དབུགས་ལ་དམིགས་པ་གཏད་ནས་སེམས་ཞི་འཇམ་བཟོ་བ།
ང་ཚོས་སྒོམ་གང་འདྲ་ཞིག་རྒྱག་འགོ་མ་ཚུགས་པའི་གོང་དང་གསུང་ཆོས་ཞུ་བར་མ་བཅར་སྔོན་དང་། དེ་བཞིན་ནང་གི་རྟོགས་པར་གོ་ཤེས་ཆེ་བ་ཡོང་ཆེད། ཐོག་མར་བྱེད་དགོས་པ་ནི་སེམས་ཞི་འཇམ་བཟོ་རྒྱུ་དེ་རེད། ང་ཚོས་དེ་ནི་དབུགས་ལ་དམིགས་པ་གཏད་དེ་བྱེད་དགོས། ནམ་རྒྱུན་ལྟར་སྣ་ཁུང་ནས་མགྱོགས་མ་དྲགས་པ་དང་ལྷོད་མ་དྲགས་པ། རིང་མ་དྲགས་པ་དང་ཐུང་མ་དྲགས་པར་དབུགས་གཏོང་ལེན་བྱས་ཏེ། དབུགས་ཀྱི་གྲངས་བརྩི་དགོས། གྲངས་ཀ་བརྩི་སྟངས་འགའ་ཞིག་ཡོད་ཀྱང་། ནམ་རྒྱུན་ཚད་ལྡན་གྱི་གྲངས་ཀ་བརྩི་སྟངས་ནི། ཐོག་མར་དབུགས་ཕྱི་དབྱུང་བའི་སྐབས་ནས་འགོ་བཙུག་དགོས་ཤིང་། དབུགས་དབྱུང་བའི་རྗེས་མཚམས་འཇོག་མེད་པར་ནང་དུ་རྔུབ་དགོས། ནང་དུ་རྔུབ་ཚར་རྗེས་གྲངས་ཀ་བརྩི་དགོས། ཡིན་ནའང་དབུགས་མཚམས་འཇོག་རྒྱུ་མེད། མི་མང་ཆེ་བས་དེ་ལས་སླ་བ་མཐོང་གི་ཡོད་ཀྱང་། དབུགས་ནང་དུ་རྡུབ་པ་དང་ཕྱི་རུ་རང་བཞིན་ངང་ནས་དབྱུང་བ་ནས་གྲངས་དེ་འགོ་བཙུག་དགོས་པ་དང་། དབུགས་ཕྱི་རུ་ཅུང་ཟད་ཙམ་མཚམས་བཞག་ནས་དེའི་སྐབས་གྲངས་ཀ་བརྩི་རྒྱུ་དེ་རེད། ཐབས་ལམ་དེ་གཉིས་གང་གི་རྗེས་སུ་འབྲངས་ནའང་ང་ཚོས་དབུགས་གྲངས་བཅུ་གཅིག་བར་དུ་བརྩི་དགོས་ཤིང་། དེ་ནས་བཅུ་གཅིག་གི་གྲངས་དེ་རང་སོ་སོའི་མྱུར་ཚད་ལ་དཔག་པའི་ཡང་བསྐྱར་ཐེངས་གཉིས་སམ་གསུམ་བརྩི་དགོས། དེ་འདྲ་གནང་རོགས་ཞུ་རྒྱུ་ཡིན།
ཞར་བྱུང་དུ་ཞུ་རྒྱུར། ང་ཚོའི་སེམས་གཡེངས་པའི་སྐབས་ཁོ་ནར་དབུགས་གྲངས་ཀ་བརྩི་དགོས། གལ་ཏེ་སེམས་གཡེང་གི་མེད་ན། གྲངས་ཀ་བརྩི་མི་དགོས། ང་ཚོས་ནམ་རྒྱུན་འཆར་ཅན་ལྟར་དབུགས་ནང་དུ་རྔུབ་པ་དང་ཕྱི་རུ་དབྱུང་བའི་སྐབས་དབུགས་ཀྱི་ཚོར་བ་ལ་དོ་སྣང་བྱེད་ཆོག །ང་ཚོས་སོ་སོའི་མིག་དེ་བཙུམ་པའམ་དང་ཞ་ལའི་སྟེང་ལ་བལྟ་ནའང་འགྲིགས། འོན་ཀྱང་མིག་ལྡངས་ནས་སྡོད་རྒྱུ་དེ་ཡག་ག་རེད། གལ་ཏེ་ང་ཚོས་མིག་དེ་ཏོག་ཙམ་ལྡངས་ནས་ཡོད་ན། ང་ཚོ་མི་གཞན་དང་འབྲེལ་ཐག་མི་ཆད་པ་དང་། སོ་སོའི་སེམས་ཀྱི་དྲི་ཟའི་གྲོང་ཁྱེར་ལྟ་བུའི་ནང་མི་འཁྱམ་པར། རང་ཚུགས་བརྟན་པོར་གནས་ཀྱི་རེད། ཐེག་པ་ཆེན་པོས་མི་རྣམས་དང་འབྲེལ་བ་མཐུད་དེ་སྡོད་དགོས་པའི་ནན་བརྗོད་བྱེད་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ཐེག་པ་ཆེན་པོའི་ཐབས་ལམ་དེས་མིག་ལྡངས་ནས་སྒོམ་རྒྱག་དགོས་པ་ལས་མིག་བཙུམ་མི་རུང་བར་ནན་གྱིས་གསུང་གི་ཡོད།
ཀུན་སློང་སླར་ཡང་ངེས་བརྟན་བཟོ་བ། ༼ཀུན་སློང་བཅོས་པ།༽
དེའི་རྗེས་ང་ཚོས་ཀུན་སློང་ལ་བརྟག་དཔྱད་དང་སླར་ཡང་ངེས་བརྟན་བཟོ་དགོས། “ཀུན་སློང་” ཞེས་བྱ་བ་དེ་ལ་ཨིན་སྐད་དུ་ motivation ཟེར་ཞིང་། ནུབ་ཕྱོགས་སྐད་དུ་གོ་དོན་གང་ཡིན་པ་དེ་ག་རང་ནང་ཆོས་ནང་གོ་བ་ཞིག་སླེབས་ཀྱི་མེད། ང་ཚོ་ནུབ་ཕྱོགས་པའི་སྐད་ཀྱི་ནང་། ནམ་རྒྱུན་དེ་ནི་ང་ཚོས་གང་བྱེད་ཀྱིན་ཡོད་པའི་རྒྱབ་ཀྱི་སེམས་ཚོར་གྱི་རྒྱུ་མཚན་ཁོ་ནར་གོ་གི་ཡོད། བྱས་ཙང་། སེམས་ཁམས་དང་སེམས་ཚོར་གྱི་ནན་བརྗོད་མང་བ་བྱེད་ཀྱི་ཡོད། ང་ཚོའི་སེམས་ཁམས་ཀྱི་གོམས་འདྲིས་དེ་གལ་ཆེ་ནའང་། ནང་ཆོས་ནང་ཀུན་སློང་ནི་གཙོ་བོ་དམིགས་དོན་ནམ་འདུན་པ་ལ་གོ་བ་ཡིན། ང་ཚོའི་དམིགས་ཡུལ་གང་རེད་དམ། སྒོམ་རྒྱག་པ་དང་ཆོས་ཞིག་ཞུ་བར་འགྲོ་བ་དེ་ང་ཚོས་གང་འཐོབ་འདོད་བྱེད་ཀྱི་ཡོད་དམ། ང་ཚོ་མར་བསྡད་ནས་སྒོམ་རྒྱག་པའམ་སློབ་སྦྱོང་བྱེད་པ། ཡང་ན་ང་ཚོ་འཛིན་གྲྭར་འགྲོ་བའི་སྐབས། ང་ཚོ་ག་རེ་བསྒྲུབ་འདོད་དང་འཐོབ་འདོད་ཡོད་སླར་ཡང་ངེས་བརྟན་བཟོ་དགོས། དེའི་སྒང་ལ་ང་ཚོའི་དམིགས་ཡུལ་གྱི་རྒྱབ་རྟེན་ཆེད་གང་བསྒྲུབ་པར་འདོད་པའི་རྒྱུ་མཚན་རྣམས་སླར་ཡང་ངེས་བརྟན་བཟོ་དགོས། དེ་ཡང་རིགས་པའི་རྗེས་མཐུན་དང་སེམས་ཚོར་གྱི་རྗེས་སུ་མཐུན་པའི་རྒྱུ་མཚན་གཉིས་ཀ་ངེས་བརྟན་བཟོ་དགོས།
ང་ཚོས་ཆོས་ཞིག་ཉན་པ་དང་སྒོམ་ཞིག་རྒྱག་པའི་སྐབས་ག་རེ་བྱེད་ཐབས་བྱེད་ཀྱིན་ཡོད་པ་དང་། དེ་ལས་ང་ཚོས་ག་རེ་སྦྱོང་གི་ཡོད་པ་ནི་ངས་ཟེར་རྒྱུའི་ “མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་ཞིག་ཏུ་འགྲོ་བ་” ཞེས་པ་དེའི་རྒྱུད་རིམ་ཡོངས་སུ་རྫོགས་པའི་ཆ་ཤས་ཡིན། དེ་ལ་ནམ་རྒྱུད་སྐྱབས་འགྲོ་ཟེར་གྱི་ཡོད། ང་ཚོ་འདིར་ཡོད་པ་མང་ཆེ་བར་མི་ཚེའི་ནང་དེ་ཡོད་པ་དང་དེ་ང་ཚོས་དྲན་ཤེས་ལྡན་པའི་སྒོ་ནས་འདེམས་སྒྲུག་བྱས་ཡོད། ཁ་ཕྱོགས་འདི་ནི་ཆོས་ཀྱིས་བསྟན་ཡོད། ཆོས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་གོ་བ་དང་། དེ་ནི་སྐྱོན་དང་ཉེས་དམིགས་མཐའ་དག་ཟད་ཅིང་ཡོན་ཏན་དང་ནུས་པའི་ཆ་མཐའ་དག་དང་ལྡན་པ་ཡིན། དེ་ནི་ང་ཚོའི་འཐོབ་བྱ་དེ་ཡིན། ཆོས་ཀྱིས་དེ་ཇི་ལྟར་འཐོབ་ཚུལ་སྟོན་གྱི་ཡོད།
