བྱམས་པ་དང་། སྙིང་རྗེ། བྱང་ཆུབ་ཀྱི་སེམས་ཀྱི་གལ་གནད།

བྱང་ཆུབ་ཀྱི་སེམས་སྐྱེད་པའི་ཆེད་གཞི་རྩའི་བྱ་བར་འཇུག་པའི་རྒྱུ་ཆ་དེ་ང་ཚོ་ཚང་མར་ཡོད།

“བོདྷི་ཙིཏྟ་” ཞེས་པ་ནི་ལེགས་སྦྱར་གྱི་སྐད་ཡིན་པ་དང་ཚིག་འདི་ཨིན་སྐད་དུ་སྒྱུར་རྒྱུ་ལས་སླ་པོ་ཞིག་མེད། འདིའི་ནང་གི་ཚིག་གཉིས་པ་ “ཙིཏྟ་” ཟེར་བ་ནི་སེམས་ཀྱི་དོན་རེད། འོན་ཀྱང་། ང་ཚོས་ནང་ཆོས་ནང་གི་སེམས་ཀྱི་སྐོར་ཤོད་སྐབས། སེམས་དང་སྙིང་གཉིས་ཀའི་སྐོར་ཤོད་ཀྱི་ཡོད། ནང་ཆོས་ནས་དེ་གཉིས་པོ་ནུབ་ཕྱོགས་ཀྱི་བསམ་བློ་གཏོང་སྟངས་ནང་བཞིན་ཁྱད་པར་འབྱེད་ཀྱི་མེད། དེར་བརྟེན་ང་ཚོས་ཏིང་ངེ་འཛིན་དང་རྟོགས་པ་ལ་བརྟེན་ནས་རྒྱུ་མཚན་ལྡན་པའི་སེམས་ཀྱི་ཕྱོགས་ཏེ། སོ་སོའི་རྣམ་དཔྱོད་ལ་དམིགས་པ་ཙམ་དུ་མ་ཟད། དེའི་སྟེང་ལ་ང་ཚོས་སྙིང་གོང་འཕེལ་གཏོང་དགོས་ཀྱི་ཡོད། དེ་ནི་སེམས་ཚོར་གྱི་ཕྱོགས་ཡོངས་སུ་རྫོགས་པ་དེའང་ཡིན། དེ་ལ་བརྟེན་ནས་ང་ཚོ་ཚང་མས་བྱང་ཆུབ་ཀྱི་སེམས་སམ་བོ་དྷི་ཙིཏྟ་ཞེས་པའི་ནང་གི་ཚིག་དང་པོ་བོ་དྷི་སྟེ། བྱང་ཆུབ་ཅེས་པ་དེ་འཐོབ་ཐུབ། 

“བོདྷི་” ནི་འཕེལ་སྐྱེད་དང་དག་སྦྱོང་གི་གནས་བབས་མཐོ་ཤོས་ཤིག་མཚོན་པའི་ཚིག་རེད། དེ་བས་ན་དག་སྦྱོང་ཞེས་པ་ནི་ང་ཚོར་ཡོད་སྲིད་པའི་གེགས་དང་སྒྲིབ་པ་ཚང་མ་སྤོང་བ་སྟེ། དེ་ཡང་སེམས་དང་སེམས་ཚོར་གྱི་སྒྲིབ་པ་གཉིས་ཀ་སྤོང་རྒྱུ་དེ་རེད། དེར་མ་ཟད། རྟོགས་པ་མེད་པ་དང་ཏིང་ངེ་འཛིན་མེད་པའི་རྨོངས་པའང་སྤོང་བའི་དོན་ཡིན། དེ་བཞིན་དུ་སེམས་ཚོར་གྱི་ཕྱོགས་ནས་དག་སྦྱོང་བྱེད་པ་དང་ང་ཚོའི་རྒྱུད་ཀྱི་ཉོན་མོངས་པ་རྣམས་སྤོང་བའི་དོན་ཡིན། ཉོན་མོངས་པའི་སེམས་ཚོར་གྱི་ནང་ཁོང་ཁྲོ་དང་། འདོད་རྔམ། ཆགས་སེམས། རང་འདོད་དོན་གཉེར། ཁེངས་དྲེགས། ཕྲག་དོག །གཏི་མུག་ལ་སོགས་པའི་ཐོ་གཞུང་ཧ་ཅང་རིང་པོ་ཞིག་ཡོད། དེ་དག་ནི་ང་ཚོའི་མི་ཚེའི་ནང་གི་དཀའ་ངལ་བཟོ་མཁན་ངོ་མ་དག་རེད། འོ་ན་ང་ཚོས་གང་གི་ཆེད་དུ་དམིགས་བཞིན་ཡོད་ཅེ་ན། ང་ཚོས་སེམས་དང་སྙིང་གཉིས་ཀའི་སྒོ་ནས་དཀའ་ངལ་བཟོ་མཁན་དེ་དག་ཐམས་ཅད་སྤོང་བའི་གནས་བབས་ཤིག་ལ་དམིགས་ཀྱིན་ཡོད། 

“བོདྷི་” ཞེས་པའི་ཚིག་འདིའི་རྣམ་པ་གཞན་དེ་ནི་ “འཕེལ་སྐྱེད་” རེད། འདི་ནི་ང་ཚོ་ཚང་མའི་སེམས་ནང་གཞི་རྩའི་བྱ་བར་འཇུག་པའི་རྒྱུ་ཆ་ཡོད་པའི་དོན་རེད། དེ་ནི་ང་ཚོ་ཚང་མར་ལུས་པོ་ཞིག་ཡོད། ང་ཚོས་འབྲེལ་གླེང་བྱེད་ཐུབ་པའི་ནུས་པ་ཞིག་ཡོད། ང་ཚོའི་ལུས་པོ་ལ་བརྟེན་ནས་བྱ་སྤྱོད་སྤེལ་ཐུབ་པའི་ནུས་པ་དེ་ཡོད། དེ་བཞིན་ང་ཚོ་ཚང་མར་སེམས་ (ཆོས་རྣམས་རྟོགས་པའི་ནུས་པ་དང་ལྡན་པ་) ཡོད་པ་དང་། སྙིང་ (ཚོར་བ་དང་གཞན་ཕྱོགས་སུ་ཚོར་བ་འདྲེན་ནུས་ཀྱི་བརྩེ་བ་ཚོར་ནུས་པ་) ཡོད། རྣམ་དཔྱོད་ (གང་ཞིག་གནོད་གཞི་ཅན་དང་གང་ཕན་ཐོགས་ཅན་ཡིན་པའི་དབར་ལ་ཁྱད་པར་འབྱེད་ནུས་པ་) ཡོད། 

དེར་བརྟེན་ང་ཚོར་ཆ་རྐྱེན་དེ་དག་དང་ཁྱད་ཆོས་བཟང་པོ་དེ་དག་ཐམས་ཅད་ཡོད་པ་རེད། དེ་དག་གང་གི་ཆེད་དུ་བེད་སྤྱོད་གཏོང་རྒྱུ་དང་ཇི་ལྟར་བེད་སྤྱོད་གཏོང་རྒྱུ་ནི་ང་རང་ཚོ་སོ་སོ་རང་ཉིད་ལ་རག་ལུས་ཡོད། ང་ཚོའི་སྐད་ཆ་ཤོད་སྟངས་དང་། བྱ་བ་བྱེད་སྟངས། བསམ་བློ་གཏོང་སྟངས་ཀྱི་ཆེད་དུ་དེ་དག་བཀོལ་སྤྱོད་བྱས་ཏེ། རང་གཞན་གཉིས་ཀར་དཀའ་ངལ་གྱི་རྒྱུ་བྱེད་ཆོག་པའམ། ཡང་ན་རང་གཞན་གཉིས་ཀར་ཕན་པ་དང་བདེ་སྐྱིད་འབྱུང་བའི་ཕྱིར་ང་ཚོས་དེ་དག་བེད་སྤྱོད་བྱེད་ཆོག །གལ་ཏེ་ང་ཚོས་ལུས་ངག་གི་བྱ་སྤྱོད་རྣམས་རྨོངས་པ་དང་ཉོན་མོངས་པའི་དབང་དུ་འོག་ཏུ་ཤོར་བ་ཡིན་ན། དེ་དག་གིས་དཀའ་ངལ་བཟོ་རྒྱུ་ངེས་པ་རེད། ང་ཚོས་ཁོང་ཁྲོའི་དབང་འོག་ཏུ་བྱ་སྤྱོད་སྤེལ་བའི་སྐབས། ཕྱིས་སུ་འགྱོད་པ་སྐྱེ་དགོས་པའི་ལས་ཀ་བྱེད་ཀྱི་ཡོད། མ་རེད་དམ། ཡང་རང་འདོད་དོན་གཉེར་གྱི་སྒོ་ནས་ལས་ཀ་བྱེད་པའི་སྐབས། དེས་ནམ་རྒྱུན་དཀའ་ངལ་ཆེན་པོ་བཟོ་གི་ཡོད། མི་སུ་གཅིག་ཀྱང་རང་འདོད་དོན་གཉེར་ཅན་གྱི་མི་ལ་དགའ་མོས་བྱེད་ཀྱི་མེད། 

དེ་ནི་ཕྱོགས་གཅིག་རེད། ཕྱོགས་གཞན་དེ་ནི་གལ་ཏེ་ང་ཚོས་བྱམས་པ་དང་། སྙིང་རྗེ། གཞན་སེམས་ཁུར་སོགས་དགེ་བའི་ཡོན་ཏན་རྣམས་ལ་གཞི་བྱས་ནས་བྱ་བ་བྱེད་པ་དང་འབྲེལ་གླེང་བྱས་ན། དེས་ང་ཚོའི་མི་ཚེའི་ནང་བདེ་ཞིང་སྐྱིད་པ་དང་ཡིད་ཚིམས་པ་ཞིག་ཡོང་གི་ཡོད་པ་ང་ཚོས་མཐོང་ཐུབ་པ་དང་། གཞན་རྣམས་ང་ཚོར་དགའ་མོས་བྱེད་པ་དང་དེས་གཞན་ལ་ཕན་ཐོགས་ཆེ་བ་ཡོང་གི་ཡོད། དཔེར་ན། དེ་ནི་ང་ཚོའི་གྲོགས་པོ་དང་མཉམ་དུ་ཡོད་པའི་འབྲེལ་བའི་ནང་འདི་ཧ་ཅང་གསལ་པོའི་སྒོ་ནས་མཐོང་ཐུབ། གལ་ཏེ་ང་ཚོས་རྟག་ཏུ་གྲོགས་པོ་རྣམས་ལ་སྐྱོན་བརྗོད་བྱེད་པ་དང་ཁོང་ཁྲོ་བྱས་ནས་བསྡད་ན། སུས་ཀྱང་ང་ཚོར་འབྲེལ་བ་བྱེད་པ་དང་མཉམ་དུ་འགྲོགས་འདོད་བྱེད་ཀྱི་མ་རེད། ཡིན་ནའང་། གལ་ཏེ་ང་ཚོས་ཁོང་ཚོར་སེམས་བཟང་པོ་བྱེད་པ་དང་ལྟ་ཚུལ་ཡག་པོ་འཛིན་པ་ཡིན་ན། ཁོང་ཚོས་ང་ཚོ་དང་མཉམ་དུ་འགྲོགས་པར་དགའ་པོ་བྱེད་ངེས་རེད། འདི་ནི་ང་ཚོས་ཐ་ན་སོ་སོར་ཡོད་པའི་གཅེས་ཉར་སྲོག་ཆགས་དཔེར་ན་ཞི་མི་དང་ཁྱི་ལྟ་བུར་ལྟ་ཚུལ་འཛིན་སྟངས་ནས་ཀྱང་ཤེས་ཐུབ། དེ་ཡང་གཅེས་ཉར་སྲོག་ཆགས་དེ་དག་ཀྱང་ང་ཚོས་རྟག་ཏུ་སྐད་ལོག་རྒྱག་པ་དང་གཤེ་གཤེ་གཏོང་བར་དགའ་མོས་མི་བྱེད་པར། ཁོང་ཚོར་གཅེས་སྐྱོང་ཡག་པོ་འདོད་ཀྱི་ཡོད། བྱས་ཙང་། ང་ཚོར་ཡོད་པའི་གཞི་རྩའི་བྱ་བར་འཇུག་པའི་རྒྱུ་ཆ་རྣམས་འཕེལ་སྐྱེད་འགྲོ་ཐུབ། ང་ཚོས་དེ་དག་བཟང་ཕྱོགས་དགེ་བའི་ཕྱོགས་སུ་གོང་འཕེལ་གཏོང་ཐུབ།

