སྙིང་རྗེའི་སེམས་དང་ལྡན་པའི་བྱང་ཆུབ་སེམས།

དོ་དགོང་བྱང་ཆུབ་སེམས་ཀྱི་སྐོར་ཤོད་དགོས་ཞེས་གསུངས་སོང་། འདི་ནི་ང་ཚོའི་ཀུན་སློང་དང་འབྲེལ་བའི་བརྗོད་གཞི་ཧ་ཅང་རྒྱ་ཆེན་པོ་ཞིག་རེད། བྱེ་བྲག་ཏུ་ང་ཚོས་ཆོས་ཀྱི་ལམ་ཞིག་གི་རྗེས་སུ་འབྲང་དགོས་པའི་རྒྱུ་མཚན་གང་ཡིན་པ་དང་འབྲེལ་བ་ཆགས་ཀྱི་ཡོད། དེ་ནི་ང་ཚོའི་རྒྱུད་ལ་རིམ་པས་སྐྱེད་དགོས་པའི་ཀུན་སློང་ཞིག་ཡིན་པ་ལས། ལམ་སེང་གློ་བུར་དུ་སྐྱེད་རྒྱུ་ནི་ཁག་པོ་རེད། བྱང་ཆུབ་ཀྱི་སེམས་ནི་ “ངས་གཞན་ཐམས་ཅད་ལ་ཕན་འདོགས་ཐུབ་པའི་ཆེད་སྐྱོན་གྱི་ཆ་ཚང་མ་ལས་ཐར་དགོས་པ་དང་། ནུས་པའི་ཆ་ཚང་མ་རྟོགས་དགོས་” པ། དེ་བཞིན་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་སྐྱོད་པའི་སེམས་ཤིག་དང་ཆོད་སེམས་བརྟན་པོ་དང་ལྡན་པའི་སེམས་ཤིག་རེད། ང་ཚོས་སངས་རྒྱས་ཀྱི་གོ་འཕང་ནི་མཐོ་ཤོས་དང་ཡག་ཤོས་ཡིན་པ་ཙམ་རྒྱུ་མཚན་དུ་བྱས་ནས་དེ་འཐོབ་ཕྱིར་འབད་བརྩོན་བྱེད་པ་ཙམ་མིན་པར། དེ་ཐོབ་ནས་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་ཡིན། ང་ཚོས་ནམ་རྒྱུན་ངག་གི་སྒོ་ནས་སེམས་ཅན་ལ་ཕན་ཕྱིར་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འབད་བརྩོན་བྱེད་ཀྱིན་ཡོད་ཅེས་བརྗོད་ཀྱི་ཡོད་ནའང་། དེ་ནི་སོ་སོའི་སེམས་ནང་མུ་མཐུད་ནས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ཚོར་རྒྱུ་དེ་ཧ་ཅང་ཁག་པོ་ཡོད། འོན་ཀྱང་། ཡིད་སྨོན་འདི་ཡང་ནས་ཡང་དུ་སྐྱེད་པའི་སྒོ་ནས་ང་ཚོའི་རྒྱུད་ལ་དེ་རང་བཞིན་ལྷན་སྐྱེས་སུ་འབྱུང་བའི་གནས་སྐབས་ཤིག་ལ་བསླེབ་ཐུབ། བྱང་ཆུབ་སེམས་དཔའ་ནི་ཉིན་དང་མཚན་དུ་རང་གི་ཀུན་སློང་གཙོ་བོ་ནི་བཅོས་མིན་གྱི་བྱང་ཆུབ་སེམས་དང་ལྡན་པ་དེ་རེད། 

བྱང་ཆུབ་ཀྱི་སེམས་སྐྱེད་པའི་ཐབས་ཚུལ་ཐད་ཆོས་ཁྲིད་དང་འགྲེལ་བརྗོད་ཁྱེད་ཀྱི་ཐོབ་ཡོད་སྲིད་པ་སོང་ཙང་། ངས་དེའི་སྐོར་ལ་ནན་བརྗོད་བྱེད་ཀྱི་མིན། དེའི་ཚབ་ལ་ངས་ཀུན་སློང་འདི་འདྲ་ཞིག་སྐྱེད་པར་ལམ་གྱི་རིམ་པ་ཚང་མ་བརྒྱུད་ནས་འགྲོ་དགོས་པའི་གལ་གནད་ཀྱི་སྐོར་ཤོད་ཀྱི་ཡིན། ལམ་གྱི་རིམ་པ་དེ་དག་ལས་མཆོང་རྒྱག་རྒྱག་ནས་ཐད་ཀར་ཐེག་པ་ཆེན་པོའི་ལམ་མཐོ་ཤོས་ལ་འགྲོ་ཐབས་བྱ་རྒྱུ་དེ་གང་འཚམས་ཀྱི་ལས་སླ་པོ་ཡོད། ང་ཚོས་ “ངས་གཞན་ལ་ཕན་འདོགས་པའི་ཕྱིར་ཉམས་ལེན་བྱེད་ཀྱི་ཡོད། དེ་ནི་ངའི་སྤྱི་ཚོགས་ཀྱི་ལས་འགན་རེད་” ཅེས་བརྗོད་སྲིད། དེ་ནི་ཕན་ཐོགས་ཅན་ཞིག་ཡིན་པ་གསལ་པོ་རེད། དེ་འདྲ་སོང་ཙང་། ང་ཚོས་ལམ་སེང་བྱ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད། ཡིན་ནའང་། གལ་ཏེ་ང་ཚོས་ལམ་གྱི་རིམ་པ་སྔ་མ་རྣམས་འགྲིམས་མེད་ན། ང་ཚོར་དཀའ་ངལ་འཕྲད་ཀྱི་ཡོད། གཞན་དོན་དུ་བྱམས་པ་དང་སྙིང་རྗེའི་ཀུན་སློང་ཞིག་སྐྱེད་པའི་སྐབས། དཀའ་ངལ་དེ་དག་ཇི་ལྟར་སྤོང་བའི་སྐོར་ལ་ངོས་ནས་གོ་བསྡུར་བྱེད་འདོད་འདུག 

