ངོ་ཚ་ཤེས་པ་དང་བློ་སྟོབས་གོང་འཕེལ་གཏོང་བ།

བསྐྱར་ཞིབ། མི་ལུས་རིན་ཆེན།

ང་ཚོས་ལམ་རིམ་གྱི་སྐོར་གོ་བསྡུར་བྱས་དང་བྱེད་མུས་རེད་ལ། དེ་ཡང་དེ་དག་གིས་ང་ཚོར་བཟང་པོའི་འདུ་ཤེས་ཅན་གྱི་བདག་གོང་འཕེལ་གཏོང་བར་ཇི་ལྟར་ཕན་གྱི་ཡོད་པའི་ལྟ་ཚུལ་གྱི་ཆ་ནས་བཤད་ཡོད། མི་ལུས་རིན་ཆེན་གྱི་སྐོར་ལ་བསམ་པ་དང་ང་ཚོ་ཅི་འདྲའི་བསོད་ནམས་ཅན་ཡིན་པར་རྟོགས་པ་དེ་རང་གིས་རང་ལ་བཟང་ཕྱོགས་དགེ་བའི་བློའི་ཁྱེར་སོ་ཞིག་ལ་ཇི་ལྟར་འཁྲིད་ཀྱི་ཡོད་པ་དེ་ང་ཚོས་མཐོང་ཡོད། ང་ཚོས་དལ་འབྱོར་གྱི་རྒྱབ་རྟེན་ཆ་རྐྱེན་འདི་དག་ཐམས་ཅད་འཛོམས་པ་ནི་ག་ཚོད་ཀྱིས་དཀོན་པོ་དང་ཁག་པོ་ཡིན་པ་ཤེས་ཀྱི་ཡོད། ངན་སོང་གི་གནས་ནས་གནས་སྐབས་རིང་ཐར་བའི་རང་དབང་ངམ་དལ་བ་དང་ཐོབ་རུང་གི་གོ་སྐབས་མང་པོས་ང་ཚོའི་མི་ཚེ་ལེགས་བཅོས་གཏོང་བཞིན་ཡོད་ལ། དམིགས་བསལ་ང་ཚོས་སོ་སོ་རང་ཉིད་མི་འབོར་མང་ཆེ་བ་དང་བསྡུར་བའི་སྐབས་སུ་གོ་སྐབས་བཟང་པོ་དེ་དག་ང་ཚོར་ཡོད། གལ་ཏེ་འགྲོ་བ་རིགས་དྲུག་ལ་གཞིགས་ནས་བསམ་བློ་གཏོང་རྒྱུ་དང་དེ་དག་ལ་དོ་གལ་ཆེན་པོའི་སྒོ་ནས་དང་དུ་ལེན་དཀའ་མོ་ཞིག་ཡོད་ན། མ་མཐར་ཡང་ང་ཚོས་སོ་སོ་རང་ཉིད་གོ་ལ་འདིའི་སྟེང་གི་སྲོག་ལྡན་གྱི་ལུས་རྟེན་གཞན་ཚང་མ་དང་བསྡུར་ན་ཆོག །ཐ་ན་ཐོག་མའི་ལྟ་ཚུལ་འདི་ནས་ཀྱང་ང་ཚོའི་གནས་སྟངས་ནི་གང་འཚམས་ཀྱི་ཐོབ་དཀའ་བ་དང་དཀོན་པོ་ཡིན་པ་མཐོང་ཐུབ། 

ལྟ་ཚུལ་འདིའི་ཐོག་ནས་ང་ཚོས་ཡི་རང་བསྔགས་བརྗོད་ཀྱི་འདུ་ཤེས་ཆེན་པོ་ཞིག་སྐྱེད་ཀྱི་ཡོད། ད་ལྟ་ང་ཚོར་མི་ལུས་རིན་ཆེན་འདི་ཡོད་པའི་བདེན་དོན་འདི་ནི་བཀའ་དྲིན་ཅན་ཞིག་ཡིན་པ་དང་། གལ་ཏེ་ང་ཚོས་སྐྱེ་བ་སྔ་མར་ཡིད་ཆེས་ཡོད་ན། དོན་ངོ་མར་སྐྱེ་བ་སྔ་མའི་ནང་ཕན་བྱེད་དགེ་བའི་སྤྱོད་ལམ་ལ་བརྟེན་ནས་མི་ལུས་རིན་ཆེན་འདིའི་རྒྱུ་རྣམས་ང་ཚོས་བསགས་ཡོད། 

ང་ཚོས་མི་ལུས་རིན་ཆེན་ལ་ཧ་ཅང་རིན་ཐང་ཆེན་པོ་བརྩི་བ་དང་དེ་ནི་ཡུན་དུ་གནས་རྒྱུ་མིན་པ་ཤེས་ཀྱི་ཡོད། ང་ཚོ་རྒས་འཁོགས་ཆགས་པ་དང་ཧ་ཅང་ནད་ཀྱིས་མནར་བའི་དུས་བསླེབ་ངེས་རེད། ང་ཚོ་འཆི་རྒྱུ་ནི་ངེས་པ་རེད། ང་ཚོ་ཤི་བའི་རྗེས་སུ་གལ་ཏེ་རྟག་པར་གྲུབ་པའི་ “བདག་” ལ་གཞིགས་ནས་བསམ་བློ་བཏང་ན། ང་ཚོས་ད་དུང་གནད་དོན་རྣམས་ཉམས་སུ་མྱོང་བའི་ནུས་པ་མུ་མཐུད་ཀྱི་རེད། འདི་དག་ཐམས་ཅད་ད་ལྟ་ཕལ་ཆེར་ཏོག་ཙམ་རྒྱུས་མེད་ཡིན་སྲིད་ཀྱང་། དེ་ནི་དེ་བས་རྦད་དེ་སྡུག་པ་ཞིག་ཡིན་སྲིད་ངེས་རེད། 

སྲོག་ལྡན་ལུས་རྟེན་གྱི་རིགས་གཞན་དང་བདེ་སྡུག་གི་རིམ་པ། 

ང་ཚོས་ནང་ཆོས་ནས་བཤད་པའི་སྲོག་ལྡན་ལུས་རྟེན་གྱི་རིགས་མི་འདྲ་བ་སྣ་ཚོགས་པའི་སྐོར་བསམ་པའི་སྐབས། འདི་ནི་ག་དུས་ཡིན་ནའང་གནད་དོན་ཁག་པོ་ཞིག་རེད། བརྗོད་གཞི་དེ་དོ་གལ་ཆེན་པོའི་སྒོ་ནས་དང་ལེན་བྱ་རྒྱུ་ཡང་སེ་ཁག་པོ་ཡོད། འོན་ཀྱང་། ངའི་འདི་ལ་འཇུག་ཚུལ་ནི་སླར་ཡང་སེམས་ཀྱི་བྱེད་ལས་ལ་གཞིགས་ནས་བསམ་དགོས། “བདག་” ཅེས་པ་ནི་མྱོང་བའི་སེམས་ཀྱི་བྱེད་ལས་ཀྱི་རྒྱུད་སོ་སོར་བཏགས་པ་ཞིག་ཡིན་པ་དང་སེམས་ཀྱི་བྱེད་ལས་ལ་གྲོགས་བྱེད་པའི་སེམས་བྱུང་སྣ་ཚོགས་པ་དང་ཤེས་པའི་རིགས་སྣ་ཚོགས་པ་ཡོད། དབང་པོའི་ཤེས་པའི་རིགས་སྣ་ཚོགས་པ་དང་། ཡིད་ཀྱི་ཤེས་པའི་ནུས་པ་མི་འདྲ་བ། དེ་བཞིན་སེམས་བྱུང་གི་ངར་ཤུགས་མི་འདྲ་བ་ཡོད། དམིགས་བསལ་བདེ་བ་དང་སྡུག་བསྔལ་གྱི་རིམ་པ་མི་འདྲ་བ་ཡོད། ལུས་རྟེན་རེ་རེ་ལ་བརྟེན་ནས་ང་ཚོས་གང་ཉམས་སུ་མྱོང་ཐུབ་པའི་ས་མཚམས་རྣམས་ནི། ང་ཚོས་ལུས་ཀྱི་མྱོང་ཚོར་དང་། མཐོང་རྒྱ། ཐོས་རྒྱའམ་ཡང་ན་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་སོགས་གང་གི་སྐོར་ཤོད་ཀྱིན་ཡོད་རུང་། ཆ་རྐྱེན་དེ་དག་ཐམས་ཅད་ནི་ང་ཚོར་ཡོད་པའི་ལུས་རགས་པ་སྟེ། ཀླད་པ་དང་། དབང་རྩའི་མ་ལག །དབང་པོའི་རྟེན་ལ་སོགས་པ་དང་ཕན་ཚུན་འབྲེལ་ནས་ཡོད། 

ང་ཚོས་འདི་ལ་དཔེ་མཚོན་སྟབས་བདེ་ཞིག་བཞག་ནས་རྟོགས་ཐུབ། དཔེར་ན། མི་དང་སྦྲང་བུ་གཉིས་ཀར་ཀླད་པ་ཡོད་ནའང་། མིའི་ཀླད་པ་ལ་བརྟེན་ནས་ང་ཚོས་སྦྲང་བུའི་ཀླད་པ་ལས་རྦད་དེ་ལྷག་པའི་གོ་རྟོགས་རྙེད་ཐུབ་པ་གསལ་ཐག་ཆོད་རེད། གལ་ཏེ་ང་ཚོར་སྦྲང་བུའི་ཀླད་པ་ཡོད་ན། ང་ཚོར་ཐོབ་ངེས་པའི་ལུས་རགས་པ་དེས་དོན་དག་ཆ་ཚང་བསྒྲུབ་ངེས་མ་རེད། རེད་དམ། དུད་འགྲོ་སྲོག་ཆགས་མི་འདྲ་བ་སྣ་ཚོགས་པའི་མིག་གིས་འགའ་ཞིག་ལ་ནག་ཁུང་དུ་མཐོང་བར་བྱེད་ཀྱི་ཡོད་ཅེས་བཤད་ཡོད། མིའི་མིག་ལ་བརྟེན་ནས་ང་ཚོས་ནག་ཁུང་ནང་མཐོང་མི་ཐུབ། བྱ་གླག་གི་མིག་གིས་ཧ་ཅང་རྒྱང་ཐག་རིང་པོ་མཐོང་ཐུབ་པ་དང་མིའི་མིག་གིས་དེ་ཙམ་ཐག་རིང་མཐོང་མི་ཐུབ། དེར་མ་ཟད། ཁྱི་ལྟ་བུར་མཚོན་ན་མི་ལས་རྦད་དེ་རྒྱང་ཐག་རིང་བའི་དྲི་སྣོམ་པའི་ནུས་པ་ཡོད། དོན་ངོ་མར་དུད་འགྲོ་སྲོག་ཆགས་མང་པོ་ཞིག་ལ་མི་ལས་ལྷག་པའི་ཐོས་རྒྱ་ཆེ་བ་ཡོད་པ་དང་འགའ་ཞིག་ལ་ནི་དབང་པོ་མི་འདྲ་བ་ཡོད། དཔེར་ན། གློག་ནུས་ཀྱི་ཁྱབ་ར་དང་ཁབ་ལེན་གྱི་ཁྱབ་ར་ཚོར་བའི་ནུས་པ་དང་ལྡན་པ་ལྟ་བུ་རེད། ང་ཚོས་གང་ཉམས་སུ་མྱོང་ཐུབ་པའི་ཁྱབ་ཚད་ནི་ལུས་ཀྱི་གཞི་རྟེན་ཏེ། ང་ཚོའི་དབང་ཤེས་རགས་པ་ལ་ཧ་ཅང་རག་ལུས་ཡོད་པ་གང་ལ་གང་འཚམས་ཀྱི་གསལ་པོ་རེད། 

ལུས་ཀྱི་མྱོང་ཚོར་དང་བདེ་སྡུག་མྱོང་བར་གཞིགས་ནས་ཁྱད་པར་འབྱུང་དགོས་ངེས་ཤིག་ཡིན་པར་མངོན། མིའི་ལུས་ལ་བརྟེན་ནས་སྡུག་བསྔལ་གྱི་རིམ་པ་གང་འཚམས་ཤིག་གི་རྗེས་སུ་ང་ཚོ་དྲན་མེད་ཆགས་ཀྱི་ཡོད། ལུས་ཀྱི་གང་བཟོད་ཐུབ་པའི་ནུས་པ་ལས་འདས་པ་ཞིག་ང་ཚོས་མྱོང་མི་ཐུབ། གཞན་ཡང་རྒྱ་སྐྱེད་གཏོང་བའི་སྒོ་ནས་བདེ་སྡུག་གི་ཚོར་བ་རྣམས་དེ་བཞིན་དུ་དམ་བསྒྲགས་ཡོད་པ་རེད། ང་ཚོས་སྡུག་བསྔལ་གྱི་སྐོར་ཤོད་སྐབས། ང་ཚོས་ལུས་ཀྱི་ཟུག་རྔུའམ་སྡུག་བསྔལ་གྱི་ཚོར་བའི་སྐོར་ཤོད་ཀྱིན་མེད། ང་ཚོས་བདེ་བ་དང་སྡུག་བསྔལ་གྱི་སེམས་བྱུང་སྐོར་ཤོད་ཀྱིན་ཡོད། བདེ་བ་དང་མཉམ་དུ་ང་ཚོ་མུ་མཐུད་ནས་གནས་པར་འདོད་པ་དང་དེ་དང་འབྲལ་འདོད་མེད་པ་རེད། སྡུག་བསྔལ་ལས་ང་ཚོ་དངོས་གནས་འབྲལ་བར་འདོད་པའམ་དེ་ཟད་པར་འདོད་ཀྱི་ཡོད། 

ཡང་ང་ཚོའི་ཀླད་པ་དང་མིག་ལྟ་བུ་བདེ་བ་དང་སྡུག་བསྔལ་གྱི་ནུས་པ་དེ་ཆ་ལག་མཚུངས་པོའམ་ཡང་ན་མི་ཚེ་ཉམས་སུ་མྱོང་བའི་ཆེད་དུ་ང་ཚོར་ཡོད་པའི་ལུས་རགས་པར་རག་ལུས་ཡོད་སྲིད་དམ། ང་ཚོས་སྡུག་བསྔལ་གྱི་རིམ་པ་རྣམས་ཕན་ཚུན་བསྡུར་ཐབས་བྱེད་པའི་སྐབས། འདི་ནི་བརྟག་དཔྱད་བྱེད་པར་གང་འཚམས་ཀྱི་དོ་སྣང་བྱ་འོས་ཞིག་ཆགས་ཀྱི་ཡོད། དཔེར་ན། ང་ཚོས་སྐྱེས་དུས་ནས་རིག་འཚོ་མ་ཟིན་པའི་ནད་ཡོད་མཁན་རང་གི་གནས་སྟངས་ཡག་པོ་མི་ཤེས་མཁན་གྱི་སེམས་ཀྱི་སྡུག་བསྔལ་དང་ཧ་ཅང་རྣམ་དཔྱོད་ཅན་དང་ཚད་བརྒལ་གྱི་དཔྱད་པ་བྱེད་ཅིང་། སེམས་ངལ་ཚབས་ཆེན་དང་དབང་རྩ་ཉམས་པ་བཅས་དང་མཉམ་དུ་བསྡུར་ཆོག །ཆོས་ཀྱི་ནང་སེམས་ཀྱི་སྡུག་བསྔལ་ནི་ལུས་པོའི་སྡུག་བསྔལ་ལས་རྦད་དེ་ཆེ་བ་ཡོད་ཅེས་རྟག་ཏུ་གསུངས་ཡོད། 

འདི་སེམས་ལ་བཅངས་ནས་ང་ཚོས་མྱོང་སྲིད་པའི་བདེ་བ་དང་སྡུག་བསྔལ་གྱི་ཚོར་བའི་རྒྱ་ཁྱོན་ནི་ང་ཚོར་ཡོད་པའི་ལུས་པོ་དང་ལུས་རྟེན་གྱི་རིགས་ལ་ལྟོས་ནས་གང་ཙམ་གྱི་མི་འདྲ་བ་ཡོད། དེ་རྒྱ་སྐྱེད་གཏོང་བའི་སྒོ་ནས་ང་ཚོས་འདིའི་ཁོངས་སུ་བདེ་བ་དང་སྡུག་བསྔལ་སྐྱིད་པ་དང་མི་སྐྱིད་བཙུད་པ་དང་མིའི་ལུས་པོས་གང་རྒྱབ་རྟེན་བྱེད་ཐུབ་པ་ལས་ལྷག་པའི་རྒྱ་ཁྱོན་དེ་དག་གི་ཆ་ཤས་རྣམས་མྱོང་བའི་ནུས་པ་ཡོད་ངེས་ཀྱི་ལུས་ཀྱི་གཞི་རྟེན་ཡོད་སྲིད་པར་བསམ་བློ་གཏོང་དགོས། དཔེར་ན། སྡུག་བསྔལ་ཆེ་བའམ་ན་ཟུག་མང་བ་ཡོད་པ་ལྟ་བུ་རེད། 

གལ་ཏེ་དེ་ནི་ང་ཚོས་གང་ཡིད་ཆེས་བྱེད་པ་དེ་ཡིན་ན། ད་ང་ཚོ་ཤི་བའི་རྗེས་སུ་གང་ཡང་མིན་པ་ཆགས་རྒྱུ་ཡིན་པ་ལ་བསམ་བློ་གཏོང་གི་ཡིན། “ད་ང་ཤི་བ་རེད་” ཅེས་པའི་བསམ་བློ་དང་འཆི་བ་དེ་དོན་ངོ་མར་གང་འདྲ་ཞིག་ཡོད་པ་རྒྱུས་མེད་པའམ་མི་ཤེས་པ་ནི་གང་ཙམ་གྱི་ཞེད་སྣང་ཅན་ཞིག་རེད། ང་ཚོ་ནི་གང་ཡང་མིན་པའི་སྐབས། དེ་ནི་ཡིད་ཞུམ་པ་ཞིག་ཡོད་དམ། དེ་གང་རེད་དམ། “གང་ཡང་མིན་པ་” ཉམས་སུ་མྱོང་བའི་ཁྱད་ཆོས་རྣམས་གང་དག་རེད་ཅེས་བསམ་བློ་གཏོང་འགོ་ཚུགས་ཀྱི་ཡོད། འོན་ཀྱང་། “གང་ཡང་མིན་པ་” དེ་འབྱུང་གི་ཡོད། “གང་ཡང་མིན་པ་” དེ་འབྱུང་བའི་སྐབས། ང་ཚོ་གང་འཚམས་ཀྱི་ཉོབ་ཏོ་ཚོར་གྱི་མེད་དམ། གང་ཡང་མི་འབྱུང་བའི་སྐབས། ང་ཚོ་སྐྱིད་པོ་མེད་པ་རེད། ད་རྟག་པའི་རང་བཞིན་ལ་གང་ཡང་འབྱུང་གི་མེད་པ་དང་ང་ཚོ་ནི་ཅི་འདྲའི་ཉོབ་སྣང་ཅན་ཆགས་ངེས་ཡིན་པར་བསམ་བློ་ཐོངས། ང་ཚོ་ནི་ཧ་ཅང་མི་སྐྱིད་པ་ཆགས་ངེས་རེད། 

