སྐྱབས་འགྲོའི་བསླབ་བྱ།

ངོ་སྤྲོད།

སྐྱབས་སུ་འགྲོ་བ་ཞེས་པའི་དོན་ནི། སངས་རྒྱས་དང་། ཆོས། དགེ་འདུན་བཅས་དཀོན་མཆོག་གསུམ་གྱིས་བསྟན་པའི་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་དེ་སོ་སོའི་མི་ཚེའི་ནང་འགྲོ་ལུགས་ལྟར་སྐྲུན་པ་དང་། དེ་ལྟ་བུའི་ཁ་ཕྱོགས་བརྟན་པོ་དེ་རང་ཉིད་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་འགྱུར་བ་མེད་པའི་སྒོ་ནས་རྒྱུན་སྲིང་རྒྱུའི་དམ་བཅའ་བ་དེ་ཡིན།

བྱང་སེམས་སྡོམ་པའི་ཆོ་གའམ། ཡང་ན་སྔགས་ཀྱི་དབང་གི་སྐབས། དབང་ཆ་ཚང་དང་རྗེས་གནང་གང་ཡིན་རུང་དེའི་སྐབས་འགྲོ་ལུགས་ལྟར་གྱི་སྐྱབས་འགྲོའི་སྡོམ་པ་ལེན་པ་ནི། དགེ་བའི་བཤེས་གཉེན་ཞིག་གི་དྲུང་ནས་ཆོ་ག་ལོགས་སུ་གྲུབ་སྟེ་སྐྱབས་འགྲོའི་སྡོམ་པ་ལེན་པ་དང་འདྲ་བ་ཡིན། སྐྲ་འདབས་ཙམ་ཞིག་བྲེགས་པ་དང་ཆོས་མིང་ཐོབ་པ་ཙམ་ནི་སྐྱབས་སྡོམ་ཞུ་བའི་རྒྱུད་རིམ་གྱི་ཆ་ལག་མེད་དུ་མི་རུང་བ་ཞིག་ནི་མིན། དེ་དག་ནི་སྐྱབས་སྡོམ་ཞུ་བ་ཐེངས་དང་པོ་ཡིན་ནའང་། བྱང་སེམས་སྡོམ་པའམ་དབང་གི་སྐབས་སྐྱབས་སྡོམ་ཞུ་དུས་ནས་གནང་བ་བྱིན་ཟིན་པ་རེད།

སོ་སོའི་མི་ཚེ་དེ་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་དང་འགྲོ་ལུགས་ལྟར་སྙོམ་སྒྲིག་བྱེད་སྐབས། ང་ཚོས་སྐྱབས་འགྲོའི་བསླབ་བྱ་གཉིས་ལ་ཁས་ལེན་བྱེད་ཀྱི་ཡོད། དེ་དག་ནི་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་དེ་རྒྱུན་སྲིང་བར་ཕན་ཐོགས་པ་ཡིན།

༡༽ བསྡུ་བ་ལས་འབྱུང་བའི་བསླབ་བྱ།

༢༽ མན་ངག་ལས་འབྱུང་བའི་བསླབ་བྱ།

དེ་གཉིས་ལས་སྔ་མ་ནི། གཏན་ལ་དབབ་པ་བསྡུ་བ་ཞེས་པ་བྱུང་ཞིང་། དེ་ནི་ཕྱི་ལོ་དུས་རབས་བཞི་པའམ་ལྔ་པའི་ནང་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཐོགས་མེད་ཀྱིས་མཛད་པའི་རྣལ་འབྱོར་སྤྱོད་པའི་སའི་བསྟན་བཅོས་ལྔ་ལས་གཅིག་ཡིན།

ཕྱི་མ་ལ་སྡེ་ཚན་གཉིས་སྟེ།

༡༽ དཀོན་མཆོག་གསུམ་པོ་སོ་སོའི་བསླབ་བྱ།

༢༽ དཀོན་མཆོག་གསུམ་པོ་ཐུན་མོང་གི་བསླབ་བྱ།

དེ་ལྟའི་བསླབ་བྱ་སྡེ་ཚན་གསུམ་པོ་ནི་སྡོམ་པ་མ་ཡིན། གལ་ཏེ་ང་ཚོས་གཅིག་བསྲུང་མ་ཐུབ་ན། ང་ཚོའི་མི་ཚེའི་ཉེན་མེད་ཀྱི་ཁ་ཕྱོགས་ ༼སྐྱབས་འགྲོ་༽ དེ་ཞན་དུ་གཏོང་བ་ཙམ་ལས། འགྲོ་ལུགས་ལྟར་སྐྱབས་འགྲོ་བློས་གཏོང་མ་བྱས་ན། སྐྱབས་འགྲོ་ཤོར་གྱི་མེད།

བསྡུ་བ་ལས་འབྱུང་བའི་བསླབ་བྱ།

དེའི་ནང་གི་བསླབ་བྱ་རྣམས་འཕགས་པ་ཐོགས་མེད་ཀྱི་བསྟན་བཅོས་ལས་འབྱུང་ཞིང་། དེ་ལའང་བཞི་ཚན་གཉིས་ཡོད་དེ། བཞི་ཚན་དང་པོ་ནི། སངས་རྒྱས་རྣམས་ལ་སྐྱབས་སུ་འགྲོ་བ་དང་མཚུངས་པའི་བསླབ་བྱ་གཅིག་དང་། ཆོས་ལ་སྐྱབས་སུ་འགྲོ་བ་དང་མཚུངས་པའི་བསླབ་བྱ་གཉིས། དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་མཚུངས་པའི་བསླབ་བྱ་གཅིག་བཅས་ཡིན། བཞི་ཚན་གཉིས་པ་ནི་དཀོན་མཆོག་གསུམ་པོ་ཐུན་མོང་དང་འབྲེལ་བའི་བསླབ་བྱ་ཡིན།

སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང་མཚུངས་པའི་བསླབ་བྱ་ལ། ༡། རང་ཉིད་ནས་ལྷག་བསམ་ཟོལ་མེད་ཐོག་དགེ་བའི་བཤེས་གཉེན་ཞིག་ལ་བསྟེན་རྒྱུའི་ཁས་ལེན་བྱེད་པ། དེ་ཡང་།  གལ་ཏེ་རང་ཉིད་ཀྱི་ཉམས་ལེན་ཐད་སློབ་སྟོན་གནང་མཁན་སྒེར་གྱི་དགེ་བའི་བཤེས་གཉེན་ཞིག་བརྙེད་མེད་ན། དེ་འདྲ་བའི་དགེ་བའི་བཤེས་གཉེན་ཞིག་འཚོལ་རྒྱུའི་དམ་བཅའ་དེ་ཡིན།