དེ་འདྲ་སོང་ཙང་། བྱང་ཆུབ་ཀྱི་སེམས་ནི་ང་ཚོའི་སེམས་ཀྱི་གནས་སྟངས་དང་གནས་བབས་ཤིག་ཡིན་པ་དང་དེ་ནི་བོ་དྷིའམ་བྱང་ཆུབ་ཀྱི་གོ་འཕང་ལ་དམིགས་ཀྱི་ཡོད། དེ་ནི་ང་ཚོའི་རྒྱུད་ལ་ཡོད་པའི་སྐྱོན་གྱི་ཆ་དང་དཀའ་ངལ་བཟོ་མཁན་ཚང་མ་རྩད་ནས་གཏན་དུ་མེད་པ་བཟོ་བ་དང་དགེ་བའི་ཡོན་ཏན་རྣམས་ཡོངས་སུ་རྫོགས་པར་གང་ཐུབ་ཅི་ཐུབ་ཀྱིས་རང་རྒྱུད་དུ་སྐྱེད་པའི་གནས་བབས་འདི་ལ་དམིགས་ཀྱི་ཡོད། འདི་ལྟ་བུའི་སེམས་ཀྱི་གནས་བབས་དང་སྙིང་སྟོབས་ཤིག་ཡོད་པ་ནི་གང་འཚམས་ཁྱད་པར་དུ་འཕགས་པ་ཞིག་རེད། 

དེ་ནི་ཧ་ཅང་བཟང་པོ་དགེ་བའི་སེམས་ཚོར་ལ་བརྟེན་ནས་རང་རྒྱུད་ལ་བསྐྱེད་ཡོད། སེམས་ཚོར་དེ་དག་གང་རེད་དམ། གཞི་རྐང་ནས་གནས་བབས་དེ་མཐོ་ཤོས་ཡིན་པ་དང་ང་རང་ལ་མཐོ་ཤོས་དེ་འདོད་ཀྱི་ཡོད་པ་ཙམ་རྒྱུ་མཚན་དུ་བྱས་ནས་ང་ཚོས་དམིགས་ཀྱི་མེད། ཡང་ང་རང་མི་སྐྱིད་ཤོས་ཆགས་འདོད་ཡོད་པ་དང་འདི་ནི་ང་རང་སྐྱིད་ཤོས་ཆགས་ཐུབ་པ་དེ་ཡིན་པ་ཙམ་དེའང་མིན། དེ་ལས་ལྡོག་སྟེ། ང་ཚོས་གཞན་ཐམས་ཅད་ལ་བསམ་བློ་གཏོང་གི་ཡོད་པ་སྟེ། འཇིག་རྟེན་ཁམས་ཀྱི་གྲངས་མེད་པའི་སེམས་ཅན་འགྲོ་བ་མི་དང་དུད་འགྲོ་སྲོག་ཆགས་སོགས་ཀྱི་ཆེད་དུ་དམིགས་ཀྱི་ཡོད། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ནི་སེམས་ཅན་ཐམས་ཅད་མཉམ་པ་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། དེ་ནི་ཐ་ན་དུད་འགྲོ་སྲོག་ཆགས་རྣམས་ལའང་གཅིག་མཚུངས་ཀྱི་བདེན་པ་རེད། མ་རེད་དམ། ཚང་མས་སོ་སོ་རང་ཉིད་དང་སོ་སོའི་དགའ་རོགས་ཉེ་རོགས་ལ་བདེ་སྐྱིད་ཡོང་ཐབས་སུ་རང་སོ་སོའི་ཐབས་ལམ་བཀོལ་སྤྱོད་བྱེད་ཀྱི་ཡོད། འོན་ཀྱང་། སྟབས་ཉེས་པ་ཞིག་ལ། ང་ཚོ་མང་ཆེ་བས་བདེ་སྐྱིད་དེ་གང་གིས་སྐྲུན་གྱི་ཡོད་ཤེས་ཀྱི་མེད། ང་ཚོས་ཐབས་ཤེས་སྣ་ཚོགས་པ་བྱེད་ཀྱི་ཡོད་ནའང་། དེས་ནམ་རྒྱུན་བདེ་བ་དང་སྡུག་བསྔལ་དང་དཀའ་ངལ་མང་བ་བཟོ་གི་ཡོད། ང་ཚོས་མི་ཞིག་ལ་ལག་རྟགས་ཡག་པོ་ཞིག་ཉོས་ནའང་། དེ་ལ་དགའ་མོས་བྱེད་ཀྱི་མེད། བྱས་ཙང་། དེ་ནི་ཧ་ཅང་ལས་སླ་པོ་རེད། ཚང་མར་དགའ་པོ་ཡོང་བར་བྱ་རྒྱུ་ནི་དཀའ་ལས་ཁག་པོ་རེད། མ་རེད་དམ། གང་ལྟར་ཡང་། ང་ཚོས་མུ་མཐུད་འབད་བརྩོན་བྱེད་དགོས། 

གཞན་དོན་གང་ཐུབ་ཅི་ཐུབ་བསྒྲུབ་པའི་ཀུན་སློང་དང་བཅས་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་པ། 

གལ་ཆེ་ཤོས་ནི་ང་ཚོའི་འདུན་སེམས་སམ་ཀུན་སློང་དེ་རེད། ང་ཚོས་གཞན་ལ་ཕན་འདོགས་འདོད་ཀྱི་ཀུན་སློང་དང་བཅས་ཏེ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བཅས་པ་ལས་ཐར་ན་ཅི་མ་རུང་ཞེས་བསམ་གྱི་ཡོད། དེ་ནི་སྙིང་རྗེའི་བསམ་པ་རེད། སྙིང་རྗེ་ནི་གཞན་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་འབྲལ་བར་འདོད་པ་དེ་རེད། 

སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ན་ཅི་མ་རུང་སྙམ་པ་ནི་ནང་ཆོས་ནང་གི་བྱམས་པའི་མཚན་ཉིད་རེད། བྱམས་པ་ནི་ “གལ་ཏེ་ཁྱེད་ཀྱིས་ང་ལ་དགའ་ན། ངས་ཀྱང་ཁྱེད་ལ་དགའ་པོ་བྱེད་ཀྱི་ཡིན་” ཞེས་ཚུར་ལ་གཅིག་འཐོབ་འདོད་ཀྱི་ཀུན་སློང་ལ་གཞི་བྱས་མེད། “གལ་ཏེ་ཁྱེད་རང་བུ་ཡག་པོ་ཞིག་གམ་བུ་མོ་ཡག་པོ་ཞིག་ཡིན་ན། ངས་ཁྱེད་ལ་དགའ་པོ་བྱེད་ཀྱི་ཡིན། ཡང་གལ་ཏེ་ཁྱེད་རང་སྤྱོད་འཚུབ་ཅན་ཞིག་ཡིན་ན། ངས་ཁྱེད་ལ་དགའ་པོ་བྱེད་ཀྱི་མིན་” ཞེས་མི་གཞན་དེས་སྤྱོད་ཚུལ་སྟོན་སྟངས་ལའང་གཞི་བྱས་མེད། གཞན་གྱིས་སྤྱོད་ཚུལ་ཇི་ལྟར་སྟོན་པ་ལ་ཁྱད་པར་མེད། གནད་དོན་དེ་མ་རེད། གནད་དོན་གང་རེད་ཅེ་ན། གཞན་ཐམས་ཅད་བདེ་བ་དང་ལྡན་པ་ཞིག་ཡོང་ཐུབ་ན། དེ་ནི་ཧ་ཅང་ཡག་པོ་རེད་ཅེས་པ་དེ་རེད། དེ་ནི་བྱམས་པ་རེད། 

གཞན་ཐམས་ཅད་ལ་བདེ་སྐྱིད་འདི་སྐྲུན་པའི་ཆེད་དང་སྡུག་བསྔལ་དང་དཀའ་ངལ་རྣམས་སྤོང་བའི་ཆེད་དུ་གལ་ཏེ་ངོས་ནས་གལ་གནད་ཅན་ཞིག་བྱེད་ཐུབ་ན་ཅི་མ་རུང་སྙམ་དགོས། ང་ནི་ཧ་ཅང་ཚད་བཀག་ཅན་ཡིན་ཏེ། ང་ལ་རྨོངས་པ་དང་ཉོན་མོངས་ཡོད་པ་དང་། ནམ་རྒྱུན་ཡང་སེ་ལེ་ལོ་ཅན་ཡིན་པ། ལས་ཀ་འཚོལ་བ་དང་ཟླ་རོགས་འཚོལ་བར་གདོང་ལེན་བྱེད་དགོས་པའི་དཀའ་ངལ་སོགས་ང་ཚོའི་མི་ཚེའི་ནང་འཕྲད་པའི་དཀའ་ངལ་གྱི་རིགས་ཚང་མ་ཡོད། འོན་ཀྱང་། གལ་ཏེ་ངས་སྐྱོན་གྱི་ཆ་དང་དཀའ་ངལ་དེ་དག་ཐམས་ཅད་གཏན་དུ་མེད་པ་བཟོ་བའི་གནས་བབས་ཤིག་འཐོབ་ཐུབ་པ་དང་། ངའི་ནུས་པ་ཡོངས་སུ་རྫོགས་པར་འཐོབ་ཐུབ་པ་ཞིག་བྱུང་ན། དེ་ནས་གཞན་ཐམས་ཅད་ལ་ཕན་པའི་གནས་བབས་ཡག་ཤོས་ཀྱི་ནང་ང་རང་ཡོད་ངེས་རེད། 

དེ་བས་ན་སྐབས་འདིར་བྱང་ཆུབ་ཀྱི་སེམས་ལ་བརྟེན་པའི་ཀུན་སློང་དང་འདུན་སེམས་ནི། ང་ཚོས་མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་ཞེས་བྱ་བ་ལ་དམིགས་ཀྱི་ཡོད་པ་དང་དེ་ཡང་བྱང་ཆུབ་ཀྱི་ལམ་དུ་འགྲིམ་པའི་སྐབས་སུ་གཞན་ལ་ཕན་པ་གང་ཐུབ་ཅི་ཐུབ་བསྒྲུབ་པའི་ཀུན་སློང་དང་བཅས་ང་ཚོས་འབད་བརྩོན་ཡོད་དགུ་རྩལ་སྤྲུག་གི་སྒོ་ནས་གོ་འཕང་དེ་འཐོབ་ཐབས་བྱེད་ཀྱི་ཡོད། 

ད་ང་ཚོ་སུ་གཅིག་ཀྱང་ནུས་མཐུ་ཀུན་ལྡན་གྱི་ལྷ་ཞིག་ཆགས་མི་ཐུབ། དེ་ནི་མི་སྲིད་པ་རེད། གལ་ཏེ་དེ་སྲིད་པ་ཞིག་ཡིན་ན། ང་ཚོ་སུས་ཀྱང་སྡུག་བསྔལ་མྱོང་མི་དགོས་པ་རེད། ཡིན་ནའང་། ང་ཚོ་ཚང་མས་གང་ཐུབ་ཀྱིས་འབད་བརྩོན་བྱེད་ཐུབ། དེ་ག་ནང་བཞིན་གཞན་རྣམས་ཀྱང་གོ་ཤེས་ཅན་དང་ཕན་འདོགས་པར་གུ་ཡངས་དགོས། ང་ཚོས་གཞན་ལ་གནད་དོན་རྣམས་གསལ་པོའི་སྒོ་ནས་འགྲེལ་བརྗོད་བྱེད་ཆོག་པ་དང་གཞན་གྱིས་ཀྱང་དེ་དག་རང་ངོས་ནས་གོ་ཚོད་པར་བྱེད་དགོས། ཁོང་ཚོའི་ཆེད་དུ་ང་ཚོས་གོ་ཚོད་པར་བྱེད་མི་ཐུབ། ཐུབ་བམ། ང་ཚོས་བསླབ་བྱ་ཡག་པོ་རྒྱག་ཆོག་ནའང་། གཞན་རྣམས་ཀྱིས་དེ་ངོས་ལེན་བྱེད་དགོས་ཀྱི་ཡོད། 

