ངེས་འབྱུང་ནི་སྙིང་རྗེའི་རྨང་གཞི་ལྟ་བུ་ཡིན།

བྱམས་པ་དང་། སྙིང་རྗེ། བྱང་ཆུབ་ཀྱི་སེམས་བཅས་ཀྱི་མཚན་ཉིད། 

དེ་རིང་བདག་གཞན་མཉམ་བརྗེའི་ཉམས་ལེན་དང་ཐབས་ལམ་གྱི་སྐོར་ལ་བཤད་རོགས་ཞེས་ང་ལ་གསུངས་སོང་། བྱམས་པ་དང་སྙིང་རྗེ་དེ་བཞིན་གཞན་ཕན་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཚུལ་སྐོར་གྱི་བརྗོད་གཞི་ཁག་ནི་བློ་རྒྱ་ཆེ་བའི་ཐེག་པའམ་ཐེག་པ་ཆེན་པོའི་ཆོས་ཀྱི་གལ་གནད་ཆེ་ཤོས་རྣམས་རེད། 

བྱང་ཆུབ་ཀྱི་སེམས་ཟེར་བ་འདི་གང་རེད་དམ། དེ་ནི་སེམས་ཡོངས་སུ་གསལ་ཞིང་ཡོན་ཏན་མཐར་ཕྱིན་པའི་གནས་བབས་ཤིག་འཐོབ་པ་དེ་རེད། ཡང་ན་དེ་ནི་རང་གི་ནུས་པ་ཡོངས་སུ་རྫོགས་པ་རྟོགས་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་དེ་རེད། ཡིན་ནའང་། གལ་ཏེ་ཁྱེད་ཀྱིས་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ཁོ་ནའི་དོན་དུ་དམིགས་པ་དེ་རང་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཞིག་རེད་དམ་ཞེས་དང་། དེ་གཅིག་པུས་འགྲིག་ངེས་ཤིག་རེད་དམ་ཞེས་དྲིས་ན། དེ་ནི་འདང་ངེས་དང་འགྲིག་ངེས་ཤིག་མིན། གང་ཡིན་ཞེ་ན། དེའི་སྟེང་ལ་སེམས་ཅན་ཐམས་ཅད་ལ་མཐའ་གཅིག་ཏུ་དམིགས་པ་དང་། གཞན་ལ་བདེ་སྐྱིད་འབྱུང་བའི་ཕྱིར་འབད་བརྩོན་བྱེད་པའི་གཞན་ཕན་གྱི་སེམས་ཤིག་དགོས་ཀྱི་ཡོད། ཁྱེད་ལ་བསམ་ཕྱོགས་སམ་བློའི་ཁྱེར་སོ་དེ་གཉིས་མཉམ་དུ་ཡོད་པའི་སྐབས། འདི་ལ་བྱང་ཆུབ་ཀྱི་སེམས་ཞེས་སུ་གྲགས་པ་ཡིན། 

བྱང་ཆུབ་ཀྱི་སེམས་འདི་སྐྱེད་པར། འདིའི་སྔོན་རོལ་ཏུ་ཁྱེད་ལ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པའི་ཡིད་སྨོན་དང་འདུན་སེམས་དེ་དགོས་པ་དང་། དེ་ཡང་སེམས་ཅན་ཀུན་ལ་ཕན་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་དཀའ་ངལ་གྱི་རིགས་ཚང་མ་ལས་ཐར་བར་ཡིད་སྨོན་བྱེད་དགོས། དེ་ཡང་ཕྱོགས་གཞན་ཞིག་ནས་ཁྱེད་ཀྱིས་གཞན་ལ་ཕན་འདོགས་པ་དང་ལས་དོན་འགྲུབ་པར་འདོད་པའི་བློའི་ཁྱེར་སོ་ཞིག་མ་བསྐྱེད་སྔོན་དུ་ཚང་མར་བདེ་བ་དང་ལྡན་པའི་བྱམས་པ་དང་ཚང་མ་སྡུག་བསྔལ་དང་འབྲལ་བའི་སྙིང་རྗེ་དེ་གཉིས་དགོས་ཀྱི་ཡོད། 

Top