འགྲོ་ལུགས་ལྟར་གྱི་དགེ་བའི་བཤེས་གཉེན་ཞིག་གི་དྲུང་ནས་སྐྱབས་སྡོམ་ཞུ་བའི་དོན་ནི། སོ་སོ་རང་ཉིད་སྒེར་གྱི་ཆོས་ཕྱོགས་ཀྱི་སློབ་སྟོན་པ་དེ་ཡིན་པར་ཁས་ལེན་དགོས་པའི་ངེས་པ་མེད། ཡིན་ནའང་བཤད་མི་དགོས་པ་ལྟར། ཁྱེད་ཀྱིས་དགེ་བའི་བཤེས་གཉེན་དེ་སོ་སོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་སྟོན་མཁན་ལྟ་བུར་བསམས་ནས་དུས་རྟག་ཏུ་གུས་ཞབས་དང་བཀའ་དྲིན་བསམ་ཤེས་རྒྱུན་སྲིང་བར་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན། ང་ཚོའི་སྐྱབས་སུ་འགྲོ་ཡུལ་ནི་གང་ལྟར་དཀོན་མཆོག་གསུམ་པོ་རེད། དེ་ཡང་ཆོ་གའི་སྐབས་སུ་སངས་རྒྱས་ནི། ཁོང་གི་སྐུ་འདྲ་ཡང་ན་རི་མོས་མཚོན་པ་དེ་ཡིན་པ་ལས། གང་ཟག་བྱེ་བྲག་པ་ཆོ་ག་སྒྲུབ་མཁན་དེ་ནི་མ་ཡིན། གསང་སྔགས་ཀྱི་དབང་ཁོ་ནའི་སྐབས་སུ་བླ་མའམ་དགེ་བའི་བཤེས་གཉེན་དེ་སྐྱབས་གནས་དཀོན་མཆོག་གསུམ་གྱི་བདག་ཉིད་དུ་ཡོད་པ་དང་། དེས་འགྲོ་ལུགས་ལྟར་གྱི་བླ་སློབ་དབར་དམ་ཚིག་གི་འབྲེལ་བ་སྐྲུན་གྱི་ཡོད།

གཞན་ཡང་སྐབས་དོན་གང་ཡིན་རུང་། སྤྱིར་བཏང་ང་ཚོའི་སྐྱབས་གནས་ནི་དཀོན་མཆོག་གསུམ་པོ་ཡིན་པ་ལས་ནང་པའི་བརྒྱུད་པ་བྱེ་བྲག་པའམ་སྲོལ་རྒྱུན་བྱེ་བྲག་པ་དེ་མ་ཡིན། གལ་ཏེ་དགེ་བའི་བཤེས་གཉེན་གྱིས་བརྒྱུད་པ་བྱེ་བྲག་པ་ཞིག་གི་སྐྱབས་འགྲོའམ་དབང་གི་ཆོ་ག་ཞིག་སྒྲུབ་གནང་གི་ཡོད་ན། དགེ་བའི་བཤེས་གཉེན་དེའི་མདུན་ནས་སྐྱབས་སྡོམ་དང་དབང་ཐོབ་པ་དེས་ང་ཚོ་བརྒྱུད་པ་དེ་གཅིག་པའི་རྗེས་འཇུག་པ་ཞིག་ཏུ་ཆགས་པའི་ངེས་པ་མེད།

ཆོས་ལ་སྐྱབས་སུ་སོང་བ་དེ་རྒྱུན་སྲིང་བར། ༢། ནང་ཆོས་སློབ་གཉེར་བྱེད་པ་དང་། ༣། ཆོས་ཀྱི་རྣམ་པ་དེ་དག་ལ་དམིགས་བསལ་རང་རྒྱུད་ཀྱི་ཉོན་མོངས་སྤོང་བའི་ཆེད་དམིགས་པ་གཏད་པ། དེ་ཡང་ཤེས་ཡོན་སློབ་སྦྱོང་ཙམ་གྱིས་མི་འགྲིགས་པར། ང་ཚོས་ཆོས་དེ་སོ་སོའི་སྒེར་གྱི་མི་ཚེའི་ནང་དངོས་སུ་ལག་བསྟར་བྱེད་དགོས།

འཕགས་པའི་དགེ་འདུན་ལ་སྐྱབས་སུ་འགྲོ་བར། ༤། ཁོང་རྣམས་ཀྱི་མིག་དཔེ་བཟང་པོའི་རྗེས་སུ་འབྲང་པ། དེ་ལྟར་བྱེད་པར་ངེས་པར་དུ་རབ་ཏུ་བྱུང་དགོས་ཀྱི་མེད་ནའང་། ང་ཚོས་མི་ཚེའི་བདེན་དོན་བཞི་ ༼འཕགས་པའི་བདེན་པ་བཞི་༽ པོ་རྟོག་མེད་མངོན་སུམ་དུ་རྟོགས་པའི་ཆེད་བཅོས་མིན་ལྷག་བསམ་གྱི་རྩོལ་བ་བསྟེན་དགོས། དེ་དག་ནི་མི་ཚེ་ནི་དཀའ་སྡུག་ཅན་ཞིག་ཡིན་པ་དང་། དཀའ་སྡུག་དེ་དག་ནི་རྒྱུ་ལ་བརྟེན་ནས་ཡོང་གི་ཡོད་པ། རྒྱུ་གང་རེད་ཅེ་ན། དངོས་པོའི་གནས་ལུགས་ལ་རྨོངས་པ་དེ་རེད། ང་ཚོས་དཀའ་སྡུག་དེ་དག་མེད་པ་བཟོ་ཐུབ། དེ་ལྟར་བཟོ་བར་ལམ་བསྟེན་དགོས་ཤིང་། སྟོང་པ་ཉིད་ཀྱི་དོན་རྟོགས་པ་དེ་སེམས་ཀྱི་ལམ་ལྟ་བུ་ཡིན་པའི་གོ་བ་རྙེད་དགོས།

