དཀོན་མཆོག་གསུམ་པོ་ངོས་འཛིན་པ།

ངོ་སྤྲོད།

མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་སུ་འགྲོ་བའམ་སྐྱབས་སུ་འགྲོ་བ་ནི། ཧུར་བརྩོན་དང་ལྡན་པའི་རྒྱུད་རིམ་ཞིག་ཡིན་པ་ལས། མཐུ་ནུས་ཆེ་བ་ཞིག་ནས་སྲུང་སྐྱོབ་འཚོལ་བའི་ཧུར་བརྩོན་དང་མི་ལྡན་པ་ཞིག་མིན། ཨིན་སྐད་ནང་གི་ཐ་སྙད་ (taking refuge) འདིས་དེ་འདྲ་ཞིག་གོ་སྲིད། ཁ་ཕྱོགས་འདིའི་ནང་ཧུར་བརྩོན་བྱེད་པའི་སྒོ་ནས་ང་ཚོས་སོ་སོའི་འཇིགས་པ་དང་སྡུག་བསྔལ་ལས་སྐྱོབ་ཀྱི་ཡོད། 

མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་བསྟེན་པར། ང་ཚོས་སྐྱབས་ཡུལ་དེ་མ་ནོར་བར་ངོས་འཛིན་དགོས། དེ་དག་ནི་དཀོན་མཆོག་གསུམ་རེད། དེ་དག་ནམ་རྒྱུན་སྐྱབས་གནས་དཀོན་མཆོག་གསུམ་མམ་རིན་པོ་ཆེ་གསུམ་ཞེས་བརྗོད་ཀྱི་ཡོད། དེ་དག་ནི་སངས་རྒྱས་ (ཡོན་ཏན་མཐར་ཕྱིན་པ་) དང་། ཆོས་ (སྔོན་འགོག་གི་ཐབས་ལམ།) དགེ་འདུན་ (དགེ་བར་འདུན་པའི་སྡེ་ཚོགས་) བཅས་རེད། 

དཀོན་མཆོག་གསུམ་ལ་རྩ་འཛིན་གྱི་ཆོ་ག་འགའ་ཞིག་ཡོད་ནའང་། བོད་བརྒྱུད་ནང་བསྟན་གྱི་མདོ་ལུགས་ཆོས་བརྒྱུད་བཞི་ཀས་མ་འོངས་པའི་སངས་རྒྱས་རྗེ་བཙུན་བྱམས་པ་མགོན་པོའི་གཞུང་གི་ནང་གསལ་བའི་ཐེག་པ་ཆེན་པོའི་འགྲེལ་བརྗོད་ཀྱི་རྗེས་སུ་འབྲང་གི་ཡོད། 

ཀུན་རྫོབ་དང་དོན་དམ་གྱི་དཀོན་མཆོག

རྗེ་བཙུན་བྱམས་མགོན་གྱི་གཞུང་མངོན་རྟོགས་རྒྱན་གྱི་ལུགས་ལྟར་བྱས་ན། དཀོན་མཆོག་གསུམ་པོ་རེ་རེ་ལ་ཀུན་རྫོབ་པའི་དཀོན་མཆོག་ (སྣང་ཚུལ་གྱི་དཀོན་མཆོག་) དང་དོན་དམ་པའི་དཀོན་མཆོག་ (མཐར་ཐུག་གི་དཀོན་མཆོག་) བཅས་རིམ་པ་གཉིས་ཡོད། ཀུན་རྫོབ་པའི་དཀོན་མཆོག་གིས་དོན་དམ་པའི་དཀོན་མཆོག་དེ་སྦེད་ཀྱི་ཡོད། ཡང་རྗེ་བཙུན་བྱམས་མགོན་གྱིས་གཞུང་གཞན་རྒྱུད་བླ་མའི་ནང་། དཀོན་མཆོག་གསུམ་གྱི་མཚན་ཉིད་རྣམས་འགྲེལ་བརྗོད་གནང་ཡོད། ཀུན་རྫོབ་པའི་ཆོས་དཀོན་མཆོག་མ་གཏོགས་གཞན་ཚང་མ་མཚན་ཉིད་དེ་དག་གིས་དོན་གོ་ཚང་གི་ཡོད། 

ད་ང་ཚོས་དུས་རབས་བཅུ་བདུན་པའི་དགེ་ལུགས་པའི་སློབ་དཔོན་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་སྐལ་བཟང་ཀླུ་དབང་གི་རོལ་མཚོ་ཞེས་བྱ་བ་ལས་སྐབས་དང་པོའི་སྤྱི་དོན་ནང་གསལ་བའི་དཀོན་མཆོག་གི་རིམ་པ་གཉིས་ཀྱི་འགྲེལ་བརྗོད་ལ་བལྟ་རྒྱུ་ཡིན། 

