སོ་སོའི་བདག་གི་ཐད་ལ་ཕན་བདེའི་བསམ་ཕྱོགས་ཤིག་སྐྱེད་པ།

སེམས་ཀྱི་བྱེད་ལས་དང་བདག་གམ་ང་ཇི་ལྟར་གྲུབ་ཚུལ།

ང་ཚོས་ལམ་རིམ་ལ་བརྟེན་ནས་རང་ཉིད་བཟང་ཕྱོགས་སུ་ཡར་རྒྱས་གཏོང་ཚུལ་སྐོར་གོ་བསྡུར་དང་བཅས་འགོ་འཛུགས་བྱས་པ་རེད། ང་ཚོས་ཀུན་རྫོབ་ཀྱི་བདག་དང་དགག་བྱའི་བདག་རྫུས་མ་གཉིས་ཀྱི་དབར་ཁྱད་པར་གསལ་པོ་འབྱེད་དགོས་པ་གཏན་འབེབས་བྱས་ཡོད། ང་ཚོས་ “བདག་གམ་ང་” ཡི་སྐོར་ཤོད་སྐབས། དེ་ནི་ཕུང་པོ་ལྔ་ཞེས་པ་ལས་གྲུབ་པའི་ང་ཚོའི་མྱོང་བའི་སྐད་ཅིག་རེ་རེའི་སྟེང་དུ་བཏགས་པ་ཞིག་རེད། 

སྐད་ཅིག་རེ་རེའི་ནང་སེམས་ཀྱི་བྱེད་ལས་ཤིག་གི་མྱོང་བ་ཡོད། སེམས་ཀྱི་བྱེད་ལས་དེ་ལ་བརྟེན་ནས་ནང་དོན་ཡོད་དེ། དེའི་དོན་ནི་སེམས་ཀྱི་རྣམ་པ་ལྟ་བུ་འབྱུང་བའི་ཡུལ་འགའ་ཞིག་ཡོད་པ་དང་། ཡུལ་རྟོགས་པའི་རྣམ་པ་ཞིག་ཀྱང་ཡོད། ཡུལ་ཞིག་གི་ཤེས་པ་འདི་ནི་ལུས་ཀྱི་མིག་གི་དབང་པོ་ (གཟུགས་འཛིན་པའི་མིག་གི་སྐྱེ་ལྡན་ཕྲ་ཕུང་) དང་རྣ་བའི་དབང་པོ་ (སྒྲ་འཛིན་པའི་རྣ་བའི་སྐྱེ་ལྡན་ཕྲ་ཕུང་།) བརྒྱུད་ནས་ཡོང་བའི་འོད་དང་རླུང་གི་གཡོ་འགུལ་སོགས་ལ་གཞི་བྱས་ཡོད། ཀླད་པ་དང་དབང་རྩའི་མ་ལག་ནི་བརྡ་འཕྲིན་དེ་དག་གི་གནས་བསྡུས་རེའུ་མིག་རྣམས་གནས་ཚུལ་ཆ་འཕྲིན་གྱི་ནང་དུ་སྒྱུར་གྱི་ཡོད། དེ་ནི་གཟུགས་དང་། སྒྲ། དྲི། རོ་སོགས་ཀྱི་སེམས་ཀྱི་རྣམ་པ་ཞིག་དང་འདྲ་པོ་ཡོད། དེ་ནི་ང་ཚོས་གང་རྟོགས་པ་དེ་རེད། ཁྱོན་ཡོངས་ནས་རྒྱུད་རིམ་འདིས་ཆོས་གང་ཞིག་རྟོགས་པ་དེ་གང་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད། བྱས་ཙང་། སེམས་ཀྱི་བྱེད་ལས་ནི་སེམས་ཀྱི་རྣམ་པ་ཞིག་སྐྲུན་པའི་སྒོ་ནས་ཡུལ་ཞིག་རྟོགས་པ་དང་ལྡན་པ་ཡིན། 