དཀོན་མཆོག་གསུམ་ལ་ཐུན་མོང་དུ་སྐྱབས་སུ་འགྲོ་བ་དང་མཚུངས་པའི་བསླབ་བྱ་ནི། ༥། རྣམ་གཡེང་དབང་གིས་སེམས་དབང་ཤེས་ཀྱི་བདེ་བའི་རྗེས་སུ་ཤོར་བའི་སྐབས། དེ་ཕྱིར་འཐེན་བྱེད་པ་ ༼ཡུལ་རྣམས་ལ་རྒོད་པ་ལ་སྐྱོན་དུ་བལྟས་ནས་ཡིད་ཕྱིར་ཕྱོགས་པར་བྱེད་པ་༽ དང་། དེའི་ཚབ་ལ་རང་ཉིད་ཡར་རྒྱས་གཏོང་རྒྱུ་དེ་མི་ཚེའི་ནང་གི་ལས་དོན་གཙོ་བོར་འཛིན་དགོས། འདིའི་དོན་ནི་སོ་སོའི་དུས་ཚོད་དང་ནུས་པ་རྣམས་རང་ཉིད་ཀྱི་སྐྱོན་གྱི་ཆ་རྣམས་ལས་ཐར་བ་དང་རིག་རྩལ་དང་ནུས་པ་རྣམས་རྟོགས་པའི་ཆེད་ཡོངས་སུ་འབུང་དགོས་པ་མ་གཏོགས་དེ་ལས་སྤྲོ་སྐྱིད་ཆེ་བའི་རིགས་དང་། བཟའ་རྒྱུ་མང་བ། འཁྲིག་སྤྱོད་ཀྱི་ཉམས་མྱོང་མང་བ། དེ་བཞིན་སྔར་ལས་ལྷག་པའི་དངུལ་དང་རྒྱུ་དངོས་གསོག་སྒྲུབ་ཀྱི་རྗེས་སུ་འགྲོ་རྒྱུ་མེད།

༦། སངས་རྒྱས་རྣམས་ཀྱིས་གཏན་ལ་ཕབ་པའི་བསླབ་པའི་གཞི་ཡང་དག་པར་བླང་བར་བྱ་བ། བསླབ་པའི་གཞི་འདི་ནི། མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་སྐྲུན་ཆེད་ཕན་ཐོགས་ཡོད་པ་དེ་གང་ཡིན་པ་དང་གནོད་གཞི་ཅན་དེ་གང་ཡིན་པའི་དབར་གྱི་དབྱེ་བ་གསལ་པོར་འབྱེད་པ་ལ་གཞི་རྟེན་བྱས་ཡོད་པ་ལས་ལྷའམ་བྱེད་པོ་དཀོན་མཆོག་གིས་བཟོས་པའི་ཁྲིམས་ལ་བཀའ་བརྩི་དང་ལེན་དགོས་པར་གཞི་རྟེན་བྱས་མེད། དེ་ལྟ་བས་ན། ནང་པའི་བཟང་སྤྱོད་ཀྱི་རྗེས་སུ་འཇུག་པ་ཞེས་པའི་དོན་ནི། སྤྱོད་ཚུལ་འགའ་ཞིག་སྤོང་དགོས་ཀྱི་ཡོད། གང་ལགས་ཞེ་ན། དེ་དག་ནི་གནོད་བྱེད་མི་དགེ་བ་ཡིན་པ་དང་། རང་གཞན་སུ་ལའང་ཕན་འདོགས་ཐུབ་པའི་ནུས་པ་ལ་བར་ཆད་བྱེད་ཀྱི་ཡོད། དེ་བཞིན་སྤྱོད་ཚུལ་གཞན་རྣམས་དང་དང་ལེན་བྱེད་དགོས་པའི་རྒྱུ་མཚན་ནི། དེ་དག་ནི་ཕན་བྱེད་དགེ་བའི་རང་བཞིན་དང་རང་ཉིད་ཡར་རྒྱས་གོང་འཕེལ་ཡོང་བར་ཕན་པའི་ཕྱིར་རོ།། 

༧། གཞན་ལ་གང་ཐུབ་ཅི་ཐུབ་ཀྱིས་སྙིང་རྗེ་དང་གདུང་སེམས་མཉམ་སྐྱེད་བྱ་རྒྱུའི་འབད་བརྩོན་བྱེད་པའམ་སེམས་ཅན་ལ་སྙིང་རྗེ་བར་བྱ་བ། དེ་ནི་ཐ་ན་ང་ཚོའི་ཆོས་ཕྱོགས་ཀྱི་དམིགས་ཡུལ་དེ་སྒེར་གྱི་དཀའ་ངལ་ལས་ཐར་བར་དམ་བསྒྲགས་བྱས་ཡོད་ཀྱང་། དེ་ནི་གཞན་གྱིས་གནོད་པ་ཞིག་ནམ་ཡང་མ་ཡིན། 

མཐར་དཀོན་མཆོག་གསུམ་དང་འབྲེལ་བ་རྒྱུན་སྲིང་བར་བྱེད་པར། ༨། དུས་དུས་སུ་དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱ་བ། དེ་ཡང་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་སངས་རྒྱས་པའི་དུས་སྟོན་ཁྱད་པར་ཅན་ལྟ་བུ་ནང་པའི་ཚེས་བཟང་དུས་བཟང་སོགས་ཉིན་མོ་རྩ་ཆེན་སྐབས། མཆོག་གསུམ་ལ་ཤིང་ཏོག་དང་མེ་ཏོག་ལ་སོགས་པའི་དམིགས་བསལ་གྱི་མཆོད་འབུལ་བྱེད་པ་དེ་ཡིན།  སྲོལ་རྒྱུན་གྱི་ཆོ་ག་ཕྱག་ལེན་སྒྲུབ་པའི་སྒོ་ནས་ཆོས་ཕྱོགས་ཀྱི་དུས་སྟོན་དང་གུང་གསེང་སྲུང་བརྩི་བྱེད་པ་དེས་རང་ཉིད་རྒྱ་ཆེ་བའི་སྤྱི་ཚོགས་ཞིག་གི་ཆ་ཤས་ཡིན་པའི་ཚོར་སྣང་ཡོང་བར་ཕན་གྱི་ཡོད། 

དཀོན་མཆོག་གསུམ་པོ་སོ་སོ་བའི་བསླབ་བྱ་ཁག

ཆོས་ཀྱི་སྙིང་པོ་ལས་འབྱུང་བའི་བསླབ་བྱའི་སྡེ་ཚན་དང་པོ་ནི། དགག་པའི་བསླབ་བྱ་གསུམ་དང་སྒྲུབ་པའི་བསླབ་བྱ་གསུམ་བཅས་དཀོན་མཆོག་གསུམ་པོ་སོ་སོ་དང་འབྲེལ་ནས་ཡོད། དགག་པའི་བསླབ་བྱ་ལ་བརྟེན་ནས་མི་ཚེའི་ནང་རྒྱབ་འགལ་གྱི་ཁ་ཕྱོགས་ཞིག་ཏུ་འཁྲིད་པ་དང་། སྒྲུབ་པའི་བསླབ་བྱ་ལ་བརྟེན་ནས་དམིགས་ཡུལ་ལ་དྲན་པ་ཉེ་བར་རྒྱུན་སྐྱོང་བར་བྱེད་ཀྱི་ཡོད། 