སངས་རྒྱས། 

༡༽ ཀུན་རྫོབ་པའི་སངས་རྒྱས་དཀོན་མཆོག་ནི། སངས་རྒྱས་ཀྱི་གཟུགས་སྐུ་དེ་རེད། གཟུགས་སྐུ་འདིའི་ནང་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་གཉིས་ཀ་འཚུད་ཀྱི་ཡོད། དང་པོས་བྱང་སེམས་འཕགས་པ་རྣམས་ལ་ཆོས་གསུང་གི་ཡོད། བྱང་སེམས་འཕགས་པ་རྣམས་ལ་ནི་སྟོང་ཉིད་ལ་རྟོག་མེད་མངོན་སུམ་དུ་རྟོགས་པའི་ཤེས་པ་དང་ལྡན་པ་དང་། ཕྱི་མ་རྣམས་ནི་སྔ་མའི་སྤྲུལ་པ་ཡིན་ཞིང་། དེ་དག་མཇལ་བའི་སྐལ་བ་དང་ལྡན་པའི་སོ་སོ་སྐྱེ་བོ་རྣམས་ལ་ཆོས་གསུང་གི་ཡོད། 

༢༽ དོན་དམ་པའི་སངས་རྒྱས་དཀོན་མཆོག་ནི། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་དེ་རེད། ཆོས་ཀྱི་སྐུའི་ནང་ཡེ་ཤེས་ཆོས་སྐུ་དང་ངོ་བོ་ཉིད་སྐུ་གཉིས་ཀ་གཙོས་པའི་ཚང་མ་འཚུད་ཀྱི་ཡོད། དང་པོ་ནི་སངས་རྒྱས་ཀྱི་ཐུགས་མཁྱེན་པའི་ཡེ་ཤེས་ལ་གོ་ཞིང་དེ་ནི་ལམ་གྱི་བདེན་པ་ཡོངས་སུ་རྫོགས་པ་དེ་ཡིན། དེས་སྡུག་བསྔལ་དང་དེའི་རྒྱུ་རྣམས་དང་སེམས་ཀྱི་སྒྲིབ་པ་ཡོངས་སུ་སྤངས་བའི་སྤང་པ་ཕུན་སུམ་ཚོགས་པ་དེ་རེད། ཕྱི་མ་ནི་སངས་རྒྱས་ཀྱི་ཐམས་ཅད་མཁྱེན་པའི་ཐུགས་སྟོང་པ་ཉིད་དེ་ཡིན་ཞིང་། དེ་ནི་སྒྲིབ་པ་གཉིས་ཀྱི་འགོག་པའི་བདེན་པ་དང་ཆོས་མཚུངས་པ་ཡིན། སྒྲིབ་པ་གཉིས་ནི། ཐར་པར་གེགས་བྱེད་པའི་ཉོན་མོངས་པའི་སྒྲིབ་པ་དང་ཐམས་ཅད་མཁྱེན་པར་གེགས་བྱེད་པའི་ཤེས་བྱའི་སྒྲིབ་པ་གཉིས་ཡིན། 

ཆོས།

༡༽ ཀུན་རྫོབ་པའི་ཆོས་དཀོན་མཆོག་ནི། སངས་རྒྱས་ཀྱིས་གསུངས་པའི་གསུང་དབྱངས་ཡན་ལག་བཅུ་གཉིས་དག་རེད། 

༢༽ དོན་དམ་པའི་ཆོས་དཀོན་མཆོག་ནི། ཁྱིམ་པའམ་རབ་ཏུ་བྱུང་བ་སུ་ཡིན་རུང་། འཕགས་པ་རྣམས་ཀྱི་ཐུགས་རྒྱུད་ལ་ཡོད་པའི་འགོག་ལམ་གྱིས་འདུས་པའི་ཆོས་རྣམས་རེད། 

དགེ་འདུན།

༡༽ ཀུན་རྫོབ་པའི་དགེ་འདུན་དཀོན་མཆོག་ནི། ཁྱིམ་པའམ་རབ་ཏུ་བྱུང་བ་སུ་ཡིན་རུང་། འཕགས་པའི་གང་ཟག་སྒེར་གང་རུང་ཡིན།

༢༽ དོན་དམ་པའི་དགེ་འདུན་དཀོན་མཆོག་ནི། འཕགས་པའི་གང་ཟག་གི་ཐུགས་རྒྱུད་དུ་ཡོད་པའི་འགོག་ལམ་གྱིས་འདུས་པའི་ཆོས་རྣམས་རེད།

འགྲེལ་ཚུལ་མི་འདྲ་བ།

རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་མདོ་སྡེ་རྒྱན་གྱི་ལུགས་ལྟར་བྱས་ན། དེའི་ནང་ཀུན་རྫོབ་དང་དོན་དམ་པའི་སངས་རྒྱས་དཀོན་མཆོག་ཁོ་ནར་འགྲེལ་བརྗོད་གནང་ཡོད། དེ་ཡང་དོན་དམ་པའི་ཆོས་དཀོན་མཆོག་དེ་ཁོང་གིས་མཛད་པའི་མངོན་རྟོགས་རྒྱན་གྱི་ནང་གསལ་བ་ལྟར་འགྲེལ་ཡོད་ནའང་། གཞུང་དེའི་ཀུན་རྫོབ་པའི་དགེ་འདུན་དཀོན་མཆོག་དེ་ནི་དོན་དམ་པའི་དགེ་འདུན་མཆོག་ལྟར་འགྲེལ་ཡོད། 

དོན་དམ་པའི་སངས་རྒྱས་དང་། ཆོས། དགེ་འདུན་དཀོན་མཆོག་བཅས་ནས་ངོ་བོ་གཅིག་མཉམ་སྤྱོད་བྱེད་ཀྱི་ཡོད། 

