སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་སླར་ཡང་ངེས་བརྟན་བཟོ་བ།

ངོ་སྤྲོད།

སྦྱོར་བའི་ཆོས་དྲུག་གི་གསུམ་པ་འདིའི་སྐོར་རོབ་ཙམ་ཞིག་འབྲི་བར། གཞུང་གི་ནང་ཐོག་མར་ཁྱེད་ཀྱིས་ཕྱག་འཚལ་དགོས་པ་དང་། དེ་ནས་མར་བསྡད་དེ་དབུགས་ལ་དམིགས་པ་གཏད་ནས་སེམས་གསལ་པོ་བཟོ་དགོས། གཞི་ནས་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་ཀུན་སློང་བཅོས་པའམ་སླར་ཡང་ངེས་བརྟན་བཟོ་དགོས་ཞེས་གསུང་གི་ཡོད། འོན་ཀྱང་ང་རང་གི་ཉམས་མྱོང་ལྟར་བྱས་ན། མི་རྣམས་ཀྱིས་ཆོས་འཁྲིད་མ་བྱས་གོང་དང་སྒོམ་མ་རྒྱག་གོང་ལ་གང་ཡང་མེད་པར་ཕྱག་ཙམ་འཚལ་ནས་མར་སྡོད་ཀྱི་ཡོད་པ་མཐོང་སོང་། ཕྱག་འཚལ་བ་དེ་ཡང་གང་ལ་གང་འཚམས་ཀྱི་ཚོར་མེད་འཕྲུལ་ཆས་ལྟ་བུར་བྱེད་ཀྱི་འདུག །བྱས་ཙང་། ཐོག་མར་མར་སྡོད་དགོས་པ་དང་། དེ་ནས་དབུགས་ལ་དམིགས་དགོས་པ། དེའི་རྗེས་སུ་སྐྱབས་འགྲོ་སེམས་བསྐྱེད་བྱ་དགོས་ཞེས་གསུངས་པ་སོང་ཙང་། ངའི་བསམ་པར། འདིས་ཐོག་མའི་ཕྱག་དེ་མ་འཚལ་སྔོན་ནས་རང་གི་ཀུན་སློང་བཅོས་དགོས་པར་སྟོན་གྱི་ཡོད། དེ་མིན་ཁྱེད་རང་ལ་ཀུན་སློང་མེད་པ་རེད།

དབུགས་ལ་དམིགས་པ་གཏད་པའི་དགོས་དོན་ཆ་ཚང་ནི། རང་གི་སེམས་དེ་བཏང་སྙོམས་ཀྱི་གནས་བབས་ཤིག་ཏུ་སྐྲུན་པའི་ཆེད་དུ་ཡིན། དེ་ལ་ལུང་མ་བསྟན་ ༼སངས་རྒྱས་ཀྱིས་དགེ་མི་དགེ་གང་དུའང་ལུང་དུ་བསྟན་མེད་པ་༽ཞེས་སུ་གྲགས། དེ་ལ་གཞི་རྩ་བཞག་པའི་ཐོག་ཁྱེད་ཀྱིས་དགེ་བའི་སེམས་ཀྱི་གནས་བབས་ཤིག་སྐྱེད་ཐུབ། གལ་ཏེ་ཁྱེད་ཀྱིས་སེམས་དེ་ཉིན་མོའི་བྲེལ་ཟིང་ངམ་ཡང་ན་འདིར་འབྱོར་བར་མོ་ཊ་འཚང་འགག་ནང་ཚུད་པ་སོགས་ལ་གཞི་བྱས་ཏེ་དགེ་བའི་སེམས་ཀྱི་གནས་བབས་ཤིག་སྐྱེད་ཐབས་ཙམ་བྱས་ན། དེ་ནི་ཧ་ཅང་དཀའ་ལས་ཁག་པོ་རེད། རྒྱུ་མཚན་དེ་ལྟར་ན། ཐོག་མར་སེམས་བར་མའམ་བཏང་སྙོམས་ལུང་མ་བསྟན་ཞིག་སྐྱེད་དགོས་པ་དང་། དེ་ནི་དབུགས་ལ་དམིགས་པ་གཏད་པ་ལས་ཐོབ་ཀྱི་ཡོད། དེའི་རྗེས་སུ་དགེ་བའི་ཀུན་སློང་སླེབས་ཀྱི་ཡོད། དེར་བརྟེན་ངའི་ཆོས་འཁྲིད་བྱེད་ཚུལ་ལྟར་ན། ངས་ཐོག་མའི་ཕྱག་མ་འཚལ་གོང་དང་མར་མ་བསྡད་གོང་དབུགས་ལ་དམིགས་པ་གཏད་རྒྱུ་དང་ཀུན་སློང་བཅོས་རྒྱུའི་སྔོན་འགྲོའི་རིམ་པ་འདི་ཁ་སྣོན་བྱས་པ་ཡིན། ཨ་ཅང་ཅང་ང་ཚོས་དེ་གོ་རིམ་ཡང་དག་པའི་ཐོག་ནས་བསྐྱར་ལྡབ་ཡང་བསྐྱར་ལྡབ་བྱེད་ཆོག །ཐེངས་མ་གཉིས་བྱེད་པར་སྐྱོན་གང་ཡང་མེད་སྙམ།

ང་ཚོས་གང་ཞིག་སྤོང་ཐབས་བྱེད་དགོས་སམ་ཞེ་ན། སོ་སོའི་ཉམས་ལེན་དེ་དྲན་མེད་ཚོར་མེད་ཀྱི་འཕྲུལ་ཆས་ཤིག་ཏུ་མི་ཆགས་པར་བྱེད་དགོས། དེ་ལྟར་ཆགས་རྒྱུ་ཧ་ཅང་ལས་སླ་པོ་ཡོད། དེ་ནི་ཚོར་བ་མེད་པའི་འཕྲུལ་ཆས་ལྟ་བུའི་ཉམས་ལེན་ཞིག་རེད། ཁྱེད་རང་དེའི་བརྒྱུད་དེ་བྲེལ་འཚུབ་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། རྒྱུ་མཚན་གང་ཡིན་རུང་ཁྱེད་ཀྱིས་དེ་ལྟར་བྱ་རྒྱུའི་འགན་འཁྲི་ཡོད་པར་ཚོར་བ་དང་། གལ་ཏེ་མ་བྱས་ན། རང་ཉིད་ནག་ཉེས་ཅན་དུ་ཚོར་བའམ། ཡང་ན་དེ་ནི་ཉིན་ལྟར་སོ་བཀྲུ་དགོས་པ་ནང་བཞིན་གོམས་གཤིས་ཧ་ཅང་བརྟན་པོ་ཞིག་ཏུ་གྱུར་ནས་དེ་མི་བྱ་ཀ་མེད་ཆགས་ཀྱི་ཡོད། འོན་ཀྱང་དེ་ལ་ཚོར་བ་མེད། ནམ་ཞིག་ང་ཚོའི་ཉམས་ལེན་དེ་ཚོར་མེད་ཀྱི་འཕྲུལ་ཆས་ལྟ་བུའི་ཉམས་ལེན་གྱི་རིགས་ཤིག་ཏུ་འགྱུར་རྒྱུའི་གོམས་གཤིས་འཇགས་ཡོད་ན། གོམས་གཤིས་དེ་མེད་པ་བཟོ་རྒྱུ་ཤིན་ཏུ་ནི་དཀའ།