དགག་པའི་བསླབ་བྱ་གསུམ་ནི། སངས་རྒྱས་ལ་སྐྱབས་སུ་འགྲོ་ནའང་། ༡། ད་དུང་ལྷ་གཞན་ཞིག་ལ་བླ་ན་མེད་པར་བརྩིས་ནས་སྐྱབས་སུ་འགྲོ་བ་ནི་དགག་པའི་བསླབ་བྱ་དང་པོའོ། །དེ་ཡང་མི་ཚེའི་ནང་གལ་ཆེ་ཤོས་ནི། རྒྱུ་དངོས་མང་པོ་དང་སྤྲོ་སྐྱིད་ཀྱི་མྱོང་བ་མང་དག་ཅིག་གསོག་སྒྲུབ་མི་བྱེད་པར། གཞན་ལ་ཕན་ཐོགས་གང་མང་སྒྲུབ་པའི་ཆེད་བྱམས་པ་དང་། བཟོད་པ། ཏིང་ངེ་འཛིན། ཤེས་རབ་ལྟ་བུ་བཟང་པོའི་ཡོན་ཏན་གང་མང་སྒྲུབ་རྒྱུ་དེ་ཡིན། འདི་ནི་དབུལ་འཕོང་དང་འཛེམ་པར་བྱ་བའི་སྡོམ་པ་ཞིག་མིན་པར། མི་ཚེའི་ནང་དོན་ལྡན་གཏིང་ཟབ་ཀྱི་ཁ་ཕྱོགས་སམ་སྐྱབས་འགྲོ་གཏན་ལ་ཕབ་པ་དེ་ཡིན། 

ཁྱད་པར་དུ་ཁས་ལེན་འདིའི་དོན་ནི།  ལྷའམ་འབྱུང་པོ་ལྟ་བུར་མཐར་ཐུག་གི་སྐྱབས་གནས་སུ་བསྟེན་མི་ཉན་པ་དེ་རེད། ལྷག་དོན་དུ་བོད་བརྒྱུད་ནང་བསྟན་གྱི་ནང་བར་ཆད་བཟློག་ཕྱིར་དང་བཟང་ཕྱོགས་ཀྱི་དགོས་དོན་སྒྲུབ་པར་ཕན་ཕྱིར། ཡི་དམ་གྱི་ལྷ་སྣ་ཚོགས་དང་འབྲེལ་བའི་ཆོ་ག་ཕྱག་ལེན་ཡང་སེ་བྱེད་ཀྱི་ཡོད། ཆོ་ག་ཕྱག་ལེན་དེའི་རིགས་ཀྱིས་གནོད་བྱེད་མི་དགེ་བའི་ནུས་པ་ཆུང་ཙག་སྨིན་པར་མཐུན་རྐྱེན་དུ་འགྲོ་བ་མ་གཏོགས་བར་ཆད་ཆེན་པོའི་རིགས་སྨིན་པའི་མཐུན་རྐྱེན་མི་བྱེད། དེ་བཞིན་དགེ་བའི་ནུས་པ་སྔ་ཕྱི་མ་གཏོགས་སྨིན་པར་མཐུན་རྐྱེན་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་མི་དགེ་བའི་ནུས་པ་ཧ་ཅང་མང་པོ་བསགས་ཡོད་ནའང་། ཆོ་ག་ཕྱག་ལེན་འདི་དག་བར་ཆད་སེལ་བར་ཕན་ནུས་མེད་པ་རེད། བྱས་ཙང་། ལྷ་དང་། འབྱུང་པོ། སྲུང་མ། ཐ་ན་སངས་རྒྱས་ཉིད་ལ་གསོལ་མཆོད་བྱེད་པ་དེ་མི་དགེ་བའི་སྤྱོད་པ་སྤོང་བ་དང་དགེ་བའི་བྱ་སྤྱོད་སྤེལ་བའི་ལས་ཀྱི་ཚབ་ནམ་ཡང་མ་ཡིན། ནང་པའི་ཆོས་ནི་སྲུང་མར་གསོལ་མཆོད་ཀྱི་ལམ་ཞིག་མིན། ཐ་ན་སངས་རྒྱས་ཉིད་ལ་གསོལ་མཆོད་བྱེད་པའི་ལམ་ཞིག་ཀྱང་མིན། ནང་པ་སངས་རྒྱས་པའི་ལམ་གྱི་སྐྱབས་འགྲོའི་གནད་ནི་རང་ཉིད་ཐར་པའམ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཕྱིར་འབད་བརྩོན་བྱ་རྒྱུ་དེ་ཡིན།

ཆོས་ལ་སྐྱབས་སུ་འགྲོ་ནའང་། ༢། ད་དུང་མི་དང་དུད་འགྲོ་སེམས་ཅན་ལ་གནོད་འཚེ་བྱེད་པ་ནི་དགག་པའི་བསླབ་བྱ་གཉིས་པའོ། །དེ་ཡང་སངས་རྒྱས་ཀྱིས་གསུངས་པའི་རྩ་འཛིན་ལམ་སྟོན་གྱི་ནང་ནས་གཙོ་བོ་ཞིག་ནི། གཞན་ལ་གང་ཐུབ་ཅི་ཐུབ་ཀྱིས་ཕན་འདོགས་དགོས་པ་དང་། གལ་ཏེ་ཕན་འདོགས་ཐུབ་ཀྱི་མེད་ན། ནམ་ཡང་གནོད་མ་སྐྱེལ་གསུངས་པ་དེ་རེད། 