དོན་དམ་པའི་སངས་རྒྱས་དང་། ཆོས། དགེ་འདུན་དཀོན་མཆོག་རྣམས་ཇི་ལྟར་མངོན་རྟོགས་རྒྱན་གྱི་ནང་གོ་རིམ་སྒྲིག་པ་ལྟར། དེ་དག་གི་ངོ་བོ་གཅིག་པ་མཉམ་སྤྱོད་བྱེད་ཀྱི་ཡོད། འོན་ཀྱང་ལྡོག་པ་ཐ་དད་ཡིན། དེ་དག་རེ་རེ་ནི་ཆོས་ཤིག་རྣམ་པ་གཅིག་པར་གོ་བ་སྟེ། དེ་ནི་སེམས་རྒྱུད་ཀྱི་འགོག་ལམ་གྱིས་འདུས་པའི་ཆོས་རྣམས་རེད། དེ་དག་གིས་ལྟ་ཚུལ་མི་འདྲ་བའི་སྒོ་ནས་སེམས་རྒྱུད་ཀྱི་རྣམ་པ་འདི་འགྲེལ་བརྗོད་བྱེད་ཀྱི་ཡོད་སྟབས། དེ་དག་ནི་ལྡོག་པ་ཐ་དད་ཡིན་པ་དང་ཕན་ཚུན་ཁྱད་པར་འབྱེད་ཀྱི་ཡོད།

སངས་རྒྱས་ཀྱི་ཐུགས་རྒྱུད་ལ་མངའ་བའི་འགོག་ལམ་གྱིས་འདུས་པའི་ཆོས་རྣམས་ཀྱི་གནས་སྟངས་ལ་བསམ་ཞིབ་བྱེད་དགོས། ལམ་སྟོན་པ་པོ་དང་སེམས་བསྐུལ་གྱི་འབྱུང་རྩའམ་བྱིན་རླབས་ཀྱི་འབྱུང་ཁུངས་ཡིན་པའི་ཆ་ནས། དེ་དག་ནི་དོན་དམ་པའི་སངས་རྒྱས་དཀོན་མཆོག་ཡིན། སྔོན་འགོག་གི་ཐབས་ལམ་དང་དངོས་གྲུབ་ཀྱི་འབྱུང་ཁུངས་ཡིན་པའི་ཆ་ནས། དེ་དག་ནི་དོན་དམ་པའི་ཆོས་དཀོན་མཆོག་ཡིན། འཕྲིན་ལས་ཀྱི་འབྱུང་ཁུངས་ཡིན་པའི་ཆ་ནས། དེ་དག་གིས་དོན་དམ་པའི་དགེ་འདུན་དཀོན་མཆོག་གི་བྱ་བ་བྱེད་ཀྱི་ཡོད། དེ་ཡང་སྨན་ཞབས་པ་ཞིག་ལྟར་དགེ་འདུན་དཀོན་མཆོག་གིས་ང་ཚོས་ལམ་འགྲིམ་བཞིན་པའི་སྐབས། རྒྱབ་རྟེན་དང་རོགས་རམ་བྱེད་ཀྱི་ཡོད། 

གནས་སྐབས་དང་མཐར་ཐུག་གི་སྐྱབས་གནས། 

དོན་དམ་པའི་ཆོས་དང་དགེ་འདུན་དཀོན་མཆོག་གི་ནང་། འཕགས་པ་རྣམས་ཀྱི་ཐུགས་རྒྱུད་དུ་མངའ་བའི་འགོག་ལམ་གྱིས་འདུས་པའི་ཆོས་རྣམས་འཚུད་ཀྱི་ཡོད། དེ་དག་ལས་མཐོང་ལམ་ནས་དགྲ་བཅོམ་ནང་བཞིན་ཐར་པའི་གོ་འཕང་ཐོབ་པའམ། ཡང་ན་སངས་རྒྱས་ནང་བཞིན་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཀྱི་བར་ནི་དོན་དམ་པའི་ཆོས་དང་དགེ་འདུན་དཀོན་མཆོག་རེད། འཕགས་པའི་བདེན་པ་བཞི་རྟོག་མེད་ཀྱི་སྒོ་ནས་རྟོགས་པའི་ཤེས་པ་དང་མཐོང་ལམ་ཐོབ་པ་ལ་བརྟེན་ནས་འཕགས་པ་རྣམས་ཀྱི་རྒྱུད་ལ་འགོག་བདེན་དང་ལམ་བདེན་སྐྱེད་འགོ་བཙུག་གི་ཡོད། དེ་དག་གིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཁོ་ནར་བརྟེན་ནས་གཉིས་ཀ་འཐོབ་ཀྱི་ཡོད། 