བྱས་ཙང་། ཁྱེད་རང་ཐོག་མར་འགོ་འཛུགས་བྱེད་ཀྱི་ཡོད་ན། ཚོར་མེད་དྲན་མེད་ཀྱི་འཕྲུལ་ཆས་ལྟར་གྱི་ཉམས་ལེན་ལ་གོམས་གཤིས་ཤིག་མི་འཇགས་པར་གཟབ་ནན་བྱེད་དགོས། གོམས་གཤིས་དེའི་ནང་ཚུད་རྒྱུ་ཧ་ཅང་ལས་སླ་པོ་ཡོད། རྒྱུ་མཚན་གང་རེད་ཅེ་ན། ང་ཚོའི་མི་ཚེ་ནི་ཧ་ཅང་བྲེལ་འཚུབ་ངང་འགྲོ་གི་ཡོད། ང་ཚོར་དུས་ཚོད་ཧ་ཅང་མང་པོ་དེ་འདྲ་མེད། ཁྱེད་རང་ཞོགས་པ་གྲ་སྒྲིག་བྱས་ཏེ། ལས་ཀ་འགྲོ་དགོས་པའམ་ཕྲུ་གུར་ལྟ་སྐྱོང་བྱེད་དགོས། ཁྱེད་རང་ཉམས་ལེན་བྱེད་འདོད་ཡོད་པ་དང་། ཁྱེད་ལ་ཉིན་ལྟར་ཉམས་ལེན་བྱ་རྒྱུའི་འདུན་སེམས་ཤུགས་དྲག་ཅིག་ཡོད་ནའང་། འདོད་ཕྱོགས་དེ་ནི་རང་ཉིད་ཉམས་ལེན་ལ་བྲེལ་འཚུབ་ངང་བྱེད་འདོད་དང་བཅས་གང་མགྱོགས་མགྱོགས་ཚར་བ་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། ཉིན་མོའི་གུང་དེ་ལས་གཞན་པའི་ལས་དོན་མང་པོ་ཞིག་ཀྱང་བྱེད་དགོས་ཀྱི་ཡོད། དེ་ནི་ང་ཚོས་གདོང་ལེན་བྱེད་དགོས་པའི་དངོས་ཡོད་གནས་སྟངས་ཤིག་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་འཕྲལ་དུ་ཀུན་སློང་དང་། འདུན་སེམས། ཚོར་བ་ལ་སོགས་པ་སྐྱེད་ཐུབ་པར་བྱ་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད། ཨ་ཅང་ཅང་དེ་ནི་གོམས་འདྲིས་དང་སྒོམ་ཧ་ཅང་མང་པོ་རྒྱག་ན། གཞི་ནས་འབྱུང་གི་ཡོད་ནའང་དེ་ལྟར་སྐྱེད་ཐུབ་པར་བྱེད་དགོས། ང་ཚོས་སོ་སོའི་ཀུན་སློང་ལ་སླར་ཡང་ངེས་བརྟན་བཟོ་ནའང་། ཀུན་སློང་ནི་རྟག་ཏུ་ཧ་ལམ་དྲན་ཤེས་མེད་པ་ལྟ་བུར་དེར་ཡོད་དགོས། བྱས་ཙང་། ཕྱགས་འཚལ་བ་དང་སྟན་ལ་མ་འཁོད་གོང་ངམ་མར་མ་བསྡད་གོང་ལ་ང་ཚོས་སོ་སོའི་མདུན་དུ་སྐྱབས་ཡུལ་དམིགས་རྣམ་དུ་བྱེད་དགོས། དེ་ནས་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་སེམས་ཀྱི་ཀུན་སློང་ལ་སླར་ཡང་ངེས་བརྟན་བཟོ་དགོས།

ཉེན་མེད་ཀྱི་ཁ་ཕྱོགས། ༼སྐྱབས་འགྲོ།༽

སྐབས་འདིར་སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་ཀྱི་སྐོར་རྒྱས་པ་ཞུ་རྒྱུའི་དུས་སྐབས་ཤིག་མིན་ནའང་། དེ་དག་ལ་གལ་གནད་ཆུང་ཆུང་དུ་འཛིན་རྒྱུ་མེད། ངས་ཨིན་སྐད་ནང་གི་ Refuge སྐྱབས་འགྲོ་ཞེས་པའི་ཐ་སྙད་ཀྱི་ཚབ་ལ་ Safe direction ཉེན་མེད་ཀྱི་ཁ་ཕྱོགས་ཞེས་དགའ་འདེམས་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ནི་ཉེན་མེད་ཀྱི་ཁ་ཕྱོགས་དེ་ཏོག་ཙམ་ཧུར་བརྩོན་དང་ལྡན་ཆེ་བར་མཐོང་སོང་། མ་མཐར་ཡང་ཨིན་སྐད་ནང་ Refuge ཞེས་པ་དེ་གང་འཚམས་ཀྱི་ཧུར་བརྩོན་དང་མི་ལྡན་པའི་ཚིག་ཅིག་རེད། དེ་ནི་ང་ཚོ་ཧུར་བརྩོན་དང་མི་ལྡན་པའི་སྒོ་ནས། “ཀྱེ། སངས་རྒྱས་དང་། ཆོས། དགེ་འདུན་གསུམ་བདག་ལ་བསྐྱབ་ཏུ་གསོལ།” ཞེས་ཟེར་བ་དེ་འདྲ་མ་རེད། དེ་ལས་ལྡོག་སྟེ། ང་ཚོས་སངས་རྒྱས་དང་། ཆོས། དགེ་འདུན་བཅས་དཀོན་མཆོག་གསུམ་གྱི་ཁ་ཕྱོགས་སུ་འགྲོ་བའི་སྒོ་ནས་རང་གིས་རང་བསྐྱོབ་དགོས། ཁ་ཕྱོགས་དེ་ནི་ཁོང་རྣམས་ཀྱིས་སྟོན་གྱི་ཡོད།