དེ་འདྲ་སོང་ཙང་། དེ་ནི་ང་ཚོས་གང་གི་ཆེད་དུ་དམིགས་པ་དེ་ཡིན་པ་དང་དེ་ནི་གཞན་དོན་ཡག་ཤོས་བསྒྲུབ་པའི་གནས་བབས་སུ་ཡོད་པ་དེ་རེད། ཡིན་ནའང་། དངོས་ཡོད་གནས་ཚུལ་གྱི་བསམ་བློ་དང་གོ་རྟོགས་ཐོག་ནས་དེ་དག་གིས་དངོས་གནས་ཕན་བཏགས་ཡོད་མེད་ནི་ཁོང་ཚོའི་འབད་རྩོལ་ལ་རག་ལུས་ཡོད། གལ་ཏེ་ང་ཚོ་རྨོངས་པ་ཚང་མ་ཟད་པའི་གནས་བབས་ཤིག་ཏུ་བསླེབས་ན། གཞན་ལ་ཕན་འདོགས་ཚུལ་ཕན་ནུས་ཆེ་ཤོས་དེ་གང་ཡིན་པ་ང་ཚོས་རྟོགས་ཐུབ་པ་དང་། མི་ཞིག་ད་ལྟ་ཡོད་ཚུལ་ནང་བཞིན་ཆ་རྐྱེན་ཚང་མ་དང་ལྡན་པ་དེ་གང་ཡིན་པ་ང་ཚོས་རྟོགས་ངེས་རེད། 

ང་ཚོ་ཚང་མར་སོ་སོའི་ནང་མི་དང་། གྲོགས་པོ། ང་ཚོ་གནས་སའི་སྤྱི་ཚོགས། ང་ཚོའི་དུས་ཚོད་སོགས་གནད་དོན་ཧ་ཅང་མང་པོས་ཤུགས་རྐྱེན་སྤྲད་ཡོད། སྐབས་འགར་དམག་འཁྲུག་བྱུང་བ་དང་། སྐབས་འགར་དཔལ་འབྱོར་གྱི་དཀའ་ངལ། སྐབས་འགར་རྒྱུ་ནོར་ལོངས་སྤྱོད་ཡོང་གི་ཡོད། དེ་དག་ཐམས་ཅད་ཀྱིས་ང་ཚོར་ཤུགས་རྐྱེན་སྤྲོད་ཀྱི་ཡོད། ནང་ཆོས་ནས་སྐྱེ་བ་སྔ་མ་དང་ཕྱི་མའི་སྐོར་གསུང་གི་ཡོད། ལྟ་ཚུལ་དེ་ལ་གཞིགས་ན། ང་ཚོ་ཚང་མ་སྐྱེ་བ་སྔ་མས་ཀྱང་ཤུགས་རྐྱེན་བྱས་ཡོད་པ་རེད། བྱས་ཙང་། ང་ཚོས་མི་ཞིག་ལ་དངོས་གནས་ཕན་འདོགས་འདོད་དང་དེ་དག་ལ་བསླབ་བྱ་ཡག་པོ་ཞིག་རྒྱག་འདོད་ན། ང་ཚོས་ཁོང་ཚོ་ཤེས་དགོས་པ་དང་གོ་ཚོད་དགོས་ཀྱི་ཡོད། ཁོང་ཚོའི་སྒོ་གསུམ་གྱི་བྱ་སྤྱོད་སྤེལ་སྟངས་ཀྱི་སྤྱོད་ལམ་ལ་ཤུགས་རྐྱེན་སྤྲོད་བཞིན་པའི་གནད་དོན་ཚང་མ་རྟོགས་དགོས། དེ་ནི་ཁོང་ཚོ་ལ་དངོས་གནས་དོ་སྣང་བྱེད་པ་དང་། སྤྲོ་བ་སྐྱེད་པ། ཁོང་ཚོ་གང་ཡིན་པའི་ཚུལ་ལ་ཚོར་བ་སྐྱེན་པོ་བྱེད་དགོས་པའི་དོན་རེད། 

ཁྱེད་ཀྱིས་དེ་ཕན་ཚུན་འབྲེལ་བ་ཙམ་ལ་གཞིགས་ནས་གང་འཚམས་ཀྱིས་ལས་སླ་པོའི་སྒོ་ནས་རྟོགས་ཐུབ་ཀྱི་རེད་སྙམ། གལ་ཏེ་ཁྱེད་རང་གྲོགས་པོ་ཞིག་དང་མཉམ་དུ་ཡོད་པ་དང་དེ་ལ་དེ་ཙམ་གྱི་དོ་དབྱིངས་མེད་པར། ཁྱེད་ཀྱིས་སོ་སོ་རང་ཉིད་ཁོ་ནའི་སྐོར་ཤོད་ཀྱིན་ཡོད་ན། དེ་ནི་དོན་ངོ་མར་ཁྱེད་ཀྱིས་ཁོང་ཚོའི་སྐོར་ལ་ཧ་ཅང་ཉུང་ངུ་ལས་ཤེས་ཀྱི་མེད་པ་རེད། དཔེར་ན། གལ་ཏེ་ཁྱེད་རང་མི་གཞན་ཞིག་མཉམ་དུ་ཡོད་པའི་སྐབས་སུ་ཁྱེད་ཀྱིས་སོ་སོའི་གྲོགས་པོ་ལ་དོ་སྣང་མི་སྤྲོད་པར། ད་དུང་དེ་ལས་གཞན་པི་མི་ཞིག་ལ་སོ་སོའི་ཁ་པར་ནས་འཕྲིན་ཡིག་གཏོང་བཞིན་ཡོད་ན། ཁྱེད་ཀྱིས་ཐ་ན་སོ་སོའི་གྲོགས་པོ་ལའང་དོ་སྣང་སྤྲོད་ཀྱིན་མེད་པ་དང་། ཁོང་ཚོར་དོ་སྣང་མ་སྤྲད་པའི་རྒྱུ་མཚན་གྱིས་ཁོང་ཚོ་ཅུང་ཟད་བཟོད་སྒོམ་མི་ཐུབ་པ་དང་མི་སྐྱིད་པ་ཆགས་ཀྱི་ཡོད་སྲིད་པ་དེ་ལའང་ཁྱེད་ཀྱིས་དོ་སྣང་བྱེད་ཀྱི་མེད། དེར་བརྟེན་གལ་ཏེ་ང་ཚོས་དངོས་གནས་དྲང་གནས་མི་ཞིག་ལ་རོགས་བྱེད་འདོད་ཡོད་ན། མི་གཞན་གྱིས་སོ་སོ་རང་ཉིད་ལ་དོ་སྣང་དང་དོ་གལ་དུ་བརྩི་ཞིང་། དོ་དབྱིངས་བྱེད་དགོས་པར་འདོད་པ་ནང་བཞིན་ཁྱེད་ཀྱིས་ཀྱང་མི་དེ་ལ་དོ་སྣང་དང་ཁ་ཡ་བྱེད་དགོས་པ་དང་། གནས་ཚུལ་གང་འབྱུང་བཞིན་པ་ཤེས་པའི་སྒོ་ནས་དེ་ལ་ཡ་ལན་སྤྲོད་དགོས། 

བདག་དང་གཞན་འདྲ་མཉམ་ཡིན་པར་རྟོགས་པ།

དེ་དག་ཐམས་ཅད་ཀྱི་བདག་གཞན་མཉམ་པའམ་སོ་སོ་རང་ཉིད་དང་གཞན་རྣམས་འདྲ་མཉམ་ཡིན་པར་རྟོགས་པ་ལ་གཞི་བྱས་ཡོད། ཇི་ལྟར་རང་ཉིད་ལ་ཚོར་བ་ཡོད་པ་ནང་བཞིན་གཞན་ཚང་མར་ཚོར་བ་ཡོད། ཇི་ལྟར་སོ་སོ་རང་ཉིད་ལ་ཧ་ཅང་དོ་གལ་ཅན་དུ་བརྩི་དགོས་པར་འདོད་པ་ནང་བཞིན་གཞན་རྣམས་ཐམས་ཅད་ཀྱིས་ཀྱང་དེ་ལྟར་འདོད་ཀྱི་ཡོད། གལ་ཏེ་སོ་སོ་རང་ཉིད་ལ་མི་རྣམས་ཀྱིས་སྣང་མེད་གཏོང་བ་དང་བསམ་ཤེས་མ་བྱས་ན། ང་ཚོ་ཧ་ཅང་ཡག་པོ་མི་ཚོར་བ་ནང་བཞིན་གཞན་དག་ལ་སྣང་མེད་གཏོང་བ་དང་ལྟ་ཚུལ་ངན་པ་བཟུང་ན། ཁོང་ཚོས་ཀྱང་ཡག་པོ་ཚོར་གྱི་མེད། སོ་སོ་རང་ཉིད་ལ་དགའ་མོས་བྱེད་མཁན་འདོད་པ་ནང་བཞིན་གཞན་ཚང་མས་ཀྱང་དགའ་མོས་བྱེད་མཁན་འདོད་ཀྱི་ཡོད། ཇི་ལྟར་སོ་སོ་རང་ཉིད་ལ་མི་འདོད་པ་ནང་བཞིན་མི་སུ་གཅིག་ལའང་ངོས་ལེན་མི་བྱེད་པ་དང་སྣང་མེད་གཏོང་བ་དེ་མི་འདོད་པ་རེད། ང་ཚོ་ཚང་མ་ཕན་ཚུན་རྟེན་ཅིང་འབྲེལ་ནས་ཡོད་པ་དང་ཚང་མ་འདིར་མཉམ་དུ་འདུས་ཡོད། 

སྐབས་རེར་འདི་མཚོན་པར་བྱེད་པའི་དཔེ་མཚོན་ཏོག་ཙམ་ཁྱད་མཚར་བ་ཞིག་ནི། ཁྱེད་རང་མི་གཞན་བཅུ་དང་མཉམ་དུ་འགྱོག་འབེབ་གློག་སྐས་ཤིག་གི་ནང་ཡོད་པའི་དབང་དུ་བཏང་ནས་གློག་སྐས་དེ་དཀྱིལ་དུ་འཁར་བ་རེད། ཁྱེད་རང་མི་བཅུ་པོ་མཉམ་དུ་ཉིན་གང་པོར་གློག་སྐས་དེའི་ནང་འཁར་ནས་ལུས་པ་རེད། ཁྱེད་ཀྱི་མི་དེ་དག་མཉམ་དུ་ཞི་མཐུན་གྱི་གདོང་ལེན་ཇི་ལྟར་བྱེད་དམ། གལ་ཏེ་ཁྱེད་ཀྱིས་ “ང་ང་ང་” ཞེས་སོ་སོ་ཁོ་ནར་བསམས་ནས་དེར་ཡོད་པའི་མི་གཞན་དག་ལ་བསམ་བློ་མ་བཏང་ན། རྩོད་རྙོག་དང་མོས་མཐུན་མེད་པའི་རྩོད་པ་མང་པོ་འབྱུང་རྒྱུ་ཡིན་པ་དང་ཧ་ཅང་ལྟ་ན་མི་སྡུག་པའི་དུས་ཚོད་ཅིག་བསྐྱལ་དགོས་ཐུག་རྒྱུ་རེད། འོན་ཀྱང་། ཕྱོགས་གཞན་ཞིག་ནས་གལ་ཏེ་ཁྱེད་ཀྱིས་ “ང་ཚོ་ཚང་མ་གནས་སྟངས་གཅིག་གི་ནང་འཁར་ནས་ཡོད་པ་དང་ང་ཚོས་ཕན་ཚུན་བསམ་ཤེས་བྱེད་དགོས་ཤིང་། ང་ཚོ་དཀའ་ངལ་གྱི་གནས་འདིའི་ནང་གནས་ཐུབ་པ་དང་འདི་ལས་གང་མྱུར་ཐར་བའི་ཆེད་ཕན་ཚུན་མཉམ་རུབ་དང་མཉམ་ལས་ཇི་ལྟར་བྱེད་དགོས་པའི་ཐད་བསམ་བློ་གཏོང་དགོས་” ཞེས་བསམ་བློ་བཏང་ན། གློག་སྐས་ནང་འཁར་ནས་ལུས་པ་དེ་སྐྱིད་པོ་ཞིག་མེད་པར་ངེས་ནའང་། ང་ཚོས་གནས་སྟངས་ལ་གདོང་ལེན་བྱེད་ཐུབ་ཀྱི་རེད། 