དགེ་འདུན་ལ་སྐྱབས་སུ་འགྲོ་ནའང་། ༣། ད་དུང་མི་ངན་གྱི་རིགས་ ༼གྲོགས་མུ་སྟེགས་པ་ཅན་དང་མི་འགྲོགས་པ་༽ དང་མཉམ་དུ་ཐག་ཉེ་པོའི་འབྲེལ་འདྲིས་བྱེད་པ་ནི་དགག་པའི་བསླབ་བྱ་གསུམ་པའོ། །དེ་ལྟ་བུའི་འབྲེལ་འདྲིས་སྤངས་ན། སོ་སོའི་མི་ཚེའི་ནང་ཁ་ཕྱོགས་ཞན་པོ་ཡོད་པའི་སྐབས་སུའང་ད་དུང་རང་ཉིད་ཀྱི་དགེ་བའི་དམིགས་པ་ལས་ལས་སླ་མོ་མི་གཡོ་བར་གནས་ཐུབ། དེ་ཡང་ངེས་པར་དུ་ནང་པའི་སྤྱི་ཚོགས་ཤིག་གི་ནང་གནས་དགོས་པའི་དོན་མ་ཡིན་པར། སོ་སོར་ཡོད་པའི་རོགས་དང་གྲོགས་པོ་སོགས་ལ་གཅེས་སྤྲས་བྱེད་པ་དང་། བར་ཆད་ཀྱི་ཤུགས་གནོན་མི་ཡོང་བའི་ཆེད་ཐབས་ལམ་གང་ཞིག་འོས་འཚམ་དང་དགོས་ངེས་ཡིན་པ་རྣམས་ལག་བསྟར་བྱེད་དགོས་པའི་དོན་ཡིན། 

གུས་ཞབས་ཀྱི་རྟགས་སུ། སྒྲུབ་པའི་བསླབ་བྱ་གསུམ་ནི། ༤། སྐུ་འདྲ་དང་། རི་མོ། དེ་བཞིན་སངས་རྒྱས་རྣམས་ཀྱི་མཚོན་དོན་དུ་བཀོད་པའི་སྒྱུ་རྩལ་གྱི་རྣམ་པ་ལེགས་ཉེས་ཅི་འདྲ་ཞིག་ལའང་གུས་བརྩི་དང་ཆེ་བསྟོད་བྱེད་པ་ནི་སྒྲུབ་པའི་བསླབ་བྱ་དང་པོའོ།། ༥། དཔེ་དེབ་ཡོངས་སུ་རྫོགས་པ་དང་། དམིགས་བསལ་ཆོས་དང་འབྲེལ་བའི་དཔེ་དེབ་ ༼གསུང་རབ་གླེགས་བམ་དང་ཐ་ན་ཆོས་ཚིག་ཡིག་འབྲུ་གཅིག་ཚུན་ཆད་ལ་གུས་པས་མཆོད་པ་༽ ཁག་ལ་གུས་བརྩི་དང་ཆེ་བསྟོད་བྱེད་པ་ནི་སྒྲུབ་པའི་བསླབ་བྱ་གཉིས་པའོ།། ༦། ནང་པའི་སྡོམ་པ་ཡོད་པའི་རབ་ཏུ་བྱུང་བའི་གང་ཟག་ཡོངས་དང་། ཐ་ན་ཁོང་ཚོའི་ན་བཟའ་ཚུན་ཆད་ལའང་གུས་བརྩི་དང་ཆེ་བསྟོད་བྱེད་པ་ནི་སྒྲུབ་པའི་བསླབ་བྱ་གསུམ་པའོ། །སྲོལ་རྒྱུན་ལྟར་ན། གུས་བརྩི་མེད་པའི་རྟགས་ནི། རྩ་ཆེན་གྱི་དངོས་པོ་དེ་དག་གི་སྒང་ལ་འཛེགས་པའམ་འགོངས་ནས་འགྲོ་བ། དེ་དག་གི་སྟེང་དུ་བསྡད་པའམ་ལངས་པ། དཔེ་ཆ་དང་སྐུ་འདྲ་ལྟ་བུའི་ཞབས་ལ་རས་ཙམ་ཞིག་མེད་པར་ཞ་ལ་དང་སའི་སྟེང་དུ་ཐད་ཀར་འཇོག་པ་ལྟ་བུ་རེད། དངོས་པོའམ་རྟེན་དེ་དག་སྐྱབས་གནས་ངོ་མ་མ་ཡིན་ཀྱང་། དེ་དག་གིས་མཚོན་པར་བྱེད་ཅིང་། སངས་རྒྱས་ཐམས་ཅད་དང་། དེ་དག་གི་ཚད་མཐོའི་མངོན་རྟོགས། དེ་བཞིན་སངས་རྒྱས་ཀྱི་གོ་འཕང་ལ་ཚད་མཐོའི་རྟོགས་པ་བརྙེས་པའི་འཕགས་པའི་གང་ཟག་རྣམས་རྗེས་སུ་དྲན་པར་ཕན་གྱི་ཡོད། 

དཀོན་མཆོག་གསུམ་པོ་ཚང་མས་མཉམ་སྤྱོད་བྱས་པའི་ཐུན་མོང་གི་བསླབ་བྱ།

སྐྱབས་འགྲོའི་ཁས་ལེན་གྱི་སྡེ་ཚན་མཐའ་མ་ནི། དཀོན་མཆོག་གསུམ་ཐུན་མོང་དང་འབྲེལ་བའི་བསླབ་བྱ་དྲུག་སྟེ། དེ་དག་ནི།

༡། སྔར་བཤད་པའི་སྐྱབས་གནས་དཀོན་མཆོག་གསུམ་གྱི་ཡོན་ཏན་དང་ཁྱད་པར། དེ་བཞིན་མི་ཚེའི་ནང་དཀོན་མཆོག་གསུམ་དང་འབྱུང་སྲིད་པའི་སྐྱབས་ཡུལ་གཞན་དག་དབར་གྱི་ཁྱད་པར་བཅས་ལ་རྒྱུན་ཆད་མེད་པར་དྲན་པའི་སྒོ་ནས་རང་གི་སྐྱབས་འགྲོ་ཡང་བསྐྱར་ངེས་བརྟན་བཟོ་བ།

༢། སྐྱབས་གནས་དཀོན་མཆོག་གསུམ་ལ་བཀའ་དྲིན་རྗེས་དྲན་དང་ཆོས་ཕྱོགས་ཀྱི་འབྲེལ་བ་རྒྱུན་གནས་ཆེད་ཉིན་རེར་བཟའ་བཅའ་བཏུང་བ་དང་། ཕུད་ཀྱིས་མཆོད་པ་སོགས་ཅི་འབྱོར་པས་མཆོད་པ་ལ་བརྩོན་པ། ང་ཚོས་ཉིན་དེའི་ཇ་ཕུད་དང་པོ་དེ་སངས་རྒྱས་ཀྱི་སྐུ་འདྲའམ་ཐང་གའི་མདུན་དངོས་སུ་བཞག་ནའང་། དེ་ནམ་རྒྱུན་བསམ་བློའི་འཆར་སྒོའམ་ཡིད་སྤྲུལ་གྱི་སྒོ་ནས་མཆོད་པ་འབུལ་གྱི་ཡོད། རྗེས་སུ་སངས་རྒྱས་ཀྱིས་ང་ཚོར་ཕྱིར་གནང་ནས་ལོངས་སུ་སྤྱོད་ཀྱིན་ཡོད་པ་བསམ་དགོས། བཟའ་བཅའ་བཏུང་བའི་མཆོད་རྫས་དེ་དག་གསང་སྤྱོད་ནང་ཆུས་བཤལ་བ་དང་ཁྲུས་གཞོང་ནང་གཤོ་བ་སོགས་ནི་ཧ་ཅང་གུས་ཞབས་མེད་པའི་རྟགས་ཡིན་པས་བྱ་མི་ཉན།