དེས་གོ་དོན་ཞིག་སྟོན་གྱི་ཡོད་ཡང་ན་དེ་ནི་ཀྱལ་ཀ་ཙམ་ཡིན་ངས་མི་ཤེས། ཡིན་ནའང་། འདིས་ “ང་རང་ཤི་བའི་རྗེས་སུ་ད་ལྟ་གནས་སྟངས་ལས་སྡུག་ག་ཡོད་པའི་གནས་སྟངས་སྤོང་འདོད་འདུག་ཅེས་པའི་འདུ་ཤེས་ཤིག་སྐྱེད་པར་ཕན་གྱི་རེད་” བསམ་གྱི་འདུག །ང་ཚོ་ “གང་ཡང་མིན་” པའི་ནང་གཏན་དུ་འཁར་ནས་གནས་འདོད་མེད། གལ་ཏེ་ང་ཚོས་ནང་པའི་ཆོས་ཀྱི་རྗེས་སུ་འབྲངས་ན། ང་ཚོ་སྡུག་བསྔལ་དང་དཀའ་ངལ་ཧ་ཅང་ཆེ་བ་ཡོད་པའི་ལུས་རྟེན་ཞིག་ལ་སླར་ཡང་སྐྱེ་འདོད་མེད་པ་ནི་ངེས་པ་རེད། དེའི་སྒང་ལ་ང་ཚོས་ཆོས་ཀྱི་ལམ་ལ་མུ་མཐུད་ནས་འཇུག་པའི་ནུས་པ་མེད་པའི་ལུས་རྟེན་ཞིག་འདོད་ཀྱི་མེད།

ཉེན་མེད་ཀྱི་ཁ་ཕྱོགས། (སྐྱབས་འགྲོ།)

དེའི་འབྲས་བུར་ང་ཚོས་ཤི་བའི་རྗེས་སུ་ག་རེ་འབྱུང་སྲིད་པའི་ཐད་བཟང་ཕྱོགས་ཀྱི་འཇིག་པ་ཞིག་སྐྱེད་དགོས། འདིའི་ཐད་ལ་འཇིག་པ་གཉིས་ཡོད་པ་ང་ཚོས་ཤེས་རྒྱུ་གལ་ཆེན་པོ་རེད། དང་པོ་ནི་ང་ཚོས་བྱ་ཐུབ་པ་གཅིག་ཀྱང་མི་འདུག །ང་ཚོ་ལ་སྐྱབས་མེད་པ་དང་རེ་བ་མེད་པ་རེད་ཅེས་པའི་ཚོར་བ་དེ་རེད། དེ་ནི་འཇིགས་སུ་རུང་བའི་འཇིག་པ་ཞིག་ཡིན་པ་དང་བཟོད་དཀའ་བ་ཞིག་རེད། གཉིས་པ་ནི་བཟང་ཕྱོགས་ཀྱི་འཇིག་པ་ནི་གནས་སྟངས་ཧ་ཅང་སྡུག་ཅག་དང་མི་འཕྲད་པའི་ཆེད་དུ་ང་ཚོས་ཐབས་ཤེས་ཤིག་བྱེད་ཐུབ་པ་ཤེས་པ་སོང་ཙང་། ང་ཚོས་གཟབ་ནན་བྱེད་ཀྱི་ཡོད།  དཔེར་ན། མོ་ཊ་གཏོང་བཞིན་པའི་སྐབས་སུ་ང་ཚོ་བརྡབ་རྡུང་ཤོར་ཡོང་བསམ་པའི་འཇིག་པ་སྐྱེ་གི་ཡོད་པ་སོང་ཙང་། ང་ཚོས་དེ་ལ་དཔག་པའི་གཟབ་ནན་གྱིས་མོ་ཊ་གཏོང་བ་ལྟ་བུ་རེད། གལ་ཏེ་ང་ཚོར་བརྡབ་རྡུང་གི་རྐྱེན་ངན་འཕྲད་མིན་ལ་དོ་འཁུར་མེད་པ་དང་། མོ་ཊ་བརྡབ་སྐྱོན་ལ་ཞེད་སྣང་མེད་ན། ང་ཚོས་སྣང་མེད་བྱེད་ཀྱི་རེད། དེ་ལྟར་བྱས་ན། རྐྱེན་ངན་ཆེན་པོ་ཞིག་འཕྲད་སྲིད་པ་རེད། 

ང་ཚོས་འཇིག་པ་དེ་ཉེན་མེད་ཀྱི་ཁ་ཕྱོགས་སམ་ཡང་ན་སྐྱབས་འགྲོའི་རྒྱུ་ནང་གི་གཅིག་ཡིན་པ་གཞིར་བཞག་ཐོག་དེའི་སྐོར་ཤོད་སྐབས། ང་ཚོས་བཟང་ཕྱོགས་ཀྱི་འཇིག་པ་འདི་ལ་བརྗོད་ཀྱིན་ཡོད། ཐོག་མར་དེ་ནི་ཀུན་རྫོབ་ཀྱི་ “བདག་” བཟང་པོའི་འདུ་ཤེས་ཅན་ཞིག་ལ་གཞི་བྱས་པའི་འཇིག་པ་ཞིག་རེད། ང་ཚོས་སོ་སོ་ལ་གང་འབྱུང་བར་གཟབ་ནན་བྱེད་ཀྱི་ཡོད་པ་དང་ང་ཚོ་མུ་མཐུད་ནས་ཡར་རྒྱས་གཏོང་མི་ཐུབ་པའི་ཡ་ང་བའི་གནས་སྟངས་དེ་འདྲའི་ནང་འཚུད་འདོད་མེད། མ་འོངས་པའི་ཡ་ང་བའི་གནས་སྟངས་དེ་མི་ཡོང་བའི་ཐབས་ཤིག་ང་ཚོར་མཐོང་གི་ཡོད། དེར་བརྟེན་ང་ཚོ་ཁ་ཕྱོགས་དེའི་ནང་འགྲོ་འདོད་ཡོད། “བདག་” བཟང་པོའི་འདུ་ཤེས་ཅན་དེ་མེད་པར་ང་ཚོས་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་ཞིག་ཡོད་པ་ནམ་ཡང་བསམ་གྱི་མ་རེད། དེ་ནི་སྐྱབས་འགྲོ་ཞེས་བྱ་བ་དེས་མཚོན་པར་བྱས་ཡོད་པས། དེ་ཤེས་རྒྱུ་གལ་ཆེན་པོ་རེད། 

གལ་ཏེ་ང་ཚོས་གཟབ་ནན་མ་བྱས་ན། ང་ཚོས་སྡུག་བསྔལ་སྤོང་བར་འབད་བརྩོན་བྱེད་ངེས་མ་རེད། དཔེར་ན། “ང་རང་ལ་འབྲས་ནད་ཕོག་ནའང་ཁྱད་པར་མི་འདུག །ག་རེ་བྱུང་ནའང་འདྲ་སྟེ། ང་རང་ཐ་མག་འཐེན་འདོད་འདུག་” ཅེས་ག་རེ་བྱུང་ནའང་བྱུང་ཞེས་ཐ་མག་འཐེན་རྒྱུ་རྩ་ནས་མི་སྤོང་མཁན་གྱི་མི་རྣམས་ལ་བློའི་ཁྱེར་སོ་འདི་ལྟ་བུ་ཡོད་པ་ང་ཚོས་མཐོང་གི་ཡོད། མི་དེ་དག་གིས་དོན་ངོ་མར་སོ་སོ་རང་ཉིད་ལ་གཅེས་སྐྱོང་མེད་པ་རེད། ཐ་མག་འཐེན་མཁན་རིགས་ད་ལྟ་ཆོས་ཞུ་བའི་གྲལ་དུ་ཡོད་པ་རྣམས་ཀྱི་གདོང་ལ་ནག་ཉེས་ཀྱི་འཛུམ་མདངས་ཆེན་པོ་ཞིག་ཡོད་པ་དང་ངོ་ཚ་བོ་ཡོད་ཀྱི་རེད། འོན་ཀྱང་། གལ་ཏེ་ང་ཚོས་དེ་དག་ཐམས་ཅད་དོ་གལ་ཆེན་པོའི་སྒོ་ནས་དང་ལེན་བྱས་ཏེ། ང་ཚོར་རྩ་ཆེ་བའི་མི་ལུས་རིན་ཆེན་ཞིག་ཡོད་པ་དང་དེ་ཆུད་ཟོས་སུ་མི་འགྲོ་བ་ཞིག་བྱེད་འདོད་སྐྱེས་ན། གཞི་ནས་ང་ཚོས་མི་ཚེ་འདི་གང་ཐུབ་ཐུབ་ཀྱིས་རིང་དུ་གཏོང་འདོད་སྐྱེ་ངེས་རེད། དེར་མ་ཟད། གོ་སྐབས་འདི་མ་ཤོར་སྔོན་ནས་ང་ཚོས་བེད་སྤྱོད་གཏོང་འདོད་ཡོད་པ་དང་མ་འོངས་པའི་གོ་སྐབས་རྣམས་ཀྱང་མི་ཤོར་བའི་ཐབས་ཤེས་བྱེད་ཀྱི་རེད། འདི་ལྟ་བུའི་བློའི་ཁྱེར་སོ་ནི་ “བདག་” བཟང་པོའི་འདུ་ཤེས་ཅན་དེ་རང་ལ་གཞི་རྩ་བྱས་ཡོད། 

ད་ང་ཚོས་སྐྱེ་བ་ཕྱི་མར་ངན་སོང་གི་གནས་སུ་མི་སྐྱེ་བའི་ཐབས་ཤིག་བྱེད་ཐུབ། དེ་ནི་སངས་རྒྱས་ཆོས་དང་དགེ་འདུན་གསུམ་གྱི་ཉེན་མེད་ཀྱི་ཁ་ཕྱོགས་ང་ཚོའི་མི་ཚེའི་ནང་བསྟེན་རྒྱུ་རེད། ཁ་ཕྱོགས་དེ་གང་རེད་དམ། དཀོན་མཆོག་གསུམ་པོ་དངོས་དེ་གང་དག་རེད་དམ། སངས་རྒྱས་དང་། ཆོས། དགེ་འདུན་གྱི་རིམ་པ་འགའ་ཞིག་ཡོད་ནའང་། གལ་ཏེ་ང་ཚོས་མཐར་ཐུག་དོན་དམ་གྱི་རིམ་པར་བལྟས་ན། ཆོས་དཀོན་མཆོག་ནི་འགོག་པ་དངོས་སམ་འགོག་པའི་བདེན་པ་སྟེ། སྡུག་བསྔལ་གྱི་རྣམ་པ་ཡོངས་སུ་རྫོགས་པ་འགོག་པ་ནས་སེམས་ཀྱི་ལམ་དངོས་སམ་ལམ་གྱི་བདེན་པ་སྟེ། སྡུག་བསྔལ་རྣམས་ཕྱིར་མི་ལྡོག་པའམ་སླར་མི་འབྱུང་བའི་ཚུལ་དུ་འགོག་པའི་འགོག་བདེན་འཐོབ་བྱེད་ཀྱི་རྟོགས་པའི་རིམ་པ་རྣམས་རེད། དོན་དམ་པའི་ཆོས་དཀོན་མཆོག་ནི་འཕགས་པའི་བདེན་པ་གསུམ་པ་དང་བཞི་པ་རེད། དེ་ནི་ང་ཚོ་འགྲོ་བར་འདོད་པའི་ཁ་ཕྱོགས་དེ་ཡིན་པ་རེད། ང་ཚོ་ནི་སྡུག་བསྔལ་དང་དཀའ་ངལ་གྱི་རྒྱུ་དངོས་རྣམས་འགོག་པའི་འགོག་བདེན་འཐོབ་ཐབས་བྱེད་པའི་ཁ་ཕྱོགས་ཀྱི་ནང་འགྲོ་འདོད་ཡོད་པ་དང་འགོག་བདེན་གང་གིས་ཐོབ་པར་བྱེད་པ་དེ་ཇི་བཞིན་དུ་རྟོགས་པའི་རྟོགས་པ་དངོས་སམ་ལམ་གྱི་བདེན་པ་འཐོབ་འདོད་ཡོད། སྤྱི་ཡོངས་ནས་བཤད་ན། འདི་ནི་ང་ཚོ་འགྲོ་བར་འདོད་པའི་ཁ་ཕྱོགས་བཟང་པོ་དེ་ཡིན་པ་རེད། 

སངས་རྒྱས་རྣམས་ནི་སྡུག་བསྔལ་འགོག་པའི་འགོག་བདེན་ཆ་ཚང་བ་ཐོབ་པ་དང་ང་ཚོའི་ངོས་ནས་དེ་ཇི་ལྟར་ཐོབ་པའི་ལམ་སྟོན་མཁན་རྣམས་རེད། འཕགས་པའི་དགེ་འདུན་རྣམས་ནི་འགོག་བདེན་དང་ལམ་བདེན་ཕྱོགས་ཙམ་ཐོབ་པ་རྣམས་རེད། འཕགས་པ་དེ་དག་རིམ་པ་མི་འདྲ་བའི་ནང་ཡོད་པ་སོང་ཙང་། དེ་དག་གིས་ཧ་ཅང་ཕན་ཐོགས་ཅན་གྱི་དཔེ་མཚོན་ཞིག་མཚོན་གྱི་ཡོད། གང་ཡིན་ཞེ་ན། སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་དེ་ནི་ང་ཚོས་ལམ་རིམ་ནང་འབད་བརྩོན་བྱེད་ཀྱི་ཡོད་པ་མཐོང་བའི་ཕྱིར་དེ་དག་གིས་སེམས་ཤུགས་སྦྱིན་གྱི་ཡོད། དེ་དག་གིས་སངས་རྒྱས་ཀྱི་གོ་འཕང་ཐོབ་རུང་ཆེ་བ་ལྟ་བུ་བཟོ་བར་རོགས་བྱེད་པ་དང་ལམ་འགྲིམ་པའི་སྐབས་སུ་ང་ཚོར་མཁོ་བའི་རྒྱབ་སྐྱོར་དང་མཐུན་འགྱུར་བྱེད་ཀྱི་ཡོད། 

དེ་དག་གི་དཀོན་མཆོག་གསུམ་ཡིན་པ་དང་དེ་ནི་ང་ཚོ་འགྲོ་བར་འདོད་པའི་ཁ་ཕྱོགས་དེ་རེད། ང་ཚོས་སོ་སོ་རང་ཉིད་ལ་གཅེས་སྐྱོང་བྱེད་པ་དང་རང་གིས་རང་ལ་དོ་གལ་ཆེན་པོའི་སྒོ་ནས་གཅེས་སྐྱོང་བྱེད་པ་སོང་ཙང་། སྡུག་བསྔལ་སྤོང་ཐུབ་པར་བྱེད་པའི་ཁ་ཕྱོགས་འདིའི་ནང་མདུན་སྐྱོད་བྱེད་འདོད་ཡོད་པ་དང་དེ་སྲིད་པ་ཞིག་ཡིན་པ་དངོས་སུ་མཐོང་གི་ཡོད། ང་ཚོར་བདེ་སྐྱིད་འདོད་པ་ལས། སྡུག་བསྔལ་འདོད་ཀྱི་མེད། བྱས་ཙང་། ཁ་ཕྱོགས་དེར་འགྲོ་ཐབས་བྱེད་ཀྱི་ཡོད། འདིའི་སྐོར་ལ་བསམ་བློ་ཐོངས།

(སྒོམ་དུས།)

མི་མང་པོ་ཞིག་གིས་སྐྱབས་འགྲོ་ལ་གལ་གནད་མེད་པར་བརྩི་བ་ནི་གང་འཚམས་ཀྱི་བསོད་ནམས་དམན་པོ་ཡིན་པ་དང་། དེ་ནི་སྐྱབས་འགྲོའི་དགོས་དོན་དང་དམིགས་ཡུལ་རྣམས་གང་ཡིན་གཏིང་ཟབ་པའི་གོ་བ་ཞིག་མ་རྙེད་པའི་རྒྱུ་མཚན་གྱིས་རེད་བསམ་གྱི་འདུག །ལམ་རིམ་གྱི་གཞུང་འགའ་ཞིག་གི་ནང་སྒོམ་ཉམས་ལེན་ལམ་སྟོན་བྱས་ཡོད་པ་རྣམས་ནི་འདིའི་ཆེད་དུ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། 

ང་ཚོ་ནི་ངན་སོང་གི་གཡང་སར་ལྷུང་བཞིན་ཡོད་པ་དང་དེ་ནས་འཇིགས་སུ་རུང་བའི་སྐྱེ་བ་ལེན་གྱི་ཡོད་པས། དེ་ནི་ཅི་འདྲའི་འཇིགས་རྔམས་ཅན་ཞིག་ཆགས་ངེས་རེད་ཅེས་བསམ་བཞིན་དུ་སྒོམ་རྒྱག་གི་ཡོད། གལ་ཏེ་ང་ཚོས་གཡང་ས་ནས་ལྷུང་པའི་སྐབས་སུ་མཆོང་གདུགས་ཤིག་ཁ་ཕྱེ་བ་ལྟ་བུ་རང་གིས་རང་བསྐྱབ་ཐུབ་པའི་ཐབས་ཤིག་ཡོད་པ་ཤེས་ན། ང་ཚོས་ཐབས་དེ་ལག་བསྟར་བྱེད་ངེས་རེད། 

དེའི་རྗེས་སུ་ང་ཚོས་སོ་སོ་རང་ཉིད་མར་ལྷུང་གྲབས་ཡོད་པར་བསམ་དགོས། ང་ཚོ་ནི་གཡང་གཟར་གྱི་མཐའ་རུ་ལྷུང་གྲབས་བྱས་ནས་ཡོད། ལྷུང་རྒྱུ་ཡིན་པར་འཇིགས་སྐྲག་སྐྱེས་པ་དང་ལུས་ནང་སྙིང་གི་ཤ་གནད་ཤ་རྒྱུས་རྣམས་སྲ་བརྟན་བཟོ་བའི་ཆེད་དུས་ཚོད་ཅིག་བྱུང་ཡོད་ན་ང་ཚོས་ཆ་སྙོམ་ངང་གནས་ཏེ་མི་ལྷུང་བར་བྱེད་ཐུབ་སྲིད་ཅེས་ཡིད་སྨོན་བྱེད་ཀྱི་ཡོད།

དེ་ནས་ང་ཚོས་རང་ཉིད་དངོས་ཟོག་འོར་འདྲེན་བྱེད་ཆས་ཤིག་གི་སྟེང་དུ་ཡོད་པ་དང་དེ་ནི་གཡང་གཟར་གྱི་མཐའ་རུ་ཐད་ཀར་བསྐྱོད་ནས་དེར་གཡུག་རྒྱུ་ཡིན་པ་དང་། དེའི་སྐབས་ང་ཚོས་དངོས་ཟོག་འོར་འདྲེན་བྱེད་ཆས་དེའི་ནང་ནས་ཕྱི་མཆོང་ཐུབ་པའི་འདོད་པ་ཅི་འདྲའི་ཤུགས་ཆེན་ཡོད་པར་བསམ་དགོས། 

དེ་དག་ནི་ང་ཚོས་འཇིག་པའི་ཚོར་བ་ཞིག་ཕྱི་དབྱུང་བར་བཀོལ་སྤྱོད་བྱེད་ཆོག་པའི་ནུས་ཤུགས་ཅན་གྱི་སྣང་བརྙན་རྣམས་ཡིན་པ་དང་། དེ་ཡང་གཞི་རྩའི་ལྷན་སྐྱེས་ཀྱི་བག་ཆགས་ལ་འབོད་བཞིན་ཡོད། དེ་ནི་འཚོ་བར་བྱེད་པའི་འཚོ་བྱེད་ཀྱི་བག་ཆགས་ཡིན་པ་དང་མེའི་ནང་དུ་ལྷུང་གི་མེད། ང་ཚོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བསྟེན་པའམ་སྐྱབས་སུ་འགྲོ་བར། དེ་ནི་བཀོལ་སྤྱོད་བྱེད་འདོད་ཡོད་པའི་བག་ཆགས་ཀྱི་སྐུལ་རྐྱེན་གཙོ་བོ་དེ་རེད། དེ་ལ་བརྟེན་ནས་དེ་ང་ཚོའི་རྒྱུད་ལ་རྨང་གཞི་ལྟ་བུར་འགྱུར་གྱི་ཡོད། དེ་ལྟར་བསམ་བློ་གཏོང་བའི་འབྲས་བུར། སོ་སོའི་དད་པའི་ལམ་ལུགས་ལ་བརྟེན་ནས་ང་ཚོས་ངན་སོང་དུ་སྐྱེ་བ་དང་། དམྱལ་བར་གཏན་དུ་མྱོང་བ། ཡང་ན་འགྱོད་པ་དང་བཅས་འཆི་བ་དང་རྒྱུས་མེད་གང་ཡང་མིན་པ་ཞིག་གི་ནང་འཆི་བའི་འཇིག་པ་བཅས་ཀྱི་རྒྱུ་རྣམས་དངོས་གནས་རྩ་མེད་གཏོང་འདོད་ཡོད། 