སངས་རྒྱས་རྣམས་ཀྱིས་ཁ་ཕྱོགས་དེ་སྟོན་གྱི་ཡོད། གང་ཡིན་ཞེ་ན། ཁོང་ཚོས་སྐྱོན་ཀུན་ཟད་ཅིང་རྟོགས་པ་མཐར་ཕྱིན་པའི་གོ་འཕང་དེ་ཐོབ་ཡོད། དགེ་འདུན་དཀོན་མཆོག་ནི་རྟོགས་པ་མཐོན་པོར་བརྙེས་པའི་འཕགས་པའི་གང་ཟག་རྣམས་ཡིན། ཁོང་རྣམས་ལ་ནི་རྟོག་མེད་ཀྱི་སྒོ་ནས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་པ་དང་ལྡན་པ་ཡིན། ཁོང་ཚོས་དོན་ངོ་མར་དག་པའི་ཆ་འགའ་ཞིག་ཐོབ་ཡོད། སྐྱོན་གྱི་ཆ་འགའ་ཞིག་རྩ་ནས་མེད་པ་བཟོས་ཡོད་པ་དང་སེམས་ཀྱི་དགེ་བའི་ནུས་པ་འགའ་ཞིག་ཀྱང་རྟོགས་ཡོད། འཕགས་པའི་དགེ་འདུན་རྣམས་ཚད་མཐོའི་གོ་འཕང་ཞིག་ཐོབ་ཡོད།
དགོན་སྡེའི་རབ་བྱུང་གི་སྡེས་དགེ་འདུན་དཀོན་མཆོག་མཚོན་པར་བྱེད་ཀྱི་ཡོད། ལེགས་སྦྱར་སྐད་དུ་སངྒཱ་ཞེས་བྱ་བའི་ཚིག་དེ་བེད་སྤྱོད་གཏོང་ཕྱོགས་ཐོག་ནས་ཆོས་ཚོགས་ཁག་ལ་འགྲོ་མཁན་གྱི་མི་རྣམས་ལ་གོ་བ་ཆགས་པ་ནི་དེང་སང་ནུབ་ཕྱོགས་ཁོ་ནའི་ལམ་ལུགས་ཤིག་ཡིན། དེ་ནི་ནང་པའི་ཐ་སྙད་ཀྱི་ནང་དུ་ཡེ་ཤུའི་ལྷ་ཁང་ཞིག་གི་འདུ་འཛོམས་ཞེས་བསྒྱུར་བཞིན་ཡོད། དེ་ནི་སྲོལ་རྒྱུན་གྱི་ནང་ཆོས་དང་འབྲེལ་བ་གང་ཡང་མེད། ཆོས་ཚོགས་ཀྱི་མི་སྡེ་གལ་ཆེན་པོ་ཡིན་ནའང་། དེ་ནི་སྐྱབས་ཡུལ་ཞིག་ག་ལ་ཡིན་ཏེ་མ་ཡིན། ཆོས་ཚོགས་ཁག་གི་ནང་སླེབས་མཁན་གྱི་མི་རྣམས་ཧ་ཅང་བསུན་གཙེར་ཅན་དང་བར་ཆད་ཅན་དེ་འདྲ་ཡོད་ཆོག །ཆོས་ཚོགས་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་ཁ་ཕྱོགས་སུ་སྐྱབས་སུ་འགྲོ་གི་ཡོད་སྲིད་ལ་མེད་ཀྱང་སྲིད་པའི་མི་ཚོགས་ཤིག་ཡིན། དགེ་འདུན་དཀོན་མཆོག་ནི་ཁ་ཕྱོགས་དེར་དངོས་སུ་ཕྱིན་པ་རྣམས་ལ་གོ་དགོས། དེ་རྟོགས་དགོས་རྒྱུ་གལ་ཆེ།
ང་ཚོས་ཉེན་མེད་ཀྱི་ཁ་ཕྱོགས་སུ་འགྲོ་བའམ་སྐྱབས་སུ་འགྲོ་བའི་སྐབས། དེ་ནི་སངས་རྒྱས་དང་འཕགས་པ་རྣམས་ཀྱི་ཐུན་མིན་གཤིས་སྤྱོད་ལ་བརྟེན་ནས་འགྲོ་གི་མེད་ཅེས་དམིགས་སུ་བཀར་ནས་གསུངས་ཡོད་པ་དེ་དོ་སྣང་བྱེད་འོས་པ་ཞིག་རེད། གཤིས་སྤྱོད་དེ་གང་འཚམས་ཀྱི་འགྱུར་ལྡོག་ཅན་ཞིག་ཡོད། སྐྱབས་འགྲོས་གང་མཁོ་སྤྲོད་བྱེད་ཀྱི་ཡོད་ཅེ་ན། ཁོང་ཚོའི་རྟོགས་པ་དང་སྐྱོན་ཀུན་ཟད་ཀྱི་གོ་འཕང་ཐོབ་པ་དེ་སྤྲོད་ཀྱི་ཡོད།
དེར་མ་ཟད། བོད་ཀྱི་སྐྱབས་འགྲོའི་རྩ་འཛིན་ཆོ་གའི་ནང་བླ་བའམ་དགེ་བའི་བཤེས་གཉེན་ཡོད་པ་དང་། བླ་མའི་ཐུན་མིན་གྱི་གཤིས་སྤྱོད་ལ་ནམ་ཡང་སྐྱབས་སུ་འགྲོ་གི་མེད། དེ་ལས་ལྡོག་སྟེ། བླ་མ་ནི་སངས་རྒྱས་ཀྱི་རིགས་དང་། སངས་རྒྱས་ཀྱི་རིགས་ཡོངས་སུ་རྫོགས་པ་འབད་བརྩོན་དང་དག་སྦྱོང་བྱས་ལ་བརྟེན་ནས་རྟོགས་ཀྱི་ཡོད་པ་མཚོན། དེ་ནི་སངས་རྒྱས་ཀྱི་མཚོན་དོན་ཡིན། དེ་ནི་ཧ་ཅང་གལ་ཆེན་པོ་ཡིན། གང་ཡིན་ཞེ་ན། གལ་ཏེ་ང་ཚོའི་མི་ཚེའི་ནང་གི་ཁ་ཕྱོགས་དེ་ཐུན་མིན་གྱི་གཤིས་སྤྱོད་དང་། ཆོས་ཚོགས་ཤིག་གི་ཆབ་སྲིད། འཁོར་བའི་སྙིགས་རོ་སོགས་དང་འབྲེལ་བ་མེད་པ་ཞིག་ཡིན་པ་ཧ་ཅང་གསལ་པོ་ཆགས་ན། ང་ཚོའི་སྐྱབས་འགྲོ་ཧ་ཅང་བརྟན་པོ་ཆགས་ཀྱི་ཡོད། སྐྱབས་ཡུལ་ནི་སངས་རྒྱས་དང་། ཆོས། རྟོགས་པ་མཐོན་པོར་བརྙེས་པའི་གང་ཟག་རྣམས་ཡིན། ཁྱེད་ཀྱིས་འཁོར་བའི་ནང་རེ་བ་ག་རེ་རྒྱག་གི་ཡོད་དམ་ཞེས་ངས་བསྐྱར་ལྡབ་ཡང་ལྡབ་ཀྱིས་བརྗོད་ཀྱི་ཡོད། འཁོར་བས་ང་ཚོར་སྡུག་བསྔལ་མྱོང་འཇུག་གི་རེད། ང་ཚོའི་མི་ཚེའི་ནང་གི་ཁ་ཕྱོགས་དེ་འཁོར་བས་བསྟན་པ་ཞིག་མིན། དེ་ཧ་ཅང་གསལ་པོ་ཆགས་དགོས།
བྱས་ཙང་། སྒོམ་རྒྱག་པ་དང་ཆོས་ཞིག་ཞུ་གར་བཅར་རྒྱུ་དེ་ནི་དགེ་བའི་ཁ་ཕྱོགས་སུ་སྐྱོད་པའི་ཐབས་ཤིག་ཡིན་པ་དང་། ང་ཚོས་སྐྱབས་འགྲོ་སླར་ཡང་ངེས་བརྟན་བཟོ་གི་ཡོད། སེམས་ནང་ཡོད་པའི་གད་སྙིགས་ཚང་མ་དག་སྦྱོང་བྱེད་དགོས་ཤིང་། ཇི་ལྟར་སངས་རྒྱས་རྣམས་ཀྱིས་ཡོངས་སུ་རྟོགས་པ་དང་། འཕགས་པའི་གང་ཟག་རྣམས་ཀྱིས་རྟོགས་འགོ་བཙུགས་པ་བཞིན་དུ་ང་ཚོས་ཀྱང་སོ་སོའི་ནུས་པ་ཡོངས་སུ་རྫོགས་པ་རྟོགས་དགོས། དེའི་སེམས་ཚོར་གྱི་རྒྱབ་རྟེན་ནི་དབང་མེད་ཀྱི་ཡང་ནས་ཡང་དུ་འབྱུང་བའི་འཁོར་བར་དངངས་སྐྲག་དང་ཞེན་ལོག་སྐྱེ་བ་དང་། ཉེན་མེད་ཀྱི་ཁ་ཕྱོགས་དེའི་ནང་འགྲོ་བ་ལ་བརྟེན་ནས་འཁོར་བ་ལས་ཐར་ཐུབ་པའི་གདེང་ཚོད་ཡོད་པ་བཅས་ཡིན།
