ངེས་འབྱུང་། ཐར་འདོད་ཀྱི་ཆོད་སེམས་བརྟན་པོ།

ངེས་འབྱུང་། མཚན་ཉིད་དང་བསྟན་དོན།

ངེས་འབྱུང་ཟེར་བ་ནི་སྡུག་བསྔལ་འགའ་ཞིག་ལས་ཐར་འདོད་ཀྱི་ཆོད་སེམས་ཙམ་མིན་པར། སྡུག་བསྔལ་དེའི་རྒྱུ་དང་བཅས་པ་ལས་ཐར་འདོད་ཀྱི་ཆོད་སེམས་བརྟན་པོ་དེ་རེད། འདི་ལ་སྡུག་བསྔལ་དེ་དང་དེའི་རྒྱུ་དང་བཅས་པ་སྤོང་བའི་འདུན་པ་དེ་ཡོད་དགོས། དེར་བརྟེན་འདི་ལ་དཔའ་དང་སྙིང་སྟོབས་ཆེན་པོ་དགོས་ཀྱི་ཡོད། འདི་ནི་རིན་པ་སྤྲོད་མི་དགོས་པའམ་དཀའ་ལས་རྒྱག་མི་དགོས་པར་འབྲས་བུ་བཟང་པོར་དམིགས་པ་ཙམ་ཞིག་མིན།

བརྙན་པར། དགེ་བཤེས་བཀྲ་ཤིས་ཚེ་རིང་ལགས། “ངེས་འབྱུང་ཟེར་བ་དེ་གང་རེད་དམ།” 

ངེས་འབྱུང་ཟེར་བ་འདི་སྡུག་བསྔལ་དང་དེའི་རྒྱུ་ལས་ཐར་ཐུབ་པར་ཡིད་ཆེས་བྱེད་པ་དེའང་ཤུགས་ཀྱིས་སྟོན་གྱི་ཡོད། དེ་ཡང་རེ་འདོད་དང་ཡིད་སྨོན་ཙམ་མིན་པར། བདེན་དོན་ལ་ཡིད་ཆེས་པའི་དད་པ་གསུམ་ཀ་ཡིན།

༡༽ དང་བའི་དད་པ་སྟེ། འདིས་ཡུལ་གྱི་ཐད་ལ་ཉོན་མོངས་པའི་སེམས་དྭངས་བར་བྱེད་པའམ་སེལ་བར་བྱེད་ཀྱི་ཡོད། དེར་བརྟེན་ཡང་དག་པའི་ངེས་འབྱུང་གིས་འདོད་པའི་ཡུལ་ཞིག་སྤོང་བར་ཐེ་ཚོམ་གྱི་སེམས་དང་། རང་གིས་རང་ལ་ཡ་ང་སྙིང་རྗེ། འཁོན་འཛིན་བཅས་སེལ་བར་བྱེད་ཀྱི་ཡོད། 

༢༽ ཡིད་ཆེས་ཀྱི་དད་པ་སྟེ། འདི་ནི་ང་ཚོས་སྡུག་བསྔལ་དང་དེའི་རྒྱུ་དང་བཅས་པ་ལས་ཇི་ལྟར་ཐར་བའི་ཚུལ་དེ་རྟོགས་དགོས་པ་དེ་རེད། 

༣༽ མངོན་འདོད་ཀྱི་དད་པ་སྟེ། འདི་ནི་བྱང་ཆུབ་སྨོན་པའི་སེམས་དང་འཇུག་པའི་སེམས་ཞེས་བྱང་ཆུབ་ཀྱི་སེམས་གཉིས་ལ་བརྟེན་ནས་ང་ཚོས་ཐུབ་ཀྱི་རེད་ཅེས་པའི་ཡིད་ཆེས་ལ་གཞི་བྱས་ཏེ། སྡུག་བསྔལ་འགའ་ཞིག་དང་དེ་དག་གི་རྒྱུ་རྣམས་སྤོང་འདོད་ཙམ་དེ་མིན་པར། ང་ཚོས་ད་ལྟ་གང་ཐུབ་ཅི་ཐུབ་ཀྱིས་དེ་གཉིས་ཀ་དངོས་གནས་སྤོང་དགོས་པ་དང་། སོ་སོ་རང་ཉིད་ཉམས་ལེན་གྱི་ནང་ཞུགས་ནས་མཐར་ཐུག་དེ་དག་ལས་གཏན་དུ་ཐར་པ་འཐོབ་ཐུབ་པར་བྱེད་ཀྱི་ཡོད།