དེ་དག་ཐམས་ཅད་ཀྱི་སྐོར་ལ་བསམ་བློ་གཏོང་རོགས། “ང་རང་ངན་སོང་གི་སྐྱེ་བ་སྤོང་འདོད་འདུག །དེ་ལྟར་སྤོང་བར། ཐོག་མར་ངས་ངན་སོང་དུ་སྐྱེ་བའི་རྒྱུ་རྣམས་སྤོང་དགོས། ངས་སྔོན་འགོག་གི་ཐབས་ལམ་འགའ་ཞིག་ལག་བསྟར་བྱེད་འདོད་ཡོད། དོན་ངོ་མར་ལེགས་སྦྱར་སྐད་དུ་དྷརྨ་ཞེས་པ་ནི་ཚིག་དོན་ལྟར་བྱས་ན། སྔོན་འགོག་གི་ཐབས་ལམ་ཞེས་པའི་དོན་རེད།”

(སྒོམ་དུས།)

ལས།

ཉེན་མེད་ཀྱི་ཁ་ཕྱོགས་དེའི་ནང་སྐྱོད་པར་ཐོག་མར་ང་ཚོས་བྱེད་པར་འདོད་པ་ནི། སྡུག་བསྔལ་རགས་པའི་རྒྱུ་རྣམས་རྩ་མེད་གཏོང་དགོས། དེ་ལ་སྡུག་བསྔལ་གྱི་སྡུག་བསྔལ་ཞེས་ཟེར། ང་ཚོ་མི་སྐྱིད་པ་དང་སྡུག་བསྔལ་གྱི་རྒྱུ་རྣམས་དང་འཇིགས་སུ་རུང་བའི་ངན་སོང་གི་སྐྱེ་གནས་ལྟ་བུ་དང་། དེ་བཞིན་ང་ཚོར་འཕྲད་སྲིད་པའི་མི་སྡུག་པ་དང་སྡུག་བསྔལ་གྱི་གནས་སྟངས་ཚང་མ་རྩ་མེད་གཏོང་འདོད་ཡོད། ནང་ཆོས་ནས་གསུངས་པའི་ལས་ཀྱི་སྐོར་ལྟར་བྱས་ན། གལ་ཏེ་ང་ཚོས་སྡུག་བསྔལ་རགས་པ་དེ་འདྲ་མྱོང་གི་ཡོད་ན། དེ་ནི་སྡིག་པ་མི་དགེ་བའི་འབྲས་བུ་ཡིན་པ་རེད། དེ་ནི་ལས་འབྲས་ཀྱི་ཆོས་ཉིད་དམ་ཁྲིམས་དང་པོ་དེ་རེད། 

ང་ཚོས་ལས་ཀྱི་སྐོར་ཤོད་སྐབས། བྱ་བའི་ (action) སྐོར་ཤོད་ཀྱིན་མེད་ཅེས་དམིགས་བསལ་ཞུ་འདོད་བྱུང་། སྤྱིར་བཏང་བོད་སྐད་ནང་གི་ “ལས་” ཞེས་པའི་ཚིག་དེ་ལ་ཕལ་སྐད་དབང་དུ་བྱ་བ་དང་ལས་ཀར་གོ་བ་ཞིག་ཡོད་ནའང་། སྐབས་དོན་དེ་ལ་གོ་བ་མིན། བོད་པ་ཚོས་ཨིན་སྐད་ནང་ཆོས་ཁྲིད་བྱེད་སྐབས། ཁོང་ཚོས་ “ལས་སམ་ཀརྨ་” ཞེས་པའི་ཚིག་དེ་བྱ་བ་ (action) ལ་ཡང་སེ་སྒྱུར་གྱི་ཡོད། འོན་ཀྱང་། དེ་ནི་བྱ་བ་ལ་གོ་ཡི་མེད། གལ་ཏེ་དེ་བྱ་བ་ཞིག་ལ་གོ་བ་ཡིན་ན། དེའི་རྗེས་སུ་གང་འབྱུང་རྒྱུ་ཡིན་པར་བསམ་བློ་ཐོངས། གལ་ཏེ་ང་ཚོ་ལས་ཡོངས་སུ་རྫོགས་པ་རྩ་མེད་གཏོང་འདོད་ཡོད་པ་དང་ལས་དེ་བྱ་བ་ཙམ་ཞིག་ལ་གོ་བ་ཡིན་ན། ང་ཚོས་གང་བྱེད་དགོས་ངེས་ཡིན་ཚང་མ་མཚམས་འཇོག་བྱ་དགོས་པ་དང་གང་ཡང་མི་བྱེད་པར་ང་ཚོ་ཐར་པ་འཐོབ་ངེས་པ་ཞིག་ཆགས་ཀྱི་ཡོད། ལས་ཀྱི་དོན་ནི་དེ་འདྲ་ཞིག་མིན་པ་གསལ་པོ་རེད། 

གནད་དོན་ཞིག་འབྱུང་སྲིད་པའི་ཐལ་འགྱུར་ཞིག་ཏུ་ཁས་ལེན་པ་ནི་ནང་ཆོས་ཀྱི་ནང་ཡང་སེ་བཀོལ་སྤྱོད་བྱེད་པའི་དཔྱད་ཐབས་གཞན་ཞིག་རེད། འདི་ནི་ཁས་ལེན་ཞིག་ནས་འབྱུང་བའི་ཁུང་ལུང་མེད་པའི་མཇུག་སྡོམ་གང་ཞིག་ཡོད་པ་ང་ཚོས་མཐོང་བའི་སྐབས་རེད། དཔེར་ན། གལ་ཏེ་ལས་ནི་བྱ་བ་ཞིག་ཡིན་ན། ལས་སྤོང་ཟེར་བའི་དོན་ནི་ང་ཚོས་བྱ་བ་ཚང་མ་སྤོང་དགོས་ངེས་ལྟ་བུ་ཆགས་ཀྱི་ཡོད། གལ་ཏེ་ང་ཚོས་བྱ་བ་ཐམས་ཅད་སྤངས་ན། ཐར་པ་འཐོབ་ངེས་རེད་དམ། མ་རེད། དེར་བརྟེན་ལས་ནི་བྱ་བར་ཁས་ལེན་པ་ནི་ནོར་བ་ཞིག་རེད། དེ་ནི་ཡིག་སྒྱུར་གྱི་དཀའ་ངལ་ཞིག་རེད། 

ལས་ཞེས་བྱ་བ་དེ་དོན་ངོ་མར་གང་ལ་གོ་བ་ཡིན་ཞེ་ན། དེ་ནི་ངང་ངམ་ཤུགས་ཀྱི་རང་བཞིན་ལ་གོ་བ་ཡིན། ང་ཚོའི་སྤྱོད་ལམ་ངང་ངམ་ཤུགས་ཀྱི་རྣམ་པ་ཞིག་ཡོད། དེ་ནི་ང་ཚོའི་ཉོན་མོངས་པ་དང་རྨོངས་པ་ལ་བརྟེན་ནས་བསགས་པའི་ལྷན་སྐྱེས་ཀྱི་བག་ཆགས་ཤུགས་ཆེན་ཡོད་པའི་རྒྱུ་མཚན་གྱིས་རེད། དེ་ལྟར་ང་ཚོས་རང་ཚུགས་མེད་པའམ་སྟངས་འཛིན་བྲལ་བའི་སྒོ་ནས་བྱ་སྤྱོད་སྤེལ་གྱི་ཡོད། དཔེར་ན། མི་ཞིག་གིས་ངང་ངམ་ཤུགས་ཀྱིས་ཟས་བཟའ་བའམ་ངང་ངམ་ཤུགས་ཀྱིས་རང་གི་མཛུབ་མོས་ཐུག་ཐུག་གཞུ་བའི་གོམས་པའམ། ཡང་མིན་ན་ངང་ངམ་ཤུགས་ཀྱི་རྫུན་སྨྲ་མཁན་ཞིག་ཡིན་པ་ལྟ་བུ་རེད།

རང་ཤུགས་ (impulsive) དང་ངང་ངམ་ཤུགས་ (compulsive) གཉིས་ཀྱི་དབར་ཁྱད་པར་གང་ཡོད་དམ།

འདི་གཉིས་ཧ་ཅང་འབྲེལ་ནས་ཡོད། ཨིན་སྐད་ནང་གི་ (impulsive) རང་ཤུགས་ཞེས་པའི་དོན་ནི་ང་ཚོའི་སེམས་ནང་གང་ཡོད་པའམ་བསམ་བློའི་ནང་གང་འཁོར་བ་དེ་སྔོན་རྟོགས་མེད་པའི་སྒོ་ནས་བྱེད་པའམ་བརྗོད་པ་དེ་རེད། ངང་ངམ་ཤུགས་ (compulsive) ཞེས་པའི་དོན་ནི་འགོག་ཏུ་མེད་པའི་སྐུལ་རྒྱུ་ཞིག་ལ་བརྟེན་ནས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱ་བ་བྱེད་པའམ་སྐད་ཆ་ཤོད་པ་ཡང་ན་བསམ་བློ་གཏོང་བ་དེ་རེད། དེའི་ནང་ངང་ངམ་ཤུགས་ཀྱི་སེམས་འཁྲལ་དེ་འཚུད་ཀྱི་ཡོད། ཡང་ཨིན་སྐད་ནང་གི་ (compulsive) ཞེས་པའི་དོན་ནི་ང་ཚོར་སྔོན་ཚུད་ནས་བདག་བཟུང་བྱེད་པའི་གནད་དོན་ཞིག་མུ་མཐུད་ནས་བྱེད་པ་དང་། དེའི་སྐོར་སྐད་ཆ་ཤོད་པའམ་ཡང་ན་བསམ་བློ་གཏོང་བ་དང་དེ་ལས་གཞན་པ་བྱ་རྒྱུར་སྔོན་འགོག་བྱེད་པ་དེ་རེད། 

འདིར་ང་ཚོས་ལས་ཀྱི་སྐོར་ཤོད་སྐབས། “ངང་ངམ་ཤུགས་”ནི་མི་དགེ་བའི་སྤྱོད་ལམ་གཅིག་པུར་གོ་ཆོག་པ་མ་ཟད། དགེ་བའི་སྤྱོད་ལམ་ལའང་གོ་ཆོག །དཔེར་ན། ང་ཚོ་ནི་ངང་ངམ་ཤུགས་ཀྱི་ཡང་དག་པ་དང་བཟང་པོ་ཞིག་ཆགས་པར་ཧ་ཅང་སྨྱོ་འབོགས་ཅན་གྱི་སྐྱོན་བྲལ་ཡང་དག་པ་ཞིག་གམ། ཡང་ན་ངང་ངམ་ཤུགས་ཀྱིས་རང་ཁྱིམ་གཙང་བ་བཟོ་བ་དང་ལག་པ་བཀྲུ་མཁན་ཞིག་ཡིན་སྲིད། འདི་ལྟ་བུའི་སྤྱོད་ལམ་ནི་ཚང་མར་སྟངས་འཛིན་དགོས་པའི་ “བདག་གམ་ང་” ཆེན་པོ་ཞིག་ལ་གཞི་བྱས་ཡོད། དེ་དག་ནི་དགེ་བའི་ལས་རྣམས་རེད། རང་ཁྱིམ་གཙང་མ་བཟོ་བ་དང་ལག་པ་བཀྲུ་བར་སྐྱོན་དང་མི་དགེ་བའི་ཆ་གང་ཡང་མེད་ནའང་། གནས་སྟངས་འདིའི་ནང་དེ་ནི་མཐའ་གཅིག་ཏུ་སྟངས་འཛིན་ལས་འདས་ཤིང་རང་ཚུགས་ཤོར་བ་དང་ཧ་ཅང་སྨྱོ་འབོགས་ཅན་ཞིག་ཡོད། ཡང་གཞན་གྱི་ནོར་འཁྲུལ་ལ་ངང་ངམ་ཤུགས་ཀྱིས་དག་བཅོས་བྱེད་པ་དེ་འདྲའང་ཡིན་སྲིད།

དེ་ནི་ང་ཚོས་ལས་ལ་བརྟེན་ནས་གང་ཤོད་བཞིན་པ་དེ་རེད། ང་ཚོས་གང་ཞིག་སྤོང་འདོད་ཡོད་པ་ནི་ངང་ངམ་ཤུགས་ཀྱི་སྤྱོད་ལམ་འདི་རེད། ང་ཚོས་གང་ཡང་མི་བྱེད་པར་མཚམས་འཇོག་བྱེད་དགོས་པའི་དོན་མིན། དེ་རང་རྒྱུད་ལ་ཐིམ་འཇུག་དགོས། གང་ཡིན་ཞེ་ན། འདི་ནི་གསར་པ་ཡིན་སྲིད། 

དེ་ནི་ལས་ཀྱི་མཚན་ཉིད་དང་མཉམ་དུ་རན་འཚམས་ཆགས་ཀྱི་ཡོད། དེ་ནི་གལ་ཆེན་པོ་རེད། ང་ཚོས་དང་པོ་མཚན་ཉིད་སྦྱངས་ནས་དེའི་རྗེས་སུ་གང་གི་སྐོར་ཤོད་ཀྱིན་ཡོད་པ་རྟོགས་ཐབས་བྱེད་དགོས། ང་ཚོ་རྫུན་ཤོད་འདོད་དང་ཡང་ན་འཁྱགས་སྒམ་གྱི་འགྲམ་དུ་འགྲོ་འདོད་ཡོད་པའི་སྐབས། འདོད་པ་དེ་དག་ནི་ལས་ཀྱི་བག་ཆགས་ལས་འབྱུང་གི་ཡོད། ང་ཚོས་གཅིག་བྱ་རྒྱུའི་ཚོར་བ་སྐྱེ་བ་དང་དེ་བྱེད་འདོད་ཡོད་པ་རེད། ལས་ནི་བྱ་བ་དེ་བྱེད་དུ་འཇུག་པའི་ངང་ངམ་ཤུགས་ཀྱི་སྐུལ་རྒྱུ་དེ་ཡིན་པ་རེད། དང་པོ་ང་ཚོས་གཅིག་བྱ་རྒྱུའི་ཚོར་བ་སྐྱེ་བ་དང་དེ་ནས་ངང་ངམ་ཤུགས་ཀྱི་རང་བཞིན་དེས་བྱ་བའི་ཕྱོགས་སུ་ཁྲིད་ནས་ང་ཚོས་བྱ་བ་དེ་བརྩམ་གྱི་ཡོད། 

(སྒོམ་དུས།)

སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པའི་སྐབས་སུ་ལས་ཀྱི་ཚད་ལྡན་གྱི་འགྲེལ་བརྗོད་ནི། སྡུག་བསྔལ་གྱི་སྡུག་བསྔལ་དང་མི་སྐྱིད་པ་དང་དེའི་རྒྱུ་ནི་ང་ཚོའི་སྤྱོད་ལམ་གྱི་རྒྱུ་དང་འབྲས་བུའི་རྣམ་གཞག་མི་ཤེས་པའམ་རྨོངས་པ་དེ་རེད། གལ་ཏེ་ང་ཚོ་སྡུག་བསྔལ་མྱོང་བཞིན་པ་དང་སྐྱིད་པོ་མེད་པ་ཡིན་ན། དེ་ནི་རང་གིས་བྱས་པའི་མི་དགེ་བའི་སྤྱོད་ལམ་ལས་བྱུང་བ་ཡིན་པ་ང་ཚོས་ཤེས་ཀྱི་མེད། ང་ཚོས་མི་ཤེས་པའམ་ཡང་ན་ང་ཚོའི་བདེ་སྐྱིད་ནི་རྒྱུ་ངེས་མེད་ཅིག་ནས་བྱུང་བའམ། ཡང་མིན་ན་ཕྱི་རོལ་གྱི་འབྱུང་ཁུངས་ནས་བྱུང་བའི་ལྟ་བ་ལོག་པ་ཞིག་ཡོད་པ་གང་རུང་ཡིན་པ་རེད། འདིར་ང་ཚོས་མ་རིག་པའམ་མི་ཤེས་པའི་རིམ་པ་དང་པོ་སྟེ། ང་ཚོའི་སྤྱོད་ལམ་གྱི་རྒྱུ་དང་འབྲས་བུའི་རྣམ་གཞག་དེ་སྤོང་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། ང་ཚོས་འདིར་སྤོ་ལོར་རྡོག་རྒྱག་གཞུ་བའི་སྐབས་ཀྱི་རྒྱུ་དང་འབྲས་བུའི་སྐོར་ཤོད་ཀྱིན་མེད། འདིར་སྤྱོད་ལམ་དང་བསྟུན་ནས་རྒྱུ་དང་འབྲས་བུའི་རྣམ་གཞག་དང་ང་ཚོས་གང་མྱོང་བའི་སྐོར་ཤོད་ཀྱིན་ཡོད། 

དེ་ལ་ཚད་ལྡན་གྱི་འགྲེལ་བརྗོད་ནི་ “ང་རང་ལ་བདེ་སྐྱིད་འདོད་ཀྱི་མི་འདུག །ང་རང་ལ་སྡུག་བསྔལ་རགས་པ་འདོད་ཀྱི་མི་འདུག །དེ་ནི་སྡིག་པ་མི་དགེ་བའི་སྤྱོད་ལམ་ལས་འབྱུང་གི་ཡོད་པ་ངས་ཤེས། དེར་བརྟེན་མི་དགེ་བའི་ལས་བྱ་རྒྱུའི་ཚོར་བ་སྐྱེ་བའི་སྐབས། ཚོར་བ་དེ་སྔོན་གྱི་རྒྱུ་རྣམས་ལ་བརྟེན་ནས་འབྱུང་རྒྱུ་ཡིན་པ་སོང་ཙང་། ངས་བྱ་བ་དེ་རྩོམ་གྱི་མ་རེད། ངས་བྱ་བ་དེ་སྤོང་གི་རེད་” ཅེས་པ་འདི་རེད། དེ་ནི་ལས་དང་འབྲེལ་བའི་སྐྱེས་སུ་བུ་ཆུང་ངུའི་ལམ་གྱི་རིམ་པའི་ཆོས་ཚད་ལྡན་དེ་རེད། 

མི་དགེ་བའི་ལས་མི་བྱེད་པའི་རྒྱུ་མཚན། སེམས་བྱུང་རྣམས་གཏོགས་ཡོད།

སྦར་ལིན་ལ་ངས་རྗེ་ཙོང་ཁ་པ་ཆེན་པོའི་ལམ་རིམ་ཆེན་པོ་སློབ་ཁྲིད་བྱས་དང་བྱེད་མུས་ཡིན། ང་ཚོས་དེ་དག་གི་སྐོར་ལ་ཧ་ཅང་དལ་ལྷོད་ངང་འགྲོ་བཞིན་ཡོད། ལོ་བཞི་ལྷག་གི་རིང་བདུན་ཕྲག་གཅིག་ཐེངས་གཅིག་སློབ་ཁྲིད་བྱེད་པ་དང་། ང་ཚོ་བརྗོད་གཞིའི་ཚན་པ་འདི་ལ་བསླེབ་པའི་སྐབས། ངས་སློབ་མ་རྣམས་ལ་ “ཁྱེད་ཚོས་རྫུན་ཅིའི་ཕྱིར་མི་ཤོད་དམ། མགོ་སྐོར་ཅིའི་ཕྱིར་གཏོང་ངམ། རྒྱུ་མཚན་གང་རེད་དམ་” ཞེས་འདྲི་གི་ཡོད། 