ང་ཚོས་བྱང་ཆུབ་ཀྱི་སེམས་ཀྱང་སླར་ཡང་ངེས་བརྟན་བཟོ་དགོས། དཔེར་ན། ང་ཚོས་ལས་དང་འབྲེལ་བའི་སྐོར་གྱི་གཏམ་བཤད་ཅིག་ལ་སླེབས་པ་དང་ལས་ཀྱི་སྐོར་སྦྱོང་བ་དེའི་དམིགས་ཡུལ་ནི་གཞན་ལ་གང་ཐུབ་ཅི་ཐུབ་ཀྱིས་ཕན་འདོགས་རྒྱུ་དེ་ཡིན། གཞན་ལ་གང་ཐུབ་ཅི་ཐུབ་ཀྱིས་གཞན་དོན་བསྒྲུབ་པ་ལ་གང་གིས་འགོག་རྐྱེན་བྱེད་ཀྱི་ཡོད་དམ་ཞེ་ན། ང་ཚོས་མྱོང་བའི་ཕན་མེད་སྙིགས་རོ་ལྟ་བུའི་ལས་ཀྱིས་འགོག་རྐྱེན་བྱེད་ཀྱི་ཡོད། བྱས་ཙང་། ང་ཚོས་གཞན་ལ་ཕན་ཐོགས་གང་ཆེ་བསྒྲུབ་ཐུབ་པའི་ཆེད་དུ་དེ་ཇི་ལྟར་རྟོགས་ཚུལ་དང་དེ་ལས་ཇི་ལྟར་ཐར་ཚུལ་སྐོར་སྦྱོང་འདོད་ཡོད། དེ་ནི་ང་ཚོའི་དམིགས་ཡུལ་དེ་རེད། དེ་ནི་ང་ཚོས་གང་སླར་ཡང་ངེས་བརྟན་བཟོ་བ་དེ་རེད། དེ་དང་ཆབས་ཅིག་ང་ཚོས་བྱམས་པ་དང་སྙིང་རྗེའང་སླར་ཡང་ངེས་བརྟན་བཟོ་བ་དང་ནུས་ཤུགས་ཆེ་རུ་གཏོང་དགོས། དེ་དག་ནི་ང་ཚོས་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་སེམས་ཅན་ལ་ཕན་གང་ཆེར་བཏགས་པའི་དམིགས་ཡུལ་ལ་མཁོ་བའི་སེམས་ཚོར་གྱི་རྒྱབ་རྟེན་རེད།
གལ་ཏེ་ང་ཚོས་འདི་དག་ཐམས་ཅད་སྒོམ་གྱི་སྔོན་ལ་བྱས་ན། དེས་ང་ཚོའི་སྒོམ་དེ་དོན་དང་ལྡན་པ་བཟོ་གི་ཡོད། ང་ཚོས་ག་རེ་བསྒྲུབ་འདོད་ཡོད་པ་ཤེས་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོ་མར་བསྡད་ཡོད། ང་ཚོས་འགན་འཁྲིར་ཚོར་བའམ། ཡང་ན་ཚོར་མེད་ཀྱི་འཕྲུལ་ཆས་ལྟར་བྱེད་པ་ལྟ་བུ་རྐྱེན་གཞན་དག་གི་སྐོར་ཤོད་ཀྱི་མེད། དེ་དག་ལ་བལྟ་རྒྱུ་གལ་ཆེན་པོ་རེད། ང་ཚོའི་དམིགས་ཡུལ་དེ་གལ་གནད་ཆེན་པོ་རེད། དྲི་བ་དེ་གང་རེད་དམ་ཞེ་ན། ང་རང་འདིར་གང་བྱེད་ཀྱིན་ཡོད་པ་དང་། བྱེད་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་པ་དེ་རེད། ང་ཚོས་རྒྱུ་མཚན་རྣམས་དྲན་ཤེས་ལྡན་པ་དགོས། གལ་ཏེ་ང་ཚོ་དེ་དག་གི་ཐད་གསལ་པོ་ཆགས་ན། སླར་ཡང་ངེས་བརྟན་བཟོ་དགོས། འདི་ནི་ཧ་ཅང་དོན་དང་ལྡན་པའི་ཐབས་ཤིག་ཡིན། དེ་ནི་གལ་གནད་ཆུང་ཆུང་མ་རེད། དེ་ནི་ཚིགས་སུ་བཅད་པ་ཞིག་འདོན་པ་ཙམ་མིན། ང་ཚོས་ཏོག་ཙམ་གྱི་རིང་དེ་ལྟར་བྱ་རྒྱུ་ཡིན།
དེ་ནས་ང་ཚོས་ “ཡན་ལག་བདུན་གྱི་སྨོན་ལམ་” འདོན་པ་དང་ཉམས་ལེན་བྱེད་དགོས། དེ་ཡང་།
ཕྱག་འཚལ་བ།
ཐོག་མར་ང་ཚོས་ཕྱག་འཚལ་གྱི་ཡོད། དེ་ཡང་ཁ་ཕྱོགས་སམ་སྐྱབས་འགྲོ་སླར་ཡང་ངེས་བརྟན་བཟོ་ཚར་བའི་རྗེས་སུ་སེམས་ཅན་ལ་གང་ཐུབ་ཀྱིས་ཕན་འདོགས་ཐུབ་པའི་ཕྱིར་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་རྒྱུ་དེ་རེད། དེ་ནི་དུས་ཚོད་སྐྱིད་པོ་ཞིག་ཡོང་བ་ཙམ་མ་ཡིན། ཕྱག་འཚལ་བ་ནི་ང་ཚོ་ཁ་ཕྱོགས་དེའི་ནང་མཐའ་གཅིག་ཏུ་འགྲོ་རུ་འཇུག་པ་དེ་ཡིན། སོ་སོས་ཁ་ཕྱོགས་དེའི་ནང་གཏོང་གི་ཡོད་པ་དང་། ཁ་ཕྱོགས་དེའི་ནང་ཕྱིན་པ་དང་ཕྱིན་ནས་གོ་འཕང་དེ་ཐོབ་པའི་གང་ཟག་གཞན་རྣམས་ལ་གུས་བཀུར་བྱེད་པ། བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་འཐོབ་བྱར་དམིགས་པའི་སོ་སོ་རང་ཉིད་ཀྱི་མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་ལ་གུས་བཀུར་བྱེད་པ། དེ་བཞིན་དམིགས་ཡུལ་དེ་བསྒྲུབ་ཐུབ་པར་བཟོ་མཁན་གྱི་རང་རྒྱུད་ལ་ཡོད་པའི་རྒྱུ་བདེ་གཤེགས་སྙིང་པོའམ་སངས་རྒྱས་ཀྱི་རིགས་ལ་གུས་བཀུར་བྱེད་པ་བཅས་ཡིན། དེ་ལྟར་ང་ཚོས་འབྲས་བུ་དང་། ལམ། གཞིའི་རིམ་པ་ལ་གུས་བཀུར་བྱེད་ཀྱི་ཡོད།
ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོའམ་སྐྱབས་འགྲོའི་འབྱུང་ཁུངས་ལ་དྲན་གསོ་བའི་ཕྱིར། ང་ཚོས་བཀོལ་སྤྱོད་བྱེད་བཞིན་པའི་མཚོན་པར་བྱེད་པ་ལ་བལྟ་གི་ཡོད། དེ་ཡང་རི་མོར་བྲིས་པའམ་སྐུ་འདྲ་སོགས་ནམ་རྒྱུན་སངས་རྒྱས་ཀྱི་སྐུ་ཞིག་ཡིན། ང་ཚོས་དེ་ལ་བལྟས་ནས་དེས་གང་མཚོན་པའི་ཐོག་ལ་དྲན་པ་བསྟེན་ཐབས་བྱེད་དགོས། དཔེར་ན། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་དྲན་པར་བྱེད་དགོས་པ་ལྟ་བུ་རེད། གཞན་ལ་གང་ཐུབ་ཀྱིས་ཕན་འདོགས་རྒྱུ་དེ་ནི་ང་ཚོས་གང་བསྒྲུབ་པར་འདོད་པ་དེ་རེད། བློའི་ཁྱེར་སོ་དེའི་སྒོ་ནས་ང་ཚོས་ཕྱག་འཚལ་དགོས། དེ་ལྟར་བྱས་ན་ཧ་ཅང་དོན་དང་ལྡན་པ་ཆགས་ཀྱི་ཡོད། ང་ཚོས་དེའི་ཐོག་ལ་མཐའ་གཅིག་ཏུ་འབད་བརྩོན་བྱེད་དགོས། བསམ་བློ་གཅིག་ཀྱང་མེད་པར་ཕྱག་འཚལ་བ་ཙམ་བྱ་མི་རུང་།
ང་ཚོས་ཡན་ལག་བདུན་གྱི་སྨོན་ལམ་འདོན་པའི་སྐབས། ཕྱག་འཚལ་གྱི་ཡོད་པར་བསམ་དགོས། དུས་སྐབས་གཞན་གྱི་ནང་ང་ཚོས་ལུས་ཀྱི་སྒོ་ནས་ཕྱག་འཚལ་བ་དང་ཚིགས་སུ་བཅད་པ་འདོན་གྱི་ཡོད། སྐད་ཡིག་གི་ཆ་ནས་ཁྱད་པར་མེད། དེ་ནས་དཀོན་མཆོག་གསུམ་གྱི་ཡོན་ཏན་རྣམས་ང་ཚོས་འཐོབ་འདོད་ཡོད་པ་ཞིག་ལ་བསམ་བློ་གཏོང་དགོས་ཤིང་། བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སོ་སོའི་སངས་རྒྱས་ཀྱི་རིགས་ལ་གཞི་བྱས་ཏེ་དམིགས་ཡུལ་དེ་བསྒྲུབ་ཐུབ་པའི་གདེང་ཚོད་ཡོད། དེ་འདྲའི་ལམ་ནས་ང་ཚོས་ངག་དང་ཡིད། དེ་ག་ནང་བཞིན་ལུས་ཀྱང་ཁ་ཕྱོགས་དེར་འགྲོ་རུ་འཇུག་དགོས། དེ་འདྲ་ཞིག་ང་ཚོས་བསམ་བློ་གཏོང་རྒྱུ་ཡིན།