གལ་ཏེ་ང་ཚོས་དཔེ་མཚོན་འདི་རྒྱ་སྐྱེད་དུ་བཏང་ནས། ཇི་ལྟར་གློག་སྐས་ཆེན་པོ་ཞིག་གི་ནང་འཁར་བ་ནང་བཞིན་ང་ཚོ་ཚང་མ་འཛམ་གླིང་འདིའི་ནང་ངམ་འཁོར་བ་འདིའི་ནང་དུ་འཁར་ནས་ཡོད་པ་དང་། ང་ཚོས་ཕན་ཚུན་མཉམ་རུབ་དང་མཉམ་ལས་མ་བྱས་ན། ཚང་མ་གནས་སྟངས་གཅིག་པའི་ནང་ཡོད་པ་སོང་ཙང་། དེ་ནི་དུས་སྐབས་ཧ་ཅང་སྡུག་བསྔལ་ཅན་ཞིག་ཆགས་རྒྱུ་རེད། ང་ཚོས་ཕན་ཚུན་བྱ་སྤྱོད་སྤེལ་སྟངས་དེ་ཡང་གློག་སྐས་ནང་དུ་མི་བཅུ་ཙམ་ཡོད་པའམ་ཡང་ན་འཛམ་གླིང་ནང་གི་མི་ཚང་མ་ཡིན་མིན་ལ་མ་ལྟོས་པར། དེས་ད་དུང་ཡང་ཚང་མར་ཤུགས་རྐྱེན་སྤྲོད་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ཚང་མ་ཕན་ཚུན་མཉམ་ལས་དང་མཐུན་ཐབས་བྱ་རྒྱུ་དེ་ནི་དོན་དང་ལྡན་པ་ཞིག་ཆགས་ཀྱི་ཡོད། “གློག་སྐས་འདིའི་ནང་ང་རང་འཁར་ནས་ཡོད་པ་ལས་ཇི་ལྟར་ཐར་བ་ཞིག་བྱེད་ཐུབ་བམ་” ཞེས་བསམ་པ་དེ་ལས་ལྡོག་སྟེ། ང་ཚོས་ “ཚང་མ་འཇིགས་སུ་རུང་བའི་གནས་སྟངས་འདི་ལས་ཇི་ལྟར་ཐར་ཐུབ་བམ་” ཞེས་བསམ་དགོས། དེ་ནི་གློག་སྐས་ནང་འཁར་བ་ཙམ་མིན་པར། འཇིག་རྟེན་འཁོར་བའི་ནང་འཁར་བ་ལའང་གཅིག་མཚུངས་སུ་བསམ་བློ་གཏོང་དགོས། 

ངས་སོ་སོ་རང་ཉིད་ཀྱི་དཀའ་ངལ་ཁོ་ནར་གདོང་ལེན་བྱེད་ཚུལ་ཙམ་ལ་ཇི་ལྟར་བསམ་བློ་གཏོང་ཐུབ་བམ། (གང་ཡིན་ཞེ་ན། ང་རང་ལ་དམིགས་བསལ་གང་ཡང་མེད་པ་དང་། ང་ནི་གློག་སྐས་ནང་འཁར་བའི་ནང་གི་མི་གཅིག་ཡིན།) དོན་ངོ་མར་དཀའ་ངལ་ནི་སོ་སོ་སྒེར་གྱི་དཀའ་ངལ་ཙམ་མིན་པར། མི་ཚང་མའི་དཀའ་ངལ་རེད། ང་ཚོས་འདིར་ཁོང་ཁྲོ་དང་། རང་འདོད་དོན་གཉེར། འདོད་རྔམ། མ་རིག་པ་ལ་སོགས་པའི་དཀའ་ངལ་དེ་དག་གི་སྐོར་ཤོད་ཀྱིན་ཡོད་པ་དྲན་དགོས། དེ་དག་ནི་མི་ཚང་མའི་དཀའ་ངལ་ཡིན་པ་ལས། མི་སུ་གཅིག་ལའང་དེ་དག་སྒེར་ལ་དག་པ་ཞིག་མིན། 

ཚེ་རབས་ཀུན་ཏུ་སེམས་ཅན་ཐམས་ཅད་ཐེ་བའི་སེམས་རྒྱ་སྐྱེད་གཏོང་བ།

རྒྱུ་མཚན་འདི་ལ་བརྟེན་ནས་ང་ཚོས་བྱང་ཆུབ་སེམས་ཀྱི་སྐོར་བཤད་སྐབས། ང་ཚོས་གོ་ལ་སྤྱི་ལ་ཁྱབ་པའི་སེམས་ཀྱི་རིགས་ཤིག་གི་སྐོར་ཤོད་ཀྱིན་ཡོད། ང་ཚོས་དགའ་ཤོས་འདི་ཡིན་ཟེར་བ་མེད་པ་དང་སེམས་ཅན་གཅིག་ཀྱང་སྣང་མེད་དུ་མི་འདོར་བའི་སྒོ་ནས་ཚང་མར་བསམ་བློ་གཏོང་གིན་ཡོད། བྱས་ཙང་། འདི་ནི་ཧ་ཅང་རྒྱ་ཆེ་བའི་བསམ་ཕྱོགས་ཤིག་དང་སེམས་ཀྱི་གནས་བབས་ཤིག་རེད། ང་ཚོས་སོ་སོའི་སེམས་རྒྱ་སྐྱེད་དུ་གཏོང་བའི་སྐོར་བཤད་སྐབས། འདི་ནི་ང་ཚོས་རྒྱ་སྐྱེད་གཏོང་བའི་ཚད་ཆེ་ཤོས་དེ་ཡིན་པ་རེད། དཔེར་ན། ང་ཚོས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསམ་གྱི་ཡོད་པ་ལས། འཇིག་རྟེན་འདིའི་ནང་གི་འགྲོ་བ་མི་ཁོ་ནར་བསམ་གྱི་མེད། ང་ཚོས་འཇིག་རྟེན་ཁམས་ཀྱི་ནང་ཡོད་པའི་སྲོག་ལྡན་གྱི་སྐྱེ་འགྲོ་ཡོངས་ཀྱི་དོན་དུ་བསམ་གྱི་ཡོད། གལ་ཏེ་ང་ཚོས་ཁོར་ཡུག་ཉམས་རྒུད་ལྟ་བུར་བསམ་བློ་བཏང་ན། དེས་ཁོར་ཡུག་དེར་གནས་མཁན་གྱི་མི་རྣམས་ལ་ཤུགས་རྐྱེན་སྤྲོད་པ་ཙམ་དུ་མ་ཟད། དེས་དུད་འགྲོ་སྲོག་ཆགས་ཚང་མའི་ཚེ་སྲོག་ལའང་ཤུགས་རྐྱེན་སྤྲོད་ངེས་རེད། མ་རེད་དམ།

དེ་འདྲ་ཡིན་ཙང་། ང་ཚོས་སེམས་ཁུར་བྱེད་ས་དེ་སུ་ཡིན་པའི་བསམ་བློ་རྒྱ་ཆེན་པོ་འདི་ང་ཚོར་ཡོད། དེ་བཞིན་གནས་སྐབས་ཙམ་ཕན་པའི་ཕྱིར་མགྱོགས་པོར་འགྲིག་འཇགས་བཟོ་བ་ཙམ་མིན་པར། ང་ཚོར་ཕུགས་རྒྱང་རིང་པོ་དང་ཕུགས་ཀྱི་དཀའ་ངལ་སེལ་ཐབས་ལ་གཞིགས་པའི་བསམ་བློ་རྒྱ་ཆེན་པོ་ཞིག་ཡོད། ང་ཚོས་སོ་སོ་རང་ཉིད་ལ་ཡོད་པའི་ནུས་པ་ལ་གཞིགས་ནས་བསམ་བློ་གཏོང་བའི་སྐབས། དེ་ནི་ཆུང་ངུ་ཙམ་ཞིག་མིན་པར། སོ་སོའི་ནུས་པར་ཡོད་པའི་རྟོགས་པ་རྒྱ་ཁྱོན་ཆེ་ཤོས་ལ་བསམ་བློ་གཏོང་གི་ཡོད། ཡིན་ནའང་། དེ་ཡང་དངོས་གནས་གང་ཐུབ་ཐུབ་ཀྱིས་བསམ་བློ་གཏོང་དགོས། 

ངས་གོང་དུ་ཞུས་པ་ལྟར། དེ་ནི་རང་གིས་རང་ལ་གུས་ཞབས་ཡོད་པར་གཞི་བྱས་ཡོད། གཞན་ཚང་མར་ཡོད་པ་ནང་བཞིན་ང་ཚོ་ཚང་མ་ལའང་གནས་བབས་དེ་འཐོབ་ཐུབ་པའི་གཞི་རྩའི་བྱ་བར་འཇུག་པའི་རྒྱུ་ཆ་རྣམས་ཡོད། བྱས་ཙང་། ང་ཚོས་རང་གིས་རང་ལ་དོ་གལ་ཆེན་པོ་བྱེད་པ་དང་རང་གཞན་གཉིས་ཀར་གུས་ཞབས་བྱེད་དགོས། ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་དང་ཚང་མར་བདེ་བ་འདོད་པ་ལས་། སྡུག་བསྔལ་འདོད་མཁན་སུ་གཅིག་ཀྱང་མེད། དེ་དག་ཐམས་ཅད་ནི་ང་ཚོས་གང་བྱེད་པ་དང་སོ་སོའི་མི་ཚེ་སྐྱེལ་སྟངས་ལ་རག་ལུས་ཡོད།

སྒོམ་ལ་བརྟེན་ནས་ཕན་ཐོགས་ཅན་གྱི་སེམས་ཀྱི་གནས་བབས་དང་གོམས་གཤིས་གོང་འཕེལ་གཏོང་བ།

ནང་པ་སངས་རྒྱས་པའི་ཆོས་ནི་སེམས་ཀྱི་གནས་བབས་དེ་དག་ཡར་རྒྱས་གོང་འཕེལ་གཏོང་བའི་ཐབས་ལམ་མི་འདྲ་བ་སྣ་ཚོགས་ཀྱིས་ཕྱུག་པ་ཞིག་རེད། ནང་ཆོས་ནང་ “སེམས་ཅན་ཐམས་ཅད་ལ་བརྩེ་བ་བྱོས་” ཞེས་ཟེར་བ་ཙམ་ལས། དེ་ལས་ལྷག་པ་ཞིག་གསུང་གི་མེད་པ་དེ་འདྲ་མ་རེད། ང་ཚོས་ཚང་མར་བརྩེ་བ་བྱེད་དགོས་པ་ནི་ཧ་ཅང་ཡག་པོ་རེད། ཡིན་ནའང་། ང་ཚོས་དོན་ངོ་མར་དེ་ཇི་ལྟར་བྱེད་དམ། དེ་ལ་སྒོམ་གྱི་སྐོར་གསུངས་ཡོད། སྒོམ་ཟེར་བ་ནི་གོམས་པ་སྟེ། དགེ་བ་དང་ཕན་ཐོགས་ཅན་གྱི་གོམས་གཤིས་རང་རྒྱུད་ལ་གོམས་པར་བྱ་རྒྱུ་དེ་རེད། དཔེར་ན། གལ་ཏེ་ང་ཚོ་རྩེད་མོ་ཞིག་རྩེ་བར་འདོད་པའམ། ཡང་ན་རོལ་དབྱངས་ཞིག་གཏོང་བར་འདོད་ན། ང་ཚོས་སྦྱོང་བརྡར་བྱེད་དགོས་པ་ནང་བཞིན་རེད། ང་ཚོས་བྱང་ཆུབ་པ་མ་ཆགས་བར་དུ་ཡང་ནས་ཡང་དུ་སྦྱོང་བརྡར་བྱེད་ཀྱི་ཡོད། སྦྱོང་བརྡར་ལ་བརྟེན་ནས་ང་ཚོས་ཤེས་པ་དང་རྗེས་སུ་ང་ཚོས་དེའི་སྐོར་ལ་བསམ་བློ་ཙམ་ཡང་གཏོང་མི་དགོས་པར། རྩེད་མོ་ཕུལ་དུ་བྱུང་བ་རྩེ་ཐུབ་པའམ་རོལ་དབྱངས་བྱང་ཆུབ་པ་གཏོང་ཐུབ་ཀྱི་ཡོད། 

དེ་དང་མཚུངས་པར་ང་ཚོས་སོ་སོའི་བློའི་ཁྱེར་སོའམ་བསམ་ཕྱོགས་ལའང་སྦྱོང་བརྡར་གཅིག་པ་སྤྲོད་ཀྱི་ཡོད། འདི་ནི་སྒོམ་གྱི་སྐབས་སུ་ང་ཚོས་གང་བྱེད་ཀྱི་ཡོད་པ་དེ་རེད། ང་ཚོས་རང་ངོས་ནས་ཡར་རྒྱས་གོང་འཕེལ་དང་འབད་བརྩོན་གྱིས་ཚོར་བ་དང་སེམས་ཀྱི་གནས་བབས་ངེས་ཅན་ཞིག་སྐྱེད་ཐབས་བྱེད་ཀྱི་ཡོད། ཇི་ལྟར་ཁྱེད་ཀྱིས་རྩེད་མོ་ཞིག་ལ་སྦྱོང་བརྡར་བྱེད་པ་ལྟར། ཐོག་མར་ཁྱེད་ཀྱིས་རྩ་བཤང་བའི་ལུས་རྩལ་བྱེད་དགོས་པ་དང་དེ་ནས་དངོས་སུ་རྩེད་མོར་སྦྱོང་བརྡར་བྱེད་དགོས། དེ་བཞིན་ང་ཚོས་སེམས་ཀྱི་གནས་བབས་ལའང་རྩ་བཤང་བ་ལྟ་བུ་སྔོན་འགྲོའི་སྦྱོང་བརྡར་འགའ་ཞིག་བྱེད་དགོས། 