ཡུལ་ཞིག་གི་སེམས་ཀྱི་རྣམ་པ་དེ་འབྱུང་བ་དང་ཡུལ་ཞིག་གི་ཤེས་པ་གཉིས་ནི་ཕན་ཚུན་ཆོས་མཐུན་པ་རེད། བྱུང་རྐྱེན་གཅིག་པ་དེ་འགྲེལ་བརྗོད་བྱེད་ཚུལ་གཉིས་ཡོད་པ་དང་དེ་གཉིས་གཅིག་རྗེས་གཉིས་མཐུད་ཀྱི་རིམ་པ་མིན། དང་པོ་སེམས་ཀྱི་རྣམ་པ་འབྱུང་བ་དང་དེའི་རྗེས་ང་ཚོས་མཐོང་བའམ་ཐོས་པ་ཞིག་མིན། དེ་ནི་བསམ་བློ་ཞིག་གམ་ཤེས་པའི་ཚོར་བ་ཞིག་གང་ཡིན་རུང་ཆ་ལག་གྲུབ་ཚུལ་གཅིག་པ་འབྱུང་གི་ཡོད། 

ཕུང་པོ་ལྔ་ལ་གཞིགས་ནས་སེམས་ཀྱི་རྣམ་པའི་ངོ་བོར་རྟོགས་པའི་གཟུགས་སྒྲ་ལྟ་བུའི་ཡུལ་རྣམས་ནི་གཟུགས་ཀྱི་ཕུང་པོའི་ཆ་ཤས་རྣམས་ཡིན་པ་རེད། དེ་ནས་རྣམ་པར་ཤེས་པའི་ཕུང་པོ་ཡོད། རྣམ་པར་ཤེས་པ་ཞིག་ལ་བརྟེན་ནས་ཡུལ་རྟོགས་པ་ཞིག་ཡོད། དཔེར་ན། དབང་པོའི་ཤེས་པ་ལྔའི་ནང་ནས་གཅིག་གམ་ཡིད་ཀྱི་ཤེས་པ་ལྟ་བུ་རེད། ཕུང་པོ་གཞན་ཞིག་ནི་ཚོར་བའི་ཕུང་པོ་རེད། དེའི་ནང་བདེ་བའམ་སྡུག་བསྔལ་གྱི་རིམ་པ་གང་འཚམས་ལ་བརྟེན་ནས་ཡུལ་ཉམས་སུ་མྱོང་བ་དེ་ཚུད་ཡོད། དེའི་སྒང་ལ་ཆོས་གང་ཞིག་རྟོགས་པར། དབང་པོའི་ཡུལ་ཆ་ཚང་བའི་ནང་ཆོས་བྱེ་བྲག་རྣམ་པར་འབྱེད་པའི་འདུ་ཤེས་ཤིག་ངེས་པར་དུ་ཡོད་དགོས། དེ་མིན་གཟུགས་ལྟ་བུ་ནི་པིག་ཚེག་ (pixel) སྟེ། འོད་ཀྱི་ཟེར་ཐིག་ཕྲ་མོ་འདུས་པའི་གོང་བུ་ཙམ་དུ་ཟད། འོན་ཀྱང་། ང་ཚོས་མཐོང་བཞིན་པ་ཚང་མ་ནི་པིག་ཚེག་མ་རེད། ང་ཚོས་པིག་ཚེག་གི་ཡུལ་འདིའི་ནང་དུ་ཡུལ་རྣམས་རྣམ་པར་འབྱེད་པའམ་འདུ་ཤེས་པར་བྱེད་ཀྱིན་ཡོད། རྒྱུད་རིམ་འདི་ལ་གྲོགས་བྱེད་པའི་སེམས་ཚོར་དང་སེམས་ཀྱི་ཆ་ལག་གྲུབ་ཚུལ་གཞན་དག་ཀྱང་ཧ་ཅང་མང་པོ་ཡོད། དཔེར་ན། ཏིང་ངེ་འཛིན་དང་། སྤྲོ་བ། དོ་སྣང་ལ་སོགས་པ་རེད། དེ་དག་གི་ནང་ཕུང་པོ་ལྔའི་ནང་གི་ལྔ་པ་སྟེ། འདུ་བྱེད་ཀྱི་ཕུང་པོ་ཡོད། 