ཏིང་ངེ་འཛིན་གྱི་མཆོད་པའི་སྒོ་ནས་མཆོད་པ་འབུལ་བ།
ང་ཚོས་མཆོད་པ་འབུལ་བའི་སྐབས། དེའི་སྙིང་དོན་ཀྱང་སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་རེད། ཉེན་མེད་ཀྱི་ཁ་ཕྱོགས་དེར་འགྲོ་ཐུབ་པ་དང་། སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པ། སེམས་ཅན་ལ་ཕན་འདོགས་ཐུབ་པར། ང་ཚོས་གང་ཞིག་སྦྱིན་པའམ་མཆོད་པ་འབུལ་རྒྱུའི་འདུན་པ་ཡོད་དམ། ཆབ་ཏིང་ཕོར་གང་འབུལ་བ་དེ་ཧ་ཅང་གལ་གནད་ཅིག་མ་རེད། ཆུ་ནི་མཚོན་དོན་ཙམ་རེད། ང་ཚོས་དོན་ངོ་མར་གང་ཞིག་འབུལ་རྒྱུའི་འདུན་པ་ཡོད་དགོས་པ་ནི་སོ་སོ་རང་ཉིད་རེད། ང་ཚོས་སོ་སོའི་དུས་ཚོད་དང་། ནུས་པ། བརྩོན་འགྲུས། སེམས་བཅས་ཕུལ་ནས་ཁ་ཕྱོགས་དེར་འཇུག་དགོས་ཤིང་། རང་གིས་རང་ལ་ཡར་རྒྱས་བཏང་ནས་སེམས་ཅན་རྣམས་ལ་གང་ཐུབ་ཀྱིས་ཕན་འདོགས་དགོས།
དེ་ཡང་རྒྱས་སྤྲོས་ཆེན་པོ་དང་ཡང་སྟབས་བདེའི་སྒོ་ནས་ཀྱང་བྱེད་ཆོག །ནམ་རྒྱུན་ལྟར་བྱས་ན། ང་ཚོས་ཡོན་ཆབ་འབུལ་གྱི་ཡོད། དེའི་ནང་ཏིང་ཕོར་བདུན་ཡོད་པ་དང་། དེ་དག་གིས་ཡན་ལག་བདུན་གྱི་ཆ་ཤས་བདུན་མཚོན་ཐུབ། ཕྱོགས་གཞན་ཞིག་ནས་ཕྱིའི་མཆོད་པ་ཟེར་བ་ཞིག་ཡོད། དེ་དག་ནི་མཆོད་ཡོན་དང་། ཞབས་བསིལ། མེ་ཏོག །བདུག་སྤོས་སོགས་རེད། གང་ལྟར་ཡང་། ས་སྐྱའི་སློབ་དཔོན་ཆེན་པོ་འགྲོ་མགོན་ཆོས་རྒྱལ་འཕགས་པས་དེའི་་སྐོར་ཆོས་ཧ་ཅང་ཡིད་ལ་འཐད་པ་ཞིག་གསུངས་ཡོད། ཁོང་ནི་སོག་པོ་ཀུབ་ལེ་ཁན་གྱི་དགེ་བའི་བཤེས་གཉེན་ཡིན་པ་རེད། ཁོང་གིས་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཙམ་ལ་ནང་ཆོས་དེ་སོག་པོའི་ཡུལ་དུ་དར་སྤེལ་གནང་བ་དང་། ཡན་ལག་བདུན་པོ་དེ་དག་ལ་མཚོན་དོན་དེ་ལས་གཏིང་ཟབ་པ་ཡོད་ཅེས་གསུངས་ཡོད། དེ་ལ་ཁོང་གིས་ཏིང་ངེ་འཛིན་གྱི་མཆོད་པ་ཞེས་བརྗོད་པ་དེ་རེད། ཕྱོགས་གཞན་ཞིག་ནས་ང་ཚོས་མཆོད་པ་འབུལ་བའི་སྐབས། མཆོད་པའི་རྫས་དེ་དག་གིས་གང་མཚོན་གྱི་ཡོད་པའི་ཐོག་ལ་རྩེ་གཅིག་ཏུ་བསམ་བློ་གཏོང་དགོས་ཀྱི་ཡོད། ཡན་ལག་བདུན་པའི་ཉམས་ལེན་བྱེད་པའི་སྐབས། ངས་དེ་ནི་ཧ་ཅང་ཕན་ཐོགས་ཆེ་བ་ཚོར་སོང་། དེས་མཆོད་པ་དོན་སྙིང་ལྡན་པ་བཟོ་གི་ཡོད།
མཆོད་པ་དང་པོ་དེ་ནི་ཆུའི་མཆོད་པ་ ༼མཆོད་ཡོན་༽ རེད། ཆུས་ང་ཚོའི་བསླབ་པ་སློབ་གཉེར་མཚོན་གྱིས་ཡོད། ང་ཚོས་གང་བཀླགས་པ་དང་སྦྱངས་པ་ཐམས་ཅད་གཞན་ལ་ཕན་འདོགས་ཐུབ་པའི་ཆེད་དུ་བཀོལ་སྤྱོད་བྱེད་ཀྱི་ཡོད། ང་ཚོས་སྐྱིད་པོ་དང་དགོད་བྲོ་པོ་ཡོང་ཕྱིར་མུ་སྦྲེལ་རི་མིའི་སྒྲུང་དེབ་ལྟ་བུ་ཀློག་གི་མེད་པར། དེ་ལས་གལ་གནད་ཆེ་བའི་དཔེ་དེབ་ཀྱི་རིགས་ཏེ། གཞན་ལ་ཕན་འདོགས་ཚུལ་དང་། རང་གིས་རང་རྟོགས་ཚུལ། རང་ཉིད་ཡར་རྒྱས་གཏོང་ཚུལ་དང་འབྲེལ་བའི་དེབ་ཀློག་གི་ཡོད། འདི་ནི་ང་ཚོས་གང་མཆོད་པ་འབུལ་བ་དེ་རེད། ང་ཚོས་འདི་སངས་རྒྱས་ཁོ་ནར་འབུལ་བ་མིན་པར། ང་ཚོས་རོགས་བྱེད་འདོད་ཡོད་པའི་མི་ཡོད་དོ་ཅིག་ལ་འབུལ་གྱི་ཡོད། སོ་སོས་གང་སྦྱངས་པ་ཚང་མ་གཞན་རྣམས་ལ་འབུལ་གྱི་ཡོད། འདི་ལག་བསྟར་བྱས་ཏེ་ང་ཚོས་གཞན་ཐམས་ཅད་ལ་ཕན་ཐོགས་བྱེད་དགོས།
དེའི་རྗེས་ལ་མེ་ཏོག་འབུལ་རྒྱུ་དེ་རེད། མེ་ཏོག་རྣམས་ནི་ཆུ་ལས་སྐྱེ་གི་ཡོད། ང་ཚོས་གང་བཀླགས་པ་དང་སྦྱངས་པ་ལས་གང་འབྱུང་གི་ཡོད་པ་ནི་ཤེས་ཡོན་རེད། ང་ཚོས་ཤེས་བྱའམ་ཤེས་ཡོན་དེ་མེ་ཏོག་གི་རྣམ་པར་མཆོད་པ་འབུལ་གྱི་ཡོད།
དེ་ནས་བདུག་སྤོས་ཀྱིས་བཟང་སྤྱོད་ཀྱི་ཚུལ་ཁྲིམས་མཚོན་གྱི་ཡོད། ཚུལ་ཁྲིམས་ཉམས་སུ་ལེན་པ་ལ་བརྟེན་ནས་ང་ཚོས་གཞན་ལ་ཕན་འདོགས་དགོས། ང་ཚོས་ལམ་རྙིང་པ་དེ་འདྲའི་སྒོ་ནས་བྱ་སྤྱོད་སྤེལ་བ་ཙམ་མིན། ང་ཚོས་ཕན་ཐོགས་ལྡན་པའི་བྱ་སྤྱོད་སྤེལ་ཕྱིར་དང་གཞན་སུ་ལའང་མི་གནོད་པར་རང་གིས་རང་སྒྲིག་བཅུན་པ་དང་ཚུལ་ཁྲིམས་བསྲུང་དགོས། དམ་བཅའ་འདི་སངས་རྒྱས་དང་། རང་གི་དགེ་བའི་བཤེས་གཉེན་སོགས་སེམས་ཅན་ཐམས་ཅད་ལ་འབུལ་དགོས། སངས་རྒྱས་རྣམས་ལ་ནི་ང་ཚོའི་ཚུལ་ཁྲིམས་དགོས་ཀྱི་མེད། ང་ཚོས་སངས་རྒྱས་དང་དགེ་བའི་བཤེས་གཉེན་རྣམས་ལ། “འདི་འདྲ་ཞིག་ངས་བྱེད་རྩིས་ཡོད།” ཅེས་བརྗོད་ཀྱི་ཡོད། ང་ཚོས་ཚུལ་ཁྲིམས་བསྲུང་བ་དང་སྲི་ཞུ་བསྒྲུབ་ཀྱི་ཡོད། བདུག་སྤོས་ལ་དྲི་ཧ་ཅང་ཞིམ་པོ་ཡོད། མི་ཞིག་ལ་བཟང་སྤྱོད་ཀྱི་ཚུལ་ཁྲིམས་གཙང་མ་ཡོད་པའི་སྐབས། དེས་དྲི་བཟང་པོ་ཞིག་སྦྱིན་གྱི་ཡོད་པ་དེ་ལ་ “ཚུལ་ཁྲིམས་ཀྱི་དྲི་བཟང་” ཞེས་བརྗོད་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་བདུག་སྤོས་ཀྱིས་ཚུལ་ཁྲིམས་རྣམ་པར་དག་པའི་མཆོད་པ་མཚོན་གྱི་ཡོད།