འདི་ལ་ཏོག་ཙམ་རིང་བརྟག་དཔྱད་གནང་རོགས། གལ་ཏེ་ཁྱེད་ཀྱིས་མགོ་སྐོར་མི་གཏོང་བ་དང་། ཐུབ་ཚོད་མི་གཏོང་བ། རྫུན་མི་ཤོད་པ་ཡིན་ན། དེ་ཅིའི་ཕྱིར་མི་ཤོད་དམ། ལས་དེ་དག་ལས་རང་ཉིད་ངན་སོང་དུ་སྐྱེ་བ་དང་སྡུག་བསྔལ་འབྱུང་བར་འགྱུར་བར་འཇིགས་ནས་ཁྱེད་ཀྱིས་ལས་དེ་དག་སྤོང་གི་ཡོད་དམ། དྲང་པོ་དྲང་གཞག་བྱེད་དགོས། ཁྱེད་ཀྱིས་གཞན་ལ་མགོ་སྐོར་མི་གཏོང་བ་དང་གནོད་མི་སྐྱེལ་བའི་རྒྱུ་མཚན་གང་རེད་དམ། 

(བསམ་ཞིབ།)

གཞན་དག་གིས་ང་ཚོར་བསམ་བློ་སྡུག་ཅག་གཏོང་བ་དེ་ང་ཚོར་འདོད་ཀྱི་མེད།

གལ་ཏེ་མི་སུས་ཀྱང་མ་ཤེས་ན། ང་ཚོས་སྤྱོད་ངན་སྟོན་བྱས་ན་འགྲིག་གམ།  

རྫུན་ཤོད་རྒྱུ་དེ་ནི་དོན་མེད་པ་ཙམ་ཡིན་ཏེ། མི་གཞན་ཞིག་གིས་རྫུན་དེ་ཤེས་དང་མི་ཤེས་ལ་ཁྱད་པར་མེད་པའི་ཕྱིར། དེ་ནི་གནས་སྐབས་ཙམ་གྱི་ཁེ་ཕན་ཞིག་རེད། ཕུགས་རྒྱང་རིང་པོའི་ནང་དེས་ཕན་ཐོགས་ཀྱི་མ་རེད།

འོ་ན། ཁྱེད་རྣམས་ལ་རྒྱུ་དང་འབྲས་བུར་གཞིགས་པའི་དད་པ་དང་ཡིད་ཆེས་ཡོད་དམ།

དེར་མ་ཟད། ངས་རང་གིས་རང་ལ་སྡུག་ཅག་ཚོར་བ་སོང་ཙང་། ནག་ཉེས་ཤིག་ཡོད། 

“གང་ཡིན་ཞེ་ན། ངས་རང་གིས་རང་ལ་སྡུག་ཅག་ཚོར་གྱི་རེད་” ཅེས་པ་འདི་ནི་ངའི་སློབ་མ་འགའ་ཞིག་གིས་ལན་འདེབས་བྱས་པ་དང་འདྲ་པོ་འདུག

མི་གཞན་དག་གིས་ང་ལ་རྫུན་ཤོད་པ་དེ་ལ་ང་རང་མི་དགའ་བ་སོང་ཙང་། ངས་རྫུན་ཤོད་ཀྱི་མེད། 

འདི་ནི་རྫུན་བཤད་པའི་འབྲས་བུར་མི་གཞན་དག་གིས་ང་ཚོར་རྫུན་ཤོད་ཀྱི་རེད་ཅེས་པའི་ཆོས་ལག་ལེན་དངོས་ལ་འཇུག་གི་ཡོད། དེ་བཞིན་མགོ་སྐོར་བསླུ་བྲིད་ཀྱི་རྗེས་འབྲས་སུ་མི་གཞན་དག་གིས་ང་ཚོར་མགོ་སྐོར་གཏོང་གི་རེད། རྟག་ཏུ་བར་ཆད་བྱེད་པ་དང་དོན་མེད་ཀྱི་ངག་འཁྱལ་བྱེད་པའི་འབྲས་བུར་ང་ཚོར་སུས་ཀྱང་དོ་གལ་ཆེན་པོ་བརྩི་གི་མ་རེད། 

གལ་ཏེ་ང་ཚོར་རྗེས་འབྲས་དང་མ་འོངས་པའི་དཀའ་ངལ་མི་འདོད་པ་སོགས་གང་འཚམས་ཀྱི་ལྷག་བསམ་རྣམ་དག་ཡིན་ན། འདོད་པ་དེ་ནི་ཆོས་ལ་ཏག་ཏག་རན་འཚམས་ཆགས་ཀྱི་ཡོད། འོན་ཀྱང་། ང་རང་སྒེར་གྱི་ངོས་ནས་གང་ཤེས་རྟོགས་བྱུང་བ་དང་ངའི་སློབ་མ་ཚོ་ནས་ནམ་རྒྱུན་གྱི་ལན་འདེབས་ནི། “དེ་ནི་འགྲིག་པ་དང་ཡང་དག་པ་ཞིག་ཚོར་གྱི་མི་འདུག་” ཅེས་པ་དེ་རེད། མགོ་སྐོར་གཏོང་བ་དང་རྫུན་ཤོད་པ་ཡང་ན་སྤྱོད་ངན་ཅན་གྱི་མི་ཞིག་བྱེད་པ་ནི་ཡང་དག་པ་དང་འགྲིག་པ་ཞིག་ཚོར་གྱི་མེད། དེ་ནི་ཧ་ཅང་སྟབས་བདེ་པོ་ཞིག་ཡིན་ནའང་། གཏིང་ཟབ་པའི་ལན་འདེབས་ཤིག་རེད། ང་ཚོ་མི་བདེ་བ་ཚོར་གྱི་ཡོད། 

ད་ང་ཚོས་སེམས་བྱུང་ལྔ་བཅུ་རྩ་གཅིག་གི་སྐོར་ལས་རྟོག་པའི་སྒྲོམ་གཞི་ཁྱེར་ནས་ཚོར་བ་འདི་གང་གིས་མཚོན་གྱི་ཡོད་ལྟ་དགོས། “དེ་ནི་འགྲིག་པ་དང་ཡང་དག་པ་ཞིག་ཚོར་གྱི་མི་འདུག་” ཅེས་པའི་མངོན་ཚུལ་དེ་ང་ཚོས་འགྲེལ་བརྗོད་ཅི་ལྟར་བྱེད་དམ། ངོ་ཚ་ཤེས་པ་ཟེར་བའི་སེམས་བྱུང་གཅིག་ཡོད། ང་ཚོར་གང་འབྱུང་བ་དང་སོ་སོའི་བྱ་སྤྱོད་ཀྱིས་རང་ཉིད་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པར་གཟབ་ནན་བྱེད་ཀྱི་ཡོད། དེ་ནི་ཆེ་མཐོང་དང་རང་གིས་རང་ལ་རིན་ཐང་བརྩི་བ་ཞིག་རེད། ང་ཚོས་སོ་སོ་རང་ཉིད་ཀྱི་དོན་དུ་འདང་ངེས་བསམ་བློ་གཏོང་གི་ཡོད་པས། བྱ་སྤྱོད་དེ་འདྲ་སྤེལ་བར་རང་གིས་རང་དམའ་སར་བསྒུར་ངེས་མ་རེད། ང་ཚོར་རང་མཐོང་ཆེ་བ་ཡོད། དམན་པའི་སྒོ་ནས་བྱ་སྤྱོད་སྤེལ་རྒྱུ་དེ་འགྲིག་པ་ཞིག་ཚོར་གྱི་མེད། རང་གིས་རང་ལ་གུས་ཞབས་ཆེ་དྲག་གི་ཡོད་པ་དང་དེ་ནི་ང་ཚོར་ཆགས་འདོད་ཡོད་པའི་གང་ཟག་གི་རིགས་མིན། 

སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཆོས་མངོན་པ་མཛོད་ཀྱི་ནང་། སེམས་བྱུང་འདིས་དགེ་བའི་སྤྱོད་ལམ་ཐམས་ཅད་ཀྱི་གྲོགས་བྱེད་ཀྱི་ཡོད་ཅེས་གསུངས། ང་ཚོར་རང་ལ་ཆེ་མཐོང་དང་ངོ་ཚ་མེད་པའི་སྐབས། མི་དགེ་བའི་ལས་བྱེད་ཀྱི་ཡོད། སོ་སོའི་སྤྱོད་ལམ་གྱིས་རང་གིས་རང་ལ་ཇི་ལྟར་ཤུགས་རྐྱེན་སྤྲོད་ཀྱི་ཡོད་མེད་ལ་ང་ཚོས་དོ་འཁུར་མི་བྱེད་པ་རེད། དེ་ནི་མི་གཞན་དག་གིས་ང་ཚོའི་སྐོར་ལ་གང་བསམ་པ་དེ་མིན་པར། ང་ཚོས་རང་གིས་རང་ལ་གང་བསམ་པ་དེས་དོན་ངོ་མའི་སོ་སོའི་སྤྱོད་ལམ་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། འདིའི་དོན་ནི་ཀུན་རྫོབ་ཀྱི་བདག་བཟང་པོའི་འདུ་ཤེས་ཅན་ལ་བརྟེན་ནས་ང་ཚོས་རང་གིས་རང་ལ་གུས་ཞབས་བྱེད་ཀྱི་ཡོད། འདི་ལ་བརྟེན་ནས་ལམ་རིམ་པར་འགྲིམས་ནས་ཡར་རྒྱས་འགྲོ་བ་དང་བསྟུན་ནས་ང་ཚོས་དེ་མཐོང་ཐུབ་པ་དང་། རང་གིས་རང་ལ་བཟང་ཕྱོགས་དགེ་བའི་བསམ་བློ་ཇེ་མང་དུ་སྐྱེད་ཀྱི་ཡོད། དེ་ལྟ་བུའི་བློའི་ཁྱེར་སོ་ནི་ནུབ་ཕྱོགས་ཀྱི་ཐ་སྙད་ “བདག་བཟང་པོའི་འདུ་ཤེས་ཅན་” ཞེས་པ་དེ་བཀོལ་སྤྱོད་བྱེད་སྐབས། ངས་འགྲེལ་བརྗོད་བྱེད་ཀྱིན་ཡོད། འདིའི་ཐད་ལ་བསམ་བློ་ཐོངས།

(སྒོམ་དུས།)

བརྙན་པར། འབུམ་རམས་པ་ཆོས་ཉིད་ཊེ་ལར། “ལང་ཤོར་གྱི་ངོ་ཚ་ལས་ཐར་བར་བྱེད་པ།”  

སློབ་དཔོན་དབྱིག་གཉེན་གྱིས་དགེ་བའི་སྤྱོད་ལམ་ཀུན་གྱི་གྲོགས་བྱེད་པའི་སེམས་བྱུང་གཉིས་པ་གསུངས་པ་དེ་ནི་ཕལ་ཆེར་ཨེ་ཤི་ཡའི་སྐབས་དོན་དང་འབྲེལ་ཆེ་བ་ཡོད་སྲིད། ཡིན་ནའང་། དེ་ང་ཚོར་ཇི་ལྟར་འབྲེལ་བ་ཆགས་ཀྱི་ཡོད་བརྟག་དཔྱད་བྱེད་དགོས། སེམས་བྱུང་འདི་ནི་ང་ཚོའི་བྱ་སྤྱོད་ལ་བརྟེན་ནས་གཞན་དག་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པའི་ཁྲེལ་ཡོད་པ་དེ་རེད། ཨེ་ཤིའི་མི་རྣམས་ཀྱིས་སྤྱིར་བཏང་ཐུན་མིན་གྱི་ཆ་ནས་རང་གིས་རང་ལ་སྒེར་ཙམ་ཞིག་ཏུ་མི་བསམ་པར་ཁྱིམ་ཚང་ཞིག་གི་ནང་མི་ལྟ་བུར་བསམ་གྱི་ཡོད། མི་གཅིག་གི་བྱ་སྤྱོད་སྤེལ་སྟངས་དེས་ཁྱིམ་ཚང་ཡོངས་སུ་རྫོགས་པའི་མཚན་གནས་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ཁོང་ཚོས་རང་ཉིད་ཀྱི་ཁོངས་སུ་གཏོགས་པའི་རྒྱ་ཆེ་བའི་ཁྱིམ་ཚང་ལ་མིང་ངན་བཟོ་བའམ་ངོ་ཚ་པོ་བཟོ་འདོད་མེད། ལར་ཞེན་དེ་ནི་ད་དུང་ཁོང་ཚོས་ངོས་འཛིན་བྱེད་པའི་སྡེ་ཚན་དེ་ལས་རྒྱ་ཆེ་བར་རྒྱ་སྐྱེད་གཏོང་ཆོག་སྟེ། ཁོང་ཚོའི་ཁྱིམ་མཚེས་དང་། གྲོང་སྡེ། རིགས་རུས། རྒྱལ་ཁབ། ཆོས་ལུགས་ལ་སོགས་པ་ལྟ་བུའོ། །གནད་དོན་འདི་ནི་ང་ཚོའི་སྤྱོད་ལམ་གྱིས་གཞན་ལ་ཤུགས་རྐྱེན་དང་ཕན་གནོད་ཇི་ལྟར་ཡོང་གི་ཡོད་དམ་ཞེས་པ་དེ་རེད། གལ་ཏེ་ང་ཚོས་འདི་ལ་གཟབ་ནན་བྱེད་ཀྱི་ཡོད་ན། མི་དགེ་བའི་ལས་བྱ་རྒྱུ་དེའང་སྤོང་ངེས་རེད། སློབ་དཔོན་དབྱིག་གཉེན་ལྟར་ན། སེམས་འཁུར་འདི་ནི་མི་དགེ་བའི་ལས་སྤོང་བའི་སེམས་ཀྱི་གནས་བབས་ཀྱི་ནང་ཡོད་པ་དང་དེའི་ཕྱོགས་ཙམ་ཞིག་ནི་དགེ་བའི་སྤྱོད་ལམ་གྱི་མཚན་ཉིད་ཇི་ལྟར་བསྟན་པ་དེ་རེད། 

ནུབ་ཕྱོགས་ཀྱི་སྤྱི་ཚོགས་ནང་། སྒེར་གྱི་ཐོག་ལ་ཧ་ཅང་ནན་བརྗོད་བྱེད་པར་བརྟེན་དགེ་བའི་སྤྱོད་ལམ་གྱི་ནང་སེམས་བྱུང་འདི་ཅི་འདྲའི་ཀུན་ལ་ཁྱབ་པ་ཞིག་མིན་ནམ་སྙམ། ང་ཚོས་རང་གིས་རང་ལ་བརྟག་དཔྱད་བྱེད་དགོས། ང་ཚོའི་ནང་མི་ཚང་མ་ཚུད་པའི་ཀུན་རྫོབ་ཀྱི་ “བདག་” འདིའི་གོ་དོན་ཆེ་བ་ཞིག་ཡོད་དམ། གཞི་རྐང་ནས་ང་ཚོས་སོ་སོའི་ངོ་བོའི་ཆ་ཤས་ཡིན་པར་ཚོར་བའི་ཚན་པ་ཆེ་བ་ཞིག་ཡོད་དམ། དེ་ནི་སྒེར་སོ་སོའི་གནད་དོན་ཞིག་རེད་བསམ་གྱི་འདུག །དཔེར་ན། བུད་མེད་ཅིག་གིས་སྒེར་སོ་སོའི་བྱ་སྤྱོད་ཀྱིས་སྤྱི་ཡོངས་ནས་བུད་མེད་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པར་བསམ་ཞིབ་བྱེད་སྲིད། གལ་ཏེ་བུད་མེད་ཀྱིས་བྱ་སྤྱོད་འདི་འདྲ་ཞིག་གམ་དེ་འདྲ་ཞིག་བྱས་ན། མི་རྣམས་ལ་བུད་མེད་ཀྱི་ཕྱོགས་སུ་འཇིགས་སུ་རུང་བའི་ལྟ་ཚུལ་དང་བསམ་ཚུལ་དམའ་པོ་འདི་ཡོང་གི་རེད་ཅེས་བསམ་ཆོག །དེར་བརྟེན་སྤྱི་ཚོགས་ཀྱིས་བུད་མེད་རྣམས་ལ་གུས་ཞབས་བྱེད་པ་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པའི་ཆ་རྐྱེན་ཞིག་བུད་མེད་ཚོས་ངེས་པར་དུ་སྐྲུན་དགོས་ཞེས་ཁོ་མོས་བསམ་ངེས་རེད། 

སེམས་བྱུང་འདི་ལ་བརྟེན་ནས་ནང་པའི་ཚོས་བྱ་སྤྱོད་ཇི་ལྟར་སྤེལ་གྱི་ཡོད་པའི་ཐད་མི་རྣམས་ཀྱིས་གང་བསམ་སྲིད་པ་ལ་ང་ཚོས་སེམས་འཁུར་བྱེད་ངེས་རེད། རྒྱལ་ཁབ་ཆུང་ཆུང་ལཏ་ཝི་ཡ་ལྟ་བུ་ལ་མི་རྣམས་ཀྱིས་གང་བསམ་ངེས་རེད་དམ། དཔེར་ན། གལ་ཏེ་འཛམ་བུ་གླིང་གིས་འདི་ནི་གལ་གནད་མེད་པའི་རྒྱལ་ཁབ་ཆུང་ངུ་ཞིག་རེད་ཅེས་བསམས་ན། འདིར་ཡོད་པའི་མི་རྣམས་བསམ་བློ་འདིས་སེམས་སྐུལ་ཐེབས་པ་དང་འདི་ལ་བརྟེན་ནས་མི་རྣམས་ལམ་ལྷོང་ལྡན་པ་དང་ལེགས་བཅོས་ལྡན་པ་ཆགས་སྲིད་པའམ། ཡང་ན་གསར་གཏོད་ལྡན་ལ། ཡང་དག་པ་དང་བསྟོད་པར་འོས་པའི་བྱ་བ་བྱེད་སྲིད། དེ་ཡང་དེ་དག་གི་རྒྱལ་ཁབ་ལ་སྤྱི་ཡོངས་ནས་ཡང་དག་པར་བསམ་ངེས་པ་རེད། 

གང་ལྟར་ཡང་། ང་ཚོས་སེམས་བྱུང་དེ་གཉིས་ལ་བརྟེན་ནས་གང་ཞིག་ཡར་རྒྱས་གཏོང་དགོས་ཞེ་ན། རང་གི་བྱ་བ་བྱེད་སྟངས་དང་། སྐད་ཆ་ཤོད་སྟངས། བསམ་བློ་གཏོང་སྟངས་བཅས་ལ་འགན་འཁྲི་ཡོད་པའི་ཚོར་སྣང་ཞིག་གོང་འཕེལ་གཏོང་དགོས། འདིས་ “བདག་” བཟང་པོའི་འདུ་ཤེས་ཅན་ཞིག་སྐྲུན་གྱི་ཡོད། ང་ཚོར་མི་སྐྱིད་པའམ་སྡུག་བསྔལ་འདོད་ཀྱི་མེད། ང་ཚོར་བདེ་སྐྱིད་འདོད་པ་དང་དེ་ཡང་གློ་བུར་གྱི་རེ་འདོད་ཁེངས་པའི་ཚིམ་སྣང་ཙམ་དུ་མ་ཟད། མ་འོངས་པ་ལའང་བདེ་སྐྱིད་འདོད་ཀྱི་ཡོད། མ་འོངས་པའི་བདེ་སྐྱིད་ལ་ངེས་བརྟན་བཟོ་ཕྱིར། ང་ཚོས་གློ་བུར་གྱི་ཚིམ་སྣང་དེ་ཕར་འགྱངས་གཏོང་འདུན་ཡོད། འདི་ལ་དེང་རབས་ཀྱི་དཔེ་མཚོན་ཞིག་ནི་ང་ཚོའི་མ་འོངས་རྒས་པའི་དོན་དུ་གསོག་སྲུང་བྱེད་པའམ་ཡང་ན་ང་ཚོས་གང་ཐུབ་པ་དེ་ཁོ་ན་ཉོ་བ་དང་། ཕྱིས་སུ་བུ་ལོན་འཇལ་མི་ཐུབ་པའི་སེམས་འཁྲེལ་མེད་པའམ་དངུལ་ཚང་མ་མི་ཤོར་བའི་ཆེད་དུ་བུན་བྱང་ (credit) སྤྱད་ནས་མི་ཉོ་བ་ལྟ་བུ་རེད། 