དེར་མ་ཟད། ཡང་དག་པའི་ངེས་འབྱུང་ནི་སྣ་ཐུང་སྤུ་སུད་ཀྱི་ངེས་འབྱུང་དང་གཅིག་པ་མིན། སྣ་ཐུང་སྤུ་སུད་ཀྱི་ངེས་འབྱུང་ནི་སྤྲོ་བ་དང་ལྡན་ཞིང་རྨོངས་ཞེན་གྱི་ངེས་འབྱུང་དེ་ཡིན་པ་དང་། དེ་ནི་རྨོངས་དད་ལ་གཞི་བཅོལ་ཡོད་པས། ཕྱི་རོལ་གྱི་རྐྱེན་ཞིག་གིས་ང་ཚོ་བསྐྱབ་ཀྱི་རེད་བསམ་པའི་རྨོངས་དད་དེ་རེད། ངེས་འབྱུང་ལ་ནི་དཀའ་ལས་རྒྱག་པ་དང་འབད་བརྩོན་བྱེད་པའི་ཐད་ལ་དངོས་ཡོད་དང་མཐུན་པའི་བསམ་ཕྱོགས་ཤིག་ཡོད་པ་རེད། ང་ཚོར་གཞན་ནས་སེམས་སྐུལ་འཐོབ་སྲིད་ནའང་། སོ་སོ་རང་ཉིད་ནས་དཀའ་ལས་རྒྱག་པ་དང་འབད་བརྩོན་བྱེད་དགོས་ཀྱི་ཡོད། 

གཞན་ཡང་ཡར་རྒྱས་ཇི་ལྟར་འགྲོ་བའི་ཐད་ལ་དངོས་ཡོད་དང་མཐུན་པའི་བསམ་ཕྱོགས་ཤིག་དགོས་ཀྱི་ཡོད། འཁོར་བ་ལས་རང་དབང་འཐོབ་རྒྱུ་དེ་ནི་གོ་རིམ་ངེས་པ་ཞིག་ནམ་ཡང་མིན། གནས་སྟངས་རྣམས་ཉིན་རེ་བཞིན་ཡར་རྒྱས་འགྲོ་བཞིན་ཡོད། ང་ཚོ་གཏན་དུ་རང་དབང་མ་ཐོབ་ཀྱི་བར་དུ་འཁོར་བའི་ནང་བདེ་སྡུག་གི་འཕེལ་འགྲིབ་མུ་མཐུད་ནས་ཡོང་གི་རེད། དུས་ཡུན་རིང་མོའི་ལྟ་ཚུལ་ཞིག་ནས་བལྟ་བའི་སྐབས། ང་ཚོས་ཡར་རྒྱས་དེ་མཐོང་ཐུབ། འོན་ཀྱང་ཉིན་རེར་གཞིར་བཞག་ཐོག་ང་ཚོའི་སེམས་ཁམས་ཀྱི་ཉམས་འགྱུར་མུ་མཐུད་འཕེལ་འགྲིབ་འགྲོ་གི་རེད། 

དེར་བརྟེན་ནང་པའི་ལམ་ལ་འཇུག་པའི་དཀའ་ངལ་ལ་གདོང་ལེན་བྱེད་པར་ཚུལ་ཁྲིམས་དང་བཟོད་པ་དགོས་ཤིང་། མི་ཚེའི་འཕེལ་འགྲིབ་གང་ཡིན་མིན་ལ་མ་ལྟོས་པར་གོ་ཆའི་བརྩོན་འགྲུས་བསྟེན་དགོས། དང་བའི་དད་པའི་སྒོ་ནས་ཐར་འདོད་ཀྱི་ཆོད་སེམས་ལ་རྒྱབ་སྐྱོར་བྱེད་པ་ལ་བརྟེན་ནས་ང་ཚོ་བསུན་གཙེར་ཅན་དང་དཔའ་ཞུམ་པར་མི་འགྱུར།  

རྗེ་ཙོང་པ་ཆེན་པོའི་ལུགས་ལྟར་གྱི་ངེས་འབྱུང་རིམ་པ་གཉིས། 

ལམ་གཙོ་རྣམ་གསུམ་གྱི་ནང་། རྗེ་ཙོང་ཁ་པ་ཆེན་པོས།

༡༽ སྐྱེས་བུ་ཆུང་ངུའམ་ཐོག་མའི་ཀུན་སློང་གི་རིམ་པའི་ངེས་འབྱུང་ལ་བརྟེན་ནས་ང་ཚོའི་སེམས་ཁུར་གཙོ་བོ་ནི་ཚེ་འདི་ལ་ཕན་པ་ནས་ཚེ་རབས་ཕྱི་མར་ཕན་པར་ཁ་བསྒྱུར་གྱི་ཡོད། 