དེའི་རྗེས་ཀྱི་མཆོད་པ་ནི་འོད་ཀྱི་མཆོད་པ་སྟེ་མར་མེ་དང་ཡང་ལ་སོགས་ཀྱིས་མཚོན་པར་བྱས་ཡོད། དེས་ང་ཚོས་ཐོབ་པའི་ནང་གི་རྟོགས་པ་མཚོན་པ་དང་། དེ་ནི་ང་ཚོས་གཞན་ལ་འོད་སྣང་སྤེལ་ཞིང་མུན་པ་སེལ་བར་བྱེད་ཀྱི་ཡོད།
དེའི་རྗེས་དྲི་ཆབ་ཡང་ན་དྲི་བཟང་སྦྱར་བའི་ཆུ་རེད། དྲི་བཟང་གི་ཆུ་ལུས་ལ་ཆག་ཆག་བཏབ་ནས་གྲུང་པོ་བཟོ་གི་ཡོད། འདིས་ཡིད་ཆེས་བརྟན་པོ་མཚོན་གྱི་ཡོད། དེ་ལྟར་ང་ཚོས་དཔེ་ཆ་བཀླགས་པ་དང་བསླབ་པ་སློབ་གཉེར་ ༼ཆབ་༽ བྱས་ཡོད། ཤེས་བྱ་ ༼མེ་ཏོག་༽ རྟོགས་ཡོད། དེའི་ཐད་སྒོམ་པ་དང་གཞན་ལ་ཕན་པའི་ཆེད་ང་ཚོས་ཚུལ་ཁྲིམས་ ༼བདུག་སྤོས་༽ བེད་སྤྱོད་བྱེད་ཀྱི་ཡོད། ཚུལ་ཁྲིམས་དེ་ལ་བརྟེན་ནས་ང་ཚོས་ནང་གི་རྟོགས་པའམ་གོ་བ་ ༼མར་མེ་༽ བརྙེས་ཡོད། ད་ང་ཚོ་ཆོས་ལ་ཡིད་ཆེས་བརྟན་པོ་ ༼དྲི་ཆབ་༽ ཡོད། དེས་ང་ཚོ་ཐེ་ཚོམ་དང་སོམ་ཉི་ལས་སངས་ཀྱི་ཡོད། དེ་ནི་འབུལ་དཀྱེས་ཆེན་པོ་ཞིག་ཡིན། གལ་ཏེ་རྨོངས་ཞེན་ཙམ་མིན་པར། ང་ཚོར་ཡང་དག་པའི་རྟོགས་པ་དང་མྱོང་བར་གཞི་བཅོལ་ཏེ་ཡིད་ཆེས་བརྟན་པོ་རྙེད་པ་ཡིན་ན། དེས་གཞན་རྣམས་ལའང་གདེང་ཚོད་དང་བདེ་འཇགས་ཀྱི་བརྟན་ཆ་ཞིག་རྙེད་པར་ཕན་གྱི་ཡོད།
ཞལ་ཟས་ཀྱིས་ཏིང་ངེ་འཛིན་མཚོན་གྱི་ཡོད། ང་ཚོ་སྒོམ་གྱི་གནས་ཚད་ཧ་ཅང་མཐོན་པོར་སྤེབས་པའི་སྐབས། ཏིང་ངེ་འཛིན་གྱིས་རྒྱུན་སྐྱོང་ཞིང་ཟས་ཀྱི་རིགས་མི་དགོས་པ་ཡིན། ང་ཚོར་ཆོས་ལ་ཡིད་ཆེས་བརྟན་པོ་ཞིག་ཡོད་པ་ཁོ་ནས་ཏིང་ངེ་འཛིན་དེ་རྩེ་གཅིག་ཏུ་དེའི་སྟེང་འཇོག་ཐུབ། གལ་ཏེ་ང་ཚོར་ཐེ་ཚོམ་ཡོད་ན། ཏིང་ངེ་འཛིན་དངོས་གནས་བསྟེན་མི་ཐུབ། ང་ཚོས་གཞན་ལ་ཕན་འདོགས་པའི་སྐབས། རྩེ་གཅིག་ཏུ་གནས་དགོས་པ་ལས་སེམས་གཡེང་པ་དང་གཉིད་ཤོར་རྒྱུ་མེད། ང་ཚོ་དེར་ཡོད་དགོས། དེ་ནི་གཞན་ལ་སྦྱིན་རྒྱུའི་འབུལ་དཀྱེས་ཆེན་པོ་ཞིག་རེད།
མཆོད་པ་མཐའ་མ་དེ་རོལ་མོ་རེད། དེས་ཆོས་དང་ཆོས་དེ་གཞན་ལ་འཆད་པ་མཚོན་གྱི་ཡོད། དེ་ཡང་ལམ་ལུགས་ལྟར་གྱི་ཆོས་སམ་གཏིང་ཟབ་པོ་དང་དོ་གལ་ཆེན་པོ་དེ་འདྲ་ཡིན་མི་དགོས། དེ་ནི་སྦ་གསང་མེད་པ་དྲང་པོ་དྲང་གཞག་བཤད་པའི་དོན་སྙིང་ལྡན་པའི་ཆོས། ངོ་ཚ་དང་སྒྲོ་འདོགས་མེད་པའི་ཆོས་ཙམ་ཞིག་ཡིན་ན་འགྲིགས། དེ་ནི་ང་ཚོས་གཞན་ལ་འབུལ་ཐུབ་པའི་རོལ་མོ་ཡག་ཤོས་དེ་ཡིན།
མཆོད་འདི་ནི་ཧ་ཅང་རྒྱ་ཆེ་ལ་ཕུགས་རྒྱང་རིང་པོ་ཡིན་ཆོག །གལ་གནད་ཆུང་ཆུང་ཙམ་ཞིག་མིན། ང་ཚོས་ཁོར་ཡུག་ཡིད་དུ་འོང་བ་ཞིག་སྐྲུན་ཕྱིར་མེ་ཏོག་དང་། དྲི་ཆབ། བདུག་སྤོས་སོགས་ཀྱང་འབུལ་ཆོག་པ་ཤོད་ག་ལ་དགོས། གོ་དོན་གྱི་རིམ་པ་དེ་ལྟ་བུ་ཞིག་ཡོད་ནའང་། ཆོས་ཀྱི་ནང་གང་ཡོད་པ་ཚང་མར་གོ་དོན་གྱི་རིམ་པ་མང་པོ་ཡོད་པ་དེ་ང་ཚོས་ཤེས་དགོས། གཏིང་ཟབ་པའི་རིམ་པའི་ནང་འགྲོ་རྒྱུ་འགོ་འཛུགས་བྱེད་པ་དེ་ཕན་ཐོགས་ཆེན་པོ་ཡོད།
ངས་གོང་དུ་འགྲེལ་བརྗོད་བྱས་པ་ལྟར། སྤྱིར་བཏང་ང་ཚོས་གཞན་ལ་ཕན་འདོགས་པའི་ཆེད་སོ་སོའི་དུས་ཚོད་དང་ནུས་པ་སོགས་གང་ཡོད་པ་ཚང་མ་སྦྱིན་འདོད་ཡོད། རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཞི་བ་ལྷས་སྦྱིན་པའམ་གཏོང་ཕོད་ཀྱི་བསམ་བློའི་ཁྱེར་སོ་དེ་ང་ཚོ་ལ་སྦྱིན་རྒྱུ་ཞིག་ཡོད་མེད་པ་ལ་མ་ལྟོས་པར། སེམས་ནང་ “གཏོང་འདོད་ཡོད་པའམ་འདུན་སེམས་ཡོད་པ་” ཞིག་ལ་འགྲེལ་བརྗོད་གནང་ཡོད། དེ་མིན་མི་སྐྱོ་པོ་དབུལ་ཕོངས་རྣམས་ཀྱི་སྦྱིན་པ་སྐྱེད་མི་ཐུབ་པ་ཆགས་ཀྱི་ཡོད། ང་ཚོས་སོ་སོ་ཡར་རྒྱས་བཏང་ནས་གཞན་ལ་ཕན་གང་ཆེ་འདོགས་ཐུབ་པའི་ཉེན་མེད་ཀྱི་ཁ་ཕྱོགས་དེར་རང་གི་དུས་ཚོད་དང་། ནུས་པ། སེམས་ཤུགས་གཏོང་ཐུབ་ངེས་ཡིན།
སོ་སོའི་སྐྱོན་དང་ནོར་འཁྲུལ་རྣམས་སྦས་གསང་མེད་པར་ངོས་ལེན་བྱེད་པ། ༼བཤགས་པ།༽
ཉམས་ལེན་གྱི་ཡན་ལག་གསུམ་པ་བཤགས་པ་བྱ་རྒྱུ་དེ་རེད། དེ་ནི་སྡིག་པའམ་མི་དགེ་བའི་ལས་སྦས་གསང་མེད་པར་བཤགས་པ་དེ་རེད། དེ་ལ་ཨིན་སྐད་ནང་ནམ་རྒྱུན་ Confession ཞེས་བསྒྱུར་ཡོད། འོན་ཀྱང་ཚིག་དེ་ལ་བརྟེན་ནས་ཕྱི་པའམ་ནང་པ་མ་ཡིན་པའི་ལྟ་བའི་ལུགས་ལས་དགོས་མེད་ཀྱི་འབྲེལ་བ་དང་གོ་བ་ལོག་འདྲེན་དེ་འདྲ་ཡོང་སྲིད་པ་ཡིན། ང་ཚོས་རྟག་ཏུ་གཞན་ལ་ཕན་འདོགས་མི་ཐུབ། སྐབས་རེར་ང་ཚོ་ལེ་ལོ་དང་རྣམ་གཡེང་། རང་འདོད་དོན་གཉེར་ཆགས་ཀྱི་འདུག་ཅེས་སྦས་གསང་མེད་པར་ངོས་ལེན་བྱེད་ཀྱི་ཡོད། ལས་ཀྱི་སྐབས་དོན་ལ་གཞིགས་ན། ང་ཚོས་སྐབས་འགར་གནོད་བྱེད་མི་དགེ་བའི་ལས་བྱེད་ཀྱི་ཡོད་ཅེས་ངོས་ལེན་བྱེད་ཀྱི་ཡོད། འོན་ཀྱང་དེ་ལ་ང་ཚོས་འགྱོད་པ་སྐྱེས་ཏེ་དེ་འདྲ་བྱས་མེད་ན་ཅི་མ་རུང་བསམ་གྱི་ཡོད། ང་ཚོ་ནག་ཉེས་ཅན་ཞིག་ཡིན་པར་ཚོར་དགོས་པའི་དོན་མིན། ང་ཚོ་དེ་འདྲ་ཞིག་ཆགས་འདོད་རྩ་ནས་མེད། དེ་ནི་ནག་ཉེས་དང་མི་འདྲ་བའི་གང་ལ་གང་འཚམས་ཀྱི་ཁྱད་པར་ཡོད།