སེམས་ཀྱི་གནས་བབས་བཟང་པོ་དང་དགེ་བ་ཞིག་སྐྱེད་ཐུབ་པར། གལ་ཏེ་བསམ་བློ་གང་སར་གཏོང་བ་དང་ཚོར་བ་སྣ་ཚོགས་བསྲེས་ནས་ཡོད་ན། ང་ཚོ་ཐོག་མར་སེམས་ཞི་འཇམ་ངང་གནས་དགོས་པ་དང་། ང་ཚོའི་སེམས་དང་སེམས་ཚོར་ཞི་ལྷིང་ངང་གནས་དགོས། དེ་ནི་ང་ཚོས་ནམ་རྒྱུན་སོ་སོའི་དབུགས་ལ་དམིགས་པ་གཏད་ནས་ཞི་འཇམ་བཟོ་དགོས་ཀྱི་ཡོད། ང་ཚོས་དབུགས་ནི་དུས་རྟག་ཏུ་དེར་ཡོད་ཡོད་པ་རེད། གལ་ཏེ་ང་ཚོས་དེ་ལ་དམིགས་པ་གཏད་ན། དེས་དབུགས་ཀྱི་འགྲོས་བརྟན་པོ་དེ་ཞི་འཇམ་བཟོ་བར་ཕན་པ་དང་། གལ་ཏེ་ང་ཚོའི་སེམས་རྣལ་དུ་མི་གནས་པར་ཉིན་མོའི་རྨི་ལམ་རྨིས་པ་ན། དེས་ང་ཚོ་སོ་སོའི་ལུས་པོ་དང་འབྲེལ་བ་མཐུད་ཀྱི་ཡོད། འདི་ནི་གཞི་རྩའི་རྩ་བཤང་བའི་ལུས་རྩལ་ལྟ་བུ་དེ་རེད། 

དེ་ནས་ང་ཚོས་སོ་སོའི་ཀུན་སློང་ལ་གཞིགས་ནས་བསམ་བློ་གཏོང་གི་ཡོད། ངས་སྒོམ་ཅིའི་ཕྱིར་རྒྱག་འདོད་ཡོད་དམ། དེའང་སྔོན་འགྲོའི་རྩ་བཤང་པའི་ཆ་ཤས་སུ་གཏོགས་ཀྱི་ཡོད། ཇི་ལྟར་ང་ཚོས་རྩེད་མོ་ཞིག་སྦྱོང་བརྡར་བྱེད་པའམ། ཡང་ན་རོལ་དབྱངས་ཤིག་དཀྲོལ་སྟངས་སྦྱོང་བཞིན་ཡོད་ན། ང་ཚོས་ “ངས་འདི་བྱེད་དགོས་དོན་གང་རེད་དམ་” ཞེས་རྟོགས་དགོས་པ་དང་སླར་ཡང་བརྟག་དཔྱད་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད། ཐ་ན་ང་ཚོ་དེ་བྱེད་པར་དགའ་བ་དང་སྐྱིད་ཚོར་མྱོང་གི་ཡོད་པ་སོང་ཙང་། དེ་སྦྱོང་བརྡར་བྱེད་ཀྱི་ཡོད་ནའང་། ང་ཚོས་རང་གིས་རང་ལ་དེ་དྲན་གསོ་གཏོང་དགོས་ཀྱི་ཡོད། གང་ཡིན་ཞེ་ན། སྦྱོང་བརྡར་ནི་ཧ་ཅང་དཀའ་ཐུབ་དང་རྩོལ་བ་ཅན་ཞིག་ཡིན་པ་རེད། བྱས་ཙང་། ང་ཚོས་སྒོམ་ལ་བརྟེན་ནས་བཟང་ཕྱོགས་དགེ་བའི་གོམས་གཤིས་ཤིག་ཅིའི་ཕྱིར་སྐྲུན་དགོས་པའི་ཐད་སླར་ཡང་ངེས་བརྟན་བཟོ་དགོས། དེའི་རྒྱུ་མཚན་ནི་དེས་མི་ཚེའི་ནང་གི་དཀའ་ངལ་རྣམས་ལ་གདོང་ལེན་ཡང་དག་པ་བྱེད་པར་ཕན་གྱི་རེད། དཔེར་ན། གལ་ཏེ་ངས་ལམ་སེང་ལས་སླ་པོའི་སྒོ་ནས་ཁོང་ཁྲོ་མི་ཟ་བ་ལྟ་བུ་རེད། གལ་ཏེ་ང་རང་རྟག་ཏུ་ཁོང་ཁྲོ་ཟ་བ་ཡིན་ན། ངས་གཞན་སུ་གཅིག་ལའང་ཕན་འདོགས་མི་ཐུབ་ཀྱི་མ་རེད། གལ་ཏེ་ང་ཚོ་སེམས་ཚོར་གྱི་སྒོ་ནས་བློ་ཕམ་བྱུང་ན། ངས་གཞན་སུ་གཅིག་ལའང་ཕན་འདོགས་ཐུབ་ཀྱི་མ་རེད། 

དེར་བརྟེན་ང་ཚོས་རྩ་བཤང་པའི་ལུས་རྩལ་དེ་དག་ཐམས་ཅད་བྱེད་དགོས། དེ་ནས་སྒོམ་དངོས་ཀྱི་སྐབས། གང་འདོད་པའི་སེམས་ཀྱི་གནས་བབས་སྐྱེད་པའི་ཕྱིར་ང་ཚོས་བསམ་བློའི་རིམ་པ་འགའ་ཞིག་བེད་སྤྱོད་བྱེད་དགོས། ང་ཚོས་དེ་ལྟར་བྱེད་པའི་སྐབས། དེ་སོ་སོ་སྒེར་གྱི་མི་ཚེ་དང་འབྲེལ་ནས་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་དངོས་མེད་ཀྱི་བསམ་བློའི་རྣམ་གཞག་སྐོར་ལ་བསམ་བློ་གཏོང་གི་མེད་པར། སོ་སོ་རང་ཉིད་ཀྱི་མི་ཚེའི་ནང་ཕན་པའི་ཐབས་ཚུལ་རྣམས་ངས་ལག་བསྟར་བྱེད་ཐུབ་པའི་སྐོར་ལ་བསམ་བློ་གཏོང་བཞིན་ཡོད།

བརྙན་པར། བྱ་རོག་བླ་མ། “སེམས་ཞི་འཇམ་དུ་གནས་པའི་ཐབས་སྒྱུ།” 

དཔེ་མཚོན་ཞིག

དཔེ་ཆ་བཞག་ན། ང་ཚོའི་གྲོགས་པོ་ཞིག་གིས་བྱ་སྤྱོད་ཧ་ཅང་ལྟ་ན་མི་སྡུག་པ་ཞིག་སྤེལ་ནས་ང་ཚོ་ལ་ཚིག་ངན་བརྗོད་པའམ་ཡང་ན་ཁོང་ཚོས་ཁ་པར་བཏང་མེད་པ། ཡང་ན་ང་ཚོ་ལ་སྣང་མེད་བཏང་བ་དང་མི་རྣམས་ཀྱིས་ང་ཚོའི་སྐོར་ལ་མཐོང་ཆུང་བྱས་པ་ལྟ་བུ་རེད། དེ་དག་ནི་མི་ཚང་མར་འཕྲད་བཞིན་པའི་གནད་དོན་འཇིགས་སུ་རུང་བ་རྣམས་རེད། ང་ཚོས་མི་དེ་དག་ལ་ཧ་ཅང་སུན་སྣང་སྐྱེས་པ་དང་ཞེད་སྣང་ཚོར་ནས་ཡ་ལན་སྤྲད་དང་སྤྲོད་མུས་རེད། དམིགས་བསལ་ང་ཚོས་དེ་དག་ང་ཚོའི་གྲོགས་པོ་ཡིན་བསམས་ན། དེ་འདྲ་ཡོང་གི་ཡོད། 

ང་ཚོས་དབུགས་ལ་དམིགས་པ་གཏད་པའི་རྗེས་སུ་སེམས་ཏོག་ཙམ་ལྷོད་ཡངས་དང་ཞི་འཇམ་ཡོད་སྐབས། དེ་སྒོམ་གྱི་ནང་བརྟག་དཔྱད་བྱེད་དགོས། དེ་ནས་ང་ཚོས་སོ་སོའི་གྲོགས་པོ་དང་འཛིན་གྲོགས་རྣམས་ནི་ང་ཚོ་དང་འདྲ་བར་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་མཁན་ཡིན་པར་སླར་ཡང་ངེས་བརྟན་བཟོ་དགོས། ཁོང་ཚོས་ང་ཚོ་ལ་ལྟ་ཚུལ་སྡུག་ཅག་འཛིན་པ་ནི་གནས་སྟངས་ཤིག་གིས་ཁོང་ཚོ་ལ་དངོས་གནས་བློ་ཕམ་དང་སུན་པོ་བཟོ་བཞིན་ཡོད་ལས་ཆེ་ལ། ཡང་ན་ང་ཚོའི་ཐད་ལ་མགོ་རྨོངས་པ་ཡིན་གྱི་རེད། ཁོང་ཚོས་ངའི་ཡོན་ཏན་ལ་ཡི་རང་བྱས་མ་སོང་། ང་ལ་མཐོང་ཆུང་འདྲ་བྱས་སོང་ཞེས་སླར་ཡང་ངེས་བརྟན་བཟོ་དགོས། ཁོང་ཚོ་ལ་ཁོང་ཁྲོ་ཟ་བ་དང་སེམས་ཞུམ་པ་བཅས་ཀྱིས་གང་ཡང་ཕན་གྱི་མ་རེད། དེའི་ཚབ་ལ་ཁོང་ཚོར་གནོད་པའམ་སུན་སྣང་དང་བློ་ཕམ་གང་གིས་བྱེད་ཀྱི་ཡོད་ནའང་དེ་དག་ཐམས་ཅད་ལས་ཐར་བའི་རེ་བ་ཡོད། དེ་ལྟར་བྱུང་ན་ཁོང་ཚོས་ང་ལ་ལྟ་ཚུལ་ཡག་པོ་འཛིན་ངེས་རེད། གང་ཡིན་ཞེ་ན། དེ་ལ་བརྟེན་ནས་རང་གཞན་ཚང་མ་སྐྱིད་པོ་ཡོང་གི་རེད་ཅེས་བསམ་དགོས། 

དེར་བརྟེན་མི་དེ་དག་གི་ཕྱོགས་སུ་ཁོང་ཁྲོ་ཟ་རྒྱུའི་ཚབ་ལ། “ཁོང་ཚོར་སུན་སྣང་དང་བློ་ཕམ་གང་གིས་བཟོ་བཞིན་པ་ཚང་མ་དང་བྲལ་ན་ཅི་མ་རུང་། ཁོང་ཚོར་བདེ་སྐྱིད་དང་ལྡན་པར་ཤོག །གལ་ཏེ་ཁོང་ཚོ་སྐྱིད་པོ་ཡོད་ན། དེ་ལྟ་བུའི་སྤྱོད་ཚུལ་ངན་པ་སྟོན་ངེས་མ་རེད་” ཅེས་བྱམས་པ་དང་སྙིང་རྗེ་ཚོར་དགོས། དེ་ལྟར་ང་ཚོས་ཁོང་ཁྲོ་ཟ་རྒྱུའི་ཚབ་ལ་ཁོང་ཚོའི་ཕྱོགས་སུ་བྱམས་པའི་ཚོར་བ་སྐྱེད་དགོས། དེས་ཁོང་ཚོའི་གནས་སྟངས་ལ་བཟོད་སྒོམ་ཆེ་བ་ཡོང་བར་ཕན་གྱི་ཡོད། གལ་ཏེ་ང་ཚོས་ཞི་འཇམ་དང་། བྱམས་པ། བཟོད་བཞེས་ཆེ་བའི་སྒོ་ནས་བྱ་སྤྱོད་སྤེལ་ན། དེས་ཁོང་ཚོ་ལའང་ཞི་འཇམ་ཡོང་བར་ཕན་པ་དང་གནས་སྟངས་ལ་རྦད་དེ་གདོང་ལེན་བྱེད་སླ་བ་ཆགས་ཀྱི་ཡོད། 