༢༽ སྐྱེས་བུ་འབྲིང་གི་ངེས་འབྱུང་ལ་བརྟེན་ནས་ང་ཚོའི་སེམས་ཁུར་དང་དོ་འབྱིངས་གཙོ་བོ་ནི་ཚེ་རབས་ཕྱི་མར་ཕན་པ་ནས་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བའམ་འཁོར་བ་ལས་ཐར་བར་ཁ་བསྒྱུར་གྱི་ཡོད། 

དེ་གཉིས་ལས། དང་པོ་ནི་ནང་པ་མིན་པའམ་ཕྱི་རོལ་པ་ལྷ་ཡུལ་དུ་འགྲོ་བར་དམིགས་མཁན་རྣམས་དང་ཐུན་མོང་དུ་བསྐྱེད་པའི་ངེས་འབྱུང་གི་རིམ་པ་ཞིག་རེད། གཉིས་པ་ནི་ནང་པ་ཁོ་ནའི་རེད། 

ལམ་གཙོ་རྣམ་གསུམ་ཞེས་པར་གཟིགས།༽

ཆོས་ཡངས་པའི་ངེས་འབྱུང་།

ཁྱད་པར་འདི་སྔོན་འགྲོའི་རིམ་པ་སྟེ། ཆོས་ཡངས་པའི་འགྲེལ་ཚུལ་ (ཀོ་ཀ་ཀོ་ལ་རྫུས་མ་ལྟ་བུ་) འདི་ཁ་སྣོན་བྱེད་པའི་སྒོ་ནས་ལག་བསྟར་བྱེད་ཆོག །ཆོས་ཡངས་པའི་ངེས་འབྱུང་ནི་སོ་སོའི་དོ་དབྱིངས་དང་སྤྲོ་བ་གཙོ་བོ་དེ་དུས་སྐབས་དེ་མགུ་བར་བྱེད་པ་ནས་ཚེ་འདིའམ་ཡང་ན་མི་རབས་རྗེས་མའི་ནང་གི་དུས་སྐབས་རྗེས་མར་ཕན་འདོགས་པ་དེ་རེད། 

ཆོས་ཡངས་པའི་ངེས་འབྱུང་ནི་གང་ལྟར་ཡང་ང་ཚོས་ཆོས་ངོ་མའི་རིམ་པ་གཉིས་ (སྐྱེས་བུ་འབྲིང་དང་ཆེན་པོ་སྟེ། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་དམིགས་པ་) བསྙེག་པའི་ཐབས་ཙམ་ཞིག་ལ་ལྟ་བའི་སྐབས་ཁོ་ནར་ནང་པའི་ལམ་གྱི་ཆ་ཤས་སུ་ཚད་ལྡན་ཡིན་པ་རེད། ཆོས་ངོ་མའི་རིམ་པར་བསྙེག་པར། ང་ཚོས་ནང་པའི་ཆོས་ཀྱི་སྐྱེ་བ་སྔ་ཕྱིའི་སྐོར་དེ་ཡང་དག་པར་རྟོགས་དགོས་ཤིང་། དེ་དག་རྒྱུ་མཚན་ལ་གཞི་བྱས་པའི་བདེན་པ་ཡིན་པར་ཡིད་ཆེས་བྱེད་དགོས། དེ་མིན་ང་ཚོས་སོ་སོའི་སྐྱེ་བ་ཕྱི་མར་ཕན་ཕྱིར་ལྷག་བསམ་རྣམ་དག་གིས་འབད་བརྩོན་ཇི་ལྟར་བྱེད་ཐུབ་བམ། ཡང་ན་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བའམ་འཁོར་བ་ལས་ཇི་ལྟར་ཐར་ཐུབ་བམ། 