ང་ཚོས་དེ་ལྟར་ཟས་ཕུད་དང་ཆང་ཕུད་སོགས་ཀྱི་མཆོད་པ་འབུལ་སྐབས། དེའི་སྦས་པའི་གནད་དོན་དེ་བློ་སྤོབས་སྤེལ་བ་ཞིག་ཡིན་པ་ཤེས་ན་མ་གཏོགས། རང་ཉིད་ཀྱིས་མི་ཤེས་པའི་ཕྱི་རྒྱལ་སྐད་དུ་མཆོད་པའི་ཚིགས་བཅད་འདོན་དགོས་ངེས་ཤིག་མ་ཡིན། “སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་བཞེས་སུ་གསོལ།” ཞེས་བསམ་པ་ཙམ་གྱིས་འགྲིག་གི་མེད། གལ་ཏེ་ང་ཚོ་དང་མཉམ་དུ་ཁ་ལག་ཟ་མཁན་རྣམས་ནང་པ་མིན་ན། མཆོད་པ་འབུལ་རྒྱུ་དེ་གཟབ་ནན་དང་མཁས་པོའི་ཐོག་བྱས་ན་ཡག་ཤོས་ཡིན། དེ་ལྟར་བྱས་ན། ང་ཚོས་གང་བྱེད་བཞིན་པ་སུས་ཀྱང་མི་ཤེས། རང་ཉིད་ཀྱི་ཉམས་ལེན་ངོམ་སོ་སྟོན་པ་ནི་གཞན་གྱི་བཟོད་མ་བདེ་བ་དང་ཟུར་ཟ་འདུ་སྐོང་བྱེད་པ་ཁོ་ན་ལས་མེད།

༣། དཀོན་མཆོག་གསུམ་གྱི་སྙིང་རྗེ་ལ་དྲན་སྐུལ་དང་བཅས་ཤུགས་ལ་གཞན་དག་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་པའི་བློ་སྤོབས་སྤེལ་བའམ་སྙིང་རྗེ་རྗེས་སུ་དྲན་པས་འགྲོ་བ་གཞན་རྣམས་ཚུལ་དེ་ལྟ་བུ་ལ་འགོད་པ།༽ ཁས་ལེན་འདིའི་ཀུན་སློང་ནི། ང་ཚོ་ཆོས་ལུགས་ཁྱབ་སྤེལ་གཏོང་མཁན་ཆགས་ནས་གཞན་གྱི་ཆོས་ལུགས་བརྗེ་བསྒྱུར་བྱ་རྒྱུ་དེ་མ་ཡིན། དེ་ལྟ་ནའང་། མི་ཚེའི་ནང་དམིགས་ཡུལ་ངེས་ཅན་མེད་པའི་མི་གོ་ཤེས་ཅན་དང་། ཁོང་ཚོར་ཉེན་མེད་ཀྱི་ཁ་ཕྱོགས་སམ་སྐྱབས་ཡུལ་མེད་པའམ། ཡང་ན་སྐྱབས་ཡུལ་ནོར་བའམ་ངན་པ་ཡོད་རིགས་ལ་ང་ཚོས་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་ཞིག་ཡོད་པའི་གལ་གནད་དང་ཕན་ཡོན་ཇི་བྱུང་སྐོར་འགྲེལ་བརྗོད་བྱས་ན། དེས་ནམ་རྒྱུན་ཕན་ཐོགས་ཆེན་པོ་ཡོད། གཞན་རྣམས་ནང་པ་ཆགས་དང་མི་ཆགས་དེ་གནད་འགག་མ་ཡིན། ང་རང་ཚོ་སོ་སོའི་མིག་དཔེ་ལ་བརྟེན་ནས་གཞན་རྣམས་ཀྱིས་འབད་བརྩོན་བྱས་ནས་རང་ཉིད་ཡར་རྒྱས་གཏོང་བ་དང་རང་གི་མི་ཚེའི་ནང་བཟང་ཕྱོགས་ཀྱི་ལས་དོན་སྒྲུབ་པར་སེམས་སྐུལ་ཐེབས་སྲིད།

༤། ཉེན་མེད་ཀྱི་ཁ་ཕྱོགས་ ༼སྐྱབས་འགྲོ་༽ ཡོད་པའི་ཕན་ཡོན་རྣམས་རྗེས་སུ་དྲན་པ། དེ་ཡང་འགྲོ་ལུགས་ལྟར། ཉིན་ལན་གསུམ་དང་མཚན་ལན་གསུམ་ཡང་བསྐྱར་ངེས་བརྟན་བཟོ་བ། ནམ་རྒྱུན་ཞོགས་པ་གཉིད་ལས་སད་དེ་དུས་ཚོད་ཐུང་ངུའི་མཚམས་དང་། མཚན་མོ་གཉིད་མ་ཉལ་གོང་དེ་ལྟར་དྲན་དགོས། དེ་ཡང་དུས་རྒྱུན་ང་ཚོས། “བླ་མའམ་དགེ་བའི་བཤེས་གཉེན་དང་། སངས་རྒྱས། ཆོས། དགེ་འདུན་བཅས་ལ་བསྐྱབས་སུ་མཆིའོ།” །ཞེས་བཟླས་བརྗོད་ཀྱི་སྒོ་ནས་ཡང་བསྐྱར་ངེས་བརྟན་བཟོ་བ་དང་བཅས་སྐྱབས་སུ་འགྲོ་དགོས། བླ་མའམ་དགེ་བའི་བཤེས་གཉེན་ནི་དཀོན་མཆོག་བཞི་པའི་ཆ་ཤས་ལྟ་བུ་ཞིག་མིན་ནའང་། དཀོན་མཆོག་གསུམ་ལ་འཇུག་པར་བྱེད་ཀྱི་ཡོད། གསང་སྔགས་ཀྱི་ལུགས་ལྟར་ན། བླ་མའམ་དགེ་བའི་བཤེས་གཉེན་ནི་དཀོན་མཆོག་གསུམ་པོ་གཅིག་ཏུ་བསྡུས་པའི་བདག་ཉིད་ཅན་ཞིག་ཡིན། 