གཞན་གྱིས་ང་ཚོར་ཚིག་ངན་སྨྲ་བ་དང་སྤྱོད་ངན་སྟོན་པ་ལ་སྒེར་དོན་དུ་མི་འཛིན་པ། 

སངས་རྒྱས་ཀྱིས་ཐེངས་ཤིག་ཁོང་གི་སློབ་མ་ཞིག་ལ། “གལ་ཏེ་མི་ཞིག་གི་ཁྱེད་ལ་གསོལ་རས་ལྟ་བུ་ཞིག་སྤྲད་པ་དང་དེ་ལ་ཁྱེད་ནས་ངོས་ལེན་མ་བྱས་ན། དེ་སུ་ལ་དག་པ་རེད་དམ།” གལ་ཏེ་ཁྱེད་ནས་ངོས་ལེན་མ་བྱས་ན། དེ་ནི་སྦྱིན་མཁན་གྱི་མི་དེ་ལ་དག་གི་ཡོད་པ་གསལ་པོ་རེད། བྱས་ཙང་། མི་ཞིག་གིས་ཁྱེད་ལ་ཤུགས་རྐྱེན་ངན་པ་དང་། མི་དགེ་བའི་ཚོར་བ། སྐྱོན་བརྗོད་སོགས་སྤྲོད་ཐབས་བྱེད་ཀྱིན་ཡོད་ན། དེ་ངོས་ལེན་མི་བྱ་བ་དང་སྒེར་དོན་དུ་མི་འཛིན་རྒྱུ་གལ་ཆེན་པོ་རེད། ཕྱོགས་གཞན་ཞིག་ནས་དེ་ལ་ཁྱེད་ཀྱིས་མི་གཞན་དེ་ལ་དངོས་གནས་བློ་ཕམ་བྱེད་མཁན་ཞིག་འདུག་བསམ་དགོས། གལ་ཏེ་མི་ཞིག་གིས་ང་ཚོར་སྐྱོན་བརྗོད་བྱས་ན། དེ་ནི་ཁོང་ཚོས་ངས་ཡར་རྒྱས་གཏོང་དགོས་ས་ཞིག་ལ་མཛུབ་སྟོན་བྱེད་ཀྱིན་ཡོད་སྲིད་ཅེས་བསམས་ནས་རང་གིས་རང་ལ་བརྟག་དཔྱད་བྱེད་པར་ཕན་ཐོགས་སྲིད་པ་རེད། བྱས་ཙང་། ང་ཚོས་དེ་ལ་སྣང་མེད་གཏོང་རྒྱུ་མེད། ཡིན་ནའང་། སྤོ་ལོའི་རྩེད་མོ་ཞིག་ནང་མི་ཞིག་གིས་ང་ཚོར་གད་སྙིགས་ཀྱི་སྤོ་ལོ་གཡུག་པ་ལྟར་སྣང་བར་མི་འགྲོ་བའི་བསམ་ཚུལ་གང་འདྲ་ཞིག་བཤད་ནའང་། དེ་དག་འཛིན་པར་གྲ་སྒྲིག་ཨང་བསར་ཡོད་པའི་སྤོ་ལོ་འཛིན་མཁན་ཞིག་དང་འདྲ་བར་སྤྱོད་ཚུལ་མི་སྟོན་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། 

མི་རྣམས་ཀྱིས་ཆོ་མེད་པ་དང་སྣང་བར་མི་འགྲོ་བའི་སྐད་ཆ་བཤད་པ་དང་། ཚིག་རྩུབ་སྨྲ་བ། རྣམ་འགྱུར་ངན་པ་སྟོན་པ་སོགས་གང་ཡིན་རུང་ང་ཚོས་དེ་དག་འཛིན་རྒྱུར་བློ་འདོད་བྱེད་ཀྱི་ཡོད། མཚམས་མཚམས་ང་ཚོས་བྱ་སྤྱོད་དེ་འདྲ་སྤེལ་གྱི་ཡོད། མ་རེད་དམ། སྤྱིར་བཏང་ལས་སླ་པོ་ཞིག་མེད་ནའང་། ང་ཚོའི་ངོས་ནས་གང་ཐུབ་ཀྱིས་གང་བྱུང་བའི་གནས་སྟངས་དེ་དག་ “བདག་” ཁས་མི་ལེན་པ་ཞིག་ལྟར་ཧ་ཅང་སྒེར་དོན་དུ་མི་འཛིན་པར། དེ་ནི་མི་གཞན་དེ་ལ་ཡོད་པའི་དཀའ་ངལ་ཞིག་ཏུ་འཛིན་དགོས། ཕྱོགས་གཞན་ཞིག་ནས་ང་ཚོས་མི་གཞན་དེ་འཇིགས་སུ་རུང་བ་ཞིག་ཏུ་ལྟ་བའི་བསམ་ཕྱོགས་ཡོད་པ་ལས་ལྡོག་སྟེ། ང་ཚོས་མི་དེ་དག་ལ་ “ཨ་ཙི། མི་དེ་དག་ལ་སུན་སྣང་དང་བློ་ཕམ་བཟོ་མཁན་ཞིག་འདུག །ཁོང་ཚོར་མ་འགྲིག་པ་ཞིག་འདུག་” བསམས་ནས་ལྟ་དགོས། 

དེ་ནི་ཕྲུ་གུ་ལོ་ན་གཉིས་སམ་གསུམ་བྱས་པ་ཞིག་ལ་ལྟ་སྐྱོང་བྱེད་བཞིན་པ་དང་ཕྲུ་གུ་དེ་ཚད་ལས་བརྒལ་བའི་ཐང་ཆད་ནས་གཉིད་ཁུག་འདོད་མེད་པ་དང་འདྲ་པོ་ཡོད། དེ་ལ་ང་ཚོས་ “གཉིད་ཉལ་བའི་དུས་ཚོད་བསླེབས་སོང་” ཞེས་བརྗོད་སྐབས། ཕྲུ་གུ་དེས་ “ང་ཁྱོད་ལ་མི་དགའ་” ཞེས་ཟེར་གྱི་ཡོད། དེའི་སྐབས་སུ་ང་ཚོས་དེ་སྒེར་དོན་དུ་འཛིན་ནས་སེམས་ནང་འཇོག་དགོས་སམ། ཕྲུ་གུ་དེ་ཚད་བརྒལ་གྱི་ཐང་ཆད་པས། ང་ཚོས་ཕྲུ་གུས་གང་བཤད་པའི་སྣང་བར་མི་འགྲོ་བའི་སྐད་ཆ་དེ་ལ་སྒེར་དོན་དུ་མི་འཛིན་པར། ཕྲུ་གུ་དེ་ལ་ང་ཚོས་བཟོད་སྒོམ་དང་བརྩེ་བ་མང་བ་སྤྲད་ནས་ཞི་འཇམ་བཟོ་ཐབས་བྱེད་ཀྱི་ཡོད་པ་ལྟ་བུ་རེད། 

སྒོམ་གྱི་ནང་ཕ་རོལ་གྱི་མི་དེས་བཟང་ཕྱོགས་ཀྱི་སྒོ་ནས་ང་ཚོར་དཀའ་ངལ་བཟོ་བཞིན་ཡོད་པར་ལྟ་བ་དང་། གནས་སྟངས་དཀའ་ངལ་ཅན་གྱི་ནང་དུ་མི་དེ་ལ་ང་ཚོས་བཟོད་པ་དང་། བརྩེ་བ། དགེ་བའི་བསམ་བློ་མང་བ་ཉམས་ལེན་བྱེད་དགོས། དེ་ལ་བརྟེན་ནས་ང་ཚོར་མི་ཚེ་དངོས་ཀྱི་ནང་དེ་ལྟ་བུའི་གནས་སྟངས་དང་འཕྲད་སྐབས། ང་ཚོས་གདོང་ལེན་ཡག་ག་བྱེད་ཐུབ། མདོར་ན་ཡིད་ཆེས་དཀའ་བའི་སེམས་ཀྱི་གནས་བབས་ཏེ། བྱང་ཆུབ་ཀྱི་སེམས་འདི་འཐོབ་པར་ང་ཚོས་ཡར་རྒྱས་གཏོང་དགོས་པ་དང་། འབད་བརྩོན་དང་སྒོམ་དེ་བཞིན་ཐབས་ལམ་གཞན་དག་བརྟེན་ནས་ང་ཚོས་གཞན་དོན་གང་ཐུབ་ཅི་ཐུབ་བསྒྲུབ་པའི་འགན་དེ་འཁྱེར་དགོས་པ་དང་། ག་ཚོད་ཐུབ་ཐུབ་ཀྱིས་སོ་སོའི་སྐྱོན་གྱི་ཆ་རྣམས་སྤོངས་ནས་ནུས་པ་ཡོངས་སུ་རྫོགས་པ་རྟོགས་དགོས། གང་ཡིན་ཞེ་ན། གལ་ཏེ་ངས་གཞན་ཐམས་ཅད་ལ་བདེ་སྐྱིད་འཐོབ་ཕྱིར་འབད་བརྩོན་བྱས་ན། དེ་ལ་བརྟེན་ནས་སོ་སོ་རང་ཉིད་ཀྱང་བདེ་སྐྱིད་དང་ལྡན་པ་ཞིག་ཆགས་ངེས་རེད། འོན་ཀྱང་། ངས་སོ་སོ་རང་ཉིད་ཁོ་ནའི་བདེ་སྐྱིད་ཀྱི་དོན་དུ་འབད་བརྩོན་བྱེད་པ་དང་གཞན་རྣམས་སྣང་མེད་འདོར་བའམ་གཞན་ལ་གནོད་སྲིད་པའི་ལས་བྱས་ན། ང་ཚོ་ཚང་མ་སྡུག་བསྔལ་མྱོང་གི་རེད། 

ད་ཁྱེད་རང་གཞོན་ནུ་ཡིན་པའི་སྐབས་དང་སློབ་ཕྲུག་ཡིན་པའི་སྐབས། སོ་སོའི་ནུས་པ་དང་འཇོན་ཐང་ལ་གུས་ཞབས་བྱེད་སྟངས་སྦྱོང་བའི་དུས་ཚོད་ཡག་ཤོས་དེ་ཡིན་པ་དང་སོ་སོའི་ཡར་རྒྱས་གཏོང་བའི་གཞི་རྩའི་བྱ་བར་འཇུག་པའི་རྒྱུ་ཆ་ཚང་མ་རང་ཉིད་ལ་ཡོད་པར་རྟོགས་དགོས། དེ་ཡང་བཟང་ཕྱོགས་སུ་ཡར་རྒྱས་གཏོང་དགོས་པ་ལས་ངན་ཕྱོགས་སམ་ཡང་ན་ཁ་ཕྱོགས་མེད་སར་རྩ་ནས་འགྲོ་མི་ཉན། ང་ཚོ་འཛམ་གླིང་འདིའི་གནས་ཚུལ་ཆ་འཕྲིན་དང་སྤྱི་ཚོགས་བརྒྱུད་ལམ་སོགས་ཀྱི་དུས་རབས་འདིའི་ནང་སོ་སོ་གཅིག་པུའམ་ཁེར་རྐྱང་མིན་པར། ཚང་མ་གཅིག་གིས་གཅིག་ལ་རྟེན་ཅིང་འབྲེལ་ནས་ཡོད། ང་ཚོས་དགེ་མཚན་ལྡན་པའི་ཐབས་ཤིག་གི་ཐོག་ནས་གཞན་ཐམས་ཅད་ལ་ཤུགས་རྐྱེན་སྤྲོད་པའི་ཕན་པ་གང་ཆེའི་ཕྱོགས་སུ་ཡར་རྒྱས་གཏོང་ཐུབ། 

དེ་ནི་བྱང་ཆུབ་སེམས་ཀྱི་སྐོར་ལ་མདོར་བསྡུས་ཙམ་ཞིག་ཡིན། ད་ང་ཚོར་དྲི་བ་དྲིས་ལན་གྱི་དུས་ཚོད་ཡོད། 

ནང་པའི་ལྟ་ཚུལ་ལ། བརྩེ་བ་ཟེར་བ་དེ་གང་རེད་དམ། 


ཁྱེད་ཀྱིས་ནང་པའི་ལྟ་ཚུལ་གྱི་ཆ་ནས་བྱམས་པའམ་བརྩེ་བའི་སྐོར་ལ་རྒྱས་ཙམ་ཞིག་གསུང་རོགས་གནང་། དམིགས་བསལ་ཕོ་མོའི་དབར་གྱི་བརྩེ་བའི་སྐོར་གསུང་གནང་རོགས། 