ཆོས་ཡངས་པའི་ངེས་འབྱུང་ལ་བརྟེན་ནས་ང་ཚོས་མི་ཚེའི་ནང་ཡོད་པའི་ཉིན་རེའི་དཀའ་ངལ་ལ་བལྟ་གི་ཡོད། དཔེར་ན། ཕན་ཚུན་འབྲེལ་ལམ་གྱི་དཀའ་ངལ་དང་དཀའ་ངལ་ལ་གདོང་ལེན་བྱེད་པ་ལ་སོགས་པའོ། །ཚེ་འདིའི་སྤུས་ཚད་གོང་འཕེལ་གཏོང་བའི་ཆེད་ང་ཚོས་ད་དུང་ཡང་རྒྱུ་རྣམས་ལ་བལྟས་ནས་དེ་གཉིས་ཀ་སྤོང་འདུན་དེ་ཡོད། དེ་ཡང་ཚེ་འདིའི་ནང་ལམ་སེང་མིན་པར་ཚེ་འདིའི་རྗེས་སོར་ལའང་ཡིན། འདི་ནི་བསམ་བློའི་བཅོས་ཐབས་རིག་པ་དང་ཐུན་མོང་གི་རིམ་པའི་ངེས་འབྱུང་ཞིག་རེད།

རིམ་པ་འདི་དང་འདྲ་མཚུངས་ཡིན་པ་ཞིག་ལ། ང་ཚོར་ཆོས་ཡངས་པའི་འགྲེལ་ཚུལ་གྱི་སྐྱབས་འགྲོའམ་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་རང་གི་མི་ཚེའི་ནང་བསྟེན་ཆོག །ང་ཚོས་སོ་སོའི་དབང་རྩ་འཁྲུགས་པའི་ནད་དང་མཉམ་དུ་གནས་ཐབས་ཀྱི་ཉེན་མེད་ཁ་ཕྱོགས་བསྟེན་གྱི་ཡོད། དེ་ལ་བརྟེན་ནས་ང་ཚོར་དཀའ་ངལ་ཉུང་ཤོས་ཡོང་གི་ཡོད། ང་ཚོས་ཇི་ལྟར་ལམ་སྟོན་པ་ནང་བཞིན་དེ་འདྲ་ཆ་ཚང་ཡང་ན་ཆ་ཤས་ཙམ་ཐོབ་མཁན་རྣམས་ལ་བལྟ་གི་ཡོད།  

ཆོས་ཡངས་པ་དང་ཆོས་ངོ་མ་ཞེས་པར་གཟིགས།༽

གནས་སྐབས་ཀྱི་ངེས་འབྱུང་དང་ཉེན་མེད་ཀྱི་ཁ་ཕྱོགས་ (སྐྱབས་འགྲོ།)

ལམ་རིམ་ནང་ཐོག་མར་ཉེན་མེད་ཀྱི་ཁ་ཕྱོགས་ (སྐྱབས་འགྲོ་) དེ་སྐྱེས་བུ་ཆུང་ངུའི་ངེས་འབྱུང་དང་བསྟུན་ནས་བསྟེན་ཚུལ་གསུང་གི་ཡོད། དེ་ཡང་ངན་སོང་གི་གནས་སུ་སྐྱེ་བར་འཇིགས་པ་དང་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་པ་དེ་རེད། ཆོས་ཡངས་པའི་འགྲེལ་ཚུལ་ལྟར། ངེས་འབྱུང་དང་སྐྱབས་འགྲོའི་རིམ་པ་འདི་ལྟ་བུའང་གནས་སྐབས་ཙམ་ཞིག་རེད། དེ་དག་ཀྱང་ཆ་ཚང་བ་དང་མཚན་ཉིད་ཅན་གྱི་རྣམ་པ་དེ་མ་རེད། 

ཆོས་དཀོན་མཆོག་ནི་སྡུག་བསྔལ་དང་དེའི་རྒྱུ་དང་བཅས་པ་དངོས་སུ་འགོག་པའི་འགོག་བདེན་ལ་འཁྲིད་པར་བྱེད་པའི་ལམ་གྱི་བདེན་པ་དེ་ཡིན། སྐྱེས་བུ་ཆུང་ངུའི་སྐབས་སུ་གང་ལྟར་ཡང་ཆོས་དཀོན་མཆོག་ནི་ཆོས་དཀོན་མཆོག་དངོས་དེ་མིན། ང་ཚོས་མཚམས་འཇོག་བྱེད་པར་དམིགས་པའི་སྡུག་བསྔལ་དེ་ནི་རགས་པ་ཙམ་དེ་རེད། དེའི་རྒྱུ་ནི་སྤྱོད་ལམ་གྱི་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་ཁོ་ན་དེ་རེད། འགོག་པ་ནི་གནས་སྐབས་ཁོ་ན་ཡིན་པ་དང་ལམ་ནི་མི་དགེ་བའི་སྤྱོད་ལམ་འགོག་རྒྱུ་དེ་རེད། 