དེ་ནས་ང་ཚོས་མི་དགེ་བའི་ལས་ཡང་བསྐྱར་མི་བྱེད་པའི་ཐབས་ཤེས་གང་དྲག་བྱེད་ཀྱི་ཡིན་ཞེས་བརྗོད་ཀྱི་ཡོད། ཐབས་ཤེས་བྱེད་ཀྱི་རེད། ང་ཚོས་ནམ་ཡང་མི་དགེ་བའི་ལས་བྱེད་ཀྱི་མིན་ཞེས་དམ་བཅའ་འཇོག་མི་ཐུབ། དེ་ནི་ཁུངས་མེད་ལུང་མེད་ཅིག་ཆགས་ངེས་རེད། འོན་ཀྱང་ང་ཚོས་ཐབས་ཤེས་བྱེད་ཀྱི་རེད། དེ་ལས་ཐར་ཐབས་ཇི་ལྟར་བྱེད་དམ་ཞེ་ན། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་ཀྱི་ཁ་ཕྱོགས་སུ་འགྲོ་བའི་སྒོ་ནས་ང་ཚོས་ཐར་བར་བྱེད་དགོས། ང་ཚོས་དེ་འདྲ་ཞིག་བྱ་རྒྱུ་ཡིན་པར་སླར་ཡང་ངེས་བརྟན་བཟོ་དགོས། དེ་ནི་ང་ཚོའི་རྨང་གཞི་ལྟ་བུ་དེ་རེད། དེ་ནས་མཐར་ང་ཚོའི་སྐྱོན་དང་ནོར་འཁྲུལ་ལ་ཁ་གཏད་དུ་གཉེན་པོ་བསྟེན་དགོས། དེའི་དོན་ནི་ད་ལྟ་ང་ཚོས་གང་སྦྱངས་པ་དེ་གཉེན་པོའི་ཚུལ་དུ་ལག་བསྟར་བྱེད་དགོས། ཁ་ཕྱོགས་དེར་འགྲོ་བའི་ཆེད་དུ་ང་ཚོས་བེད་སྤྱོད་བྱེད་ཀྱི་རེད། རྒྱུ་མཚན་མེད་པར་བྱེད་ཀྱི་མ་རེད། དེ་ནི་ཡན་ལག་གསུམ་པ་སྟེ། རང་གི་སྐྱོན་དང་ནོར་འཁྲུལ་སྦས་གསང་མེད་པར་ངོས་ལེན་བྱེད་པའམ་སྡིག་པ་བཤགས་པ་དེ་རེད།
རྗེས་སུ་ཡི་རང་།
ཡན་ལག་བཞི་པ་ནི་རྗེས་སུ་ཡི་རང་རེད། ང་ཚོ་ནུབ་ཕྱོགས་པ་ཡིན་པའི་ཆ་ནས་འདིར་གོ་རིམ་བརྗེ་པོ་རྒྱག་དགོས་རྒྱུ་དེ་གང་འཚམས་ཀྱི་གལ་ཆེན་པོ་ཡིན་པ་ཚོར་གྱི་འདུག །ནམ་རྒྱུན་ང་ཚོས་ཐོག་མར་སངས་རྒྱས་ལ་སོགས་པར་རྗེས་སུ་ཡི་རང་བྱེད་ཀྱི་ཡོད། ང་ཚོ་མང་པོ་ཞིག་ལ་རང་མཐོང་ཆུང་བའི་ཐོག་ལ་དཀའ་ངལ་ཞིག་ཡོད་པ་སོང་ཙང་། སོ་སོའི་སྐྱོན་གྱི་ཆ་རྣམས་མཛུབ་སྟོན་བྱས་རྗེས་ཐོག་མར་སོ་སོ་རང་ཉིད་ཀྱི་བཟང་པོའི་ཡོན་ཏན་ལ་རྗེས་སུ་ཡི་རང་བྱེད་དགོས་ཀྱི་ཡོད། སྐབས་རེར་གནོད་བྱེད་མི་དགེ་བའི་ལས་དང་རང་འདོད་དོན་གཉེར་གྱི་ལས་བརྩམ་གྱི་ཡོད་པ་ངོས་ལེན་བྱས་ཡོད་ཀྱང་། སྐབས་རེར་ང་ཚོས་ཕན་བྱེད་དགེ་བའི་ལས་ཀྱང་བརྩམས་ཡོད། ང་ཚོས་དགེ་བའི་ལས་བཟང་པོ་གང་འདྲ་ཞིག་བྱས་ཡོད་པ་ཚང་མ་སླར་ཡང་ངེས་བརྟན་བཟོ་བ་དང་རྗེས་སུ་ཡི་རང་བྱེད་དགོས། ད་དུང་གཞི་རྩའི་རིམ་པའི་ཐོག་ནས་བཤད་ན། ང་ཚོ་ཚང་མར་སངས་རྒྱས་ཀྱི་རིགས་ཡོད། དེའི་དོན་ནི་ང་ཚོ་ཚང་མར་གཞན་ལ་ཕན་འདོགས་ཅན་དང་། སྙིང་རྗེ་ཅན། བསམ་ཤེས་ཅན་ཞིག་བྱེད་ཐུབ་པའི་ནུས་པ་ཡོད། དེ་ནི་ཧ་ཅང་ཡག་པོ་རེད། ངོ་མཚར་ཅན་ཞིག་རེད། འདི་ལ་གཞི་བཅོལ་ནས་ང་ཚོས་བྱེད་པའི་དགེ་བའི་ལས་བཟང་པོ་རྣམས་བརྒྱུད་ཡར་རྒྱས་གོང་འཕེལ་དང་བཅས་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ། ང་ཚོས་སོ་སོའི་སྐྱོན་གྱི་ཆ་རྣམས་ངོས་ལེན་བྱས་རྗེས་སོ་སོ་རང་ཉིད་དང་རང་གི་ནུས་པ་ལ་བཟང་ཕྱོགས་ཀྱི་བསམ་བློ་གཏོང་རྒྱུ་གལ་ཆེ།
ང་ཚོས་བདེ་བར་གཤེགས་པའི་སྙིང་པོ་མངོན་སུམ་དུ་རྟོགས་པའི་སངས་རྒྱས་རྣམས་དང་། ཁ་ཕྱོགས་དེར་བགྲོད་པར་བརྩོན་བཞིན་པའི་གཞན་རྣམས་ལ་རྗེས་སུ་ཡི་རང་བྱེད་དགོས། དེ་ཡང་ “ཁྱེད་ཀྱིས་དེ་ལྟར་བྱས་སོང་། ང་རང་ཁྱེད་ལ་དགའ་བ་བསྒོམ་གྱི་ཡོད། ཤིན་ཏུ་ལེགས་” ཞེས་བརྗོད་དགོས། དེར་མ་ཟད། ང་ཚོས་དོན་ངོ་མར་ཁོང་ཚོས་དེ་ཇི་ལྟར་བྱེད་དགོས་པའི་ཚུལ་བསྟན་པར་དགའ་བ་བསྒོམ་དགོས། འདི་ལ་ང་ཚོས་ཧ་ཅང་དགའ་བ་བསྒོམ་དགོས། “སངས་རྒྱས་དང་རྒྱ་བོད་ཀྱི་མཁས་པ་ཆེན་པོ་རྣམས་ལ་ངས་བཀའ་དྲིན་ཆེ་ཞུ་ཚོད་མི་འདུག །ཁོང་ཚོས་ཆོས་འདི་གསུངས་པ་དང་། འགྲེལ་བརྗོད་གནང་བ། དེ་བཞིན་ཡིག་ཐོག་ལ་ཕབ་པ་ནི་དངོས་གནས་དྲང་གནས་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་རེད། བཀའ་དྲིན་ཆེ་ཞུ། ངས་སྙིང་ཐག་པ་ནས་ཡི་རང་ཞུ་གི་ཡོད།” ཅེས་བརྗོད་དགོས། ཚོར་བ་དེ་ལྟ་བུ་ཞིག་ང་ཚོར་སྐབས་འདིར་དགོས་ཀྱི་ཡོད། ཁོང་ཚོས་ལས་སླ་པོའི་སྒོ་ནས་ང་ཚོར་ཐུགས་མི་བདེ་བ་མེད་པའི་ཐོག་རྟོགས་པ་ཐོབ་པ་དང་། ངལ་གསོ་བའི་ཆེད་དག་པའི་ཞིང་དུ་གཤེགས་ཡོད་སྲིད།
ཆོས་གསུང་བར་བསྐུལ་བ། ༼ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ།༽