དཀོན་མཆོག་གསུམ་ལ་རིམ་པ་མི་འདྲ་བ་མང་པོ་ཡོད། དཀོན་མཆོག་ཅེས་པ་ནི་བོད་མི་ཚོའི་ཡིག་བསྒྱུར་བྱེད་ཚུལ་ཞིག་རེད། དེ་ནི་ཐུན་མིན་གྱི་གོ་དོན་དཀོན་པོ་དང་མཆོག་ཏུ་གྱུར་བ་དེ་རེད། སྟབས་བདེ་པོའི་སྒོ་ནས་བཤད་ན། མཐར་ཐུག་གི་ཆོས་དཀོན་མཆོག་ནི་འཕགས་པའི་བདེན་པ་གསུམ་པ་འགོག་བདེན་དང་བཞི་པ་ལམ་གྱི་བདེན་པ་རེད། དེ་ཡང་སྡུག་བསྔལ་དང་དེའི་རྒྱུ་དང་བཅས་པ་འགོག་པ་དེ་ཡིན། ང་ཚོས་ལམ་གྱི་བདེན་པའི་སྐོར་ཤོད་སྐབས། དེ་ནི་ང་ཚོ་གོམ་པ་སྤོ་ས་འདྲ་པོ་ཞིག་མ་རེད། དེ་ནི་སེམས་ཀྱི་གནས་བབས་ཤིག་རེད། དེ་ཡང་གཏིང་ཟབ་པའི་གོ་རྟོགས་ཤིག་ཡིན་པ་དང་། དེས་ང་ཚོ་དམིགས་ཡུལ་སངས་རྒྱས་ཀྱི་གོ་འཕང་ཕྱོགས་སུ་འཁྲིད་པར་བྱེད་པའི་ལམ་བྱེད་ཀྱི་ཡོད། བྱས་ཙང་། ང་ཚོས་འགོག་བདེན་ཐོབ་པར་བྱེད་པའི་གོ་རྟོགས་དང་། དུས་ནམ་ཞིག་གི་ཚེ་འགོག་བདེན་ཐོབ་པའི་སྐབས་ཀྱི་གོ་རྟོགས་སམ་སེམས་ཞེས་འབྲས་བུའི་རིམ་པའི་སྐོར་ཤོད་ཀྱིན་ཡོད།

འདི་ནི་དཀོན་མཆོག་གསུམ་གྱི་སྐོར་དེ་དངོས་གནས་ཧ་ཅང་དཀའ་ལས་ཁག་པོ་དང་ཟབ་པོ་ཡོད་པས། ང་ཚོས་སྡུག་བསྔལ་རྒྱུ་དང་བཅས་པ་སྤོང་རུང་ཡིན་པར་རྟོགས་དགོས་པ་དང་ཡིད་ཆེས་རྙེད་དགོས། ལས་འབྲས་ཀྱི་རྣམ་གཞག་རྟོགས་དགོས་རྒྱུ་ནི་ཤོད་མི་དགོས་པ་ཡིན། ང་ཚོའི་སེམས་ཀྱི་གཞི་རྩའི་རང་བཞིན་ནི་དག་པ་ཡིན་པས། འགོག་བདེན་ཐོབ་རུང་ཡིན་པ་སྟོན་གྱི་ཡོད། འདི་རྟོགས་ཐབས་བྱེད་པའི་ཐབས་ཚུལ་ལ་རིམ་པ་མི་འདྲ་བ་མང་པོ་ཞིག་ཡོད་དེ།

  • ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་དཔལ་ནཱ་ལནྜཱའི་པཎ་གྲུབ་བཅུ་བདུན་གྱི་བསྟོད་པའི་ནང་། གལ་ཏེ་ཁྱེད་ཀྱིས་ཆོས་རྣམས་ཀྱི་ཀུན་རྫོབ་དང་དོན་དམ་གྱི་བདེན་པ་གཉིས་རྟོགས་ན། དེ་ནས་ཁྱེད་ཀྱིས་འཕགས་པའི་བདེན་པ་བཞིའི་སྐོར་རྟོགས་ཐུབ། གལ་ཏེ་ཁྱེད་ཀྱིས་འཕགས་པའི་བདེན་པ་བཞི་རྟོགས་ན། དེ་ནས་ཁྱེད་ཀྱིས་དཀོན་མཆོག་གསུམ་རྟོགས་ཐུབ། ༼དངོས་ཡོད་རིང་ལུགས། ནང་པའི་ལམ་དང་དེའི་དམིགས་ཡུལ་གྱི་གཞི་རྟེན་ཞེས་པར་གཟིགས།༽
  • དེ་ལ་འཇུག་ཚུལ་གཞན་ཞིག་ཡོད་པ་ནི། ཇི་ལྟར་བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་ཀྱི་རྣལ་འབྱོར་ནང་། སངས་རྒྱས་ཀྱི་སྐུ་བཞི་རྟོགས་པ་དེ་ལ་བརྟེན་ནས་ང་ཚོར་སྐྱབས་འགྲོའམ་ཉེན་མེད་ཀྱི་ཁ་ཕྱོགས་སྔར་ལས་བརྟན་པ་ཞིག་སྦྱིན་གྱི་ཡོད་ཅེས་གསུངས་པ་ལྟ་བུ་རེད།
  • ཡང་ན་ང་ཚོས་ཕྱག་རྒྱ་ཆེན་པོ་དང་རྫོགས་པ་ཆེན་པོའི་ལྟ་ཚུལ་གྱི་སྒོ་ནས་རང་བཞིན་དག་པའི་སེམས་ཀྱི་ངོ་བོ་ལ་གཞིགས་ཏེ། འགོག་བདེན་དང་ལམ་བདེན་ལ་ཐོབ་རུང་ཡིན་པར་ཡིད་ཆེས་རྙེད་པའི་ཐོག་འཇུག་ཆོག