ང་ཚོས་ནང་པའི་ལྟ་ཚུལ་ལྟར་བྱམས་པའམ་བརྩེ་བའི་སྐོར་ཤོད་སྐབས། ངས་གོང་དུ་ཞུས་པ་ལྟར། བྱམས་པ་ནི་གཞན་རྣམས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པའི་ཡིད་སྨོན་དེ་ཡིན་པ་རེད། དེ་ནི་གང་ཟག་གཞན་དེའི་ལེགས་པའི་ཆ་དང་ཉེས་པའི་ཆ་གཉིས་ཀའི་ཐོག་ནས་མཐའ་གཅིག་ཏུ་ངོས་ལེན་བྱེད་པའི་དོན་རེད། ཁོང་ཚོ་སྐྱིད་པོ་ཡོང་བའི་ངའི་ཡིད་སྨོན་དེ་ནི་ཁོང་ཚོས་ང་ལ་ལྟ་ཚུལ་འཛིན་སྟངས་དང་སྤྱོད་ཚུལ་སྟོན་སྟངས་ལ་རག་ལུས་མེད། ག་རེ་ཡིན་མིན་ལ་མ་ལྟོས་པར། ཐ་ན་ཁོང་ཚོར་དུས་ཚོད་ཐུང་ངུ་ཞིག་སྟེར་བའི་དོན་ཡིན་ནའང་འདྲ་སྟེ། གང་ལྟར་ཡང་ཁོང་ཚོར་བདེ་སྐྱིད་དང་ལྡན་ན་བསམ་པའི་རེ་འདུན་དེ་སོ་སོ་ལ་ཡོད་པ་རེད། 

ནམ་རྒྱུན་བྱམས་པའམ་བརྩེ་བ་དེ་འདོད་སྲེད་ (འདོད་སྲེད་ནི་ང་ཚོར་གང་རུང་ཞིག་མེད་པའི་སྐབས། ངེས་པར་དུ་དེ་འཐོབ་འདོད་བྱེད་པ་དེ་རེད་) དང་འདྲེས་ནས་ཡོད། དེ་ཆགས་སེམས་དང་འདྲེས་ཡོད་སྲིད་ (ཆགས་སེམས་ནི་ཐ་ན་ང་ཚོར་གང་ཡོད་པ་དེ་བློས་གཏོང་བྱེད་འདོད་མེད་པ་དེ་རེད་) པ་དང་དེ་བཞིན་འདོད་རྔམ་ (ང་ཚོར་ཐ་ན་གྲོགས་པོ་དང་རང་ཉིད་བརྩེ་བ་ཡོད་ས་ཉེ་ས་ཡོད་ནའང་། ད་དུང་དེ་ལས་མང་བ་དགོས་འདོད་བྱེད་པ་དེ་རེད་) དང་འདྲེས་པ་ཞིག་ཀྱང་ཡིན་སྲིད། དེ་དག་ཐམས་ཅད་ནི་ཁོང་ཚོའི་ཡོན་ཏན་ཁོ་ནར་བལྟས་ནས་སྒྲོ་འདོགས་བྱེད་པ་དང་། དེ་ལས་གནས་ཚུལ་ཆེན་པོ་བཟོ་བ། ཁོང་ཚོར་ཡོད་སྲིད་པའི་སྐྱོན་གྱི་ཆ་རྣམས་ལ་སྣང་མེད་གཏོང་བ་བཅས་ལ་གཞི་བྱས་ཡོད། ཁོང་ཚོར་ཡོད་པའི་ཡོན་ཏན་ནི་སོ་སོ་ལ་དགའ་མོས་བྱེད་པ་ཙམ་དང་། མི་དེ་དང་མཉམ་དུ་ཡོད་དུས་སྐྱིད་པོ་ཚོར་བ། མི་དེ་རྫིག་པོ་ཡོད་པ། ཆགས་ཉམས་ཅན་ཡོད་པ་སོགས་གང་རུང་ཡིན་སྲིད། བྱས་ཙང་། ང་ཚོས་གང་ཟག་དེའི་ཆ་ཤས་ཧ་ཅང་ཆུང་ངུ་ཞིག་ཁོ་ནར་ལྟ་བཞིན་ཡོད་པ་དང་དེ་ལ་ང་ཚོས་གཞན་ཚང་མ་ལས་གལ་ཆེ་བ་བརྩི་གི་ཡོད། འདི་ནི་དངོས་ཡོད་དང་མཐུན་པའི་བསམ་ཕྱོགས་ཤིག་མིན། དེ་ནི་མི་དེས་ང་ལ་ལྟ་ཚུལ་ཇི་ལྟར་འཛིན་གྱི་ཡོད་པ་ལ་རག་ལུས་ཡོད། དཔེར་ན། མི་དེས་རང་ཉིད་ལ་ལྟ་ཚུལ་ཡག་པོ་དང་ལྟ་སྐྱོང་ཡག་པོ་བྱས་ན། ངས་དེ་ལ་བརྩེ་བ་སྤྲོད་པ་དང་། དེ་ལྟར་མ་བྱས་ན། ངས་བརྩེ་བ་སྤྲོད་ཀྱི་མིན་ཞེས་པ་དེ་རེད། འདི་ནི་བྱམས་པའམ་བརྩེ་བ་བརྟན་པོ་དེ་མིན། 

ངས་གོང་དུ་ཞུས་པ་ལྟར། བྱམས་པའམ་བརྩེ་བ་བརྟན་པོ་དེ་ནང་ཆོས་ནང་གང་གི་སྐོར་ཤོད་ཀྱི་ཡོད་པ་ནི། ཕ་རོལ་གྱི་གང་ཟག་དེའི་ལེགས་པའི་ཆ་དང་ཉེས་པའི་ཆ་གཉིས་ཀར་ངོས་ལེན་བྱེད་པ་དེ་རེད། གང་ཡིན་ཞེ་ན། མི་ཚང་མར་ལེགས་ཉེས་ཀྱི་གནད་དོན་ཡོད་པ་རེད། ཚང་མ་རྣམ་པར་དག་པ་དང་ཕུལ་དུ་བྱུང་བ་ཞིག་ནི་མིན། དཀའ་ངལ་དེ་གང་རེད་ཅེ་ན། ང་ཚོ་མང་པོ་ཞིག་ད་དུང་ཡང་ལྷ་སྒྲུང་གི་རིགས་ལ་ཡིད་ཆེས་བྱེད་ཀྱི་ཡོད། ལྷ་སྒྲུང་གི་ནང་མཐའ་གཅིག་ཏུ་རྣམ་པར་དག་པར་འགྱུར་བའི་ཡིད་དུ་འོང་བའི་སྲས་སམ་ཡང་ན་སྲས་མོ་རྟ་དཀར་པོའི་སྟེང་དུ་བཞོན་པ་ཞིག་ཡོད། ང་ཚོས་བརྩེ་བ་སྤྲོད་སའི་མི་སྣ་ཚོགས་པར་རྟག་ཏུ་དེ་འདྲ་ཞིག་ལྟ་བཞིན་ཡོད། ཡིན་ནའང་། སྟབས་ཉེས་པ་ཞིག་ལ། དེ་ནི་ཡེ་ཤུའི་འཁྲུངས་སྟོན་གྱི་པཱ་ལགས་ལྟ་བུ་ལྷ་སྒྲུང་ཙམ་ཞིག་ཡིན་པ་དང་དངོས་ཡོད་གནས་ཚུལ་གང་དང་ཡང་མཐུན་གྱི་མེད། 

དེ་རྟོགས་པ་ནི་གནད་དོན་ཧ་ཅང་ཡིད་དུ་འོང་བ་ཞིག་མིན་པ་དང་དེ་ངོས་ལེན་བྱ་རྒྱུ་ཧ་ཅང་ཁག་པོ་རེད། “འདི་ནི་ལྷ་དང་ལྷ་མོ་ནང་བཞིན་ཡིད་དུ་འོང་བ་ཞིག་མི་འདུག །ཡིན་ནའང་། རྗེས་མ་དེ་ཡིན་སྲིད་ཀྱི་རེད་” ཅེས་ང་ཚོས་ནམ་ཡང་བློས་གཏོང་བྱེད་ཀྱི་མེད། ཇི་སྲིད་རྟ་དཀར་པོར་བཞོན་པའི་སྲས་དང་སྲས་མོའི་རྟོག་འཆར་སྐྲུན་བཞིན་དུ་དེ་ལ་ལྟ་བ་དེ་སྲིད་དུ་ང་ཚོའི་འབྲེལ་བ་དང་གཞན་དང་མཉམ་དུ་བརྩེ་བའི་འབྲེལ་བ་དེ་དག་ལ་དཀའ་ངལ་འབྱུང་གི་རེད། གང་ཡིན་ཞེ་ན། མི་སུ་གཅིག་ཀྱང་ང་ཚོའི་ཆེད་དུ་རྣམ་པར་དག་པ་དང་སྐྱོན་དང་བྲལ་བའི་སྒོ་ནས་ཟླ་རོགས་སུ་གནས་མི་ཐུབ། ཁོང་ཚོས་སྲས་དང་སྲས་མོ་ནང་བཞིན་བྱ་སྤྱོད་མ་སྤེལ་བའི་སྐབས། ང་ཚོ་ཁོང་ཁྲོ་ཟ་གི་ཡོད། དེའི་དོན་ནི་ཁོང་ཚོ་ནི་ང་ནང་བཞིན་འགྲོ་བ་མི་ཞིག་ཡིན་པ་དང་ལེགས་ཉེས་གཉིས་ཡོད་པའི་དངོས་ཡོད་གནས་ཚུལ་དེ་ང་ཚོས་ངོས་ལེན་བྱེད་ཀྱི་མེད་པ་རེད། བྱས་ཙང་། བརྩེ་བ་ངོ་མ་དང་བརྟན་པོ་དེ་ནི་མི་གཞན་དེའི་དངོས་ཡོད་གནས་ཚུལ་ཁས་ལེན་བྱེད་པ་ལ་གཞི་བྱས་ཡོད། 

ང་ཚོས་བརྩེ་བ་ཡོད་སའི་གང་ཟག་དེའི་དངོས་ཡོད་ཀྱི་རྣམ་པ་གཞན་ཞིག་ང་ཚོས་ནམ་རྒྱུན་དྲན་པ་བརྗེད་ཀྱི་ཡོད་པ་ནི། ང་ཚོ་ནི་ཁོང་ཚོའི་མི་ཚེའི་ནང་ཡོད་ན་མེད་ན་གཅིག་པུ་དེ་མིན། ནམ་རྒྱུན་ཁོང་ཚོ་ལ་ང་ཚོ་དང་མཉམ་དུ་ཡོད་པའི་སྟེང་དུ་ད་དུང་ཡང་མི་ཚེ་ཞིག་ཡོད་པའི་བདེན་དོན་དེ་ང་ཚོས་མཐོང་གི་མེད། དཔེར་ན། ཁོང་ཚོ་ལ་ང་ཚོ་ལས་གཞན་པའི་གྲོགས་པོ་དང་། ནང་མི། ལས་འགན་གཞན་མང་པོ་ཡོད། དེ་དག་ཀྱང་ཁོང་ཚོའི་མི་ཚེའི་ཆ་ཤས་ཡིན་པ་དང་ཁོང་ཚོའི་མི་ཚེའི་ནང་ང་གཅིག་པུ་ཡོད་པ་མིན། དེར་བརྟེན་ཁོང་ཚོས་མི་གཞན་དང་གནད་དོན་གཞན་གྱི་ཆེད་དུ་དུས་ཚོད་སྐྱེལ་བའི་སྐབས། ང་ཚོས་ཕྲག་དོག་བྱེད་པ་དང་བློ་ཕམ་བྱེད་པ་ནི་ཧ་ཅང་རྒྱུ་མཚན་དང་མི་ལྡན་པ་ཞིག་རེད། དཔེར་ན། ཁོང་ཚོ་སེམས་ཁམས་ཀྱི་ཉམས་འགྱུར་སྡུག་ཅག་གི་ནང་ཡོད་པའམ་ང་ཚོ་མཉམ་དུ་སྡོད་འདོད་མེད་པའི་སྐབས། དེ་ནི་ང་རང་གཅིག་པུ་རྒྱུ་མཚན་དུ་བྱས་ནས་མ་རེད། མི་གཞན་དེས་གང་ཚོར་བ་དང་བྱེད་པ་ཚང་མའི་རྒྱུ་རྐྱེན་དེ་ང་མིན། གལ་ཏེ་ཁོང་ཚོ་སེམས་ཁམས་ཀྱི་ཉམས་འགྱུར་སྡུག་ཅག་ནང་ཡོད་ན། དེས་ཁོང་ཚོའི་ནང་མིའི་དབར་ལ་གང་འབྱུང་བཞིན་པ་དེས་ཤུགས་རྐྱེན་བྱས་ཡོད་སྲིད་ལ། ཁོང་ཚོར་ཡོད་པའི་གྲོགས་པོ་ཚོས་ཤུགས་རྐྱེན་སྤྲད་ཡོད་སྲིད། ཡང་མིན་ན་ནད་ཀྱི་མནར་བ་དང་ལུས་པོ་བདེ་པོ་མེད་པ་སོགས་རྒྱུ་རྐྱེན་ཧ་ཅང་མང་པོས་ཤུགས་རྐྱེན་བྱས་ཡོད་སྲིད། མི་གཞན་དེས་གང་ཚོར་བ་ཚང་མའི་རྒྱུ་རྐྱེན་ང་ཡིན་ཞེས་ངས་ཅིའི་ཕྱིར་བསམ་དགོས་སམ། 