དེ་འདྲ་སོང་ཙང་། མཐར་ཐུག་གི་སྐྱབས་གནས་ནི་སངས་རྒྱས་ཁོ་ན་ཡིན། གང་ཡིན་ཞེ་ན། སངས་རྒྱས་ཁོ་ནས་འགོག་ལམ་གྱིས་འདུས་པའི་ཆོས་ཡོངས་སུ་རྫོགས་པ་རྟོགས་ཡོད། སངས་རྒྱས་ཁོ་ནས་སྒྲིབ་པ་གཉིས་རྩད་ནས་སྤངས་ཡོད། འཕགས་པ་རྣམས་ནི་སངས་རྒྱས་རྣམས་ལས་རྟོགས་པ་ཆུང་བས་དེ་དག་ནི་གནས་སྐབས་ཀྱི་སྐྱབས་གནས་ཡིན། ཁོང་ཚོས་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་ང་ཚོར་སྐྱབས་གནས་སམ་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་མཁོ་སྤྲོད་མི་ཐུབ། དེའི་རྒྱུ་མཚན་ནི་ཁོང་ཚོས་ཐམས་ཅད་མཁྱེན་པའི་གོ་འཕང་ད་དུང་ཡང་ཐོབ་མེད་པའི་ཕྱིར། འདི་ནི་རྗེ་བཙུན་བྱམས་པ་མགོན་པོས་རྒྱུད་བླ་མའི་ནང་གསུངས་པའི་དོན་ཡིན་པ་དང་། དོན་དམ་པའི་དཀོན་མཆོག་ལ་གཞིགས་ན། སངས་རྒྱས་ཁོ་ན་ནི་དོན་དམ་པའམ་མཐར་ཐུག་གི་སྐྱབས་གནས་ཡིན་པ་རེད། 

རྗེ་བཙུན་བྱམས་པ་མགོན་པོས་གསུང་པ་དེའི་རྒྱབ་ཀྱི་རྒྱུ་མཚན་གཞན་ཞིག་ནི། སངས་རྒྱས་ཀྱི་གོ་འཕང་མ་ཐོབ་པའི་འཕགས་པ་རྣམས་ཀྱི་རྒྱུད་ལ་ཡོད་པའི་འགོག་ལམ་གྱིས་འདུས་པའི་ཆོས་རྣམས་དོན་དམ་པའི་ཆོས་དང་དགེ་འདུན་དཀོན་མཆོག་ཁོ་ནའི་དཔེ་མཚོན་ཡིན་པ་རེད། དེ་དག་ནི་དོན་དམ་པའི་སངས་རྒྱས་དཀོན་མཆོག་མིན། སངས་རྒྱས་ཁོ་ནའི་ཐུགས་རྒྱུད་ལ་མངའ་བའི་འགོག་ལམ་གྱིས་འདུས་པའི་ཆོས་རྣམས་ཀྱིས་དཀོན་མཆོག་གསུམ་གྱི་དགོས་མཁོ་སྒྲུབ་ཀྱི་ཡོད། དེར་བརྟེན་སངས་རྒྱས་ཁོ་ན་མཐར་ཐུག་གི་སྐྱབས་གནས་ཡིན་པ་རེད། 

ཐབས་ལམ་གཞན་ཞིག་ནས་གོ་རིམ་སྒྲིག་ན། སངས་རྒྱས་རྣམས་ནི་གཙོ་བོ་ཡིན། གང་ཡིན་ཞེ་ན། དེ་དག་ནི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་གྱི་སྐྱབས་གནས་ཡིན་པ་དང་། སངས་རྒྱས་རྣམས་ནི་དགེ་འདུན་གྱི་རྒྱུད་རིམ་མཐའ་མ་དེ་ཡིན་པ་རེད། ཁོང་ཚོ་ནི་དགེ་འདུན་གྱི་རིམ་པ་རྣམས་བརྒྱུད་པ་དང་ཆོས་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཀྱི་ཡོད།

རྒྱུ་དང་འབྲས་བུའི་སྐྱབས་གནས།

ཀུན་རྫོབ་དང་དོན་དམ་པའི་དཀོན་མཆོག་ལ་སྐྱབས་སུ་འགྲོ་བའམ་མི་ཚེའི་ནང་ཀུན་རྫོབ་པའི་དཀོན་མཆོག་དང་དོན་དམ་པའི་དཀོན་མཆོག་གི་ཉེན་མེད་ཁ་ཕྱོགས་སུ་འགྲོ་བ་ནི་སྐྱབས་འགྲོ་ཙམ་པོ་བ་རེད། སྐྱབས་འགྲོའི་ཡུལ་ནི་ང་རང་ཚོ་དཀོན་མཆོག་གསུམ་གྱི་གོ་འཕང་འཐོབ་པར་རྒྱུ་བྱེད་པའི་གང་ཟག་གམ་ཆོས་རྣམས་ཡིན་པ་སོང་ཙང་། དེ་ལ་རྒྱུའི་སྐྱབས་འགྲོའང་ཟེར་གྱི་ཡོད། 

སྐྱབས་འགྲོ་ཁྱད་པར་བ་ལ་འབྲས་བུའི་སྐྱབས་འགྲོའང་ཟེར་གྱི་ཡོད། དེ་ནི་རང་རྒྱུད་ལ་ཡོད་པའི་སངས་རྒྱས་ཀྱི་རིགས་དངོས་སུ་རྟོགས་པར་གཞི་བྱས་ཏེ། མ་འོངས་འཐོབ་པར་འགྱུར་བའི་དཀོན་མཆོག་གསུམ་པོ་སྐྱབས་ཡུལ་དུ་ཁས་ལེན་པ་དེ་རེད། 