དེ་ནི་ང་ཚོས་མི་དགེ་བའི་བྱ་སྤྱོད་མི་སྤོང་བར་རྒྱུ་བྱེད་པའི་ “བདག་” བཟང་པོའི་འདུ་ཤེས་ཅན་ཞིག་ལ་གཞི་བྱས་པའི་འགན་འཁྲིའི་ཚོར་སྣང་ཞིག་རེད། འགན་འཁྲིའི་ཚོར་སྣང་འདི་ནི་ཐོག་མར་ང་ཚོས་སོ་སོའི་སྤྱོད་ལམ་གྱི་རྗེས་འབྲས་མྱོང་རྒྱུ་ཡིན་པ་ཤེས་པ་ལས་འབྱུང་གི་ཡོད། ང་ཚོས་གཞན་ལ་མགོ་སྐོར་གཏོང་བ་དང་རྫུན་བཤད་པ། དེ་བཞིན་གཞན་ལ་དཀའ་ངལ་སྤྲོད་པའི་སྐབས། སྐྱིད་པོ་མེད་པ་དང་སྡུག་ཅག་ཚོར་གྱི་ཡོད་པ་དེ་ཤེས་དགོས། འདི་ནི་ད་ལྟ་ཙམ་འབྱུང་གི་ཡོད་པ་མ་ཟད། མ་འོངས་པའི་ནང་དུའང་འབྱུང་གི་རེད། སྟབས་བདེ་པོའི་སྒོ་ནས་བཤད་ན། ང་ཚོས་སྡུག་ཅག་ཚོར་གྱི་མེད། 

འདིའི་སྐོར་བསམ་བློ་གཏོང་དགོས་པའི་དཔེ་མཚོན་ཧ་ཅང་ཡག་པོ་ཞིག་ནི། ངང་ངམ་ཤུགས་ཀྱི་སེམས་འཁྲལ་དེ་རེད། ང་ཚོས་སེམས་འཁྲེལ་བྱེད་བཞིན་པའི་སྐབས། སྐྱིད་པོ་ཞིག་ཡོད་དམ། མེད། རྩ་བ་ནས་མེད། ང་ཚོས་ག་དུས་ཡིན་ནའང་ངང་ངམ་ཤུགས་ཀྱིས་སེམས་འཁྲེལ་བྱེད་ཀྱི་ཡོད་པ་སོང་ཙང་། དེ་བསྐྱར་ལྡབ་ཡང་ལྡབ་བྱེད་པ་དང་ཕུགས་རྒྱང་རིང་པོའི་མི་སྐྱིད་པའམ་སྡུག་བསྔལ་ཆགས་ཀྱི་ཡོད། དེ་ལ་བརྟེན་ནས་སེམས་ངལ་ཡིད་ཞུམ་ཆགས་སྲིད་པ་རེད། རང་ཉིད་ལ་གནོད་བྱར་གྱུར་བའི་སྤྱོད་ལམ་གྱིས་ང་ཚོར་མི་སྐྱིད་པའམ་སྡུག་བསྔལ་སྐྲུན་གྱི་ཡོད་པའི་འབྲེལ་ལམ་དེ་ང་ཚོས་བཟོ་དགོས་ཀྱི་ཡོད། “ངས་དེ་སྤོང་འདོད་འདུག་ལ་མཚམས་འཇོག་བྱ་འདོད་འདུག་” ཅེས་བསམས་ནས་ང་ཚོས་འགན་འཁྲི་དང་ལེན་བྱེད་དགོས། དེ་ནི་ལས་སླ་པོ་ཞིག་མེད་སྲིད། ངང་ངམ་ཤུགས་ཀྱི་སྤྱོད་ལམ་དེ་མཚམས་འཇོག་བྱ་རྒྱུ་ཧ་ཅང་ཁག་པོ་ཡོད་པ་དང་དེ་ལ་ཧ་ཅང་རང་ཚུགས་ཡོད་པའམ་རང་གིས་རང་ལ་སྟངས་འཛིན་ཐུབ་པ་དགོས། 

(སྒོམ་དུས།)

རང་སྡོམ་གྱི་སྟངས་འཛིན་ལག་བསྟར་བྱེད་པ།

སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པ་འདིའི་ཐབས་ཚུལ་ཡོངས་སུ་རྫོགས་པ་ནི་རང་གིས་རང་ལ་སྟངས་འཛིན་ནམ་རང་སྡོམ་གྱི་སྟངས་འཛིན་ལ་སྦྱོང་བརྡར་བྱ་རྒྱུ་དེ་རེད། ང་ཚོས་མི་དགེ་བའི་བྱ་སྤྱོད་སྤེལ་རྒྱུའི་ཚོར་སྣང་སྐྱེ་བའི་སྐབས། དེ་ནི་རང་གིས་རང་ལ་གནོད་པ་ཞིག་ཆགས་རྒྱུ་ཡིན་པ་དང་དེས་དཀའ་ངལ་མང་དུ་བཟོ་རྒྱུ་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། བྱས་ཙང་། ང་ཚོས་རང་ཚུགས་ཟིན་ནས་གང་བྱ་འདོད་ཀྱི་ཚོར་སྣང་སྐྱེས་པ་དེ་དངོས་སུ་བྱེད་ཀྱི་མེད། གལ་ཏེ་ང་ཚོས་ཟས་ཚོད་ངེས་ཅན་བསྟེན་ཐབས་བྱས་ཡོད་ན། འདིའི་སྐོར་ཚང་མ་ཤེས་ཀྱི་རེད། ང་ཚོས་རྒྱུ་མཚན་གང་ཡིན་རུང་ “ལུས་ཀྱི་ལྗིད་ཚད་གཅོག་དགོས་” ཞེས་བསམས་ནས་ཟས་ཚོད་ངེས་ཅན་ལ་བསྟེན་གྱི་ཡོད། དེ་ནི་རང་ཉིད་ཀྱི་འཕྲོད་བསྟེན་དང་མཐོང་སྣང་ཡག་པོ་ཡོང་བའི་ཕྱིར་སོ་སོ་སྒེར་རྒྱུ་མཚན་དུ་བྱས་ནས་ཟས་ཚོད་ངེས་ཅན་བསྟེན་པ་ཞིག་ཡིན་སྲིད། འོན་ཀྱང་། ཟས་ཚོད་ངེས་ཅན་བསྟེན་རྒྱུ་ཐག་གཅོད་བྱེད་པའི་རྒྱུ་མཚན་ཙམ་གྱིས་ང་ཚོས་ཟས་བཟའ་འདོད་ཡོད་པ་ལ་མཚམས་འཇོག་བྱེད་དགོས་པའི་དོན་མིན། ང་ཚོས་ད་དུང་ཡང་ཁ་ལག་བཟའ་འདོད་ཡོང་གི་རེད། དེ་ནི་དཔེར་ན། སྔོན་གྱི་ལས་ཀྱི་བག་ཆགས་སད་པའམ་སྨིན་པའི་རྐྱེན་གྱིས་ང་ཚོས་བག་ཟན་ཚོང་ཁང་བརྒྱུད་ནས་འགྲོ་བའི་སྐབས་འཁུར་རའམ་ཀེག་མཐོང་ནས་དེའི་དུམ་བུ་གཅིག་བཟའ་འདོད་སྐྱེ་གི་ཡོད། འདོད་པ་འདི་ནི་ལས་ཀྱི་བག་ཆགས་སྨིན་པ་ལྟར་རང་ཤུགས་ཀྱིས་སྐྱེ་གི་ཡོད། གནས་སྟངས་དེའི་སྐབས་སུ་འདོད་པའི་ཚོར་བ་དེ་ང་ཚོས་སྤོང་ཐུབ་ཀྱི་མ་རེད། འདི་ལ་སྡུག་ཅག་མི་ཚོར་རྒྱུ་དེ་གལ་ཆེན་པོ་རེད། ང་ཚོས་ཚོང་ཁང་དུ་འཛུལ་ནས་འཁུར་ར་དེ་ཉོ་འདོད་སྐྱེས་པའི་སྐབས་དེའི་ཚེ་ན་རང་གིས་རང་ལ་སྟངས་འཛིན་དང་ཚོད་འཛིན་ལག་བསྟར་བྱེད་དགོས་པའི་དོན་རེད། རང་གིས་རང་ལ་སྟངས་འཛིན་དེ་དགོས་ཤིང་། དེ་ངང་ངམ་ཤུགས་ཀྱིས་ཉོ་རྒྱུ་མེད་པའམ་ཡང་ནས་ཡང་དུ་རྒྱུན་ཆད་མེད་པར་འཁྱགས་སྒམ་གྱི་འགྲམ་དུ་རྒྱུ་མེད། 

འདི་ནི་ལས་སླ་པོ་ཞིག་མེད། ཡོད་དམ། ཡིན་ནའང་། རང་སྡོམ་གྱི་སྟངས་འཛིན་དེ་གང་ལ་རག་ལུས་ཡོད་དམ། དེ་ནི་གང་ཕན་ཐོགས་ཅན་དང་གང་གནོད་གཞི་ཅན་ཡིན་པར་རྣམ་པར་འབྱེད་པའི་ཤེས་རབ་ཙམ་ལ་རག་ལུས་མེད། “གལ་ཏེ་ངས་མི་དགེ་བའི་སྒོ་ནས་ལས་བྱས་ན། དེས་དཀའ་ངལ་གྱི་རྒྱུ་བྱེད་ཀྱི་ཡོད་” པ་དེ་ང་ཚོས་ཤེས་ཀྱི་ཡོད། དེར་བརྟེན་ང་ཚོས་ཡང་དག་པའི་སྒོ་ནས་རྣམ་པར་འབྱེད་ཐུབ་ཀྱི་ཡོད། འོན་ཀྱང་། ནམ་རྒྱུན་ང་ཚོས་ “ངས་དེ་ཤེས་ནའང་། རང་གིས་རང་ལ་སྟངས་འཛིན་བྱེད་ཀྱི་མི་འདུག་” ཅེས་ཀྱང་བརྗོད་ཀྱི་ཡོད། དེ་འདྲ་ཡོང་གི་ཡོད། ང་ཚོས་ཐ་མག་འཐེན་མི་ཉན་པ་ཤེས་ཀྱི་ཡོད་ལ། དེ་སྤོང་ཐབས་བྱེད་ཀྱིན་ཡོད། ཡིན་ནའང་། ད་དུང་ཡང་ང་ཚོས་ཐ་མག་འཐེན་འདོད་ཀྱི་ཚོར་བ་སྐྱེ་གི་ཡོད། ཚོར་བ་དེ་དང་འདོད་འདུན་དེ་ཡོང་རྒྱུ་རེད། གང་ཕན་ཐོགས་ཅན་དང་གནོད་གཞི་ཅན་ཡིན་པ་ཤེས་པ་དང་རྣམ་པར་འབྱེད་པའི་སྟེང་ལ་ང་ཚོར་ “བདག་” བཟང་པོའི་འདུ་ཤེས་ཅན་འདིའང་དགོས་ཀྱི་ཡོད། ང་ཚོར་རང་གིས་རང་ལ་གུས་ཞབས་དང་རང་གིས་རང་ལ་ཡོད་པའི་བཟང་ཕྱོགས་ཀྱི་ཚོར་བ་འདི་དགོས། འདི་ལ་གཞི་བྱས་ནས་ང་ཚོས་ཀུན་རྫོབ་ཀྱི་ “བདག་” གི་བློ་སྟོབས་ལག་བསྟར་བྱེད་ཐུབ། 

ད་ཁང་པའི་ནང་གི་ཐ་མག་འཐེན་མཁན་རྣམས་ཧ་ཅང་མི་བདེ་བ་དང་ཁོང་ཚོའི་གདོང་པ་དམར་པོར་འགྱུར་བཞིན་པ་མཐོང་གི་ཡོད། གང་ལྟར་ཡང་། གལ་ཏེ་ང་ཚོར་རང་གིས་རང་ལ་ཆེ་མཐོང་གི་ཚོར་བའམ་ངོ་ཚ་ཤེས་པ་དང་རང་གིས་རང་ལ་བཟང་ཕྱོགས་ཀྱི་བསམ་ཕྱོགས་འདི་ཡོད་ན། གཞི་ནས་ང་ཚོས་རང་སྡོམ་གྱི་སྟངས་འཛིན་དང་བློ་སྟོབས་ཧ་ཅང་བཟང་ཕྱོགས་དགེ་བའི་ལམ་ནས་ལག་བསྟར་བྱེད་ཐུབ་པ་ནི་དངོས་གནས་བདེན་པ་རེད་བསམ་གྱི་འདུག །དེ་མིན་ང་ཚོས་གཟབ་ནན་རྩ་ནས་མ་བྱས་ན། རང་སྡོམ་གྱི་སྟངས་འཛིན་གང་ཡང་ལག་བསྟར་མི་བྱེད་ལ། ང་ཚོར་བློ་སྟོབས་གང་ཡང་མེད། ང་ཚོའི་རང་སྡོམ་གྱི་སྟངས་འཛིན་དང་བློ་སྟོབས་ལ་གང་གིས་སྲ་བརྟན་བཟོ་གི་རེད་ཅེས་དཔྱད་པ་བྱ་རྒྱུ་དེ་ཧ་ཅང་དོ་སྣང་བྱ་འོས་པ་ཞིག་རེད། 

ང་ཚོས་ཏོག་ཙམ་གཟབ་ནན་བྱེད་དགོས། གང་ཡིན་ཞེ་ན། ང་ཚོས་རང་གིས་རང་ལ་སྟངས་འཛིན་ཡག་ག་བྱ་ཐུབ་པ་སོགས་ཀྱི་ཆེད་ཀུན་རྫོབ་ཀྱི་ “བདག་” འདིའི་བཟང་པོའི་འདུ་ཤེས་ཤིག་སྐྲུན་གྱིན་ཡོད་ནའང་། དེས་སྒྲོ་འདོགས་ཅན་གྱི་བདག་གི་འདུ་ཤེས་ཤིག་ཀྱང་ཁ་སྣོན་བྱེད་སྲིད་པ་རེད། ང་ཚོས་ཀུན་རྫོབ་ཀྱི་ “བདག་” སྐྲུན་པ་དང་དེའི་ཐད་ལ་འབད་བརྩོན་གང་ཙམ་བྱས་ཟིན་པ་དང་བསྟུན་ནས་སྒྲོ་འདོགས་ཅན་གྱི་བདག་ལ་ལྟ་ཞིབ་བྱེད་འགོ་ཚུགས་ཆོག་པ་ཡིན། སྒྲོ་འདོགས་ཅན་གྱི་བདག་ནི་ “ངས་རང་གིས་རང་ལ་སྟངས་འཛིན་བྱེད་ཐུབ་པ་ཞིག་དགོས་ནའང་། ངས་བྱས་མེད། བྱས་ཙང་། ང་རང་ཞན་པོ་དང་། ནག་ཉེས་ཅན། ཡག་པོ་མིན་” ཞེས་པ་ལྟ་བུ་ཚོར་བའི་བདག་དེ་རེད། དེ་ནི་སྒྲོ་འདོགས་ཅན་གྱི་བདག་དེ་ཡིན་པ་དང་བདག་དེ་ནི་ང་ཚོར་ད་དུང་ཡང་ཐོབ་མ་ཐུབ་པའི་ཡར་རྒྱས་གྱི་རིམ་པ་ཞིག་ལ་ཡོད་དགོས། འདི་ནི་གང་ཟག་ཅིག་གིས་སྤྱོད་ལམ་ཚང་མ་སྟངས་འཛིན་བྱེད་པའི་ཆེད་རྒྱུན་ཆད་མེད་པར་རང་གིས་རང་ལ་རྒྱུན་འཛིན་དང་སྟངས་འཛིན་བྱེད་མཁན་ལྟ་བུ་ཡིན་པ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་མཐའ་གཅིག་ཏུ་མཁྲེགས་པོ་ཆགས་ཀྱི་ཡོད། མི་དེ་དག་གིས་སྣང་མེད་གང་བྱུང་ནོར་འཁྲུལ་བྱེད་པ་དང་རང་ཚུགས་ཤོར་བའི་སྐབས། དངོས་གནས་ནག་ཉེས་ཅན་དུ་ཚོར་ནས་ “ངས་རང་གིས་རང་ལ་སྟངས་འཛིན་བྱས་ཐུབ་ཡོད་ངེས་རེད་” ཅེས་བསམ་གྱི་ཡོད། ཁོང་ཚོས་རང་གིས་རང་ལ་སེམས་ཁམས་ཀྱི་ཆ་ནས་གནོད་སྐྱོན་གཏོང་གི་ཡོད། 

ང་ཚོས་ཆོས་དང་དཔེ་མཚོན་རྣམས་ལ་དཔྱད་པའི་སྐབས། མཐའ་འདིའི་ནང་ཅི་འདྲའི་ལས་སླ་པོའི་སྒོ་ནས་འགྲོ་ཐུབ་པར་བསམ་བློ་གཏོང་ཆོག །ངས་འབན་གུང་རྒྱལ་ལམ་འཕན་རྐུན་རྒྱལ་གྱི་དཔེ་དེ་ལ་བསམ་བློ་གཏོང་བཞིན་ཡོད། འབན་གུང་རྒྱལ་ནི་བོད་ཀྱི་སྙན་གྲགས་ཡོད་པའི་དགེ་བའི་བཤེས་གཉེན་ཞིག་ཡིན་པ་དང་ཁོང་གིས་རྡོ་དཀར་ནག་བསྡུ་རུབ་གནང་སྟེ། དེས་དགེ་བ་དང་མི་དགེ་བའི་བསམ་བློ་མཚོན་པར་བྱས་ཡོད། དེ་ནི་ཁོང་གིས་དེ་སྔ་བྱས་པའི་ཕན་པ་དང་གནོད་པའི་ལས་རྣམས་མཚོན་པར་བྱས་ཡོད། ཉིན་མ་རེ་རེའི་ནང་ཁོང་གིས་རྡོ་ནག་པོ་གཅིག་ཟུར་དུ་བཞག་ནས་དེས་ཁོང་གི་སེམས་ནང་ཡོད་པའི་མི་དགེ་བའི་བསམ་བློ་མཚོན་པ་དང་རྡོ་དཀར་པོ་དེས་དགེ་བའི་བསམ་བློ་མཚོན་གྱི་ཡོད། ཉིན་གྱི་མཐའ་མའི་སྐབས་སུ་གལ་ཏེ་རྡོ་དཀར་པོ་ལས་ནག་པོ་མང་བ་ཡོད་ན། རང་གིས་རང་ལ་བཀའ་བཀྱོན་གནང་བ་དང་མ་འོངས་པར་དེ་ལས་ཡར་རྒྱས་གཏོང་རྒྱུར་ཐག་གཅོད་གནང་གི་ཡོད། ཡང་གལ་ཏེ་རྡོ་དཀར་པོ་མང་བ་ཡོད་ན། རང་གིས་རང་ལ་དགའ་བསུ་ཞུ་བ་དང་ཆབས་ཅིག་མ་འོངས་པའི་དུས་སུ་ད་དུང་དེ་ལས་ཡག་ག་བྱ་རྒྱུའི་ཐག་གཅོད་གནང་གི་ཡོད། འདི་ལྟ་བུའི་བྱ་སྤྱོད་ནི་གང་འཚམས་ཀྱི་གཉིས་སྣང་ཆགས་སྲིད་པ་རེད། མ་རེད་དམ།