དེ་དང་ཕྱོགས་མཚུངས་གལ་ཏེ་མི་དེ་དང་ངེད་གཉིས་ཀྱི་དབར་ལ་ཕུགས་རྒྱང་རིང་བའི་འབྲེལ་བ་ཞིག་ཡོད་ན། ང་ཚོའི་འབྲེལ་གླེང་གི་ནང་ཉིན་རེ་ནས་ཉིན་རེ་བཞིན་དུ་གནས་ཚུལ་ཧ་ཅང་མང་པོ་འབྱུང་གི་རེད། ནམ་རྒྱུན་ག་རེ་ཡོང་གི་ཡོད་ཅེ་ན། “ཁོང་ཚོས་དེ་རིང་ང་ལ་ཁ་པར་བཏང་མ་སོང་། ཁོང་ཚོས་ངའི་འཕྲིན་ཡིག་ལ་ལན་རྒྱག་མ་སོང་” ཞེས་དང་། ང་ཚོས་བྱུང་རྐྱེན་གཅིག་རང་གི་གལ་གནད་ལ་སྒྲོ་འདོགས་ཀྱི་ཡོད་པ་ལས། རིམ་པས་བྱུང་བའི་འབྲེལ་བ་ཡོངས་སུ་རྫོགས་པའི་ཕུགས་རྒྱང་རིང་པོའི་སྐབས་དོན་གྱི་ནང་མཐོང་གི་མེད། བྱུང་རྐྱེན་གཅིག་དེ་ལ་བརྟེན་ནས་ཁོང་ཚོས་ང་ལ་བརྩེ་བ་མི་འདུག་ཅེས་མཇུག་སྡོམ་རྒྱག་གི་ཡོད། ཡིན་ནའང་། འདི་ནི་ཧ་ཅང་མིག་རྒྱང་ཐུང་ཐུང་ཞིག་རེད། དེ་ནི་ང་ཚོས་གནད་དོན་ཆུང་ཆུང་ཞིག་ལ་བལྟས་ནས་དེ་འབྲེལ་བ་ཡོངས་རྫོགས་ལས་ལོགས་སུ་འདོན་གྱི་ཡོད། 

དངོས་ཡོད་གནས་ཚུལ་ནི་མི་ཚང་མའི་མི་ཚེ་དང་སེམས་ཁམས་ཀྱི་ཉམས་འགྱུར་ལ་སོགས་པ་འཕེལ་འགྲིབ་འགྲོ་བཞིན་ཡོད། དེ་ནི་ང་ཚོ་དང་གཞན་ཚང་མ་ལ་གཅིག་མཚུངས་རེད། བྱས་ཙང་། སྐབས་རེར་སོ་སོའི་དགའ་ས་དང་བརྩེ་དུངས་ཡོད་སའི་མི་དེ་ང་དང་མཉམ་དུ་སྡོད་འདོད་ཡོད་པ་ལྟར་ཚོར་བ་དང་སྐབས་རེར་དེ་འདྲ་ཚོར་གྱི་མེད། སྐབས་རེར་ཁོང་ཚོ་སེམས་ཁམས་ཀྱི་ཉམས་འགྱུར་ཡག་པོ་ཡོད་པ་དང་སྐབས་འགར་སེམས་ཁམས་ཀྱི་ཉམས་འགྱུར་སྡུག་ཅག་ནང་ཡོད་པ་ནི་རང་བཞིན་རེད། གལ་ཏེ་ཁོང་ཚོ་སེམས་ཁམས་ཀྱི་ཉམས་འགྱུར་སྡུག་ཅག་གི་ནང་ཡོད་པའམ། ཡང་ན་ཁོང་ཚོ་ཧ་ཅང་བྲེལ་བའི་ངང་ཡོད་པ་དང་ངའི་འཕྲིན་ཡིག་ལ་ལན་འདེབས་མ་ཐུབ་པ་སོགས་གློ་བུར་དུ་གང་བྱུང་ནའང་། དེས་ང་ཚོར་བརྩེ་བ་མེད་པའི་དོན་རང་ཤུགས་ཀྱིས་སྟོན་གྱི་མེད་པར། དེ་ནི་མི་ཚེའི་ཆ་ཤས་ཙམ་ཞིག་རེད། གལ་ཏེ་ང་ཚོའི་བྱམས་བརྩེའི་འབྲེལ་བ་དེ་དམ་པོ་དང་བརྟན་པོ་ཞིག་འདོད་ན། དེ་དག་ནི་ང་ཚོས་ཤེས་དགོས་པ་དང་རྟོགས་དགོས་པའི་གནད་དོན་ཧ་ཅང་གལ་ཆེན་འགའ་ཞིག་ཡིན། དེ་མིན་སེམས་ཚོར་གྱི་ཟིང་ཆ་ཧ་ཅང་མང་པོ་ཡོང་གི་རེད། 

རྒྱ་གར་ནང་པའི་སློབ་དཔོན་ཆེན་པོ་ཞིག་གིས་དཔེ་མཚོན་ཧ་ཅང་ཡག་པོ་ཞིག་གསུངས་ཡོད་པ་ནི། གཞན་དང་མཉམ་དུ་ཡོད་པའི་ང་ཚོའི་འབྲེལ་བ་ནི་སྟོན་ཁའི་དུས་སུ་ཤིང་སྡོང་ནས་ལོ་མ་ལྷུངས་ཏེ་རླུང་གིས་དེད་པ་ནང་བཞིན་ཡིན་ཞེས་གསུངས། སྐབས་འགར་ལོ་མ་རྣམས་རླུང་དང་མཉམ་དུ་སྐྱོད་པ་དང་སྐབས་རེར་ལོ་མ་རྣམས་སོ་སོར་ལོགས་སུ་བར་སྣང་ལ་སྐྱོད་ཀྱི་ཡོད། དེ་ནི་མི་ཚེའི་ཆ་ཤས་ཙམ་ཞིག་རེད། དེར་བརྟེན་མི་ཞིག་དང་མཉམ་དུ་འབྲེལ་བ་གང་འདྲ་ཡོད་རུང་། དེ་ནི་མི་ཚེ་གང་པོར་གནས་སྲིད་ལ་མི་གནས་ཀྱང་སྲིད། 

ང་ཚོས་མི་གཞན་དེ་སོ་སོའི་སྒེའུ་འགྲམ་དུ་བབས་པའི་རི་སྐྱེས་བྱིའུ་ཞིག་ལྟར་ལྟ་ཐབས་བྱ་རྒྱུ་གལ་ཆེན་པོ་རེད། རི་སྐྱེས་བྱིའུ་ལྟ་ན་སྡུག་པ་ཞིག་ང་ཚོའི་སྒེའུ་ཁུང་འགྲམ་དུ་བསླེབ་པ་དང་དེ་སོ་སོ་དང་མཉམ་དུ་ཏོག་ཙམ་རིང་ཡོད་པ་ནི་ཅི་འདྲའི་ངོ་མཚར་བ་ཞིག་རེད། ཅི་འདྲའི་ཡིད་དུ་འོང་བ་དང་སྐྱིད་པ་ཞིག་རེད། ཡིན་ནའང་། བྱིའུ་དེ་འཕུར་ནས་འགྲོ་ངེས་པ་རེད། བྱིའུ་དེ་ལ་རང་དབང་ཡོད། གལ་ཏེ་བྱིའུ་དེ་སོ་སོའི་སྒེའུ་འགྲམ་དུ་བབས་ན། ཅི་འདྲའི་ཡག་པོ་དང་ང་རང་ཅི་འདྲའི་བསོད་བདེ་ཆེན་པོ་རེད། འོན་ཀྱང་། གལ་ཏེ་ངས་བྱིའུ་དེ་འཛིན་པ་དང་ལྕགས་ཁྲའི་ནང་འཇུག་ཐབས་བྱས་ན། བྱིའུ་དེ་ཧ་ཅང་མི་སྐྱིད་པ་ཆགས་ནས་ཐ་ན་ཤིའང་སྲིད་པ་རེད། 

དེ་ག་ནང་བཞིན་སོ་སོའི་མི་ཚེའི་ནང་བསླེབ་པའི་ཟླ་གྲོགས་རང་ཉིད་བརྩེ་བ་ཡོད་ས་དེ་ལའང་གོང་གི་དཔེ་མཚོན་དང་གཅིག་མཚུངས་སུ་བསམ་བློ་གཏོང་དགོས། ཁོང་ཚོ་ནི་ཡིད་དུ་འོང་བའི་རི་སྐྱེས་བྱིའུ་དང་འདྲ་བ་རེད། ཁོང་ཚོ་ང་ཚོའི་མི་ཚེའི་ནང་བསླེབ་པ་དང་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་གི་ཡོད། ཡིན་ནའང་། ཁོང་ཚོ་ནི་རི་སྐྱེས་ཀྱི་བྱིའུ་ནང་བཞིན་རང་དབང་རེད། གལ་ཏེ་ང་ཚོས་དེ་ནི་སོ་སོའི་རྒྱུ་དངོས་ཡིན་པར་ལྟར་འཛིན་པ་སྐྱེ་བ་དང་རྒྱུན་ཆད་མེད་པར་ “ཁྱེད་ཀྱིས་ང་ལ་ཁ་པར་ག་རེ་བྱས་ནས་བཏང་མེད། ཁྱེད་རང་ང་ཐུག་ཏུ་ག་རེ་བྱས་ནས་བསླེབས་མེད། ཁྱེད་ཀྱིས་ང་དང་མཉམ་དུ་དུས་ཚོད་མང་ཙམ་ག་རེ་བྱས་ནས་གཏོང་གི་མེད་” ཅེས་བསུན་གཙེར་བཟོས་ན། དེ་ནི་རི་སྐྱེས་ཀྱི་བྱིའུ་དེ་ལྕགས་ཁྲ་ཞིག་གི་ནང་བླུག་ཐབས་བྱེད་པ་ལྟ་བུ་རེད། བྱིའུ་དེས་གང་ཐུབ་ཐུབ་ཀྱིས་བྲོས་ཐབས་བྱེད་ཀྱི་རེད། གང་ཟག་འདི་ནག་ཉེས་ཚོར་ནས་ང་ཚོ་མཉམ་དུ་སྡོད་པ་ནང་བཞིན་གལ་ཏེ་བྱིའུ་དེ་ང་ཚོ་མཉམ་དུ་བསྡད་ནའང་། དེ་ཧ་ཅང་མི་སྐྱིད་པ་ཆགས་ཀྱི་རེད། 

འདི་ནི་བསམ་བློ་ཧ་ཅང་ཕན་ཐོགས་ཅན་ཞིག་རེད། ང་ཚོས་བརྩེ་བ་བྱེད་ས་དང་དགའ་ས་སུ་འདྲ་ཞིག་ང་ཚོའི་མི་ཚེའི་ནང་བསླེབས་ནའང་། དེ་དག་ནི་ལྟ་ན་སྡུག་པའི་རི་སྐྱེས་བྱིའུ་འདི་དང་འདྲ་བར་ཆ་འཇོག་བྱེད་དགོས། ང་ཚོ་ག་ཚོད་ལྷོད་ཡངས་ཡོད་པ་དེའི་ཚོད་ཀྱིས་འཛིན་པ་ཉུང་བ་དང་། རི་སྐྱེས་ཀྱི་བྱིའུ་དེ་ང་ཚོའི་སྒེའུ་འགྲམ་དུ་འབབ་རྒྱུར་དགའ་བ་བྱེད་ཀྱི་རེད།།

Top