དོན་དག་གཙོ་བོ་ནི། གལ་ཏེ་ང་ཚོས་སྐྱབས་སུ་སོང་བའམ་ཁ་ཕྱོགས་དེར་ཕྱིན་ན། ཁ་ཕྱོགས་དེར་འགྲོ་ཐུབ་པར་ངེས་ཤེས་རྙེད་པ་ཞིག་དགོས་པ་ལས། “ངས་ཕྱིན་ཏེ་སྡུག་བསྔལ་མེད་པ་བཟོ་ཐབས་སོགས་བྱེད་ཆོག །འོན་ཀྱང་ངས་དམིགས་ཡུལ་འཐོབ་ཐུབ་ཀྱི་མ་རེད།” ཅེས་ཟེར་བ་ཙམ་གྱི་མི་ཕན། ༼མི་ཧ་ཅང་མང་པོ་དེ་འདྲའི་ཐོག་ནས་འགྲོ་གི་ཡོད།༽ ཡིན་ནའང་དེ་དངོས་གནས་བརྟན་པོ་ཡོང་བར། འགོག་པའི་བདེན་པ་སྟེ། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དེ་དངོས་གནས་ཐོབ་རུང་ཡིན་པར་ཡིད་ཆེས་བརྟན་པོ་རྙེད་དགོས།

འདི་ནི་གལ་གནད་ཆུང་ཆུང་དང་རྟོགས་རྒྱུ་ལས་སླ་པོ་ཞིག་གམ། ཡང་ན་རྒྱུ་མཚན་གྱི་སྒོ་ནས་ཡིད་ཆེས་རྙེད་སླ་བ་ཞིག་མིན། བྱས་ཙང་། དོན་ངོ་མར་ང་ཚོས་དེའི་ཐད་འབད་བརྩོན་ཤུགས་ཆེན་བྱེད་དགོས་པ་ཞིག་ཡིན། ང་ཚོ་མང་ཆེ་བས་དེ་བདེན་པ་ཡིན་ཤག་གིས་ཐོག་མར་འགོ་འཛུགས་བྱེད་ཀྱི་ཡོད། གལ་ཏེ་ཁྱེད་ཀྱིས་དེའི་སྐོར་བསམས་ནའང་། ཡག་ཤོས་དེ་ཁྱེད་ཀྱིས་བདེན་པ་ཡིན་ཤག་དང་བདེན་པ་ཡིན་རེ་བྱས་ཏེ་འགོ་འཛུགས་བྱ་རྒྱུ་དེ་ཡིན། དེ་ནས་ཁ་ཕྱོགས་དེར་འགྲོ་བར་འབད་བརྩོན་བྱེད་དགོས། འོན་ཀྱང་གལ་ཏེ་ཉེན་མེད་ཀྱི་ཁ་ཕྱོགས་འདི་སོ་སོའི་སེམས་ནང་བསམ་པ་རྣམ་དག་ཡིན་ན། དེས་ང་ཚོའི་མི་ཚེའི་ནང་འགྱུར་ལྡོག་ཆེན་པོ་ཞིག་བཟོ་ཡི་ཡོད། ང་ཚོས་སོ་སོ་རང་ཉིད་ཡར་རྒྱས་ཀྱི་ཆེད་འབད་ཀྱི་ཡོད་པ་ཙམ་མིན། དེ་ཡང་འགྱུར་ལྡོག་ཆེན་པོ་རེད། འོན་ཀྱང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་རུང་ཡིན་པར་ང་ཚོས་ཡིད་ཆེས་རྙེད་ཡོད། བྱས་ཙང་། སེམས་སྡུག་བྱ་དགོས་དོན་ཅི་ཡོད་དམ། ཤོད་སྲོལ་ལ། གལ་ཏེ་ཁྱེད་རང་མེས་འཚིག་བཞིན་པའི་ཁང་པ་ཞིག་གི་ནང་ཡོད་པ་དང་། དེ་ལས་ཐར་ཐབས་ཡོད་པ་ཁྱེད་ཀྱིས་ཤེས་ཀྱི་ཡོད་ན། ཁྱེད་རང་ཕྱིར་འདོན་ཐབས་སམ་ཐར་ཐབས་མི་བྱེད་པའི་རྒྱུ་མཚན་གང་ཡིན་ནམ།

སངས་རྒྱས་རྣམས་ནི་འགོག་བདེན་དང་ལམ་བདེན་ཡོངས་སུ་རྫོགས་པ་ཐོབ་མཁན་དང་དེ་ལྟར་འཐོབ་ཚུལ་སྟོན་གནང་མཁན་རེད། དགེ་འདུན་ནི་འཕགས་པའི་དགེ་འདུན་ལ་གོ་བ་ཡིན། ཁོང་རྣམས་ཀྱིས་འགོག་བདེན་ཆ་ཙམ་དང་ལམ་བདེན་ཆ་ཙམ་ཐོབ་མཁན་རྣམས་རེད། ཡིན་ནའང་ཁོང་རྣམས་ཀྱིས་ཆ་ཚང་རྟོགས་མེད། བྱས་ཙང་། འདིར་དགེ་འདུན་ཞེས་ལེགས་སྦྱར་སྐད་དུ་སངྒཱ་ཟེར་བ་དེ་ནུབ་ཕྱོགས་ཀྱི་བཀོལ་སྤྱོད་བྱེད་སྟངས་ལྟར། ཆོས་ཚོགས་སུ་སླེབས་པའམ་ཞུགས་མཁན་རྣམས་ལ་སངྒཱ་ཞེས་ཟེར་བའི་སྐོར་ཤོད་ཀྱི་མེད། དེ་ག་ནང་བཞིན་དགོན་སྡེ་ཁག་ལ་ཡོད་པའི་ཀུན་རྫོབ་ཀྱི་དགེ་འདུན་ཙམ་དེ་ཡང་མ་རེད། དེ་ནི་འཕགས་པའི་དགེ་འདུན་གྱི་མཚོན་བྱེད་རེད། ཁ་ཕྱོགས་ངོ་མ་སྟོན་མཁན་ནི་འཕགས་པའི་དགེ་འདུན་ཡིན།

དཀོན་མཆོག་གསུམ་དམིགས་རྣམ་དུ་བྱེད་པ།

སྐྱབས་སུ་འགྲོ་བར། ང་ཚོའི་མདུན་དུ་འགྲོ་བར་འདོད་པའི་ཁ་ཕྱོགས་དེ་མཚོན་པར་བྱེད་མཁན་ཞིག་དམིགས་རྣམ་དུ་བྱེད་དགོས། དེ་ནི་དམིགས་རྣམ་བྱེད་ཚུལ་ཧ་ཅང་རྒྱས་པོ་ཞིག་ཡིན་ཆོག །འོན་ཀྱང་སྲོལ་རྒྱུན་གྱི་ཉམས་ལེན་བྱེད་སྟངས་ཤིག་ཡོད་པ་དེ་ལ་ “དཀོན་མཆོག་ཀུན་འདུས་” ཞེས་ཟེར། དེ་ནི་ཁྱེད་ཀྱིས་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ཁོ་ན་དམིགས་རྣམ་དུ་བྱེད་དགོས། ཁོང་ནི་རང་གི་བླ་མ་དང་གཉིས་སུ་མེད་པའམ་དབྱེར་མེད་དུ་བལྟ་དགོས། ཁོང་ནི་པདྨ་ཉི་ཟླའི་ཁྲིའི་སྟེང་དུ་བཞུགས་པ་ནི་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས། དེ་བཞིན་སྟོང་ཉིད་རྟོགས་པ་མཚོན། སངས་རྒྱུས་ཀྱི་སྐུས་དགེ་འདུན་དང་། གསུང་གིས་ཆོས། ཐུགས་ཀྱིས་སངས་རྒྱས་མཚོན།

