷ་དྲ་སརྦ་སིདྡྷི་ཧཱུཾ་ཧཱུཾ།།ཞེས་བླ་མའི་མཚན་སྔགས་དང༌།

ཨོཾ་ཨཱཿཧཱུཾ་ཧོ་ཧཾ་ཀྴ་མ་ལ་ཝ་ར་ཡ་་ཧཱུཾ་ཕཊ།ཅེས་ཡབ་དང༌།

ཨོཾ་ཕྲེཾ་བི་ཤྭ་མཱ་ཏ་ཧཱུཾ་ཕཊ།ཅེས་ཡུམ་གྱི་སྔགས་བཅས་ཅི་མང་བཟླ་ཞིང༌།

བླ་མ་ཡབ་ཡུམ་གྱི་སྐུ་ལས་དུད་རྩིའི་རྒྱུན་བབས་པས་རང་གི་སྤྱི་བོར་ཞུགས་ལུས་ཀྱི་ནང་ཐམས་ཅད་གང༌།སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ་མོ།།དེ་ནས་གདུང་ཞུགས་དྲག་པོས་འདི་ལྟར་གསོལ་བ་གདབ་སྟེ།

དུས་གསུམ་བདེ་གཤེགས་སྲས་བཅས་ཉན་རང་དང༌། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །མ་ལུས་གཅིག་ཏུ་བསྡུས་པའི་ངོ་བོ་ཉིད། །ཐུགས་རྗེ་སྤྱན་ལྡན་ཁྱོད་ཀྱིས་བྱིན་རླབས་སྩོལ། །

ཐབས་དང་ཤེས་རབ་ཟུང་དུ་འཇུག་པ་ཡི། །གཤོག་ཡངས་དཀར་པོ་བསྐྱོད་པའི་རྒྱལ་བའི་སྲས། །ངང་པའི་རྒྱལ་པོ་རྣམས་དང་ལྷན་ཅིག་ཏུ། །སྤྱོད་པ་རྒྱ་མཚོའི་ཕ་རོལ་ཕྱིན་པར་ཤོག །

ཁྱད་པར་རྣམས་བཅས་བཞིན་ལག་ཅན་གྱི་སྐུ། །རྣམ་མེད་སྒྱུ་མའི་ཕྱག་རྒྱའི་འོད་ཟེར་བཀྲ། །འཕོ་ཆེན་བཅུ་གཉིས་སྲིད་པའི་རྩ་བ་ཡི། །དྲི་བཞོན་འཇོམས་པའི་གོ་འཕང་བསྒོམ་པར་ཤོག །

དེ་ནས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡི། །འགྱུར་མེད་བདེ་ཆེན་དཀར་དམར་རྡུལ་ཕྲ་རབ། །དབུ་མའི་ནང་དུ་བརྩེགས་པའི་ནུས་པ་ཡིས། །བེམ་ཆོས་ཁམས་རྣམས་ཟོས་ཏེ་ཟད་པར་ཤོག །

སྟོང་གཟུགས་ཕྱག་རྒྱའི་དབང་པོའི་གཞུའི་དྭངས་མ། །མི་འགྱུར་བདེ་བའི་ཁ་དོག་རྣམ་པ་ལྔ། །དབྱེ་བར་མི་ནུས་གཞོམ་མེད་རྡོ་རྗེའི་སྐུ། །ངེས་དོན་ནཱ་ད་མངོན་དུ་བྱེད་པར་ཤོག།

ཆད་པ་མེད་པའི་རྡོ་རྗེའི་ཨེ་ཝཾ་གདངས། །ཆོས་དབྱིངས་མཁའ་ལས་མ་གཡོས་བསྒྲགས་པ་ཡིས། །འགྲོ་བ་འདི་དག་མ་རིག་གཉིད་བསླངས་ཏེ། །དཔལ་ལྡན་དུས་ཀྱི་འཁོར་ལོའི་སར་འགོད་ཤོག།

ཡང་ན་བྱང་ཕྱོགས་ནོར་བུའི་གྲོང་ཁྱེར་ཆེ། །དཔལ་ལྡན་ཤམྦྷ་ལ་ཡི་གནས་མཆོག་ཏུ། །གསེར་གྱི་མྱུ་གུ་བཟང་པོའི་སེང་ཁྲི་ལ། །འགྱིང་བའི་རིགས་ལྡན་ཞལ་བཟང་མངོན་འགྱུར་ཤོག །

ལོག་པར་ལྟ་བའི་ཀླ་ཀློའི་དཔུང་མང་པོ། །འཐོར་བྱེད་མི་རྗེ་དྲག་པོའི་འཁོར་ལོ་ཆེའི། །ཞབས་རྡུལ་གུར་ཀུམ་བཀྲ་ཤིས་རི་མོ་ཡིས། །བདག་གི་མགོ་བོའི་ཅོད་པན་མཛེས་གྱུར་ཅིག །

དེ་ལྟར་གསོལ་བ་བཏབ་པས་བླ་མ་ལྷ། །དགྱེས་བཞིན་འོད་དུ་ཞུ་ནས་བདག་ཉིད་ཀྱི། །ལུས་ལ་ཐིམ་པས་རང་ཉིད་གདན་ལྔའི་སྟེང༌། །དཔལ་ལྡན་དུས་ཀྱི་འཁོར་ལོའི་ངོ་བོར་གྱུར། །

Top