གང་ལྟར་ཡང་། ཉིན་གྱི་མཐའ་མར་འདི་ལྟ་བུའི་རང་གིས་རང་ལ་བརྟག་ཞིབ་བྱེད་པ་ནི་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། དམིགས་བསལ་གལ་ཏེ་ང་ཚོའི་མི་ཚེའི་ནང་གང་འབྱུང་བཞིན་ཡོད་པ་མ་ཤེས་ན། ཕན་ཐོགས་ཆེན་པོ་ཡོད། ང་ཚོས་ནམ་རྒྱུན་དགེ་མི་དགེ་བའི་ལས་ག་ཚོད་བྱེད་ཀྱི་ཡོད་དམ། འདིའི་སྐོར་ལ་རྒྱུས་མངའ་མང་ཙམ་ཆགས་ན་ཕན་ཐོགས་ཡོད། ཡིན་ནའང་། ད་དུང་ཡང་ང་ཚོས་ “བདག་” ཅེས་བྱ་བ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ཉེན་རྟོག་པ་ཞིག་དང་ཡང་འདིར་ཡོད་པའི་ “བདག་” ནི་ཁྲིམས་སའི་ཞིབ་དཔྱོད་ལ་ཡོད་པའི་གཉིས་འཛིན་གྱི་ལྟ་བའི་མཐའ་རུ་མི་ལྷུང་བར་གཟབ་ནན་བྱེད་དགོས། མཁས་པ་ཆེན་པོ་ཞིག་གིས། གལ་ཏེ་ང་ཚོས་སོ་སོའི་མི་ཚེ་ལ་དྲང་པོ་དྲང་གཞག་གིས་བརྟག་དཔྱད་བྱས་ནས་ཐེངས་མ་ག་ཚོད་ཁོང་ཁྲོ་ལངས་ཡོད་པ་དང་། ཡིད་ལ་མི་སྡུག་པའི་ལས་བྱས་པ། སྤྱོད་ངན་བྱས་པ་དང་། ཡང་ཐེངས་མ་ག་ཚོད་ང་ཚོས་དངོས་གནས་སེམས་བཟང་པོ་དང་གཞན་ལ་ཕན་བཏགས་པ་བཅས་ལ་བལྟས་ན། དེ་ལྟར་ཐོ་གྲངས་དང་བཅས་བརྟག་དཔྱད་བྱེད་པ་ལ་བརྟེན་ནས་ང་ཚོ་མ་འོངས་པའི་མི་ཚེ་གང་དུ་འགྲོ་བཞིན་ཡོད་པ་ཧ་ཅང་གསལ་པོ་ཆགས་ངེས་རེད་ཅེས་གསུངས།

སོ་སོའི་སྤྱོད་ལམ་ལ་བརྟག་པ་དེས་གལ་ཏེ་ང་ཚོས་བྱ་བ་དེ་དབང་ཤུགས་ཆེན་པོའི་སྒོ་ནས་མི་དགེ་བ་ཆགས་ཀྱི་ཡོད་པ་ཤེས་ན། དེ་ལ་འཛེམ་ཟོན་བྱ་རྒྱུར་སེམས་སྐུལ་བྱེད་ཀྱི་ཡོད། འོན་ཀྱང་། རང་སྡོམ་གྱི་སྟངས་འཛིན་དང་བློ་སྟོབས་གོང་དུ་སྤེལ་བ་འདི་ཆོས་རྣམ་འབྱེད་ཀྱི་ཤེས་རབ་དང་ང་ཚོས་བྱ་བ་ཇི་ལྟར་བྱས་དང་བྱེད་མུས་ཀྱི་ཡང་དག་པའི་དཔྱད་ཞིབ་ལ་གཞི་བྱས་ཏེ། “བདག་” བཟང་པོའི་འདུ་ཤེས་ཅན་ཞིག་ལ་བརྟེན་ནས་བྱ་དགོས་ཀྱི་ཡོད། “བདག་” སྒྲོ་འདོགས་ཅན་འདི་ལ་དྭོགས་ཟོན་བྱ་དགོས། 

དོན་ངོ་མར་བདག་བཟང་པོའི་འདུ་ཤེས་ཡར་རྒྱས་གཏོང་བའི་ཐོག་མའི་ལམ་གྱི་རིམ་པ་འདིའི་ནང་། རང་སྡོམ་གྱི་སྟངས་འཛིན་དང་བློ་སྟོབས་ལག་བསྟར་བྱེད་པ་ནི་སྒྲོ་འདོགས་ཅན་གྱི་བདག་འདི་ལ་གཞི་བྱས་ཡོད་པ་གོར་མ་ཆག་པ་རེད། ང་ཚོས་ “ང་རང་སྟངས་འཛིན་གྱི་ནང་གནས་དགོས་” ཞེས་བསམ་གྱི་རེད། སྒྲོ་འདོགས་ཅན་གྱི་བདག་གི་འདུ་ཤེས་ཀྱི་བྱེ་བྲག་གནད་དོན་ཐད་ང་ཚོས་སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པའི་སྐབས་སུ་སྦྱོང་བརྡར་བྱ་རྒྱུ་ཡིན། ཐོག་མར་འགོ་འཛུགས་བྱེད་སྐབས་སུ་ང་ཚོས་སྒྲོ་འདོགས་ཅན་གྱི་བདག་ཅིག་གི་རིམ་པ་ལ་བརྟེན་ནས་འཇུག་རྒྱུ་ཡིན་པ་ནི་གང་འཚམས་ཀྱི་རང་བཞིན་རེད། དེ་ནི་ང་ཚོས་ཇི་ལྟར་འགོ་འཛུགས་བྱེད་ཚུལ་དེ་ཡིན་པ་དང་བཟང་སྤྱོད་ཀྱི་ཚུལ་ཁྲིམས་ཇི་ལྟར་ལག་བསྟར་བྱེད་ཕྱོགས་ཐད་ལ་ང་ཚོས་ལེགས་བཅོས་གོང་འཕེལ་གཏོང་དགོས་ཀྱི་ཡོད། 

དྲི་བ་ཁག

ལས་ཀྱི་བག་ཆགས་ལ་དཔྱད་པ།

བག་ཟན་ཚོང་ཁང་གི་དཔེ་མཚོན་ལ་བསམ་པའི་སྐབས། ང་ཚོ་ཚོང་ཁང་གི་ཉེ་འགྲམ་དུ་བསླེབས་པ་དང་དྲི་མ་ཁ་བ་དང་འཁུར་ར་མཐོང་ནའང་། དེའི་སྐབས་སུ་ང་ཚོས་གང་ཡང་བྱེད་ཐུབ་ཀྱི་མེད། ང་ཚོས་བློས་གཏོང་གི་ཡོད། ང་ཚོས་དེ་ལ་ཇི་ལྟར་འཇུག་པའི་ཐབས་ཚུལ་རྣམས་གང་རེད་དམ། ཕལ་ཆེར་ང་ཚོས་འགྲོ་ལམ་གཞན་ཞིག་གདམ་ཀ་བྱེད་དགོས་ངེས་ཡིན་པའམ་ཡང་ན་ཐབས་གཞན་ཞིག་འཚོལ་དགོས། ཁྱེད་ཀྱི་དགོངས་ཚུལ་གང་ཡིན་ནམ། 

སློབ་དཔོན་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་ནང་། སྨོན་པའི་བྱང་ཆུབ་སེམས་དཔའ་ཞིག་ལྟར་ང་ཚོས་ཕ་ཡུལ་ལམ་རང་ཁྱིམ་ག་དུས་སྤོང་དགོས་པ་ཆགས་སྲིད་དམ་ཞེས་པའི་སྐོར་གསུངས་ཡོད། དེའི་སྐབས་ཀྱི་ཚིགས་སུ་བཅད་པ་ནི། 

(༢) གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ། །དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར། །བླང་དོར་བརྗེད་པའི་གཏི་མུག་མུན་ནག་ཅན། །ཕ་ཡུལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས། 

ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོའི་གནས་སྟངས་དང་གཡས་གཡོན་གྱི་ཆ་རྐྱེན་རྣམས་ཉོན་མོངས་འབྱུང་བའི་རྒྱུར་བྱེད་པར་ཧ་ཅང་ཤུགས་ཆེན་ཡོད་པའི་སྐབས། གལ་ཏེ་དེ་ལ་སྟངས་འཛིན་བྱེད་ཐུབ་ཀྱི་མེད་ན། ང་ཚོས་གནས་སྟངས་དེ་འདྲ་བ་ནི་སྤོང་དགོས་ངེས་ཡིན། དེས་དཀའ་ངལ་སེལ་གྱི་མེད་ནའང་། མ་མཐར་ཡང་དེས་ང་ཚོར་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་པའི་གནས་སྐབས་རིང་གི་བར་སེང་ཞིག་སྤྲོད་ཀྱི་ཡོད། 

ང་ཚོར་གནས་སྟངས་འདི་འདྲ་ཡོད་པ་དང་བར་སེང་གི་དུས་ཚོད་ཅིག་སྤྲོད་པའི་སྐབས། ང་ཚོས་སོ་སོའི་ངང་ངམ་ཤུགས་ཀྱི་སྤྱོད་ལམ་དང་ཉོན་མོངས་རྣམས་ལ་གང་གིས་རྐྱེན་སློང་བྱ་རྒྱུ་ཡིན་པ་དེ་སྤོང་གི་ཡོད། གང་ལྟར་ཡང་། བརྟག་དཔྱད་བྱ་རྒྱུ་འགོ་བཙུག་དགོས། ང་ཚོས་གནས་སྟངས་དེ་ལ་དཔག་པའི་གདོང་ལེན་ཇི་ལྟ་བྱེད་དམ། དོན་ངོ་མར་གང་འབྱུང་བཞིན་ཡོད་པར་ལྟ་བའི་ཕྱིར་བརྟག་དཔྱད་བྱེད་པའི་སྒོ་ནས་ཐབས་ཚུལ་ཞིག་འཚོལ་ཐབས་བྱེད་དགོས། གནས་སྟངས་འདི་ལྟ་བུའི་ནང་ང་ཚོའི་ངང་ངམ་ཤུགས་ཀྱི་སྤྱོད་ལམ་གྱི་ཆེད་དུ་རྒྱུ་དང་རྐྱེན་མང་པོར་དཔྱད་པ་ནི་འདིར་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། ང་ཚོས་དེ་ནི་ལས་ཀྱི་རྒྱུ་ཁོ་ན་ལས་བྱུང་བ་ཙམ་དུ་མ་ཟད། རྐྱེན་གཞན་ཧ་ཅང་མང་པོ་ལས་བྱུང་བའང་ལྟ་དགོས་གལ་རེད། 

ལས་ཀྱི་བག་ཆགས་འདི་ལ་རྐྱེན་སློང་བྱས་ནས་སྨིན་ཏེ། ཚད་བརྒལ་བཟའ་བ་དང་། འཁུར་ར་དེ་ཉོ་བ། ཡང་ན་དེ་དང་འདྲ་མཚུངས་ཀྱི་ལས་བྱེད་པའི་རྐྱེན་མང་པོ་ཡོད། དེ་དག་ལས་རྐྱེན་གཅིག་ནི་འཁུར་ར་དེར་ཡོད་པའི་ཕྱིའི་བསྐུལ་བྱེད་དང་མི་ཞིག་གིས་དེ་ང་ཚོར་སྦྱིན་པ་དེ་ཡིན་ངེས་རེད། གནས་སྟངས་འདིས་དེ་ད་དུང་ཇེ་སྡུག་ཏུ་གཏོང་གི་ཡོད། གལ་ཏེ་ང་ཚོས་བརྟག་དཔྱད་བྱས་ན། འཁུར་ར་དེ་བཟའ་འདོད་ཀྱི་ཚོར་བ་ཅིའི་ཕྱིར་སྐྱེ་བའི་རྒྱུ་རྐྱེན་གཞན་ཧ་ཅང་མང་པོ་ཡོད་པ་མཐོང་གི་རེད། ད་དུང་སྤྱི་ཚོགས་ཀྱི་གནོན་ཤུགས་ཀྱང་ཡོད་དེ། དཔེར་ན། གལ་ཏེ་མི་ཚང་མས་འཁུར་ར་བཟའ་བཞིན་པ་དང་འདྲེན་ཟིན་པ་སོང་ཙང་། ང་ཚོ་ལའང་དུམ་བུ་གཅིག་དགོས་ངེས་ཀྱི་ཚོར་བ་སྐྱེ་གི་ཡོད། ཕྱོགས་གཅིག་ནས་ང་ཚོས་ཟས་ཚོད་ངེས་ཅན་བསྟེན་པ་ལ་བསམ་བློ་གཏོང་ཆོག་ནའང་། ང་ཚོ་ནི་ལྟོགས་བཞིན་ཡོད་པ་དང་བཟའ་རྒྱུ་གཞན་གང་ཡང་མེད་པ་རེད། ཡང་དཔལ་འབྱོར་གྱི་གནས་སྟངས་ཆ་ནས་སྔོན་སུའུ་ལེན་མནའ་འབྲེལ་རྒྱལ་ཁབ་ཀྱི་དུས་སྐབས་ལས་ད་ལྟའི་དུས་སུ་འདི་ག་ལཏ་ཝི་ཡར་འཁུར་ར་འབེལ་བ་ཡོད་སྲིད་པ་རེད། འདིར་ལས་ཀྱི་བག་ཆགས་ལ་བརྟེན་ནས་ཚད་བརྒལ་བཟའ་བའམ་དབང་པོར་ཚིམ་པའི་ཞེན་ཆགས་ཀྱི་འདོད་ཕྱོགས་ཤུགས་ཆེན་ཡོད་པ་མ་ཟད། ད་དུང་རྒྱུ་རྐྱེན་མང་པོ་ཡོད་པ་རེད། 

འདི་ལྟར་དཔྱད་པ་བྱེད་པའི་སྒོ་ནས་སྒྲོ་འདོགས་ཅན་གྱི་བདག་འདིའི་བར་ཆད་ལས་ཐར་བར་རོགས་བྱེད་ཀྱི་ཡོད། དེ་ནི་ “ང་རང་སྟངས་འཛིན་ནང་གནས་དགོས་ཀྱང་། སྟངས་འཛིན་གྱི་ནང་གནས་ཀྱི་མི་འདུག །ང་རང་ཧ་ཅང་ནག་ཉེས་ཅན་དུ་ཚོར་གྱི་འདུག་” ཅེས་པའི་ཚོར་བ་དེ་རེད། བསམ་བློ་དེ་འདྲ་སེམས་ཡོངས་སུ་མནན་པའི་སྒོ་ནས་འབྱུང་བའི་སྐབས། བག་ཟན་ཚོང་ཁང་བརྒྱུད་ནས་འགྲོ་བ་ལས་བར་སེང་ཞིག་བླང་དགོས། འོན་ཀྱང་། བར་སེང་དེའི་སྐབས་སུ་མི་སྐྱིད་པའམ་སྡུག་ཅག་ཚོར་རྒྱུ་མེད། དེ་ནི་སོ་སོ་རང་ཉིད་ཡར་རྒྱས་གཏོང་བའི་དུས་ཚོད་ཅིག་རེད། བར་སེང་དེ་ནི་ཉེས་ཆད་མིན། དེ་ནི་དེ་ལ་ལྟ་ཚུལ་ཧ་ཅང་མི་སྡུག་པ་ཞིག་ཡིན་པ་དང་བག་ཟན་ཚོང་ཁང་དེ་བརྒྱུད་ནས་འགྲོ་བར་ང་ཚོས་གདོང་ལེན་བྱེད་ཐུབ་པར་འདང་ངེས་ཀྱི་ཡག་པོ་མིན་པ་ལྟ་བུ་རེད། བྱས་ཙང་། ང་ཚོས་འགྲོ་ལམ་གཞན་དག་ཅིག་ནས་འགྲོ་དགོས། བསམ་བློ་གཏོང་སྟངས་འདིའི་རིགས་ལ་ཧ་ཅང་རང་མཐོང་དམའ་བ་དང་ལྡན་པ་རེད།

དེའི་ཚབ་ལ་ང་ཚོས་སྒྲོ་འདོགས་ཅན་གྱི་བདག་འདི་མེད་པར་བཟོ་བར་འབད་བརྩོན་ཏོག་ཙམ་བྱེད་དགོས། རང་གིས་རང་ལ་སྟངས་འཛིན་ཡག་པོ་ཞིག་མེད་པའི་རྒྱུ་མཚན་གྱིས་དེ་དག་ཐམས་ཅད་ཡོང་གི་ཡོད་པ་དེ་འདྲ་མ་རེད། ང་ཚོས་དེའི་ཆེད་དུ་འབད་བརྩོན་བྱེད་པ་དང་སྟངས་འཛིན་བྱེད་ཐུབ་པ་དང་བཟའ་འདོད་ཀྱི་ཚོར་བ་ཤུགས་ཆེན་ཡོད་པ་གཉིས་ཀ་རྒྱུ་དང་རྐྱེན་མང་པོ་ལ་བརྟེན་ནས་ཡོད་པ་མཐོང་གི་ཡོད། དེ་དག་རྒྱུ་རྐྱེན་མང་པོར་བརྟེན་ཡོད་ནའང་། དེས་ང་ཚོ་འགན་འཁྲི་ཚང་མ་ལས་མཐའ་གཅིག་ཏུ་ཐར་བར་བྱེད་ཀྱི་མེད། དེས་ང་ཚོའི་གནས་སྟངས་དེ་རྒྱ་ཆེ་བའི་ལྟ་ཚུལ་ཞིག་གི་ནང་འཇོག་གི་ཡོད། 

འདི་རྟོགས་པར་སྟབས་བདེ་བའི་དཔེ་མཚོན་ཞིག་ནི་ང་ཚོ་ཕན་ཚུན་འཆམ་མཐུན་གྱི་འབྲེལ་བ་བཟང་པོ་ཞིག་མེད་པའི་སྐབས་དེ་ཡིན་སྲིད། ང་ཚོས་སོ་སོའི་ཟླ་རོགས་དང་མཉམ་དུ་རྟག་པར་རྩོད་རེས་བྱེད་པ་དང་ཕན་ཚུན་ཡིད་ངག་གཉིས་ཀས་དམའ་འབེབས་གཏོང་རེས་བྱས་ནས་དེ་ལ་གདོང་ལེན་བྱེད་ཐུབ་ཀྱི་མེད། འདིར་ཐབས་ཚུལ་ཡག་ཤོས་དེ་ནི་ཁ་བྲལ་ནས་སྡོད་རྒྱུ་དང་གང་ཟག་དེ་གཡུགས་ནས་འགྲོ་རྒྱུ་དེ་རེད། འདི་ནི་བག་ཟན་ཚོང་ཁང་གི་དཔེ་མཚོན་སྐབས་སུ་ལག་བསྟར་བྱས་པའི་ཐབས་ཚུལ་དང་གཅིག་མཚུངས་རེད། ང་ཚོས་ཁ་བྲལ་ཏུ་གནས་པའི་སྒོ་ནས་ཡང་ཡང་བསྐྱར་ལྡབ་ཀྱི་འགྲོས་དེ་མེད་པ་བཟོ་དགོས། འོན་ཀྱང་། གལ་ཏེ་ང་ཚོ་ “དེ་དག་ཐམས་ཅད་ངའི་ནོར་འཁྲུལ་རེད་” ཅེས་པའམ་ “དེ་དག་ཐམས་ཅད་ཁྱེད་ཀྱི་ནོར་འཁྲུལ་རེད་” ཅེས་དེ་ལ་འཛིན་པ་དང་བཅས་ཚོར་བ་འདི་འདྲ་ཞིག་གི་སྒང་ལ་སྣང་མེད་དུ་གཡུགས་ན། ང་ཚོ་ཧ་ཅང་ལས་སླ་པོའི་སྒོ་ནས་སླར་མི་སོས་པ་དང་འབྲེལ་བ་རྗེས་མའི་ནང་འགྲོས་དེ་དང་འདྲ་བ་ཞིག་འབྱུང་རྒྱུ་ཕལ་ཆེར་ངེས་པ་རེད། དཔེར་ན། ང་ཚོར་འཁུར་ར་མེད་པ་སོང་ཙང་། ང་ཚོས་ངང་ངམ་ཤུགས་ཀྱིས་འཁུར་ར་བཟའ་ཡི་མེད། ཡིན་ནའང་། ང་ཚོས་ངང་ངམ་ཤུགས་ཀྱིས་གཞན་ཞིག་བཟའ་བཞིན་ཡོད། ང་ཚོས་ངང་ངམ་ཤུགས་ཀྱིས་བཟའ་བའི་དཀའ་ངལ་ལ་གདོང་ལེན་བྱས་མེད་པ་གསལ་པོ་རེད། 