དམིགས་རྣམ་བྱེད་པའི་སྐབས་ཧ་ཅང་འཁར་རྒྱུ་མེད་ཅེས་ངས་ནན་གྱིས་བརྗོད་འདོད་བྱུང་། མི་མང་པོ་ལ་དམིགས་རྣམ་བྱེད་ཚུལ་ཐད་དཀའ་ངལ་ཡོད། དེ་ནི་དོན་དག་གཙོ་བོ་དེ་མ་རེད། གནད་དོན་གཙོ་བོ་ནི། ང་ཚོས་གང་ཞིག་ལ་དམིགས་པ་གཏད་ཀྱིན་ཡོད་པ་མཚོན་པའི་དམིགས་པའི་ཡུལ་ཙམ་ཞིག་ཡོད་དགོས། རྗེ་ཙོང་ཁ་པས་ཁྱེད་ཀྱིས་དམིགས་རྣམ་བྱེད་ཚུལ་ཇི་ལྟར་སྦྱོང་བརྡར་བྱེད་དགོས་པའི་སྐོར་ཧ་ཅང་ཡག་པོ་འགྲེལ་བརྗོད་མཛད་ཡོད། ཁོང་གིས། དམིགས་པའི་ཡུལ་སྤྱིར་བཏང་ཞིག་གམ། གསལ་ཁ་མེད་པ་ཞིག་ལ་བརྟེན་ནས་ཁྱེད་ཀྱི་རྩེ་གཅིག་པའི་ཏིང་ངེ་འཛིན་ཡར་རྒྱས་འགྲོ་བ་དང་མཉམ་དུ་དམིགས་གཏད་དང་ཞིབ་ཕྲའི་གནད་དོན་རང་ཤུགས་ཀྱིས་འབྱུང་གི་ཡོད། ༼དེ་ལྟར་འབྱུང་བར་ཁྱེད་ཀྱིས་དེ་གང་འདྲ་ཞིག་ཡོད་པ་ཤེས་དགོས་ངེས་རེད།༽ བྱས་ཙང་། དམིགས་རྣམ་གྱི་ཞིབ་ཕྲའི་གནད་དོན་ལ་རྦད་དེ་མགོ་འཁོར་བའི་སྐྱོན་དང་། ཁྱེད་ཀྱིས་དམིགས་རྣམ་དུ་བྱེད་མི་ཐུབ་པ་སོང་ཙང་། དེའི་དབང་འོག་ཏུ་ཤོར་བ་དང་སེམས་ཤུགས་ཆག་པ་སོགས་སྤོང་ཐབས་བྱེད་རོགས།

བྱང་ཆུབ་ཀྱི་སེམས།

ཁྱེད་རང་འགྲོ་འདོད་ཡོད་པའི་ཁ་ཕྱོགས་དེ་སླར་ཡང་ངེས་བརྟན་བཟོས་རྗེས་ཁྱེད་ཀྱིས་བྱང་ཆུབ་ཀྱི་སེམས་སླར་ཡང་ངེས་བརྟན་བཟོ་དགོས། ཀུན་སློང་ཞིག་སྐྲུན་པར་རྣམ་པ་གཉིས་ཡོད། དངོས་གནས་བྱས་ན། བོད་སྐད་དུ་ཀུན་སློང་ཟེར་བ་ལ་ཨིན་སྐད་དུ་ motivation ཞེས་བསྒྱུར་ཡོད། ཀུན་སློང་ཞེས་པ་ནི། ཁྱེད་ལ་སྐུལ་སློང་སྦྱིན་མཁན་དང་ཁ་ཕྱོགས་དེར་འཁྲིད་འཇུག་མཁན་དེ་རེད། བྱས་ཙང་། དེ་ལ་ཆ་ཤས་གཉིས་ཡོད་དེ། གཅིག་ནི་བསྒྲུབ་བྱའི་དམིགས་ཡུལ་དེ་རེད། གཞན་དེ་ནི་དམིགས་ཡུལ་དེ་བསྒྲུབ་པར་སྐུལ་མ་སྦྱིན་མཁན་གྱི་སེམས་ཚོར་གྱི་གནས་བབས་ཤིག་རེད། ཀུན་སློང་ལ་རྣམ་པ་དེ་གཉིས་ཡོད།

འདིར་དམིགས་ཡུལ་ནི་ཐར་པ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་བ་ཙམ་མིན། གང་ཡིན་ཟེར་ན། སྐྱབས་འགྲོའི་དམིགས་ཡུལ་ནི་གསུམ་སྟེ།

  • ཐར་པ་སྟེ། ཉན་ཐོས་ཀྱི་དགྲ་བཅོམ་པའི་གོ་འཕང་ཐོབ་པ་དེ་ཡིན། དེ་ནི་སངས་རྒྱས་ཀྱི་ཆོས་གནས་པའི་སྐབས་དེ་ལ་ཉན་པའམ་ཐོས་བསམ་བྱེད་པའམ།
  • ཡང་ན་རང་སངས་རྒྱས་སམ་རང་རྒྱལ་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ལའང་ཐར་པ་ཞེས་བྱ་སྟེ། མུན་པའི་བསྐལ་པའི་དུས་སུ་སངས་རྒྱས་རྣམས་མེད་པའི་སྐབས། ཁྱེད་ཀྱིས་སོ་སོའི་ལྷན་སྐྱེས་ཀྱི་རིག་པ་ཙམ་ལ་ཡིད་རྟོན་བྱེད་དགོས།
  • ཡང་མིན་ན་བྱང་ཆུབ་སེམས་དཔའ་ལྟ་བུ་ཐར་པའི་གོ་འཕང་ཙམ་མིན་པར། སངས་རྒྱས་ཀྱི་གོ་འཕང་འཐོབ་པར་དམིགས་པ་བཅས་གང་རུང་ཡིན།