ཡན་ལག་རྗེས་མ་འདི་ནི་ཆོས་གསུང་བར་བསྐུལ་བ་དེ་རེད། འདི་ལ་ནམ་རྒྱུན་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་ཟེར། འོན་ཀྱང་དེ་ནི་ཏོག་ཙམ་མངོན་པར་མི་གསལ་བ་ཞིག་ཏུ་སྣང་། སངས་རྒྱས་རྣམས་ཀྱིས་ཆོས་གསུངས་པ་དེ་ང་ཚོས་ཧ་ཅང་བཀའ་དྲིན་ཆེན་པོ་ཚོར་དགོས། ད་ང་ཚོས་ “སྐུ་མཁྱེན། ང་ལ་བསླབ་རོགས་གནང་། ཆོས་གསུང་རོགས་གནང་། ང་རང་སྦྱོང་འདོད་འདུག །ང་རང་ཆོས་ཉན་རྒྱུའི་ཐད་མཐའ་གཅིག་ཏུ་གོ་ཤེས་ཅན་ཡིན།” ཞེས་བརྗོད་ཀྱིན་ཡོད། འཛིན་གྲྭ་མ་ཚུགས་གོང་དང་། སྒོམ་མ་རྒྱག་གོང་། དེ་བཞིན་ནང་ལ་ཆོས་ཀྱི་དཔེ་ཆ་ཞིག་ལ་སློབ་སྦྱོང་མ་བྱས་གོང་ནས་ང་ཚོས་དེ་ལྟར་བྱེད་ཐུབ། ང་ཚོས་མི་ཞིག་ལ་གཅིག་གནང་རོགས་ཞུ་གི་མེད། འོན་ཀྱང་ཆོས་གསུང་བར་བསྐུལ་བ་དེས་ང་ཚོ་སོ་སོ་རང་ཉིད་ལ་སེམས་སྐུལ་ཐེབས་ཀྱི་ཡོད། ང་ཚོ་གཅིག་འཐོབ་འདོད་ཡོད་ལ་སྦྱོང་འདོད་ཡོད། འདིས་སེམས་ཀྱི་གནས་བབས་གོ་ཤེས་ཆེ་བ་ཞིག་སྐྲུན་གྱི་ཡོད་པ་ཁྱེད་ཀྱིས་མཐོང་ཐུབ་ཀྱི་འདུག་གམ།
མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ།
ཡན་ལག་དྲུག་པ་ནི་དགེ་བའི་བཤེས་གཉེན་རྣམས་སྐུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དེ་རེད། དེའི་དོན་ནི་མ་ཕེབས་རོགས་གནང་ཞེས་པ་དེ་རེད། ཁ་ཡོད་ལག་ཡོད་ཀྱི་ཉམས་ལེན་ནང་དེའི་དོན་གང་རེད་དམ། དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། རང་གི་བླ་མའམ་དགེ་བའི་བཤེས་གཉེན་རྣམས་ལ། “ངས་གསོལ་བ་ཕུར་ཚུགས་སུ་འདེབས་ཀྱི་ཡོད། ཐུགས་རྗེས་གཟིགས། མ་ཕེབས་རོགས་གནང་། སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་ཆོས་གསུང་རོགས་གནང་། ང་རང་ཆོས་ཀྱི་ལམ་ཡོངས་སུ་རྫོགས་པ་འགྲིམ་འདོད་འདུག །ལམ་ཕྱེད་ཙམ་ནས་མ་ཕེབས་རོགས་གནང་།” ཞེས་བརྗོད་པ་དེ་ཡིན། དུས་ཡུན་རིང་པོ་ག་ཚོད་འགོར་ནའང་འདྲ། ཚེ་རབས་ག་ཚོད་འགོར་ནའང་འདྲ་སྟེ། ང་ཚོས་དངོས་གནས་དེ་ལྟར་གསོལ་བ་འདེབས་རྒྱུ་ནི་གཙོ་གནད་དེ་ཡིན།
བསྔོ་བ།
ཡན་ལག་བདུན་པའམ་མཐའ་མ་ནི་བསྔོ་བ་རེད། དེ་ནི་ཡན་ལག་ཚང་མའི་ནང་ནས་གལ་ཆེ་ཤོས་དེ་རེད། ང་ཚོས་ཉམས་ལེན་འདི་ལ་བརྟེན་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གང་བསགས་པ་ཚང་མ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར། སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བསྔོ་ཞིང་སྨོན་ལམ་འདེབས་དགོས།
ཕྱོགས་བསྡོམས།
ང་ཚོས་སྔོན་འགྲོའི་ཉམས་ལེན་ཡན་ལག་བདུན་པོ་འདི་བཞིན་འཛིན་གྲྭ་མ་ཚུགས་གོང་དང་། སློབ་སྦྱོང་མ་བྱས་གོང་། སྒོམ་མ་རྒྱག་གོང་། དེ་བཞིན་དགེ་བའི་ལས་ཅི་འདྲ་ཞིག་མ་བརྩམས་གོང་དུ་བྱེད་དགོས། དོན་དག་གཙོ་བོ་ནི། ང་ཚོས་ལས་ཡག་པོ་ཞིག་གསོག་འདོད་ཡོད་པ་ཙམ་མིན་པར། སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཚོགས་གསོག་འདོད་ཡོད། བྱས་ཙང་། གལ་ཏེ་ང་ཚོས་ཡན་ལག་བདུན་པའི་ཉམས་ལེན་འདི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ལས་ཤིག་བརྩམས་ན། དེ་ནི་རྒྱུན་ཁྱེར་རམ་ཉིན་རེའི་ཉམས་ལེན་ཧ་ཅང་ཡག་པོ་ཞིག་ཡིན། དེ་ལ་དུས་ཚོད་ཧ་ཅང་རིང་པོ་དེ་འདྲ་གཏོང་མི་དགོས། ང་ཚོས་དེ་ལམ་སེང་ཆུ་ཚོད་ཕྱེད་ཀའམ་གཅིག་གི་ནང་བྱེད་ཐུབ། དེ་ཇི་ལྟར་བྱེད་པའི་ཚུལ་ལ་རག་ལུས་ཡོད། གལ་ཏེ་ང་ཚོས་ཚིགས་བཅད་འགའ་ཞིག་ཀློག་འདོད་ཡོད་ན། དཔེ་ཡག་པོ་རེད། ང་ཚོས་རང་གི་སེམས་ནང་གོ་དོན་རྟོགས་པའི་རྗེས་སུ་ཚིགས་སུ་བཅད་པ་འགའ་ཞིག་ཁ་འདོན་བྱེད་ཆོག །གལ་ཏེ་ང་ཚོས་དོན་དག་གང་ཡིན་པ་དེ་ཤེས་ན། ཚིགས་བཅད་འདོན་པ་དེ་སྟོང་པ་ཙམ་དུ་མི་འགྱུར་བ་ཡིན། ང་ཚོས་འགྲོ་ལུགས་ལྟར་གྱི་སྒོམ་གཞན་མི་བྱེད་ནའང་། ཡན་ལག་བདུན་པོ་འདི་རང་ནི་ཧ་ཅང་གལ་གནད་ཅན་གྱི་ཉམས་ལེན་ཞིག་ཡིན།
༼རྒྱལ་སྲས་ཞི་བ་ལྷའི་ཡན་ལག་བདུན་གྱི་སྨོན་ལམ་ཚིགས་སུ་བཅད་པར་གཟིགས།༽
ཡན་ལག་བདུན་གྱི་སྨོན་ལམ་འདི་ལ་གལ་ཆུང་ཆུང་དུ་མ་འཛིན་རོགས་གནང་། ང་ཚོས་སྐྱབས་འགྲོ་ལ་གལ་ཆུང་ཆུང་དུ་འཛིན་པ་ནང་བཞིན་འདི་ལའང་གལ་ཆུང་ཆུང་དུ་འཛིན་སླ་མོ་ཡོད།
མཆོད་པ་འབུལ་བའི་སྐོར་ལ་དྲི་བ་ཁག
སྐབས་རེར་ང་ཚོས་ཏིང་ཕོར་བརྒྱད་བཤམ་གྱི་ཡོད་པ་དང་། ཏིང་ཕོར་དང་པོ་གཉིས་ཀྱི་ནང་ཆུ་བླུགས་པ་དང་། དེ་ནས་མེ་ཏོག་སོགས་འབུལ་གྱི་ཡོད། དེའི་རྒྱུ་མཚན་གང་རེད་དམ།
ནང་པའི་སྲོལ་རྒྱུན་དུ་བྱེད་ལུགས་བྱེད་སྟངས་མང་པོ་ཞིག་ཡོད་པས། གཅིག་རང་འགྲིག་པ་ཡིན་པ་ལྟ་བུ་མེད། དེ་ཤེས་རྒྱུ་ཧ་ཅང་གལ་ཆེ། ང་ཚོ་ནུབ་ཕྱོགས་ཀྱི་བག་ཆགས་ལ་ཡེ་ཤུའི་གསུང་རབ་དང་འབྲེལ་བའི་བསམ་བློ་གཏོང་ཚུལ་ཞིག་ཡོད། དེ་ནི་བདེན་པ་གཅིག་དང་། དཀོན་མཆོག་གཅིག །ཡང་དག་པའི་ལམ་གཅིག་ཟེར་བ་དེ་རེད། དེ་ལས་གཞན་ཚང་མ་ནོར་བ་དང་ཆོས་མ་ཡིན་པར་བརྩི་གི་ཡོད། ཡོན་ཆབ་འབུལ་སྐབས་ཏིང་ཕོར་བརྒྱད་ཀྱི་དབང་དུ་བྱས་ན། དེ་དག་ལས་གཉིས་ཀྱི་ནང་ཆུ་བླུགས་པ་དང་། དགུ་ལ་བརྩིས་ན་གསུམ་གྱི་ནང་ཆུ་བླུགས་པ། ཡང་བཅུ་ལ་བརྩིས་ན་བཞིའི་ནང་བླུགས་ནས་འབུལ་གྱི་ཡོད།