ང་ཚོས་འབྲེལ་བ་བཟང་པོ་མིན་པ་འདི་གཡུགས་ནས་འགྲོ་བའི་སྐབས། རྒྱུ་རྐྱེན་དུ་མ་ལ་བརྟེན་ནས་ང་ཚོས་སླར་ཡང་འབྲེལ་བའི་ནང་བྱ་སྤྱོད་འདི་ལྟར་སྤེལ་གྱི་ཡོད། མི་གཞན་དེས་ཀྱང་རྒྱུ་རྐྱེན་དུ་མ་ལ་བརྟེན་ནས་བྱ་སྤྱོད་དེ་ལྟར་སྤེལ་གྱིན་ཡོད་པ་དང་གནས་སྟངས་ཡོངས་སུ་རྫོགས་པ་ཁོར་ཡུག་ཅིག་དང་། སྤྱི་ཚོགས་ཅིག །དུས་གཅིག །དཔལ་འབྱོར་གྱི་གནས་སྟངས་ཤིག་གི་ནང་ཡོད། དེ་དག་ཀྱང་རྒྱུ་རྐྱེན་གྲངས་ལས་འདས་པ་ལས་འབྱུང་གི་ཡོད། ང་ཚོས་གནས་སྟངས་ཡོངས་སུ་རྫོགས་པར་ཞིབ་དཔྱོད་བྱེད་དགོས། བྱ་སྤྱོད་ཇི་ལྟར་སྤེལ་བར་འགན་འཁྲི་དེ་ང་ཚོར་ཡོད་ནའང་། དེ་ནི་མི་སུ་ཞིག་གི་ནོར་འཁྲུལ་ངེས་ཅན་ཞིག་མིན། ང་ཚོར་ཀུན་རྫོབ་ཀྱི་ “བདག་” བཟང་པོའི་འདུ་ཤེས་ཅན་ཞིག་དགོས་པ་ལས། “དེ་དག་ཐམས་ཅད་ངའི་ནོར་འཁྲུལ་རེད་” ཅེས་པའམ་ “དེ་དག་ཐམས་ཅད་ཁྱོད་ཀྱི་ནོར་འཁྲུལ་རེད་” ཅེས་པའི་སྒྲོ་འདོགས་ཅན་གྱི་འདུ་ཤེས་ཤིག་མི་དགོས། 

འབྲེལ་བ་བཟང་པོ་མིན་པ་འདི་བཞག་ནས་ང་ཚོས་དཀའ་ངལ་རྩ་ནས་སེལ་གྱི་མེད་སྲིད། གང་ཡིན་ཞེ་ན། ང་ཚོས་གང་ཟག་བྱེ་བྲག་འདི་ལ་དཀའ་ངལ་སེལ་མེད། འབྲེལ་བ་འདི་ལས་ཕྱིར་འཐེན་བྱེད་པ་ལ་བརྟེན་ནས་རྗེས་མའི་འབྲེལ་བ་ལ་འགྲོ་སྟངས་དང་འགྲོས་གཅིག་པར་འཇུག་སྲིད་པས། ང་ཚོས་གནས་སྟངས་ཀྱི་དཀའ་ངལ་སེལ་ཐུབ་མེད་པ་རེད། 

རྒྱུ་མཚན་དེ་ལ་བརྟེན་ནས་ངས་གོང་དུ་བརྗོད་པ་ལྟར། བར་སེང་གི་དུས་ཚོད་དེ་བླང་བའི་སྐབས། དུས་ཚོད་དེ་བེད་སྤྱོད་བཏང་ནས་གནས་སྟངས་ཀྱི་དངོས་ཡོད་གནས་ཚུལ་ལ་དཔྱད་པ་དང་རྟོགས་ཐབས་བྱེད་དགོས། ང་ཚོས་གང་བཤད་པ་རྣམས་ནི་རྒྱུ་དང་རྐྱེན་དུ་མ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྐོར་དང་། དེ་ཡང་ “ཁྱེད་རང་མི་ངན་པ་ཞིག་ཡིན་པའམ་” “ང་རང་མི་ཡག་པོ་མིན་པའམ་” ཡང་ན་ “ང་ནི་རྟག་ཏུ་ཡང་དག་པ་དང་འགྲིག་གི་ཡོད་” པ་དེ་ཡིན་པའི་རྒྱུ་མཚན་ཙམ་གྱིས་མིན། དེ་དག་ཐམས་ཅད་ཀྱི་རང་གིས་རང་ལ་ཡོད་པ་དང་མི་གཞན་དེ་ལ་ཡོད་པའི་སྒྲོ་འདོགས་རྣམས་ཡིན་པ་རེད། ང་ཚོས་ལམ་སེང་རྒྱུག་ཕྱིན་ནས་འབྲེལ་བ་གཞན་ཞིག་བྱེད་པ་དེ་འདྲ་མིན། ང་ཚོས་དཔྱད་པ་བྱེད་པ་དང་རྟོགས་ཐབས་བྱ་ཕྱིར་བར་མཚམས་དེ་བཀོལ་སྤྱོད་བྱེད་དགོས། གཞི་རྐང་ནས་ང་ཚོས་རང་གིས་རང་ཡར་རྒྱས་གཏོང་དགོས་ཀྱི་ཡོད། 

ད་ང་ཚོས་སོ་སོ་རང་ཉིད་ཡར་རྒྱས་གཏོང་བའི་སྒོ་ནས་འབྲེལ་བ་དེའི་ནང་རང་འཇགས་འགྲོ་དགོས་དང་མི་དགོས་ཐག་གཅོད་བྱེད་དགོས། འབྲེལ་བ་འགའ་ཞིག་ནི་འབྲེལ་ཐག་རྩ་ནས་བཅད་པའི་རིགས་ཡོང་ཆོག །ཡིན་ནའང་། སོ་སོའི་ཕ་མ་དང་བུ་ཕྲུག་གི་འབྲེལ་བ་ལྟ་བུ་ནི་ང་ཚོས་རྩ་བ་ནས་འབྲེལ་ཐག་གཅོད་མི་ཐུབ། ང་ཚོས་འབྲེལ་ཐག་རྦད་དེ་གཅོད་ཆོག་ཀྱང་། དེ་ནི་དངོས་གནས་འོས་འཚམས་ཤིག་མིན། དེ་ནི་དུས་དང་གནས་སྟངས་རག་ལུས་པ་གསལ་པོ་རེད། འོན་ཀྱང་། གལ་ཏེ་ང་ཚོས་གང་ཟག་དེ་དང་མཉམ་དུ་སླར་ཡང་འབྲེལ་བར་འཇུག་དགོས་ན། ང་ཚོས་རང་གིས་རང་ལ་ཡར་རྒྱས་གཏོང་བའི་རྒྱུ་མཚན་ཙམ་གྱིས་ཁོང་ཚོས་ཀྱང་དེ་ལྟར་བྱས་ཡོད་པའི་དོན་མིན་པ་ཤེས་རྒྱུ་གལ་ཆེན་པོ་རེད། ཕ་རོལ་པོའི་ཕྱོགས་ནས་བསླེབས་པའི་འབྲེལ་བའི་ནང་དཀའ་ངལ་ཡོད་པ་རྣམས་ལ་ད་དུང་ཡང་གདོང་ལེན་བྱེད་དགོས་ཀྱི་ཡོད། 

དཔེ་མཚོན་གཞན་ཞིག་གི་ནང་། ངའི་གྲོགས་པོ་ཞིག་ལས་ཁུངས་གང་འཚམས་ཀྱི་ཟིང་འཁྲུག་ཅན་ཞིག་གི་ནང་ལས་ཀ་བྱེད་ཀྱིན་ཡོད། ཤུགས་གནོན་ཧ་ཅང་ཆེན་པོ་ཡོད་པ་སོང་ཙང་། ཁོས་བཟོད་ཐུབ་ཀྱི་མེད། ཁོང་ཧ་ཅང་བློ་ཕམ་དང་བཅས་གློ་བུར་སྐྲག་སྣང་སོགས་མྱངས་ཡོད། བྱས་ཙང་། ཁོང་གིས་ལས་ཀ་དེ་བློས་གཏོང་བྱས་པ་རེད། ད་ལྟ་ཁོང་གིས་བར་སེང་བླངས་ནས་རང་ཉིད་ཡར་རྒྱས་གཏོང་ཐུབ་ཀྱི་ཡོད། གལ་ཏེ་ཁོང་དེ་སྔོན་དུ་ཡོད་པའི་གནས་སྟངས་ཀྱི་ནང་རང་འཇགས་ཕྱིན་ན། ལས་ཀ་དེ་གཅིག་པ་ཞིག་ལ་འགྲོ་བའི་འགན་འཁྲི་མེད། ཡིན་ནའང་། ཁོས་ལས་ཁུངས་གཞན་ནམ་ལས་ཀ་གཞན་ནི་མཐའ་གཅིག་ཏུ་ཧ་ཅང་ཡག་པོ་ཡོད་པའི་རེ་བ་བྱ་མི་ཉན། དེ་ལྟར་མིན། ཤུགས་གནོན་མི་འདྲ་བ་ཡོང་གི་རེད། སློབ་དཔོན་ཞི་བ་ལྷས། ང་ཚོས་གཞན་དང་འབྲེལ་བ་བྱེད་པའི་སྐབས། དངོས་ཡོད་དང་མཐུན་པ་དགོས། ང་ཚོ་ཚང་མ་འཁོར་བའི་ནང་འཁར་ནས་ཡོད་པ་ནི་ཕྲུ་གུའི་སྣང་བ་ཅན་ཡིན་པ་དང་བཟོད་སྒོམ་ཆེན་པོའི་སྒོ་ནས་འདི་ལ་གདོང་ལེན་བྱེད་ཐུབ་པ་དགོས་ཞེས་གསུངས་པ་ལྟར་རེད། 

དེར་བརྟེན་ང་ཚོས་བཟོད་པ་དང་། བརྩོན་འགྲུས། གཞན་ལ་བསམ་ཤེས་སོགས་ལ་མཁོ་གནད་ཆེ་བའི་ཁྱད་ཆོས་ཚང་མ་རང་རྒྱུད་ལ་སྐྱེད་པར་འབད་བརྩོན་བྱེད་དགོས། འཛམ་གླིང་ནང་ཕྲུ་གུའི་སྣང་བ་ཅན་གྱི་མིས་ཁེངས་ནས་ཡོད་པ་ནི་སྙིང་རྗེ་གོང་འཕེལ་གཏོང་བའི་རྒྱུ་ཡག་པོ་ཞིག་རེད། འོན་ཀྱང་། སྙིང་རྗེ་གོང་འཕེལ་གཏོང་བར། ང་ཚོར་ “བདག་” བཟང་པོ་དང་བརྟན་པོའི་འདུ་ཤེས་ཤིག་དགོས། ང་ཚོར་ད་དུང་ཡང་རང་གིས་རང་ལ་གདེང་ཚོད་དང་ཡིད་ཆེས་གཞན་གྱི་སྡུག་བསྔལ་ལ་གདོང་ལེན་བྱེད་པར་ནུས་ཤུགས་དང་ལྡན་པ་ཞིག་དགོས། དེ་ནི་ “བདག་” བཟང་པོའི་འདུ་ཤེས་ཅན་ཞིག་ལ་གཞི་བྱེད་པ་ཞིག་དགོས་པ་ལས། “ངས་འཛམ་གླིང་བསྐྱབ་ཀྱི་ཡིན་” ཞེས་པའི་མགོ་རྙོག་ཅན་གྱི་བདག་སྒྲོ་འདོགས་ཀྱི་འདུ་ཤེས་ལ་བརྟེན་ནས་མིན། 

ས་བོན་དང་སེམས་བྱུང་སྐྱེ་བ།

ངའི་དྲི་བ་ནི་བསམ་བློའམ་རྣམ་རྟོག་གི་སྐོར་ལ་ཡིན། བསམ་བློ་དེ་དག་གང་ནས་ཡོང་གི་ཡོད་དམ། དཔེར་ན། བག་ཟན་ཚོང་ཁང་གི་དཔེ་མཚོན་སྐད་གྲགས་ཅན་འདི་ལ་ཡང་བསྐྱར་ཆ་བཞག་ན། སོ་སོ་རང་ཉིད་ཀྱི་འདོད་པ་དེ་ཁེངས་པའི་ཕྱིར། འཁུར་ར་འདི་ཉོ་བའི་བསམ་བློ་གཅིག་ཡོད་ཆོག །བསམ་བློ་གཞན་དེ་ནི། ང་ཚོས་མི་གཞན་ཞིག་སྐྱིད་པོ་ཡོང་ཕྱིར། འཁུར་ར་དེ་ཉོ་ཆོག །བསམ་བློ་གསུམ་པ་ནི་གནམ་སྔོན་པོ་རེད་ཅེས་པའི་འབྲེལ་མེད་ཀྱི་བསམ་བློ་ཞིག་ཡིན་སྲིད། བསམ་བློ་དེ་དག་གང་ནས་ཡོང་གི་ཡོད་པ་དང་བསམ་བློའི་ཁྱེར་སོ་གང་འདྲ་ཞིག་སེམས་ནང་འཁོར་གྱི་ཡོད་པ་གང་གིས་ཐག་གཅོད་བྱེད་དམ།

ད་ང་ཚོ་རྒྱུ་དང་འབྲས་བུར་མགོ་རྙོག་ཆེ་བའི་དཔྱད་པ་ཞིག་གི་ནང་འགྲོ་གི་ཡོད། ང་ཚོས་ནང་ཆོས་ནང་བག་ཆགས་ཀྱི་སྐོར་ཤོད་ཀྱི་ཡོད། དེ་ལ་ངོས་ནས་ཨིན་སྐད་ནང་ (tendencies) ཞེས་སྒྱུར་འདོད་ཡོད། དེ་ནི་ཚིག་དོན་ལྟར་བྱས་ན། ས་བོན་ཞེས་པའི་སྐད་དོད་ཡིན་ནའང་། ང་ཚོས་དེ་ལ་རང་གི་སེམས་ནང་ཕྱི་རོལ་གཟུགས་སུ་གྲུབ་པའི་ས་བོན་བཏབ་པར་གཞིགས་ནས་བསམ་བློ་གཏོང་མི་ཉན། དེ་ནི་ཞིང་པ་ཚོས་རྟོགས་ཐུབ་པའི་ཆེད་དུ་འདྲ་མཚུངས་སྟབས་བདེ་ཞིག་ཡིན་པ་རེད། དོན་ངོ་མར་ཐོག་མ་མེད་པའི་དུས་ནས་ང་ཚོས་བག་ཆགས་ཧ་ཅང་མང་པོ་བསགས་ཡོད། ང་ཚོའི་སྤྱོད་ལམ་ལས་བྱུང་བའི་ལས་ཀྱི་བག་ཆགས་ཡོད་པ་དང་དེ་དག་ནི་སྤྱོད་ལམ་བྱེ་བྲག་ཅིག་བསྐྱར་ལྡབ་ཡང་ལྡབ་བྱེད་པར་འདོད་པའི་ཚོར་བའི་ནང་སྨིན་གྱི་ཡོད་པ་སྟེ། དངོས་དོན་གྱི་ཐོག་ནས་བྱ་བ་གང་ཞིག་ཡང་ནས་ཡང་དུ་བྱ་རྒྱུའི་འདུན་པ་དེ་རེད། དེ་ག་ནང་བཞིན་བག་ཆགས་དེ་དག་བདེ་སྡུག་གི་ཚོར་བའི་ནང་སྨིན་པ་དང་མི་གཞན་དག་གིས་ང་ཚོའི་ཕྱོགས་སུ་དེ་དང་གཅིག་པར་བྱ་སྤྱོད་སྤེལ་བ་མྱོང་བའི་ནང་དུའང་སྨིན་གྱི་ཡོད། 

གལ་ཏེ་ང་ཚོས་འཁུར་ར་ཉོ་རྩིས་ཡོད་ན། ཐོག་མར་ང་ཚོས་བག་ཟན་ཚོང་ཁང་གི་སྒེའུ་ཁུང་ནས་ང་ཚོས་འཁུར་ར་མཐོང་བའི་རྗེས་སུ་སེམས་ནང་དེ་ཉོ་དགོས་པའི་ཚོར་བ་ཞིག་སྐྱེ་གི་ཡོད། དཔེར་ན། བསམ་བློ་དེ་ནི་དེའི་བག་ཆགས་ལས་འབྱུང་བའི་འདོད་པ་ཞིག་གིས་གྲོགས་བྱས་ཡོད། དེའི་རྗེས་སུ་ང་ཚོས་དངོས་སུ་ཚོང་ཁང་ནང་དུ་འཛུལ་ནས་འཁུར་ར་དེ་ཉོ་བའི་བསམ་བློ་ཞིག་སྐྱེ་འཇུག་པར་བྱེད་པའི་ནན་སྐུལ་གྱི་ལས་ཀྱི་ངར་ཤུགས་དེ་བསླེབ་ཀྱི་ཡོད་པ་དང་འཁུར་ར་ལ་ད་དུང་ཡང་འདོད་པ་དེ་ཡོད་པ་རེད། ང་ཚོས་དེ་ཉོ་རྒྱུ་ཐག་བཅད་པ་དང་དེའི་རྗེས་སུ་ཚོང་ཁང་ནང་འཛུལ་འདོད་ཀྱི་ཚོར་བ་དང་དེ་ནས་ནན་སྐུལ་གྱི་ལས་ཀྱི་ངར་ཤུགས་དེ་ལ་བརྟེན་ནས་དངོས་སུ་ཚོང་ཁང་དུ་འཛུལ་བ་སོགས་རིམ་པ་བཞིན་དུ་ཡོང་གི་ཡོད་པ་དེ་དག་ཐམས་ཅད་ཀྱང་འཁུར་ར་ལ་འདོད་པ་དེ་ཡོད་པ་ལ་བརྟེན་ནས་རེད། གཅིག་མཇུག་གཉིས་མཐུད་ཀྱི་རྒྱུད་རིམ་ཞིག་དང་རྒྱུ་རྐྱེན་དུ་མ་ཞིག་འབྱུང་སྲིད་པ་དང་དེས་རིམ་པ་རེ་རེ་ལ་ཤུགས་རྐྱེན་སྤྲོད་ཀྱི་རེད། 

ང་ཚོས་གང་བསམ་པ་དང་བྱེད་པར་ཤུགས་རྐྱེན་སྤྲོད་སྲིད་པའི་སེམས་བྱུང་གཞན་དག་མང་པོ་ཡོད། དེ་དག་ཐམས་ཅད་ཀྱང་རང་སོ་སོའི་བག་ཆགས་ལ་བརྟེན་ནས་འབྱུང་གི་ཡོད་པ་དང་འགྱུར་ལྡོག་ཅན་གྱི་བག་ཆགས་དུ་མས་རྐྱེན་སློང་བྱེད་ཀྱི་རེད། སྦྱིན་པ་དང་། འདོད་རྔམ། འདོད་པ་བཅས་ཀྱི་སེམས་བྱུང་རྣམས་ཡོད། སེམས་བྱུང་དེ་དག་གི་བག་ཆགས་ནི་མུ་མཐུད་ནས་སྨིན་གྱི་མེད་པར། རྒྱུ་རྐྱེན་སྣ་ཚོགས་པ་བརྟེན་ནས་སྐབས་སྐབས་སུ་སྨིན་གྱི་ཡོད། དེའི་སྒང་ལ་འགྱུར་ལྡོག་ཅན་གྱི་རྣམ་པ་མི་འདྲ་བ་བཅུ་གསུམ་ཡོད་དེ། དཔེར་ན། བག་ཆགས་དེ་དག་གང་གིས་བསྐྲུན་པའི་འཁོར་ཤུགས་ལྟ་བུ་རེད། དེས་ལས་ཀྱི་བག་ཆགས་དང་སེམས་བྱུང་སྣ་ཚོགས་པའི་བག་ཆགས་གཉིས་ཀ་ལས་གང་སྨིན་པའི་ནུས་ཤུགས་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། བག་ཟན་ཚོང་ཁང་དུ་འགྲོ་འདོད་དང་། འཁུར་ར་ཉོ་འདོད། དེ་བཞིན་འཁུར་ར་ལ་ཞེན་ཆགས་ཡོད་པའི་ཚོར་བ་ནི་ཤུགས་ཆེ་ཆུང་གང་རུང་ཡིན་སྲིད། 