ཉེན་མེད་ཀྱི་ཁ་ཕྱོགས་སམ་སྐྱབས་འགྲོ་ནི་གོང་དུ་གསལ་བའི་ཐོབ་རུང་གི་དམིགས་ཡུལ་གསུམ་གྱི་ཆེད་དུ་ཡིན།

ཐེག་པ་ཆེན་པོའི་ལྟ་ཚུལ་ལྟར་བྱས་ན། གང་ལྟར་ཡང་། ང་ཚོས་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་ཀྱི་ཡོད་པ་དང་། སངས་རྒྱས་ཀྱི་གོ་འཕང་འཐོབ་པར་དང་པོ་ཐར་པའི་གོ་འཕང་ཐོབ་དགོས་ཀྱི་ཡོད། བྱས་ཙང་། ཉན་ཐོས་ཀྱི་དམིགས་ཡུལ་དེ་འབྲེལ་མེད་ཅིག་ཡིན་པར་བསམ་རྒྱུ་མེད། ཁྱེད་ཀྱིས་ཐེག་ཆེན་གྱི་ཀུན་སློང་བྱམས་པ་དང་སྙིང་རྗེ་སོགས་ལ་བརྟེན་ནས་ཉན་ཐོས་ཀྱི་དམིགས་ཡུལ་བཟུང་ན་ཆོག །འོན་ཀྱང་ཁྱེད་ཀྱིས་དམིགས་ཡུལ་དེ་ཡང་འཐོབ་དགོས་ངེས་རེད། དེ་ལ་དུས་ཚོད་ཧ་ཅང་རིང་པོ་འགོར་སྲིད། དཔེར་ན། སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གསོག་དགོས་པས། ང་ཚོས་ཕལ་ཆེར་དམ་པའི་ཆོས་མེད་པའི་མུན་པའི་བསྐལ་པའི་སྐབས་སུའང་ཉམས་ལེན་བྱེད་དགོས་ཐུག་སྲིད་ལ། ང་ཚོས་ཉམས་ལེན་བྱེད་ཐུབ་པར་རང་སངས་རྒྱས་ནང་བཞིན་ལྷན་སྐྱེས་ཀྱི་རིག་པ་ནུས་ཤུགས་ལྡན་པ་དགོས་ངེས་རེད། བྱས་ཙང་། དེ་འབྲེལ་བ་མེད་པ་ཞིག་མ་ཡིན།

ངའི་བསམ་པར། “ཨོ། ང་རང་བྱང་ཆུབ་སེམས་དཔའ་ཞིག་ཆགས་འདོད་འདུག །ང་རང་སངས་རྒྱས་ཀྱི་གོ་འཕང་འཐོབ་འདོད་འདུག །ཉན་ཐོས་དང་རང་རྒྱལ་ལྟ་བུའི་སེམས་ཅན་དམའ་བ་རྣམས་ནི་བརྩི་བཀུར་འོས་པ་ཞིག་མིན་པ་མ་ཟད། འབྲེལ་བ་མེད་པ་ཞིག་རེད།” ཅེས་ཁེངས་དྲེགས་ཀྱི་བསམ་ཕྱོགས་འཛིན་མི་རུང་བ་གལ་ཆེ། དམིགས་བསལ་རང་རྒྱལ་རྣམས་འབྲེལ་བ་མེད་པ་ཞིག་མིན། དེ་དག་ལ་མི་རྣམས་ཀྱིས་ནམ་རྒྱུན་སྣང་མེད་མང་ཤོས་གཏོང་གི་ཡོད། འོན་ཀྱང་ཁྱེད་ཀྱིས་དེའི་ཐད་དངོས་གནས་བསམ་བློ་བཏང་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་དུས་ཚོད་རིང་པོ་ཇི་ཙམ་འགོར་གྱི་ཡོད་པའི་སྐོར་ལ་བསམས་ན། ང་ཚོ་མུན་བསྐལ་གྱི་དུས་སུ་ལྷག་སྲིད་པ་ངེས་པ་རེད། ད་གཟོད་ཁྱེད་ཀྱིས། “སངས་རྒྱས་རྣམས་ཀྱིས་གྲངས་མེད་པའི་འཇིག་རྟེན་ནང་ཆོས་གསུང་གི་ཡོད་པས། འདིར་མུན་པའི་བསྐལ་བ་ཡིན་པའི་སྐབས། སངས་རྒྱས་ཀྱིས་ས་ཆ་གཞན་ཞིག་ཏུ་ཆོས་གསུང་གི་རེད། ང་ཚོ་ས་ཆ་དེར་སྐྱེ་བ་ལེན་སྲིད།” ཅེས་ཟེར་ཆོག་ཀྱང་། དེ་འདྲ་ཡོང་མིན་ཁྱེད་ཀྱིས་ནམ་ཡང་ཤེས་ཚོད་མི་ཐིག་པ་ཡིན། ཁྱེད་རང་གང་དུ་སྐྱེ་བ་ལེན་རྒྱུ་ཡིན་པ་ནམ་ཡང་མི་ཤེས། “ཐ་ན་སངས་རྒྱས་རྣམས་བཞུགས་མེད་པ་དང་། ཆོས་གནས་མེད་ནའང་། གང་ལྟར་ངའི་ལྷན་སྐྱེས་ཀྱི་རིག་པ་ཤུགས་ཆེ་དྲགས་ནས་སྐྱབས་ཡུལ་ལམ་ཁ་ཕྱོགས་དེའི་ནང་འགོད་པར་ཤོག་” ཅེས་སྨོན་དགོས།

ངའི་བསམ་བློའི་ནང་། གཅིག་སྡུད་ཀྱི་ཆོས་ལུགས་ལ་རྒྱབ་འགལ་བྱེད་པའི་ལམ་སྲོལ་ནང་བསྡད་པའི་མི་རྣམས་ལ་ངས་གོང་དུ་གང་འགྲེལ་བརྗོད་བྱས་པ་དེ་ཏོག་ཙམ་འབྲེལ་མེད་དོན་གཞན་གྱི་བསམ་བློ་ཞིག་འཁོར་ཡོད།