༥། གནས་སྟངས་ཅི་འདྲ་ཞིག་འབྱུང་རུང་། བྱ་བ་ཇི་འདྲ་ཞིག་བྱེད་པ་དང་དགོས་པ་ཅི་འདྲ་ཞིག་མཐོང་ཡང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་པ། དེ་ཡང་དཀའ་ཉེན་ཆེ་བའི་དུས་སུ་སྐྱབས་འགྲོ་ནི་སྐྱབས་ཡག་ཤོས་དེ་ཡིན། གང་ལགས་ཞེ་ན། དེས་དཀའ་ཉེན་གྱི་རྒྱུ་མེད་པ་བཟོ་ཐབས་དང་བཅས་དེའི་རྐྱེན་ངན་ལ་གདོང་ལེན་བྱེད་ཀྱི་ཡོད། དཔེར་ན། གྲོགས་པོས་ང་ཚོར་སེམས་ཚོར་གྱི་རྒྱབ་སྐྱོར་བྱེད་སྲིད་ཀྱང་། སངས་རྒྱས་ཡིན་ན་མ་གཏོགས་ཁོང་ཚོས་ང་ཚོར་སེམས་ཤུགས་གཅག་པ་དང་བློ་ཕམ་འཇུག་ངེས་རེད། ཁོང་ཚོར་སོ་སོའི་དཀའ་ངལ་རེ་ཡོད་པ་དང་གང་བྱེད་ཐུབ་པའི་ནུས་པ་ལའང་ཚད་བཀག་ཡོད། དེ་བས་ན་ཞི་དུལ་དང་དངོས་པོའི་གནས་ལུགས་དང་མཐུན་པའི་སྒོ་ནས་རྟག་ཏུ་སྐྱོན་གྱི་ཆ་དང་དཀའ་ངལ་རྣམས་ལས་ཐར་ཐབས་བྱེད་དགོས། འོན་ཀྱང་ང་ཚོར་ཧ་ཅང་དགོས་གལ་ཆེ་བའི་དུས་སྐབས་སུ་ངེས་པར་དུ་སྒྲུབ་ཐུབ་པར་བྱེད་དགོས།

དེ་ལྟར་ཁས་ལེན་མཐའ་མའི་སྐབས་སུ། ༦། མི་ཚེའི་ནང་གནས་སྟངས་ཅི་འདྲ་ཞིག་འབྱུང་ནའང་། ཉེན་མེད་ཁ་ཕྱོགས་ཀྱི་སྐྱབས་འགྲོ་འདི་ནམ་ཡང་མི་བཏང་ཞིང་བསྲུང་བར་བྱ་བ་དེ་ཡིན། 

སྐྱབས་འགྲོ་བ་དང་ཆོས་ལུཌ་གཞན་ནམ་ཆོས་ཀྱི་ལམ་གཞན་བསྟེན་པ།

མི་ཁ་ཤས་ཀྱིས། གལ་ཏེ་སྐྱབས་འགྲོའི་སྡོམ་པ་བླངས་བ་ནི་ནང་པར་བསྒྱུར་བ་དང་སོ་སོའི་ཕ་མེས་སམ་གདོད་མའི་ཆོས་ལུགས་དེ་འདོར་དགོས་པའི་དོན་ཡིན་ཞེས་སྐད་ཆ་འདྲི་མཁན་ཡོད། ང་ཚོས་དེ་ལྟར་བྱེད་འདོད་ཡོད་ན་མ་གཏོགས་གནས་སྟངས་དེ་འདྲ་མ་རེད། བོད་སྐད་ནང་སྒྲ་ཇི་བཞིན་དུ་གོ་ཆོག་པའི་ Buddhist ཞེས་པའི་སྐད་དོད་ཅིག་མེད། ཉམས་ལེན་པ་རྣམས་ཀྱི་ཆེད་དུ་བེད་སྤྱོད་བྱེད་པའི་ཐ་སྙད་ཀྱི་དོན་ནི། “གང་ཟག་གང་ཞིག་ནང་སེམས་ཀྱི་དོན་ཐོག་ཏུ་གནས་མཁན་” ཞིག་ལ་གོ་བ་ཡིན། དེ་ཡང་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོའམ་སྐྱབས་འགྲོའི་ས་མཚམས་ཀྱི་ནང་གནས་པ་དེ་ཡིན། དེ་ལྟ་བུའི་མི་ཚེ་སྐྱེལ་བར། སྐེ་ལ་སྲུང་མདུད་དམར་པོ་གྱོན་དགོས་པ་དང་། ཡེ་ཤུ་དང་། ཁ་ཆེ། ཧིནྡུ། ཁུང་ཙི་སོགས་ཀྱི་མཆོད་ཁང་དུ་ནམ་ཡང་གོམ་པ་མི་སྤོ་བ་སོགས་བྱེད་དགོས་ཀྱི་མེད། དེ་ལས་ལྡོག་སྟེ། རང་ཉིད་ཀྱིས་འབད་བརྩོན་ལ་བསྟེན་ནས་སྐྱོན་གྱི་ཆ་རྣམས་མེད་པ་བཟོ་བ་དང་རང་གི་ནུས་པ་རྟོགས་པར་བྱ་རྒྱུ་དེ་ཡིན། ཕྱོགས་གཞན་ཞིག་ནས་སངས་རྒྱས་རྣམས་ཀྱིས་ཇི་ལྟར་རྟོགས་པ་དང་འཕགས་པའི་དགེ་འདུན་རྣམས་ཀྱིས་ཇི་ལྟར་ཉམས་ལེན་གནང་བཞིན་པའི་ཆོས་དེ་མངོན་པར་རྟོགས་པར་བྱ་རྒྱུ་དེ་ཡིན། ང་ཚོས་འབད་རྩོལ་གཙོ་བོ་དེ་ཁ་ཕྱོགས་འདིའི་ཐོག་བསྟེན་དགོས། ནང་པའི་སློབ་དཔོན་མང་པོས་གསུངས་ཡོད་ལ་སོ་སོ་རང་ཉིད་ཀྱི་དགེ་བའི་བཤེས་གཉེན་སེར་ཀོང་མཚན་ཞབས་སྐུ་གོང་མས་ཀྱང་། གལ་ཏེ་ཡེ་ཤུ་ལྟ་བུའི་ཆོས་ལུཌ་ནང་བཤད་པའི་གཞན་ཕན་གྱི་ལས་དོན་སྦྱིན་གཏོང་དང་བྱམས་བརྩེ་ལ་བལྟས་ན། དེ་དག་གི་རྗེས་སུ་འབྲང་པ་ནི་ནང་ཆོས་ནས་བསྟན་པའི་ཁ་ཕྱོགས་དང་འགལ་བ་ཞིག་མ་ཡིན། ཆོས་ལུགས་ཚང་མའི་ནང་ཡོད་པའི་འགྲོ་བ་མིའི་རིགས་ཀྱི་བདེ་རྩར་ཕན་པའི་བསླབ་བྱ་ནི་གཅིག་མཚུངས་ཡིན་ཞེས་གསུངས་ཡོད།