དེའི་འབྲས་བུར་ང་ཚོས་སྐྱབས་འགྲོ་ཙམ་པོ་བ་དང་ཁྱད་པར་བ་གཉིས་ཀའི་སྒོ་ནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་བའི་སྐབས། ང་ཚོས་འཕགས་པ་དང་། དགྲ་བཅོམ་པ། སངས་རྒྱས་རྣམས་དང་དེ་དག་གིས་གང་ཐོབ་པ་རྣམས་ལ་གུས་ཞབས་བྱེད་པ་ཙམ་དུ་མ་ཟད། དེ་དང་གཅིག་པའི་རང་སོ་སོའི་མ་འོངས་པའི་འབྲས་བུ་ལའང་གུས་ཞབས་བྱེད་ཀྱི་ཡོད། 

བརྡར་བཏགས་པའི་དཀོན་མཆོག

དཀོན་མཆོག་གསུམ་པོ་རེ་རེ་ལ་མཚོན་དོན་རེ་ཡོད་པ་དང་དེ་ནི་མིང་ཙམ་གྱི་དཀོན་མཆོག་གམ་བརྡར་བཏགས་པའི་དཀོན་མཆོག་ཡིན་པ་ལས། སྐྱབས་གནས་དངོས་དེ་མིན། སངས་རྒྱས་ཆོས་དང་དགེ་འདུན་དཀོན་མཆོག་དངོས་ནི། ང་ཚོས་དངོས་སུ་མཇལ་ཐུབ་པའི་ཡུལ་ཞིག་མིན་པས། དེ་དག་གི་མཚོན་དོན་ལ་ང་ཚོས་གུས་ཞབས་བྱ་ཡུལ་དུ་གྱུར་ཡོད། 

༡༽ བརྡར་བཏགས་པའི་སངས་རྒྱས་དཀོན་མཆོག་གི་ནང་། སངས་རྒྱས་ཀྱི་སྐུ་བརྙན་རི་མོ་དང་སྐུ་འདྲ་སོགས་འཚུད་ཀྱི་ཡོད།

༢༽ བརྡར་བཏགས་པའི་ཆོས་དཀོན་མཆོག་གི་ནང་། གསུང་དབྱངས་ཡན་ལག་བཅུ་གཉིས་ཀྱི་ནང་ནས་ཆོས་ཀྱི་དཔེ་ཆ་པར་དུ་སྐྲུན་པ་རྣམས་འཚུད་ཀྱི་ཡོད།

༣༽ བརྡར་བཏགས་པའི་དགེ་འདུན་དཀོན་མཆོག་ནི། དགེ་སློང་བཞིའམ་དེའི་ཡན་དང་། དགེ་སློང་མ་བཞིའམ་དེའི་ཡན་སོ་སྐྱེ་ (སོ་སྐྱེ་ནི་འཕགས་པ་མིན་པ་རྣམས་ལ་གོ་) ནས་བཟུང་སྟེ་སྡོམ་པ་རྣམ་པར་དག་པ་བསྲུང་མཁན་རྣམས་ཡིན།

བརྡར་བཏགས་པའི་དཀོན་མཆོག་རྣམས་ནི་དཀོན་མཆོག་དངོས་མིན་པ་སོང་ཙང་། ནང་ཆོས་ཉམས་ལེན་གྱི་ནང་མཆོད་ཡུལ་གྱི་རྟེན་ལྷ་སྐུ་དང་། དཔེ་ཆ། གྲྭ་པ་དང་བཙུན་མ་རྣམས་ལ་གསོལ་མཆོད་བྱེད་སྲོལ་དེ་མེད། 

དེང་དུས་ནུབ་ཕྱོགས་པ་ཚོས་ཆོས་ཚོགས་ཁག་གི་ནང་། སངྒྷ་ཟེར་བའི་ཐ་སྙད་ཅིག་ཡེ་ཤུའི་ལྷ་ཁང་གི་འདུས་འཛོམས་དང་འདྲ་མཚུངས་ཡིན་པ་ལྟར་བེད་སྤྱོད་བྱེད་བཞིན་པ་ནི་སྲོལ་རྒྱུན་མིན་པའི་ཐ་སྙད་བེད་སྤྱོད་བྱེད་སྟངས་ཤིག་རེད། གལ་ཏེ་དགེ་འདུན་འདུས་སྡེའི་ནང་། སྐྱབས་དངོས་ཀྱི་ཡུལ་དུ་མི་རུང་ཞིང་། མཚན་ཉིད་ཚང་མེད་ལ་ཡིད་རྟོན་མི་རུང་བའི་ཉོན་མོངས་ཅན་དང་བཟང་སྤྱོད་དང་མི་ལྡན་པའི་གང་ཟག་ཡོད་ན། ཆོས་ཚོགས་ཤིག་གི་ཚོགས་མི་རྒྱ་ཆེ་ལ་སྣ་ཚོགས་པ་ཇི་ཙམ་གྱིས་ཉུང་དུ་འགྲོ་གི་རེད་དམ།

མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་ (སྐྱབས་འགྲོ་) བསྟེན་པའི་རྒྱུ།

སྤྱིར་བཏང་དཀོན་མཆོག་གསུམ་གྱིས་བསྟན་པའི་སྐྱབས་འགྲོའི་རྒྱུ་གཉིས་ནི། འཇིགས་པ་དང་དད་པ་གཉིས་རེད།