ད་དུང་ཡང་ཆོས་དཀོན་མཆོག་གི་གོ་འཕང་ཐོབ་མཁན་རྣམས་ནི་བདེ་འགྲོའི་སྐྱེ་གནས་བཟང་ཤོས་སུ་སྐྱེ་བ་སྟེ། མི་དང་ལྷ་ལྟ་བུ་རེད། དེ་ཡང་སངས་རྒྱས་རྣམས་དང་རྟོག་མེད་ཀྱི་སྒོ་ནས་སྟོང་ཉིད་རྟོགས་པའི་ཤེས་པ་དང་ལྡན་པའི་འཕགས་པའི་དགེ་འདུན་རྣམས་ཀྱང་ཡིན་དགོས་པའི་ངེས་པ་མེད། 

ངེས་འབྱུང་མཚན་ཉིད་པ་དང་ཉེན་མེད་ཀྱི་ཁ་ཕྱོགས་ (སྐྱབས་འགྲོ།)

ལམ་རིམ་གྱི་སྐྱེས་བུ་འབྲིང་གི་སྐབས་ཁོ་ནར་ང་ཚོས་ངེས་འབྱུང་ཆ་ཚང་བ་དང་མཚན་ཉིད་པ་དང་སྐྱབས་འགྲོ་ཆ་ཚང་བ་དང་མཚན་ཉིད་པ་དེ་རྙེད་ཀྱི་ཡོད། འདིར་སྡུག་བསྔལ་བདེན་པ་ནི་སྡུག་བསྔལ་གསུམ་ཀ་ (སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་) ཡིན་པ་དང་། རྒྱུ་ངོ་མ་ནི་སྟོང་པ་ཉིད་ཀྱི་དོན་མ་རིག་པའམ་མ་རྟོགས་པ། འགོག་པའི་བདེན་པ་ནི་གནས་སྐབས་ཁམས་གོང་མའམ་ཏིང་ངེ་འཛིན་ཐོབ་པ་ཙམ་མིན་པར། སྡུག་བསྔལ་ལས་གཏན་དུ་བྲལ་བ་དེ་རེད། ལམ་གྱི་བདེན་པ་ནི་རྟོག་མེད་ཀྱི་སྒོ་ནས་སྟོང་ཉིད་རྟོགས་པའི་ཤེས་པ་དེ་རེད། 

དེ་དང་མཐུན་པའི་སྒོ་ནས་འདིར་ང་ཚོས་སྐྱབས་འགྲོ་མཚན་ཉིད་པའམ་ཉེན་མེད་ཀྱི་ཁ་ཕྱོགས་མཚན་ཉིད་པ་དེ་མི་ཚེའི་ནང་བསྟེན་པ་དང་། སངས་རྒྱས་རྣམས་ཀྱི་ཐུགས་རྒྱུད་ལ་ཆ་ཚང་བ་ཡོད་པ་དང་འཕགས་པའི་དགེ་འདུན་གྱི་རྒྱུད་ལ་ཆ་ཙམ་ཡོད་པའི་ཐོག་འགོག་བདེན་དང་ལམ་བདེན་གྱི་ཆོས་དཀོན་མཆོག་དངོས་ལ་དམིགས་ཀྱི་ཡོད། 

དཀོན་མཆོག་གསུམ་པོ་ངོས་འཛིན་པ་ཞེས་པར་གཟིགས།༽

བྱང་ཆུབ་སེམས་དཔའི་ངེས་འབྱུང་དང་ཉེན་མེད་ཀྱི་ཁ་ཕྱོགས་ (སྐྱབས་འགྲོ།)

སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པའི་བྱང་ཆུབ་སེམས་ཀྱི་ཀུན་སློང་སྐབས་སུ་ངེས་འབྱུང་གིས་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་དང་དེའི་རྒྱུ་དང་བཅས་པ་ལས་ཐར་བར་དམིགས་ཀྱི་ཡོད་པ་ལས། སྡུག་བསྔལ་གྱི་སྡུག་བསྔལ་ཁོ་ན་ཙམ་དང་སེམས་ཅན་འགའ་རེའི་སྡུག་བསྔལ་ཙམ་ལ་དམིགས་ཀྱི་མེད། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་དེའི་རྒྱུ་དང་འབྲལ་བའི་ཡིད་སྨོན་འདི་དང་། དེ་ལྟར་སྡུག་བསྔལ་དང་འབྲལ་བར་བྱེད་ཐུབ་པའི་ཡིད་ཆེས་དེ་ལ་སྙིང་རྗེ་ཟེར་གྱི་ཡོད། སྙིང་རྗེ་ནི་བྱང་ཆུབ་སེམས་དཔའི་ངེས་འབྱུང་གི་རྣམ་པ་གཅིག་ཡིན་པ་རེད།