གོང་དུ་ང་ཚོས་གོ་བསྡུར་བྱས་པ་ལྟར། དུས་ཚོད་ངེས་ཅན་ཞིག་གི་ནང་བག་ཆགས་ངེས་ཅན་ཞིག་ཅིའི་ཕྱིར་སྨིན་གྱི་ཡོད་པའི་ནང་རྒྱུ་དང་རྐྱེན་དུ་མ་ཡོད། དེ་ལ་རྐྱེན་ཞིག་ཡོད་དགོས་ཏེ། དཔེར་ན། བྱེད་པོ་རྩ་ནས་མི་གསལ་བའི་གནམ་གཤིས་ལྟ་བུ་རེད། ཆར་པ་བབ་བཞིན་ཡོད་པ་སོང་ཙང་། ང་ཚོ་དེ་ལས་ཐར་ཐབས་བྱེད་འདོད་ཡོད། དེའི་སྐབས་ཆར་པ་མི་འབབ་སའི་ས་ཆ་ཐག་ཉེ་ཤོས་ནི་བག་ཟན་ཚོང་ཁང་དེ་ཡིན་པ་རེད། བྱས་ཙང་། ང་ཚོ་ཚོང་ཁང་ནང་དུ་འགྲོ་གི་ཡོད། དེ་ནི་ཚོང་ཁང་ནང་དུ་འཛུལ་འདོད་ལ་རྐྱེན་སློང་མཁན་དེ་ཡིན་པ་རེད། ནང་དུ་བསླེབས་པ་དང་ང་ཚོས་འཁུར་ར་མཐོང་བ་དང་། དེས་འདོད་པ་དང་དུམ་བུ་གཅིག་བཟའ་འདོད་ཀྱི་རྐྱེན་སློང་བྱེད་ཀྱི་ཡོད། དེ་མིན་ཆར་པ་བབས་མེད་ན། ང་ཚོས་བག་ཟན་ཚོང་ཁང་ནང་འཛུལ་ཡོད་ཀྱི་མ་རེད། 

ང་རང་གད་མོ་དགོད་བཞིན་ཡོད། གང་ཡིན་ཞེ་ན། ང་རང་གི་གནས་སྟངས་ཤིག་ལ་ངས་བསམ་བློ་གཏོང་བཞིན་ཡོད། ང་རང་ལྟ་བུར་མཚོན་ན། ལས་འབྲེལ་དབང་གིས་བོད་དང་ཧ་ཅང་ཤུགས་ཆེན་གྱི་འབྲེལ་བ་ཞིག་ཡོད་པ་དང་ང་རང་བོད་ཀྱི་ཟས་རིགས་ལ་དགའ་པོ་ཡོད། དམིགས་བསལ་ཤ་མོག་མོག་ལ་དགའ་པོ་ཡོད། ལོ་མང་པོའི་གོང་ལ་ང་རང་བྷར་ལིན་ལ་རྒྱུས་མེད་ཀྱི་ས་ཆ་ཞིག་ཏུ་ངའི་གྲོགས་པོའི་གཡར་ཁང་དུ་སྤོས་ཡིན། ངའི་གྲོགས་པོ་ཞིག་དང་མཉམ་དུ་གཡར་ཁང་མཉམ་སྤྱོད་བྱ་རྒྱུའི་གོ་སྐབས་འདུག །བྱས་ཙང་། ངས་དེ་ལྟར་བྱ་རྒྱུ་ཐག་གཅོད་བྱས་ཡིན། ངས་ཁྱིམ་མཚེས་གང་འདྲ་ཞིག་ཡོད་སར་སྤོས་པ་རེད་དམ། ཁྱིམ་མཚེས་ལ་ཟ་ཁང་བཞི་ཡོད་པ་དང་དེ་དག་གིས་བོད་ཟས་མོག་མོག་འཚོང་བཞིན་འདུག །དེ་ཡང་གཡར་ཁང་ནས་གོམ་པ་སྤོས་ནས་འགྲོ་ཆོག་པའི་བར་ཐག་རེད། དེ་གང་འདྲ་བྱུང་བ་རེད་དམ། ཟ་ཁང་གཅིག་ཙམ་མིན་པར། ཟ་ཁང་བཞི་འདུག །དེ་ནི་ཧོན་འཐོར་དགོས་པ་ཞིག་རེད། གལ་ཏེ་དེ་ནི་བོད་ཟས་བཟའ་བའི་མྱོང་བ་བྱེ་བྲག་འདི་རྒྱུན་སྲིང་བར་ལས་ཀྱི་ནུས་པ་ཞིག་སྨིན་པའི་དཔེ་མཚོན་མིན་ན། གཞན་གང་རེད་དམ། 

གནད་དོན་གཙོ་བོ་ནི་བག་ཟན་ཚོང་ཁང་ནང་དུ་འགྲོ་བའམ། ཡང་ན་གཏོང་ཕོད་ཀྱི་སྦྱིན་པས་ནང་དུ་འགྲོ་རུ་བཅུག་ནས་ང་ཚོས་འཁུར་ར་དེ་མི་ཞིག་གི་ཆེད་དུ་ཉོ་རྒྱུར་བསམ་པའམ། ཡང་ན་སེམས་གཡེང་བ་དེ་གཅིག་པུ་བྱུང་ཡོད་ན། སེམས་བྱུང་དང་བསམ་བློ་གཏོང་སྟངས་ཀྱི་རྒྱུད་རིམ་དེ་འདྲ་ཞིག་འབྱུང་བར། གཞན་ཐམས་ཅད་ནི་བག་ཆགས་དེ་དག་རེ་རེའི་ནུས་ཤུགས་ལ་རག་ལུས་ཡོད་པ་རེད། དེར་མ་ཟད། གནས་སྟངས་ལ་མུ་མཐུད་ནས་མཐུན་རྐྱེན་བྱེད་པའི་ཕྱི་རོལ་གྱི་རྐྱེན་གང་ཡོད་པ་རྣམས་ལའང་རག་ལུས་ཡོད། གང་འབྱུང་བ་རྣམས་ནི་དེ་དག་ཐམས་ཅད་འདུས་པ་ལ་བརྟེན་ནས་འབྱུང་གི་་ཡོད་ལ། བག་ཆགས་གང་ཞིག་ཤུགས་ཆེ་བ་ཡོད་པ་དང་གང་ནུས་སྟོབས་ཞན་པ་ཡོད་པ་ལ་བརྟེན་ནས་ཀྱང་འབྱུང་གི་ཡོད། 

དེ་མ་ཐག་རྟོགས་པའི་ཤེས་པ།

སྐབས་འགར་གདམ་ཀ་རྣམས་དེ་མ་ཐག་རྟོགས་པའི་ཤེས་པས་ཐག་གཅོད་བྱེད་ཀྱི་ཡོད། ནང་ཆོས་ནང་དེ་མ་ཐག་རྟོགས་པའི་ཤེས་པ་ཟེར་བ་དེ་གང་རེད་དམ། 

དེ་མ་ཐག་རྟོགས་པའི་ཤེས་པ་ནི་གཞི་རྐང་ནས་ང་ཚོས་གང་འདྲ་ཞིག་ཚོར་བར་འདོད་པ་དེ་རེད། མ་རེད་དམ། དེ་འདྲ་ཞིག་འབྱུང་བ་དང་དེ་མ་ཐག་རྟོགས་པའི་ཤེས་པ་དེ་ལ་བརྟེན་ནས་ནམ་རྒྱུན་ང་ཚོས་རྟོགས་པ་དེ་ལ་ཇི་ཙམ་ཡིད་ཆེས་བྱེད་པར་བརྟེན་པའི་ངེས་པའི་རིམ་པ་འགའ་ཞིག་ཡོད། ང་ཚོར་དེ་མ་ཐག་རྟོགས་པའི་ཤེས་པ་ཡོད་སའི་དངོས་པོ་སྣ་ཚོགས་པ་ཡོད་ཆོག་པ་དང་དེ་ནི་བརྟག་དཔྱད་བྱ་རྒྱུར་ཧ་ཅང་ལས་སླ་པོ་ཞིག་མིན། དཔེར་ན། ང་ཚོར་ཅ་དངོས་ལྟ་བུ་ཞིག་བཟོ་བཅོས་ཇི་ལྟར་བྱེད་པའི་ཐད་ལ་དེ་མ་ཐག་རྟོགས་པའི་ཤེས་པ་ཞིག་ཡོད་སྲིད། ངའི་གློག་ཀླད་ལ་སྐྱོན་ཆག་ཕྱིན་པའམ་ལས་ཀ་བྱེད་ཀྱི་མེད་ན། དེ་ལ་ང་ཚོས་མཐེབ་ཅུ་གང་གནོན་དགོས་མིན་དེ་མ་ཐག་ཤེས་པ་ལྟ་བུ་རེད། ཡི་ནའང་། དེ་ནི་གཞི་རྩའི་ཆ་ནས་འཕྲུལ་ཆས་དང་ཆ་ལག་གྲུབ་ཚུལ་གྱི་རིགས་གཞན་དག་ལ་སྔོན་ནས་ཉམས་མྱོང་ཡོད་པ་ལས་འབྱུང་གི་ཡོད། མ་རེད་དམ། ང་ཚོས་དམིགས་བསལ་གློག་ཀླད་འདི་ལ་ཇི་ལྟར་བཟོ་བཅོས་རྒྱག་དགོས་མིན་ཤེས་ཀྱི་མེད་སྲིད་ནའང་། དེ་མ་ཐག་པའི་རྟོགས་པ་ལ་བརྟེན་ནས་ང་ཚོས་བཟོ་བཅོས་རྒྱག་གི་ཡོད། གང་ཡིན་ཞེ་ན། སྔོན་འདི་དང་འདྲ་བའི་གནད་དོན་གཞན་ལ་ཤེས་རྒྱ་དང་ཉམས་མྱོང་ཡོད་པ་རེད། 

ལས་དང་འབྲེལ་བའི་ཆོས་ཚུལ་གྱིས་བསམ་བཞིན་དུ་ང་ཚོས་སྔ་ས་ནས་བྱེད་པའི་ལས་དང་བསམ་བཞིན་དུ་མིན་པར་ང་ཚོས་བྱེད་པའི་ལས་གཞན་དག་གི་དབར་ལ་ཁྱད་པར་འབྱེད་ཀྱི་ཡོད། ང་ཚོས་དེ་མ་ཐག་རྟོགས་པའི་ཤེས་པའི་སྒོ་ནས་ལས་དེ་བྱེད་པ་ཡིན་ཞེས་ཤོད་ངེས་རེད། དེ་ནི་བསམ་བཞིན་དུ་དང་བསམས་ཟིན་པ། ཡང་ན་སྔ་ས་ནས་དྲན་ཤེས་ལྡན་པའི་སྒོ་ནས་འབད་བརྩོན་བྱས་པ་ཞིག་མིན། འོན་ཀྱང་། ཐ་ན་འཆར་གཞི་གང་ཡང་མེད་པའི་ལས་རྣམས་ཀྱང་སྔོན་གྱི་མྱོང་བ་ལ་གཞི་བྱས་ཡོད་པ་གསལ་པོ་རེད། 

ང་ཚོར་ཆར་པ་འབབ་རྒྱུ་ཡིན་པའམ་མ་འོངས་པའི་བྱུང་རྐྱེན་ཞིག་གི་ཐད་ལ་དེ་མ་ཐག་རྟོགས་པའི་ཚོར་བ་ཞིག་ཡོད་པའི་སྐབས། འདི་ཅིའི་ཕྱིར་འབྱུང་གི་ཡོད་པར་བརྟག་རྒྱུ་ཏོག་ཙམ་དཀའ་ཚེགས་ཆེ་བ་ཡོད། དཔེ་ཆ་བཞག་ན། མི་ཞིག་གིས་ང་ཚོ་ཁ་པར་གཏོང་གི་ཡོད་པའི་དེ་མ་ཐག་རྟོགས་པའི་ཚོར་བ་ཞིག་ཡོད་པ་དང་དེ་ནས་དངོས་གནས་ཁ་པར་འབྱོར་བ་ལྟ་བུ་རེད། ཁྱེད་རང་ཚོས་དེ་འདྲ་ཞིག་ཉམས་སུ་མྱངས་ཡོད་མེད་ངས་མི་ཤེས། ངས་དེ་ལྟར་ཉམས་སུ་མྱོང་མྱོང་ཡོད། ངས་མི་ཞིག་ལ་བསམ་བློ་གཏོང་བཞིན་པ་དང་མི་དེས་ང་ལ་ཁ་པར་གཏོང་བ་ལྟ་བུ་རེད། “ནུས་སྟོབས་བེད་སྤྱོད་བྱོས། ད་ཁྱོད་ཀྱིས་ང་ལ་ཁ་པར་གཏོང་གི་རེད་” ཅེས་སྐར་མའི་དམག་འཁྲུག་ (star wars) གི་ལྟད་མོ་ནས་བྱུང་བ་ལྟ་བུ་ང་ཚོས་རང་གིས་རང་ལ་འུད་ཤོབ་བྱེད་ཀྱི་མེད་པ་ནི་གསལ་པོ་རེད། མི་དེས་ང་ཚོར་ཁ་པར་གཏོང་བའི་རྒྱུ་བྱེད་པའི་འགན་འཁྲི་དེ་ང་ཚོར་མེད།

འདི་ལྟ་བུའི་དེ་མ་ཐག་རྟོགས་པའི་ཤེས་པ་ག་ནས་ཡོང་གི་ཡོད་ངས་མི་ཤེས། གང་ཡིན་ཞེ་ན། སྐབས་འགར་དེ་ནི་ཡིད་རྟོན་རུང་བ་དང་སྐབས་འགར་ཡིད་རྟོན་མི་རུང་བ་རེད། དེ་ནི་རྗེས་དཔག་གི་རིགས་པ་ཞིག་ལ་གཞི་བྱས་ཡོད་དམ། ཡང་ན་དེ་ནི་སེམས་ཀློང་བརྡ་སྤྱོད་ཀྱི་འབྲེལ་བ་འདྲ་པོ་ཞིག་ལ་གཞི་བྱས་ཡོད་དམ། ངས་མི་ཤེས། ངས་མི་གཞན་དེས་ང་ལ་སྐད་གཏོང་བར་ངས་རྒྱུ་བྱེད་ཀྱིན་ཡོད་ཅེས་བསམ་གྱི་མི་འདུག །གལ་ཏེ་ང་ཚོར་ཚད་མཐོའི་ཡར་རྒྱས་ལྡན་པའི་ཏིང་ངེ་འཛིན་དང་ནུས་སྟོབས་ཡོད་ན། གཞན་དག་ལ་ཤུགས་རྐྱེན་སྤྲོད་སྲིད། འོན་ཀྱང་། ང་ཚོ་ནི་རིམ་པ་འདིའི་སྒང་ལ་མེད་པ་ནི་ངེས་པ་རེད། 

སྐབས་རེར་ཁྱེད་ནས་གཟབ་ནན་གྱིས་མི་གཞན་དག་ལ་འབྲེལ་གླེང་བྱེད་པའི་སྐབས། ཐ་ན་སྔོན་ནས་གྲོས་མཐུན་མེད་པའི་སྒོ་ནས་ཕན་ཚུན་དུས་མཉམ་དུ་འབོད་རེས་བྱེད་པ་དེ་འདྲ་ཡོང་གི་ཡོད། མི་ཁ་ཅིག་ལ་ཕལ་ཆེར་རང་བཞིན་གྱིས་ཅིག་ཅར་ཚུལ་གྱི་སྟངས་འཛིན་ཞིག་འབྱུང་ཐུབ་པ་ལྟ་བུ་སྣང་གི་ཡོད། 

གལ་ཏེ་ང་ཚོ་མི་ཞིག་དང་མཉམ་དུ་འབྲེལ་གླེང་དང་ཁ་བརྡ་སོགས་ཧ་ཅང་མང་པོ་བྱེད་པའི་གོམས་གཤིས་ནང་ཡོད་ན། དེ་ལ་འབྱུང་སྲིད་པ་གང་དང་གང་ཡོད་དམ་ཞེ་ན། སྐབས་མཚམས་ཤིག་ནས་ང་ཚོས་དུས་གཅིག་ཏུ་འབྲེལ་གླེང་བྱེད་ཀྱི་རེད། རེད། དེ་ནི་རྣམ་གྲངས་རིག་པའི་སྒོ་ནས་འབྱུང་གི་རེད། དུས་རབས་གསར་པའི་གོ་དོན་ནང་བསླེབ་པར་ང་ཚོར་སེམས་ཚོར་གྱི་ཚོར་ཤུགས་གཅིག་པ་ཡོད། དེ་ནི་ཏོག་ཙམ་འུད་ཤོབ་ཅིག་རེད། ཡིན་ནའང་། གནས་སྟངས་དེ་དག་འབྱུང་གི་ཡོད། ང་ཚོ་ཕན་ཚུན་ཧ་ཅང་འདྲིས་པོ་ཡོད་པས། འབྱུང་སྲིད་པ་ནི་ང་ཚོས་དུས་གཅིག་ལ་འབྲེལ་གླེང་བྱེད་ཀྱིན་ཡོད་པའི་ཚོར་བ་ཡོང་གི་རེད། དེ་ནི་རྒྱུན་ལྡན་དང་མི་འདྲ་བ་མིན། 

ངའི་དགེ་བའི་བཤེས་གཉེན་ཞིག་གིས་རྟག་ཏུ་གང་ནན་བརྗོད་གནང་བ་དེ་ལ་ངོས་རང་ཧ་ཅང་དགའ་མོས་བྱེད་མཁན་ཞིག་ཡིན། དེ་ནི་ “དམིགས་བསལ་གང་ཡང་མེད་” ཅེས་པ་དེ་རེད། ང་ཚོས་དུས་གཅིག་ཏུ་དམིགས་བསལ་གང་ཡང་མེད་ཅེས་བརྗོད་ཡོད། དེ་ལ་བརྟེན་ནས་གནས་ཚུལ་ཆེན་པོ་ཞིག་བཟོ་རྒྱུ་མེད། དེ་ནི་རྫུ་འཕྲུལ་མ་རེད། དེ་ནི་ང་ཚོ་ཚང་མ་ཕན་ཚུན་ལས་ཀྱིས་བསྐོས་པ་ལྟ་བུའི་རྟགས་ཤིག་མིན། 

དེ་ནི་ཧ་ཅང་རང་བཞིན་ལྟ་བུར་སྣང་གི་འདུག

དེ་ནི་ཧ་ཅང་རང་བཞིན་དང་བརྟན་པོ་ལྟ་བུར་སྣང་སྲིད། དེ་ནི་དམིགས་བསལ་གང་ཡང་མིན། དེ་གང་ཡིན་པ་དང་བསྟུན་ནས་འགྲོ་དགོས་པ་ཙམ་རེད། ང་ཚོས་དེ་ལ་རེ་བ་བྱེད་པའི་སྐབས་སུ་དཀའ་ངལ་ཡོང་གི་ཡོད། ང་ཚོས་དེ་ནི་རྟག་ཏུ་འབྱུང་གི་རེད་ཅེས་རེ་བ་རྒྱག་པ་དང་། གལ་ཏེ་དེ་ལྟར་མ་བྱུང་ན། དེ་ལ་དཀའ་ངལ་ཞིག་ཡོད་པ་རེད། དེར་བརྟེན་ “དམིགས་བསལ་གང་ཡང་མེད་” ཅེས་བསམ་བློ་གཏོང་བ་ནི་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད།

ད་ང་ཚོ་འདིར་མཇུག་སྒྲིལ་རྒྱུ་ཡིན། ཆོས་ཐུན་རྗེས་མའི་ནང་ང་ཚོས་སྐྱེས་བུ་འབྲིང་དང་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པའི་སྐོར་མུ་མཐུད་ཀྱི་ཡིན།།

Top