འཇིགས་པ།

འཇིགས་པ་ནི་སྐབས་འདིར་འཕགས་པའི་བདེན་པ་དང་པོ་གཉིས་ལ་དམིགས་པའི་སེམས་ཀྱི་གནས་བབས་ཤིག་ཡིན་པ་དང་། བདེན་པ་དང་པོ་གཉིས་ནི། སྡུག་བསྔལ་བདེན་པ་དང་དེ་དག་གི་རྒྱུ་ཀུན་འབྱུང་བདེན་པ་གཉིས་རེད། འཇིགས་པའམ་ཨིན་སྐད་ནང་གི་ (dread) འདི་ནམ་རྒྱུན་གོ་བ་ནོར་ནས་ཨིན་སྐད་ནང་ (fear) ཞེས་བསྒྱུར་ཡོད། འདི་ནི་ཉོན་མོངས་ཤིག་མིན། ཨིན་སྐད་ནང་གི་ཞེད་སྣང་ངམ་འཚེར་སྣང་ (fear) ལ་བརྟེན་ནས་ང་ཚོས་སྡུག་བསྔལ་དང་དེའི་རྒྱུ་ཀུན་འབྱུང་བདེན་པའི་ངན་ཕྱོགས་ཀྱི་རྣམ་པ་ལ་སྤྲོས་བཤད་བྱེད་ཀྱི་ཡོད་པ་དང་། དེ་ནི་དེ་དག་གི་སྟེང་དང་རང་ཉིད་ཀྱི་སྟེང་ལ་བདེན་པར་གྲུབ་པར་འཛིན་གྱི་ཡོད། དེ་ནས་ང་ཚོའི་ཞེད་སྣང་གི་ཡུལ་བདེན་པར་གྲུབ་པ་དེས་ང་ཚོ་བདེན་པར་གྲུབ་པ་དབང་དུ་སྡུད་ཀྱི་རེད་ཅེས་ཚོར་གྱི་ཡོད། ང་ཚོ་ཞེད་སྣང་གི་ཡུལ་ལས་ཐར་འདོད་ཡོད་ནའང་། དེ་ལ་ཅི་བྱ་གཏོལ་མེད་ཚོར་གྱི་ཡོད། 

ཕྱོགས་གཞན་ཞིག་ནས་འཇིགས་པ་ཟེར་བ་ནི། སྡུག་བསྔལ་བདེན་པ་དང་དེའི་རྒྱུ་ཀུན་འབྱུང་བདེན་པ་ལ་སྤྲོས་བཤད་མི་བྱེད་པའམ་ཡང་ན་དེ་དག་གི་སྟེང་དུའམ་རང་ཉིད་ཀྱི་སྟེང་དུ་བདེན་གྲུབ་ཏུ་མི་འཛིན་པའི་སྒོ་ནས་ཡུལ་གྱི་གནས་ལུགས་དང་མཐུན་པར་ཆ་འཇོག་བྱེད་ཀྱི་ཡོད། འཇིགས་པ་ལ་བརྟེན་ནས་ང་ཚོས་འཇིགས་པའི་ཡུལ་རྣམས་མུ་མཐུད་ནས་ཉམས་སུ་མི་མྱོང་བར་སྙིང་ནས་ཡིད་སྨོན་བྱེད་ཀྱི་ཡོད། གང་ལྟར་ཡང་། གནས་སྟངས་འདིའི་ནང་ང་ཚོར་རོགས་དགོས་པར་ངོས་ལེན་བྱས་ནའང་། འདིས་ཅི་བྱ་གཏོལ་མེད་དུ་ཚོར་བའི་དོན་མིན། དེ་ལས་ལྡོག་སྟེ། འདིས་ངེས་འབྱུང་སྐྱེད་པར་བྱེད་ཀྱི་ཡོད། ངེས་འབྱུང་ནི་སྡུག་བསྔལ་བདེན་པ་དང་ཀུན་འབྱུང་བདེན་པ་ལས་ཐར་འདོད་ཀྱི་ཆོད་སེམས་བརྟན་པོ་དེ་རེད། 