སེམས་ཅན་ཐམས་ཅད་ཐར་པ་འཐོབ་ཐུབ་པར་བྱེད་པར། ང་ཚོར་བྱང་ཆུབ་སེམས་དཔའི་ངེས་འབྱུང་གི་རྣམ་པ་གཞན་དེའང་དགོས་ཀྱི་ཡོད། ང་ཚོས་ཐར་པར་གེགས་བྱེད་པའི་ཉོན་སྒྲིབ་ཙམ་སྤོང་བ་མ་ཡིན་པར་ཐམས་ཅད་མཁྱེན་པའི་གོ་འཕང་ལ་གེགས་བྱེད་པའི་ཤེས་སྒྲིབ་ཀྱང་སྤོང་དགོས་ཀྱི་ཡོད། སླར་ཡང་འདིས་ཐམས་ཅད་མཁྱེན་པ་དང་། དེ་ལ་འགོག་རྐྱེན་བྱེད་པའི་སྒྲིབ་པ། དེ་བཞིན་སྒྲིབ་པ་དེ་དག་གཏན་དུ་རྩད་ནས་སྤོང་རུང་ཡིན་པར་ཡིད་ཆེས་བརྟན་པོ་ཡོད་པར་ཤུགས་ཀྱིས་སྟོན་གྱི་ཡོད། ད་དུང་དེས་སེམས་ཅན་ཐམས་ཅད་ཀྱིས་སྒྲིབ་པ་དེ་དག་ལས་གཏན་དུ་ཐར་ཐུབ་པའམ་སྒྲིབ་པ་དེ་དག་གཏན་ཏུ་སྤོང་ཐུབ་པའི་ཡིད་ཆེས་བརྟན་པོ་དེ་སྟོན་གྱི་ཡོད། 

མཇུག་སྡོམ་གྱི་གཏམ། 

ནང་པའི་ལམ་ཆ་ཚང་གི་ནང་། ང་ཚོར་སྡུག་བསྔལ་སྤོང་འདོད་དང་སྡུག་བསྔལ་གྱི་རྒྱུ་སྤོང་འདོད་ཀྱི་འདུན་པ་དེ་དགོས་ཀྱི་ཡོད། དེར་བརྟེན་ང་ཚོས་སྡུག་བསྔལ་དང་། རང་འདོད་དོན་གཉེར། ལེ་ལོ། ཆགས་སེམས། ཁོང་ཁྲོ་སོགས་ཀྱི་འབྱུང་ཁུངས་དེ་ངོས་འཛིན་དགོས་ཤིང་། ད་ལྟ་ནས་གང་ཐུབ་ཅི་ཐུབ་ཀྱིས་དེ་དག་སྤོང་དགོས་པ་དང་། དེ་དག་རང་ངོས་ནས་གཏན་དུ་སྤོང་བར་འབད་བརྩོན་གང་མགྱོགས་བྱེད་དགོས། 

གསང་སྔགས་ཀྱི་སྐབས་སུ་ང་ཚོར་དེ་ལས་གཏིང་ཟབ་པའི་ངེས་འབྱུང་དགོས་ཀྱི་ཡོད། ང་ཚོར་སྤོང་འདོད་ཀྱི་འདུན་སེམས་དགོས་པ་དང་། གང་ཐུབ་ཅི་ཐུབ་ཀྱིས་རང་གི་སྣང་བརྙན་དཀྱུས་མ་དང་དེ་དག་ལ་ངོས་འཛིན་བྱེད་ཚུལ་ལ་དངོས་སུ་བློས་གཏོང་བྱེད་དགོས། ངེས་འབྱུང་ནི་དོན་ངོ་མར་ཆོས་ཡངས་པ་ནས་བཟུང་སྟེ་གསང་སྔགས་བླ་མེད་རྒྱུད་ཀྱི་བར་དུ་གཏིང་ཟབ་པ་དང་ཕུགས་རྒྱང་རིང་བའི་ཉམས་ལེན་ཞིག་རེད།།

Top