དེ་དག་ཐམས་ཅད་སྐད་ཅིག་ནས་སྐད་ཅིག་ཏུ་འགྲོ་བཞིན་ཡོད་པ་དང་དེའི་རྣམ་པ་རེ་རེ་ནི་ཚད་གཞི་མི་འདྲ་བའི་ནང་སྐད་ཅིག་རེ་རེ་བཞིན་དུ་འགྱུར་བ་འགྲོ་བཞིན་ཡོད། “བདག་” ནི་འདི་དག་ཐམས་ཅད་ཀྱི་ཆ་ཤས་ཡིན་པ་དང་རྟག་ཏུ་འགྱུར་བའི་ཕུང་པོར་བཏགས་པ་ལྟ་བུར་སྐད་ཅིག་རེ་རེའི་ནང་ཡོད། སྐད་ཅིག་རེ་རེའི་ནང་གང་འབྱུང་བཞིན་པ་དེ་མྱོང་གིན་ཡོད། ཕུང་པོ་དེ་དག་གི་རྒྱུད་མྱོང་མཁན་དེ་གཞན་ཞིག་ཡིན་པ་དེ་འདྲ་མིན་པར། མྱོང་མཁན་དེ་སོ་སོ་རང་ཉིད་དམ་ “བདག་” དེ་ཡིན་པ་རེད། 

“བདག་” ཅིག་ཡོད་པ་དང་ཀུན་རྫོབ་ཀྱི་ “བདག་” གྲུབ་པ་ཇི་ལྟར་གཏན་འབེབས་བྱེད་ཚུལ་ལ་གཞིགས་ན། དེ་ནི་མགོ་རྙོག་ཅན་རེད། དེ་གྲུབ་པར་གཏན་ལ་འབེབས་ཐུབ་མཁན་གཅིག་རང་ཡོད་པ་ནི། ཀུན་རྫོབ་ལ་བརྟེན་ནས་ “བདག་” གི་སྤྱིའམ་བསམ་བློ་ཡོད། དེ་ནི་ཕུང་པོ་ལྔའི་རང་སོ་སོའི་སེམས་རྒྱུད་ལ་གཞི་བྱས་པའི་བློའི་འདོགས་ཚུལ་ཡིན་སྲིད་པ་དང་ཀུན་རྫོབ་ཀྱི་ “བདག་” ནི་སྤྱི་དེ་གང་ལ་གོ་བ་ཙམ་དེ་ཡིན་ཞིང་། དེ་ནི་ཀུན་རྫོབ་ཀྱི་ “བདག་” གི་དཔེ་མཚོན་བྱེ་བྲག་རྣམས་རེད། དེར་མ་ཟད། སྤྱི་འདིའི་སྟེང་དུའང་བཏགས་ཆོག་པའི་ “བདག་” ཅེས་པའི་ཚིག་ཡོད་ཆོག་ལ། “ཨེ་ལེགས་” ལྟ་བུ་མིང་ཡང་དེའི་སྟེང་དུ་མཏགས་ཆོག །ཀུན་རྫོབ་ཀྱི་ “བདག་” ནི་ཚིག་འདི་དང་མིང་འདི་གང་ལ་གོ་བ་ཙམ་དེ་རེད། 