ང་ཚོས་སྒྲ་ཇི་བཞིན་དུ་བསམ་བློ་བཏང་ན། སོ་སོའི་ཁྱིམ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་གདན་འདྲེན་ཞུ་གི་ཡོད། ཁོང་ཚོ་ཕེབས་པའི་སྐབས་རྒྱ་གར་གྱི་ལམ་ཐལ་བ་འཚུབ་འཚུབ་དང་ཚ་བ་ཆེ་བའི་སྒང་ལ་ཞབས་རྗེན་པར་ཕེབས་ཀྱི་ཡོད་པ་ལྟ་བུ་ཡིན་པས། ཐོག་མར་ང་ཚོས་ཁོང་རྣམས་ལ་མཆོད་ཡོན་ཞེས་བཞེས་རྒྱུའི་ཆུ་འབུལ་གྱི་ཡོད། དེ་ནས་ཁོང་རྣམས་ཀྱི་ཞབས་བཀྲུ་ཕྱིར་ཆུ་འབུལ་གྱི་ཡོད། དེ་ནི་ང་ཚོས་མཆོད་ཡོན་དང་ཞབས་བསིལ་ཞེས་ཆུ་ཏིང་ཕོར་གཉིས་འབུལ་བའི་དབང་དུ་བྱས་པ་རེད། གསུམ་པ་ནི་ང་ཚོས་ཆག་ཆག་འདེབས་པའམ་གཏོར་བའི་ཆུ་དེ་ཡིན། དེའི་རྗེས་ང་ཚོས་ཁོང་རྣམས་གསོལ་ཚིགས་ལ་གདན་འདྲེན་ཞུ་བ་སོང་ཙང་། ཆུ་བཞི་པ་ནི་ཁོང་རྣམས་ཀྱི་ཞལ་བཀྲུ་ཕྱིར་གདན་འདྲེན་ཞུ་གི་ཡོད།
ཅོག་ཙེའི་སྒང་མེ་ཏོག་ཧ་ཅང་སྙིང་རྗེ་པོ་ཡོད། རྒྱ་གར་བ་ཚོས་ནམ་རྒྱུན་ཆེ་བསྟོད་ཀྱི་སྐུ་མགྲོན་གསོལ་ཚིགས་བཞེས་པའི་ཅོག་ཙེའི་ཕྱོགས་སུ་ཕེབས་སྐབས་ཞ་ལའི་སྒང་ལ་མེ་ཏོག་གཏོར་སྲོལ་ཡོད། ཡང་ན་ཁོང་ཚོས་སྐུ་མགྲོན་དེའི་སྐེ་ལ་སེར་ཆེན་མེ་ཏོག་གི་ཕྲེང་བ་ཞིག་གཡོག་སྲོལ་ཡོད། དེ་ནས་བདུག་སྤོས་བདུག་པ་དང་། ནམ་རྒྱུན་བླ་མའམ་དགེ་བའི་བཤེས་གཉེན་ཞིག་ཡིན་ན། བདུག་སྤོས་སྤར་ནས་ཅོག་ཙེའི་བར་དུ་སྤོས་སྣ་འཁྲིད་པའམ། ཡང་ན་དྲི་བཟང་འཐུལ་བའི་ཕྱིར་ཅོག་ཙེའི་འགྲམ་དུ་སྤོས་སྤར་ནས་བཞག་གི་ཡོད། དེ་ནས་ཅོག་ཙེའི་སྒང་ལ་ཡང་ལ་ཞིག་སྤར་བ་དང་། དྲི་བཟང་སྦྱར་བའི་ཆུ་དེ་ནི་གཙང་ཤོག་ལྟ་བུའི་སྟེང་ལ་དྲི་ཞིམ་འཐུལ་བ་ཡོད། ང་ཚོ་ལའང་དེ་དང་འདྲ་བའི་ལུགས་སྲོལ་ཞིག་ཡོད་རེད། མ་རེད་དམ། དེའི་རྗེས་སུ་ང་ཚོས་ཞལ་ཟས་ཡག་པོ་ཞིག་དང་རོལ་དབྱངས་སྙན་པོ་འབུལ་དགོས། འདི་ནི་མཆོད་པ་དེ་དག་གི་འབྱུང་ཁུངས་ངོ་མ་དེ་ཡིན། དེ་དག་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རང་གི་ཁྱིམ་དུ་གདན་འདྲེན་ཕེབས་བསུ་ཞུ་སྐབས། ཁོང་རྣམས་ཡག་པོ་དང་བདེ་པོ་ཡོང་བའི་ཆེད་དུ་ང་ཚོས་གང་མཆོད་པ་འབུལ་ངེས་ཡིན་པ་རྣམས་རེད།
འདི་ལྟ་བུའི་མཆོད་པ་འབུལ་བ་ནི་དགེ་བའི་བཤེས་གཉེན་དང་སངས་རྒྱས་རྣམས་ལ་བདེ་བ་སྟེར་བ་ཁོ་ན་ཙམ་དུ་མ་ཟད། སེམས་ནང་དཀྲོག་རྐྱེན་དང་བར་ཆད་མེད་པའི་སྒོ་ནས་སོ་སོ་རང་ཉིད་ཀྱིས་ཀྱང་བདེ་བ་དེ་ལོངས་སུ་སྤྱོད་ཐབས་བྱེད་ཀྱི་ཡོད་པ་བསམ་བློ་གཏོང་དགོས། ང་ཚོས་མེ་ཏོག་དེ་སྙིང་རྗེ་པོ་ཞིག་མེད་པ་དང་། བདུག་སྤོས་ཀྱིས་གློ་རྒྱག་འཇུག་གི་ཡོད་པ། ཞལ་ལག་བཟས་ན་ང་ཚོ་རྒྱགས་པ་ཆགས་ཀྱི་རེད་ཅེས་སོགས་ཀྱི་རྙོག་དྲ་ཤོད་ཀྱིན་མེད། སེམས་འཁྲལ་དེ་འདྲ་གཅིག་ཀྱང་མེད་པར། ཡང་དག་ལ་རྒྱས་སྤྲོས་མེད་པའི་བདེ་སྐྱིད་ཙམ་ཞིག་ཡོད། རྙོག་དྲ་མེད་པའི་སེམས་ཀྱི་གནས་བབས་ཤིག་སྐྱེད་ཐུབ་པ་དེ་དངོས་གནས་དཔེ་མི་སྲིད་པའི་ཡག་པོ་ཞིག་རེད།
ཏིང་ཕོར་ཚང་མའི་ནང་ཆུ་མེད། འགའ་ཞིག་གི་ནང་འབྲས་ཡོད། འབྲས་འབུལ་དགོས་པའི་རྒྱུ་མཚན་གང་རེད་དམ། མེ་ཏོག་ཡོད་པའི་ཏིང་ཕོར་ནང་ཆུའམ་ཡང་ན་འབྲས་དགོས་སམ།
དེ་གཉིས་ཀ་འགྲིག་པ་རེད། བོད་མི་ཚོས་ནམ་རྒྱུན་བེད་སྤྱོད་བྱེད་པའི་མེ་ཏོག་ནི་རྒྱ་གར་ལྷོ་ཕྱོགས་ནས་རག་པའི་ས་བོན་གྱི་སྦུན་པའམ་ཤུན་སྐོགས་སྐམ་པོ་རྣམས་རེད། དེ་དག་ཆུའི་ནང་དེ་ཙམ་ཡག་པོ་མེད། ང་ཚོས་དེ་དག་དང་ཡང་ན་སྤོས་རྐང་གཅིག་སྤར་ནས་ཆུའི་ནང་བླུགས་ཀྱི་མེད། དེ་ནི་ཁ་ཡོད་ལག་ཡོད་ཀྱི་རྒྱུ་མཚན་ལ་བརྟེན་ནས་ང་ཚོས་འབྲས་ཀྱི་ནང་བླུགས་ཀྱི་ཡོད། དེས་ཁྱད་པར་གང་ཡང་བཟོ་གི་མེད།
དེ་འདྲ་གཅིག་པ་གཅིག་རྐྱང་བྱེད་ཚུལ་མང་པོ་ཡོད་པ་རྣམས་ངས་འདིར་ནན་བརྗོད་བྱེད་ཀྱི་ཡོད། ཆོས་ཚོགས་གཞན་དག་དང་རྒྱ་གར་ནང་གི་དགོན་སྡེ་ཁག་གཞན་ལ་འགྲོ་སྐབས། དེ་དག་ཏོག་ཙམ་མི་འདྲ་བ་ཡོད་པ་མཐོང་གི་རེད། དེ་འདྲའི་སྐབས་ཁོང་ཚོས་ནོར་ནས་མཆོད་པ་བཤམ་གྱི་འདུག །ང་ཚོའི་མཆོད་པ་འབུལ་སྟངས་དེ་འགྲིག་པ་རེད་ཅེས་མངོན་པའི་ང་རྒྱལ་གྱི་སྒོ་ནས་ཧང་སངས་དགོས་རྒྱུ་གང་ཡང་མེད། ཐ་ན་ཆོས་བརྒྱུད་དང་ལམ་ལུགས་གཅིག་པའི་ནང་དུའང་དགོན་སྡེ་མི་འདྲ་བས་མི་འདྲ་བ་བྱེད་ཀྱི་ཡོད། མཆོད་པ་འབུལ་བའི་སྐབས་གལ་ཆེན་པོ་དེ་གང་རེད་ཅེ་ན། སེམས་ཀྱི་གནས་བབས་དང་ཐ་ན་གུས་བཀུར་ལྡན་པ་དང་། མཛེས་ཉམས་ཀྱི་སྤྲོ་བ་སྤེལ་བའི་རྣམ་པའམ་སྒྲོམ་གཞི་ཞིག་དགོས་རྒྱུ་དེ་རེད། གང་ཡིན་ཟེར་ན། ང་ཚོས་སོ་སོའི་སེམས་ནང་བདེ་བ་སྐྱེད་འདོད་ཀྱི་ཡོད་པས་སོ།།