བྱང་ཆུབ་ལམ་གྱི་རིམ་པ་ལ་བརྟེན་ནས་ང་ཚོས་ལམ་ལ་རིམ་པས་འགྲིམས་ནས་ཆོས་ཀྱི་གོ་རྟོགས་མཐོ་ཤོས་ཀྱི་བར་དུ་ཡར་རྒྱས་གཏོང་དགོས། ཆོས་ཀྱི་ཐོག་མའི་ཀུན་སློང་སྐབས་སུ་ང་ཚོས་སོ་སོའི་སྐྱེ་བ་ཕྱི་མའི་བདེ་སྐྱིད་ཀྱི་དོན་དུ་འབད་བརྩོན་བྱེད་ཀྱི་ཡོད། ཚེ་འདིའི་བདེ་སྐྱིད་ཁོ་ནའི་དོན་དུ་འབད་བརྩོན་བྱེད་པ་ནི་མི་ཚང་མས་བྱེད་ཀྱི་ཡོད། ཐ་ན་དུད་འགྲོ་སྲོག་ཆགས་ཀྱིས་ཀྱང་དེ་ལྟར་བྱེད་ཀྱི་ཡོད། དུད་འགྲོ་སེམས་ཅན་དེ་དག་རང་སོ་སོའི་ཟས་ལ་སེམས་ཁུར་བྱེད་པ་དང་རང་གི་ཕྲུ་གུ་ཚོ་ལའང་གཅེས་སྐྱོང་བྱེད་ཀྱི་ཡོད། འདི་ནི་སེམས་ཁུར་གནད་འགག་ཅན་ཞིག་ཡིན་ནའང་། དེ་ལ་ཆོས་ཉམས་ལེན་དགོས་ངེས་ཅན་ཞིག་མིན། 

ཚེ་འདི་ལ་གཅེས་སྐྱོང་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་ནའང་། མི་འགའ་ཞིག་གིས་སོ་སོ་རང་ཉིད་དང་རང་གི་གནས་སྟངས་རྣམས་ལ་དོ་གལ་ཆེན་པོ་འཛིན་གྱི་མེད་ལ། སོ་སོའི་མི་ཚེའི་ནང་གང་འབྱུང་གི་ཡོད་པ་ནམ་ཡང་ལྟ་འདོད་མེད་པ་རེད། དེར་བརྟེན་ཁོང་ཚོས་ཐ་ན་ད་ལྟའི་དུས་སྐབས་སུ་འབྱུང་བཞིན་པའི་གནས་སྟངས་ཡར་རྒྱས་གཏོང་འདོད་མེད། ཁོང་ཚོས་གང་འབྱུང་བཞིན་པ་དེ་ངོས་ལེན་བྱེད་པ་ཙམ་ལས་དེ་ལས་བཟང་བ་ཞིག་ལ་ནམ་ཡང་དམིགས་ཀྱི་མེད། དེ་འདྲ་སོང་ཙང་། གནད་དོན་ཞིག་དམིགས་བསལ་ཆོས་ཕྱོགས་ཀྱི་ཀུན་སློང་མིན་ནའང་། མ་མཐར་ཡང་རང་གིས་རང་ལ་སེམས་ཁུར་དང་། རང་གི་ནང་མི། དེ་བཞིན་གནས་སྟངས་རྣམས་ལ་སེམས་ཁུར་བྱས་པའི་རིམ་པ་དེ་ནས་འགོ་འཛུགས་བྱ་རྒྱུ་དེ་གལ་ཆེན་པོ་རེད། ང་ཚོར་དཀའ་ངལ་ཡོད་པའི་སྐབས། དེ་ལ་ངོས་ལེན་བྱེད་དགོས་པ་དང་དཀའ་ངལ་གང་ཞིག་ང་ཚོར་འཕྲད་བཞིན་ཡོད་པར་ལྟ་ཕྱིར་ང་ཚོས་མི་ཚེ་ལ་བརྟག་དཔྱོད་བྱེད་དགོས། “ང་རང་སྐྱིད་པོ་འདུག་གམ་མི་འདུག །ངའི་མི་ཚེ་མི་སྐྱིད་པ་བཟོ་བའི་དཀའ་ངལ་གྱི་རིགས་ང་ལ་འཕྲད་བཞིན་ཡོད་དམ་” ཞེས་བརྟག་དགོས། 

Top