ད་ང་ཚོ་ནི་ “བདག་” ཅེས་པའི་ཚིག་ཙམ་ཞིག་མིན་པའམ་མིང་ཙམ་ཞིག་ཀྱང་མིན་པར། ད་དུང་མིང་དེ་དང་ “བདག་” ཅེས་པའི་ཚིག་དེ་ཉམས་སུ་མྱོང་བའི་སྒེར་སོ་སོའི་སེམས་ཀྱི་རྒྱུད་འདི་ལ་གོ་བར་བེད་སྤྱོད་བྱེད་ཆོག དེར་མ་ཟད། “བདག་” དེ་ནི་མི་ཞིག་ལ་གོ་བ་ཡིན། དེ་ནི་སུ་ལ་གོ་བ་ཡིན་ནམ། དེ་ནི་ “བདག་” ལ་གོ་བ་ཡིན། དེ་ནི་ཁྱོད་དང་ལྕོག་ཙེ་ལ་གོ་བ་མིན། དེ་ནི་ “བདག་གམ་ང་” ལ་གོ་བ་ཡིན། དེ་ནི་ཀུན་རྫོབ་ཀྱི་ “བདག་” དེ་ཡིན་པ་དང་དེ་ཡང་དོན་ངོ་མར་གྲུབ་པ་དང་བྱ་བ་བྱེད་ཀྱི་ཡོད། ང་ཚོས་བྱ་བ་བྱེད་པ་དང་ཆོས་རྣམས་ཉམས་སུ་མྱོང་གི་ཡོད། 

ང་ཚོས་ “བདག་” གི་སྐོར་བསམ་བློ་གཏོང་བའི་སྐབས། ང་ཚོས་རྟག་ཏུ་ “བདག་” གི་སྤྱི་གཅིག་པ་བརྒྱུད་ནས་བསམ་བློ་གཏོང་གི་ཡོད། དུས་ཚོད་རེ་རེ་དང་སྐད་ཅིག་རེ་རེའི་ནང་ང་ཚོས་གང་ཉམས་སུ་མྱོང་བཞིན་པ་ནི་མི་འདྲ་བ་རེད། “འདོགས་གཞི་” ཞེས་བྱ་བ་དེ་ནི་དུས་རྟག་ཏུ་འགྱུར་བ་འགྲོ་བཞིན་ཡོད། བྱས་ཙང་། “བདག་” གི་སྤྱི་དང་ “བདག་” གི་ཚིག་དེ་གཅིག་པར་གནས་ཀྱི་ཡོད་ནའང་། དེ་དག་བཏགས་སའི་ཀུན་རྫོབ་ཀྱི་ “བདག་” དེ་སྐད་ཅིག་རེ་རེའི་ནང་མི་འདྲ་བ་རེད། དེ་ནི་ “བདག་” གི་འདོགས་གཞི་ལྟ་བུར་གང་ཉམས་སུ་མྱོང་བ་ལ་རག་ལུས་ཡོད། 

གློག་བརྙན་ཞིག་ལ་དཔེ་ཆ་བཞག་ན། གློག་བརྙན་ལ་མིང་ཞིག་ཡོད་པ་རེད། མ་རེད་དམ། ཡིན་ནའང་། གློག་བརྙན་དེ་ནི་མིང་ཁོ་ན་མིན། གློག་བརྙན་དེའི་སྐད་ཅིག་རེ་རེ་ནི་མི་འདྲ་བ་ཡིན་ནའང་། ད་དུང་སྐད་ཅིག་དེ་དག་ཐམས་ཅད་གློག་བརྙན་དེ་རང་རེད། གློག་བརྙན་གཞན་འགའ་ཞིག་གི་ནང་ཡོད་པའི་སྐད་ཅིག་རྣམས་མ་རེད། གློག་བརྙན་གྱི་མིང་དེ་ནི་གློག་བརྙན་གྱི་སྐད་ཅིག་རེ་རེ་ལ་གོ་བ་ཡིན། འོན་ཀྱང་། ད་ལྟ་གློག་བརྙན་གྱི་འཁྲབ་ཚན་འདིའམ་ཡང་ན་དེ་ཡིན་པ་དང་། དེ་ནས་འཁྲབ་ཚན་རྗེས་མ་བསླེབ་ཀྱི་ཡོད། དེ་ནི་སྐད་ཅིག་སྐད་ཅིག་གིས་འགྱུར་བ་འགྲོ་བཞིན་ཡོད། གློག་བརྙན་ཆ་ཚང་སྐད་ཅིག་གཅིག་གི་ནང་སྟོན་གྱི་མེད། ཡོད་དམ། དེ་ནི་སྐད་ཅིག་རེ་རེའི་ནང་དོན་གྱི་རྒྱུད་ལ་བཏགས་པ་ཞིག་རེད། 