ད་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་ང་ཚོའི་དམིགས་ཡུལ་ནི་སངས་རྒྱས་ཀྱི་གོ་འཕང་རེད། སླར་ཡང་ང་ཚོས་སོ་སོའི་མདུན་དུ་རང་གི་བླ་མ་དང་དབྱེར་མེད་པར་དམིགས་རྣམ་བྱེད་པའི་སངས་རྒྱས་དེས་དམིགས་ཡུལ་སངས་རྒྱས་ཀྱི་གོ་འཕང་དེ་མཚོན་གྱི་ཡོད། དེའི་ཕྱོགས་སུ་འཁྲིད་པར་བྱེད་པའི་སེམས་ཚོར་ནི་བྱམས་པ་དང་། སྙིང་རྗེ། ལྷག་པའི་བསམ་པ་བཅས་ཡིན། དེ་དག་གཞི་རྩར་བཞག་ནས་ང་ཚོས་གཞན་གྱི་མི་ཚེའི་འཕེལ་འགྲིབ་ཙམ་ལ་རོགས་བྱེད་པ་ཙམ་མིན་པར། དེ་དག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པར་བྱ་རྒྱུའི་འགན་འཁྲི་ལེན་གྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ཀུན་སློང་གི་སྐོར་ག་དུས་སྐད་ཆ་ཤོད་པའི་སྐབས། ངས་དེ་ལ་ནན་བརྗོད་བྱེད་ཀྱི་ཡོད། དེ་ནི་ང་ཚོས་ནམ་རྒྱུན་འཆར་ཅན་གྱི་ལྟོགས་པའི་སྐབས་ཟས་སྦྱིན་པ་སོགས་ཀྱི་སྒོ་ནས་རོགས་བྱེད་པ་ཙམ་མིན་པར། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་ ༼བདེ་བ་དཀྱུས་མའམ་ཉི་ཚེ་བའམ་ཟག་བཅས་ཀྱི་བདེ་བ་༽ སྡུག་བསྔལ། ཁྱབ་པ་འདུ་བྱེད་ ༼དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་༽ ཀྱི་སྡུག་བསྔལ་བཅས་ཀྱི་གཞི་རྩ་ལས་ཐར་བར་རོགས་བྱེད་དགོས། དེ་དག་ལས་མ་ཐར་གྱི་བར་དུ་རང་གིས་འགན་འཁྲི་ཆ་ཚང་འཁྱེར་དགོས། དེ་ནི་ཆོད་སེམས་ཁྱད་པར་ཅན་ནམ་ལྷག་པའི་བསམ་པ་དེ་རེད།

འོན་ཀྱང་ང་ཚོས་སྟོན་པ་ཤཱཀྱ་ཐུབ་པའི་གོ་འཕང་ཐོབ་པར་དམིགས་ཀྱི་མེད་ལ་སྤྱིར་བཏང་སངས་རྒྱས་ཀྱི་གོ་འཕང་ཐོབ་ཕྱིར་དམིགས་ཀྱི་མེད། ཡིན་ནའང་ང་ཚོས་སོ་སོ་རང་ཉིད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་དམིགས་ཀྱི་ཡོད། འོན་ཀྱང་གོ་འཕང་དེ་ད་ལྟ་ཐོབ་མེད་ཀྱང་། སེམས་ཀྱི་རང་བཞིན་དག་པ་སྟེ། སེམས་ཀྱི་སྟོང་པ་ཉིད་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་པ་ལ་གཞི་བྱས་ཏེ། སྡུག་བསྔལ་དང་དེའི་རྒྱུ་དང་བཅས་ལས་ཐར་ནས་འགོག་བདེན་ཐོབ་རུང་ཡིན།

གལ་ཏེ་སེམས་ཀྱི་རང་བཞིན་དག་པ་སོགས་ཀྱི་སྒོ་ནས་དམིགས་ཡུལ་དེ་ཐོབ་རུང་ཡིན་པ་ང་ཚོས་ཡིད་ཆེས་རྙེད་ན། དེ་ནས་སངས་རྒྱས་ཀྱི་རིགས་མི་འདྲ་བ་རྣམས་ཀྱང་དེ་དང་འབྲེལ་བའི་རྒྱུ་ཆགས་ཀྱི་རེད། གང་ལྟར་ཡང་། རྒྱུ་ནི་འབྲས་བུ་སྨིན་རུང་ཡིན་པ་ཁོ་ན་དང་འབྲེལ་བའི་ཐོག་ནས་རྒྱུ་ཆགས་ཐུབ།

དོན་ངོ་མར་སྙིང་རྗེ་དང་བྱམས་པ་ལ་སོགས་པའི་སེམས་ཚོར་གྱི་ཆ་ཡོངས་སུ་རྫོགས་པ་ལས་ལོགས་སུ་ཁྱེད་ཀྱིས་ཇི་ཙམ་གཏིང་རིང་པོར་བསམ་བློ་གཏོང་བ་དེ་ཙམ་གྱིས་བྱང་ཆུབ་ཀྱི་སེམས་ལ་གོ་རྟོགས་ཧ་ཅང་ཆེན་པོ་ཞིག་དགོས། དེ་ལྟར་ཐོབ་རུང་ཡིན་པའི་འགོག་བདེན་དང་ལམ་བདེན་གྱི་ཉེན་མེད་ཁ་ཕྱོགས་ལ་གཞི་བྱས་ཏེ། རྒྱུ་དང་འབྲས་བུའི་རྣམ་གཞག་ལ་གོ་རྟོགས་དང་། རང་སོ་སོའི་སེམས་རྒྱུན་ལ་ཡོད་པའི་རྐྱེན་སྣ་ཚོགས་པས་དེ་ལྟར་རྟོགས་པའི་རྒྱུ་ཇི་ལྟར་བྱེད་པ་ལ་གཞིགས་ནས་རྒྱུ་དང་འབྲས་བུའི་སྟོང་པ་ཉིད་ལ་གོ་རྟོགས་དགོས། འདི་ནི་ཧ་ཅང་གཏིང་ཟབ་ལ་རྒྱ་ཆེ་བའི་བརྗོད་གཞི་ཞིག་ཆགས་ཀྱི་ཡོད། སྟབས་ཉེས་པ་ཞིག་ལ་དེའི་སྐོར་ལ་ཞིབ་ཚགས་པོར་འགྲོ་རྒྱུའི་དུས་ཚོད་ང་ཚོར་མེད། འོན་ཀྱང་ང་ཚོས་བྱང་ཆུབ་སེམས་ཀྱི་ཐོག་ནས་ཤོད་སྐབས། དོན་དམ་བྱང་ཆུབ་ཀྱི་སེམས་ནི་སྟོང་ཉིད་རྟོགས་རྒྱུ་དེ་རེད། དེ་ནི་ང་ཚོ་རང་སོ་སོའི་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་བརྟན་པོ་ཡོང་ཕྱིར་དེ་འདྲ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