ང་ཚོའི་སྐྱབས་འགྲོའི་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་དེ་གཙོ་བོ་སེམས་ཅན་གྱི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ། ལོག་གཡེམ་བྱེད་པ། རྫུན་སྨྲ་བ། ཕྲ་མ་བྱེད་པ། ཚིག་རྩུབ་སྨྲ་བ། ངག་འཁྱལ་བྱེད་པ། བརྣབ་སེམས། གནོད་སེམས་སོགས་མི་དགེ་བ་བཅུ་སྤོང་དགོས་པ་དེ་ཡིན། མི་ཚེའི་ནང་སྐྱབས་འགྲོའམ་ཉེན་མེད་ཀྱི་ཁ་ཕྱོགས་ལེན་པའི་སྐབས། ཆོས་ལུགས་གཞན་གྱི་ལྟ་གྲུབ་རྣམ་གཞག་དང་། ཆོས་ཀྱི་གནད་དོན་ནམ་ཆབ་སྲིད་ཀྱི་ལམ་ལུགས་སོགས་མི་དགེ་བའི་ལས་དང་འབྲེལ་བའི་བྱ་སྤྱོད་སྤེལ་བ་དང་སྐད་ཆ་བཤད་དེ་རང་གཞན་གཉིས་ཀར་གནོད་པའི་རིགས་ལས་རྒྱབ་ཀྱི་ཕྱོགས་དགོས་པ་ཡིན། སྤྱིར་བཏང་ཡེ་ཤུའི་ལྷ་ཁང་ནང་འགྲོ་བར་བཀག་འགོག་གང་ཡང་མེད་ཀྱང་། སྐྱབས་འགྲོ་བརྟན་པོ་རྒྱུན་སྲིང་བ་ཞེས་པའི་དོན་ནི། ནང་ཆོས་ཀྱི་སློབ་གཉེར་དང་ཉམས་ལེན་ལ་སྣང་ཆུང་དང་འཐུས་ཤོར་གཏོང་ཕྱིར། མི་ཚེའི་རྣམ་པ་དེ་དག་གི་སྟེང་ལ་སོ་སོའི་ནུས་པ་ཡོད་ཚད་བཏོན་ནས་དམིགས་པ་གཏད་རྒྱུ་མེད་པའི་དོན་ཡིན།

མི་ཁ་ཤས་ཀྱིས་གསང་སྔགས་ཀྱི་ཆོ་གའི་ཆ་ཤས་སུ་སྐྱབས་འགྲོ་བླངས་ན། ཛཻན་བསམ་གཏན་པའམ་དེ་མིན་ཧ་ཐའི་ཡོ་ག་དང་དྲག་རྩལ་སོགས་ལུས་སྦྱོང་གི་རིགས་རྣམས་ཉམས་ལེན་བྱ་རྒྱུ་མཚམས་འཇོག་བྱེད་དགོས་པར་བསམ་གྱི་ཡོད། དེ་འདྲ་མ་རེད། གང་ལགས་ཞེ་ན། དེ་དག་ནི་བཟང་ཕྱོགས་དགེ་བའི་ནུས་པ་རྟོགས་པའི་ཐབས་ལམ་ཡིན་པས། སོ་སོའི་མི་ཚེའི་ནང་གི་ཉེན་མེད་ཀྱི་ཁ་ཕྱོགས་ ༼སྐྱབས་འགྲོ་༽ དང་མི་འགལ། ཡིན་ནའང་སྐྱེས་ཆེན་མཁས་པ་ཚང་མས་སྒོམ་སྒྲུབ་ཀྱི་ཉམས་ལེན་རྣམས་མཉམ་དུ་སྲེ་ལྷད་བྱ་མི་ཉན་པའི་བསླབ་བྱ་གནང་ཡོད། དཔེར་ན། གལ་ཏེ་ང་ཚོས་གུང་ཚིགས་ལ་ཁུ་བ་དང་མཉམ་དུ་ཚིག་ཇ་ཕོར་པ་གང་འཐུང་འདོད་ཡོད་ན། ཚིག་ཇ་དེ་ཁུ་བའི་ནང་བླུགས་ནས་མཉམ་བསྲེས་ཐོག་མི་འཐུང་བ་ལྟ་བུ་རེད། ཉིན་རེའི་ནང་ཉམས་ལེན་མི་འདྲ་བ་ཁ་ཤས་བྱེད་པ་དེ་འགྲིག་གི་རེད། འོན་ཀྱང་དེ་དག་ཐུན་སོ་སོའི་ནང་བྱེད་པ་དང་། ཉམས་ལེན་བྱེ་བྲག་སོ་སོའི་ཆོས་སྲོལ་ལམ་ལུགས་ལ་ཆེ་བསྟོད་ཀྱིས་དེ་ལྟར་ཉམས་ལེན་བྱ་རྒྱུ་དེ་ཡག་ཤོས་ཡིན། དཔེར་ན། ཡེ་ཤུའི་ལྷ་ཁང་ནང་འཛུལ་སྐབས་ཐོག་མར་མཆོད་ཤོམ་ཡོད་སར་ཕྱག་གསུམ་འཚལ་བ་ནི་སྤྱིར་བཏང་ལམ་ལུགས་དང་མི་མཐུན་པ་ཡིན་པ་ནང་བཞིན་ཛཻན་བསན་གཏན་པའམ་ལྷག་མཐོང་སྒོམ་པའི་དུས་ཐུན་གྱི་ནང་སྔགས་བགྲངས་ན་འོས་འཚམ་ཞིག་མིན་པ་ལྟར་རོ།།

Top