ང་ཚོས་ལམ་རིམ་གྱི་ཀུན་སློང་གི་རིམ་པ་གསུམ་པོ་ཡར་རྒྱས་གཏོང་བ་དང་སྟབས་བསྟུན་ཏེ། འཕགས་པའི་བདེན་པ་དང་པོ་གཉིས་ཀྱི་གོ་རྟོགས་ཀྱི་ཚད་དེ་རྒྱ་སྐྱེད་འགྲོ་གི་ཡོད། ཀུན་སློང་གི་རིམ་པ་དང་པོའི་སྐབས། སྡུག་བསྔལ་བདེན་པའི་ནང་། ངན་སོང་གི་སྐྱེ་གནས་ཤིག་ཏུ་སྐྱེ་བ་དང་སྡུག་བསྔལ་རགས་པ་མྱོང་བ། དེའི་རྒྱུ་ཀུན་འབྱུང་བདེན་པ་ནི་མི་དགེ་བའི་བྱ་སྤྱོད་སྤེལ་བ་དེ་རེད། དེ་ཡང་སྤྱོད་ལམ་གྱི་རྒྱུ་དང་འབྲས་བུའི་རྣམ་གཞག་ལ་རྨོངས་པའམ་མི་ཤེས་པ་ལ་གཞི་བྱས་ཡོད། ཀུན་སློང་གི་རིམ་པ་བར་མའི་སྐབས། སྡུག་བསྔལ་གྱི་བདེན་པའི་ནང་། དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བའི་ནང་སྐྱེ་བ་ལེན་པ་དང་། དེར་ཉམས་སུ་མྱོང་བའི་སྡུག་བསྔལ་གྱི་རྣམ་པ་ཡོངས་སུ་རྫོགས་པ། དེའི་རྒྱུ་ཀུན་འབྱུང་བདེན་པ་ནི་ཐར་པར་གེགས་བྱེད་པའི་ཉོན་མོངས་པའི་སྒྲིབ་པ་རེད། ཚད་མཐོའི་ཀུན་སློང་གི་རིམ་པའི་སྐབས། སྡུག་བསྔལ་བདེན་པའི་ནང་། གཞན་རྣམས་ཕན་ནུས་ཆེ་ཤོས་ཀྱི་སྒོ་ནས་ཐར་པར་འགོད་པའི་ནུས་པ་མེད་པ། དེའི་རྒྱུ་ཀུན་འབྱུང་བདེན་པ་ནི་ཐམས་ཅད་མཁྱེན་པར་གེགས་བྱེད་པའི་ཤེས་བྱའི་སྒྲིབ་པ་རེད། ཚད་མཐོ་ཤོས་ཀྱི་ཀུན་སློང་གི་རིམ་པའི་སྐབས་འདིར། སྐྱབས་སུ་འགྲོ་བའི་རྒྱུ་འཕར་བ་ཞིག་ཡོད་པ་ནི་སྙིང་རྗེ་རེད། སྙིང་རྗེ་ནི་གཞན་རྣམས་སྡུག་བསྔལ་དང་དེའི་རྒྱུ་དང་བཅས་པ་ལས་འབྲལ་འདོད་ཀྱི་བསམ་པ་དེ་རེད། 

བདེན་དོན་ལ་ཡིད་ཆེས་པའི་དད་པ། 

མི་ཚེའི་ནང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་རྒྱུ་གཉིས་པ་ནི། བདེན་དོན་ལ་ཡིད་ཆེས་པའི་དད་པ་དེ་རེད། དེ་ནི་དཀོན་མཆོག་གསུམ་ལ་ང་ཚོའི་སྡུག་བསྔལ་དང་དེ་དག་གི་རྒྱུ་དང་བཅས་པ་ལས་ཐར་བར་བྱེད་པའི་ནུས་པ་དང་ལྡན་པར་ཡིད་ཆེས་པའི་དད་པ་དེ་རེད། ཕྱོགས་གཞན་ཞིག་ནས་དོན་དམ་པའི་སངས་རྒྱས་དང་། ཆོས། དགེ་འདུན་དཀོན་མཆོག་དང་། དེ་བཞིན་འཕགས་པའི་བདེན་པ་གསུམ་པ་དང་བཞི་པ་སྟེ། འགོག་བདེན་དང་ལམ་བདེན་གཉིས་ལ་བདེན་པ་དང་པོ་གཉིས་ཏེ། སྡུག་བསྔལ་བདེན་པ་དང་ཀུན་འབྱུང་བདེན་པ་གཉིས་རྩད་ནས་སྤོང་བར་བྱེད་པའི་ནུས་པ་དང་ལྡན་པར་ཡིད་ཆེས་བྱེད་དགོས་ཀྱི་ཡོད། དེར་མ་ཟད། ང་ཚོས་བདེན་དོན་འདི་རིམ་པ་གཉིས་ཀྱི་སྒོ་ནས་རྟོགས་དགོས།

དེ་ཡང་རྒྱུའི་སྐྱབས་འགྲོའི་རིམ་པའི་ཐོག་ནས་འཕགས་པ་དང་། དགྲ་བཅོམ་པ། དེ་བཞིན་སངས་རྒྱས་རྣམས་ཀྱི་ཐུགས་རྒྱུད་ལ་མངའ་བའི་འགོག་ལམ་གྱིས་འདུས་པའི་ཆོས་རྣམས་ཀྱིས་ང་ཚོར་ལམ་སྟོན་གྱི་ཡོད། ཁོང་རྣམས་ཀྱི་ཁ་ཕྱོགས་དེ་ང་ཚོའི་མི་ཚེའི་ནང་བསྟེན་པར་བརྟེན་ལམ་འགྲིམ་པའི་ཐོག་མཐའ་བར་གསུམ་དུ་ང་ཚོར་བྱིན་རླབས་དང་། དངོས་གྲུབ། འཕྲིན་ལས་བཅས་ཐོབ་ཀྱི་ཡོད། ང་ཚོས་དངོས་སུ་སྡུག་བསྔལ་དང་དེ་དག་གི་རྒྱུ་རྣམས་སྤོང་ཞིང་། དེ་དག་སྤངས་པ་ལ་བརྟེན་ནས་འགོག་བདེན་དང་ལམ་བདེན་གཉིས་འཐོབ་ཀྱི་ཡོད། དེ་ནི་ང་ཚོ་རང་ངོས་ནས་མ་འོངས་པའི་དཀོན་མཆོག་གསུམ་གྱི་གོ་འཕང་འཐོབ་རྒྱུ་དེ་རེད། འབྲས་བུའི་སྐྱབས་འགྲོ་ལ་བརྟེན་ནས་ང་ཚོས་དམིགས་ཡུལ་དེའི་ཕྱོགས་སུ་འབད་བརྩོན་བྱེད་དགོས། 