ད་ང་ཚོའི་མདུན་དུ་བླ་མ་དང་སངས་རྒྱས་གཉིས་དབྱེར་མེད་པར་བཞུགས་པ་དེས་གང་ཞིག་འབད་འབུངས་བྱེད་བཞིན་པའི་དམིགས་ཡུལ་དེ་མཚོན་གྱི་ཡོད། འདི་ནི་ཧ་ཅང་དོ་སྣང་བྱ་འོས་པ་ཞིག་རེད། རྗེ་སྒམ་པོ་པས། “ངས་རང་གི་སེམས་དང་བླ་མ་དང་སངས་རྒྱས་དབྱེར་མེད་པར་རྟོགས་པའི་སྐབས། ངས་ཕྱག་རྒྱ་ཆེན་པོ་རྟོགས་སོང་།” ཞེས་གསུངས་ཡོད།

སྐྱབས་འགྲོ་དང་སེམས་སྐྱེད་ཀྱི་རྗེས་སུ་གཤམ་དུ་གསལ་བའི་༧སྐྱབས་རྗེ་སེར་ཀོང་རིན་པོ་ཆེའི་གདམས་ངག་ནང་ནས་གཅིག་ཉམས་ལེན་བྱེད་ཆོག

  • ང་ཚོས་སངས་རྒྱས་ཤཱཀྱ་ཐུབ་པའི་འདྲ་ཡའམ་སྐུ་ངོ་ཚབ་དེ་སོ་སོའི་ལུས་ལ་ཐིམ་པར་བསམ་ཆོག་པའམ།
  • ང་ཚོས་སོ་སོའི་སྙིང་ཁར་ཧཱུྃ་དང་བཅས་ཏེ་ཤཱཀྱ་ཐུབ་པའི་ངོ་བོར་བསྒྱུར་བའམ།
  • ང་ཚོས་འོད་མདངས་སྣ་ཚོགས་པ་འཕྲོ་བར་བྱས་ཏེ། དེས་སེམས་ཅན་ཐམས་ཅད་སྡིག་སྒྲིབ་དག་པ་དང་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པ་དང་། དེ་ནས་དེ་དག་ཐམས་ཅད་ཤཱཀྱ་ཐུབ་པའི་ངོ་བོར་བསྒྱུར་གྱི་ཡོད། ༼བྱས་ཙང་། ང་ཚོས་དེ་དག་ཚང་མ་སངས་རྒྱས་ཤཱཀྱ་ཐུབ་པའི་རྣམ་པར་བསམ་བློ་གཏོང་དགོས།༽

དེ་ནས་ང་ཚོས་འདི་ནི་དམིགས་རྣམ་ཙམ་ཞིག་ཡིན་པར་རྟོགས་པ་སྟེ། ཁོང་ཚོ་ད་དུང་སངས་རྒྱས་ ༼ང་ཚོའང་སངས་རྒྱས་མེད་༽ མེད། བྱས་ཙང་། ཁོང་ཚོ་སངས་རྒྱས་མེད་པའི་རྒྱུ་མཚན་གང་རེད་དམ། གང་ཡིན་ཞེ་ན། ཁོང་ཚོར་ཐོག་མར་འགོ་འཛུགས་བྱེད་པའི་བཏང་སྙོམས་མེད། དེས་རྒྱུ་མཚན་རིགས་པའི་ཡར་རྒྱས་ཀྱི་ཆ་ནས་ཚད་མེད་བཞི་སྒོམ་དུ་འཇུག་གི་ཡོད། ཚད་མེད་བཞི་ནི།

༡༽ བཏང་སྙོམས་ཚད་མེད་པ་ནི། “གལ་ཏེ་ཁོང་ཚོར་བཏང་སྙོམས་ཡོད་ན། ཅི་འདྲའི་ངོ་མཚར་མི་ཆེའམ། ཁོང་ཚོར་བཏང་སྙོམས་དང་ལྡན་པར་ཤོག །ངས་བཏང་སྙོམས་དང་ལྡན་པར་བྱེད་ཀྱི་ཡིན། དེ་ལྟར་ཡོང་བར། ཀྱཻ། སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ།” ཞེས་པ་ལྟ་བུ་རེད།

༢༽ བྱམས་པ་ཚད་མེད་པ་ནི། “སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་” ཅེས་སྨོན་པ་ལྟ་བུ་རེད།

༣༽ སྙིང་རྗེ་ཚད་མེད་པ་ནི། “སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་འབྲལ་བར་གྱུར་ཅིག་” ཅེས་སྨོན་པ་ལྟ་བུ་རེད།

༤༽ དགའ་བ་ཚད་མེད་པ་ནི། ནམ་རྒྱུན་འཆར་ཅན་གྱི་བདེ་བ་དང་སྡུག་བསྔལ་གྱི་རིགས་ཙམ་མིན་པར། “སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལས་ཐོབ་པའི་བདེ་བ་དང་དེ་དག་ལས་ནམ་ཡང་མི་འབྲལ་བར་ཤོག་” ཅེས་སྨོན་པ་ལྟ་བུ་རེད།

དེ་ནས་ཁྱེད་ཀྱིས་ཤེས་པའི་ནམ་རྒྱུན་འཆར་ཅན་གྱི་གདམས་ངག་ཁག་དང་། དེའི་རྗེས་སུ་འབྲངས་ནས་རིམ་པ་རྗེས་མ་དེ་ནི།

  • ང་ཚོའི་མདུན་དུ་དམིགས་རྣམ་བྱས་པའི་སངས་རྒྱས་དེ་ཇེ་ཆུང་དུ་ཕྱིན་ནས་ང་ཚོའི་སྨིན་མའི་བར་དུ་ཐིམས་ཏེ་མར་བཞུར་བ་ལྟར་ཡལ་བར་བསམ་དགོས། དེ་ནི་སྔགས་ཀྱི་བྲོ་བ་ཉུང་བའི་ཉམས་ལེན་ཞིག་ཡིན།
  • གཞན་ཡང་དམིགས་རྣམ་བྱེད་ཚུལ་ཞིག་ནི། སངས་རྒྱས་ཡར་བཞེངས་པ་དང་། ང་ཚོས་དེའི་རྗེས་སུ་ཚོགས་ཞིང་གསལ་འདེབས་པའི་སྐབས། སངས་རྒྱས་རང་འཇགས་མར་ཕེབས་ནས་དེའི་ངོ་བོར་ཐིམ་པ་དེ་ཡིན།

བྱས་ཙང་། དམིགས་རྣམ་བྱེད་ཚུལ་མི་འདྲ་བ་གཉིས་ཡོད།

Top