ཀུན་རྫོབ་ཀྱི་ “བདག་” དེ་གློག་བརྙན་ཞིག་མིན་ནའང་། གང་ལྟར་དེ་དང་འདྲ་པོ་ཡོད། གློག་བརྙན་གྱི་མིང་ལ་ “བདག་” དང་དེ་ནི་གློག་བརྙན་ཆ་ཚང་བ་ལ་གོ་ཞིང་། དེ་ནི་ “བདག་” གི་རྒྱུད་ཡོངས་སུ་རྫོགས་པ་དེ་རེད། “བདག་” གི་སྐད་ཅིག་རེ་རེ་ནི་གློག་བརྙན་གྱི་སྐད་ཅིག་རེ་རེ་ནང་བཞིན་མི་འདྲ་བ་ཡིན་ནའང་། གློག་བརྙན་གྱི་མིང་ནང་བཞིན་ “བདག་” ཅེས་པའི་ཚིག་དེ་ཀུན་རྫོབ་ཀྱི་ “བདག་” ཅིག་ལ་གོ་བ་ཡིན། དེར་ “བདག་” ཅིག་ཡོད་པ་རེད། 

གལ་ཏེ་ཀུན་རྫོབ་ཀྱི་ “བདག་” དེའི་འདུ་ཤེས་ལ་བརྟེན་ནས་ང་ཚོས་མི་ཚེ་སྐྱེལ་བ་དང་གོ་རྟོགས་འདི་ལ་བརྟེན་ནས་བསམ་བློ་གཏོང་བ་དང་བཀོལ་སྤྱོད་བྱས་ན། དེ་ནི་བཟང་ཕྱོགས་ཀྱི་བདག་དེ་རེད། དེ་ལ་གཞི་བྱས་ཏེ། ང་ཚོས་གང་བྱེད་པ་ལ་འགན་འཁྱེར་གྱི་ཡོད། ང་ཚོས་གང་བྱེད་པའི་འབྲས་བུ་མྱོང་གི་ཡོད། དེ་ལ་གཞི་རྩ་བཞག་ནས་ང་ཚོས་འབད་པ་དོན་གཉེར་དང་བློ་སྟོབས་བསྐྱེད་ནས་འདོད་དོན་ཞིག་དངོས་སུ་བསྒྲུབ་ཀྱི་ཡོད། དཔེར་ན། ཞོགས་པ་གཉིད་སད་ནས་ཉལ་ཁྲི་ནས་ལངས་པ་ལྟ་བུ་རེད། ང་ཚོ་ལས་ཀར་འགྲོ་བའམ་རང་གི་ཕྲུ་གུར་གཅེས་སྐྱོང་བྱ་ཕྱིར་ཞོགས་པ་ཡར་ལང་གི་ཡོད། དེ་ནི་ཀུན་རྫོབ་ཀྱི་འདུ་ཤེས་སམ་ “བདག་” གི་འདུ་ཤེས་བཟང་པོ་དེ་རེད། ཁྱེད་ཀྱི་ཀུན་རྫོབ་ཀྱི་གོ་རྟོགས་ལ་ངེས་བརྟན་བཟོ་ཕྱིར་དུས་ཚོད་ཏོག་ཙམ་རིང་བསམ་བློ་གཏོང་རོགས། 

(སྒོམ་དུས།)

Top