བདེན་དོན་ལ་ཡིད་ཆེས་པའི་དད་པ་ནི་སྐབས་འདིར། འཕགས་པའི་བདེན་པ་གཉིས་པ་གཉིས་ཀྱིས་བདེན་པ་དང་པོ་གཉིས་རྩད་ནས་མེད་པ་བཟོ་བ་ནི་རྨོངས་དད་མིན། དེ་ཡང་དག་པའི་སྒོ་ནས་རང་རྒྱུད་ལ་བསྐྱེད་པའི་སྐབས། དེ་ལ་རྣམ་པ་གསུམ་ཡོད་དེ།

༡༽ རྒྱུ་མཚན་ལ་བརྟེན་ནས་བདེན་དོན་ལ་ཡིད་ཆེས་པ་སྟེ། ཡིད་ཆེས་ཀྱི་དད་པ། སྐྱབས་འགྲོ་བརྟན་པོ་ཞིག་ཡོང་བར། ང་ཚོར་འཕགས་པའི་བདེན་པ་བཞིའི་སྐོར་ལ་གཏིང་ཟབ་པའི་གོ་རྟོགས་ཤིག་དགོས་པ་དང་། བདེན་པ་མཐའ་མ་གཉིས་ཀྱིས་བདེན་པ་དང་པོ་གཉིས་རྩད་ནས་མེད་པ་བཟོ་བའི་རྒྱུ་མཚན་རྣམས་ཤེས་དགོས།

༢༽ བདེན་དོན་ལ་དང་བའི་སྒོ་ནས་ཡིད་ཆེས་པ་སྟེ། དང་བའི་དད་པ། དང་བའི་དད་པས་ཉོན་མོངས་པའི་སེམས་གསལ་བར་བྱེད་ཀྱི་ཡོད། ང་ཚོས་འཕགས་པའི་བདེན་པ་བཞི་པོ་ཡང་དག་པར་རྟོགས་པའི་སྐབས། དེ་དག་གི་བདེན་དོན་ལ་ང་ཚོས་ཡིད་ཆེས་པ་དེས་རེ་བ་ཟད་པ་དང་ཡི་མུག་པའི་སེམས་དེ་གསལ་བར་བྱེད་ཀྱི་ཡོད། གཞན་ཡང་ང་ཚོས་ཉེན་མེད་ཀྱི་ཁ་ཕྱོགས་དེར་འབད་བརྩོན་བྱས་ནས་རང་ངོས་ནས་དཀོན་མཆོག་གསུམ་གྱི་གོ་འཕང་འཐོབ་པར་བྱེད་དགོས་ཤིང་། དེ་ནས་རིམ་བཞིན་དུ་ང་ཚོའི་སེམས་ནང་ཡོད་པའི་ཉོན་མོངས་རྣམས་རྩད་ནས་མེད་པ་བཟོ་དགོས། 

༣༽ དེའི་ཕྱོགས་སུ་བདེན་དོན་ལ་འདོད་འདུན་དང་བཅས་ཏེ་ཡིད་ཆེས་པ་སྟེ། མངོན་འདོད་ཀྱི་དད་པ། ང་ཚོས་འཕགས་པའི་བདེན་པ་བཞི་ཙམ་དུ་མ་ཟད། རང་རྒྱུད་དུ་འབྲས་བུའི་དཀོན་མཆོག་གསུམ་པོ་སྐྱེད་པར་བྱེད་པའི་སངས་རྒྱས་ཀྱི་རིགས་རྣམས་ཀྱང་རྟོགས་པའི་སྐབས། ང་ཚོས་དམིགས་ཡུལ་འདི་ཐོབ་ཐུབ་པའི་ཡིད་ཆེས་ལ་གཞི་བྱས་ནས་རང་བཞིན་གྱིས་ཉེན་མེད་ཀྱི་ཁ་ཕྱོགས་འདི་སོ་སོའི་མི་ཚེའི་ནང་བསྟེན་རྒྱུའི་མངོན་འདོད་སྐྱེད་ཀྱི་ཡོད། བྱང་ཆུབ་ཀྱི་སེམས་རིམ་པ་གཉིས་སམ་སྨོན་སེམས་དང་འཇུག་སེམས་ཞེས་སེམས་བསྐྱེད་གཉིས་ལ་བརྟེན་ནས་ང་ཚོས་ཁ་ཕྱོགས་འདིར་འགྲོ་རྒྱུའི་མངོན་འདོད་སྐྱེད་པ་ཙམ་དུ་མ་ཟད། ང་ཚོས་ཧུར་བརྩོན་དང་ལྡན་པའི་སྒོ་ནས་ཉེན་མེད་ཀྱི་ཁ་ཕྱོགས་ (སྐྱབས་འགྲོ་) འདི་སོ་སོའི་མི་ཚེའི་ནང་བསྟེན་གྱི་ཡོད།།

Top