མི་ལུས་རིན་ཆེན་སྒོམ་པ།

ངོ་སྤྲོད།

དོ་དགོང་གི་བརྗོད་གཞི་ནི་དཔྱད་སྒོམ་གྱི་སྐོར་རེད། ད་ང་ཚོ་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོར་ (སྐྱབས་སུ་འགྲོ་བ་) འགྲོ་བ་དང་བྱང་ཆུབ་ཀྱི་སེམས་བསྐྱེད་པར་གཞིགས་ན། འདིའི་ནང་ཐབས་ལམ་གྱི་རྒྱུད་རིམ་གསུམ་ཡོད་དེ།

  • ཆོས་ཉན་པའམ་ཐོས་དགོས་པ། (ཐོས་པ།)
  • ཆོས་ལ་བསམ་བློ་གཏོང་དགོས་པ། (བསམ་པ།)
  • ཆོས་སྒོམ་དགོས་པ་བཅས་རེད། (སྒོམ་པ།)

དེ་གསུམ་དགོས་པ་ལ་ཚང་མས་མོས་མཐུན་བྱེད་ཀྱི་ཡོད། འདི་ནི་ནང་པའི་ཆོས་ཧ་ཅང་ཚད་དང་ལྡན་པ་དེ་རེད།

སེམས་ཞི་འཇམ་བཟོ་བ།

སེམས་ཞི་འཇམ་བཟོ་བར་དབུགས་ལ་དམིགས་པ་གཏད་པ་སྟེ། འདི་ནི་མི་འགའ་ཤས་ཀྱིས་ཞི་གནས་ཀྱི་ཁྱབ་ཚད་ཆ་ཚང་བ་དེ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། འདི་ནི་ཐོས་བསམ་སྒོམ་གསུམ་གྱི་སྔོན་འགྲོའི་ཆོས་ཙམ་ཞིག་ཡིན་པ་རེད། ང་ཚོས་ཆོས་ལ་ཐོས་པ་དང་། བསམ་པ། སྒོམ་པ་བཅས་མ་བྱས་གོང་ནས་སེམས་ཞི་འཇམ་བཟོ་དགོས་པས། དབུགས་ལ་དམིགས་པ་གཏད་ན་དེ་ལྟར་བྱ་ཐུབ། ཡང་སེམས་ཞི་འཇམ་བཟོ་བ་ཙམ་གྱིས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་སེམས་ཀྱི་གནས་བབས་ཞིག་ཡོང་གི་མེད་ལ། དེས་ང་ཚོའི་དཀའ་ངལ་གྱི་རྒྱུ་རྣམས་མེད་པ་བཟོ་ངེས་མ་རེད། (འོན་ཀྱང་། དེས་ང་ཚོས་བར་ཆད་དེ་དག་ལ་གདོང་ལེན་བྱེད་པར་སེམས་གྱི་གསལ་ཆ་ཆེ་རུ་གཏོང་ཐུབ།)  

དབུགས་ལ་དམིགས་པ་གཏད་རྒྱུ་དེ་ཏིང་ངེ་འཛིན་ཆ་ཚང་བ་སྐྱེད་པའི་ཡུལ་ལྟ་བུར་འཛིན་ལོས་ཆོག་ཀྱང་། སེམས་ཞི་འཇམ་བཟོ་བར་དམིགས་གཏད་དེ་བཀོལ་སྤྱོད་བྱེད་པ་ཙམ་གྱིས་ང་ཚོ་ཏིང་ངེ་འཛིན་གྱི་གནས་བབ་བར་དུ་འཁྲིད་ཀྱི་མེད། དོན་ངོ་མར་གལ་ཏེ་ང་ཚོས་ཏོག་ཙམ་ཞིབ་པར་བལྟས་ན། གནས་བརྟན་སྡེ་པའི་ཆོས་ཁོ་ནའི་ནང་། དབུགས་དབྱུང་རྔུབ་ལ་བརྟེན་ནས་ཏིང་ངེ་འཛིན་ཆ་ཚང་བ་ཐོབ་ཐུབ་ཅེས་གསུངས་ཡོད། དབུགས་ལ་དམིགས་པ་ནི་དབང་པོའི་ཤེས་པ་ཡིན་པ་དང་དེས་ལུས་ཀྱི་ཚོར་བ་ཞིག་རྟོགས་ཀྱིན་ཡོད། བོད་བརྒྱུད་ནང་བསྟན་གྱི་ཐེག་པ་ཆེན་པོའི་ལུགས་ལྟར་ན། ཏིང་ངེ་འཛིན་ཆ་ཚང་བ་ཐོབ་པར། ཡིད་ཀྱི་ཤེས་པ་བཀོལ་སྤྱོད་བྱེད་དགོས་པ་ལས། དབང་པོའི་ཤེས་པ་མིན།

དེར་བརྟེན་ང་ཚོས་བོད་བརྒྱུད་ནང་བསྟན་གྱི་ལུགས་སུ་སྒོམ་ལ་བསམ་བློ་གཏོང་བའི་སྐབས། དབུགས་ལ་དམིགས་པ་གཏད་ནས་སེམས་ཞི་འཇམ་བཟོ་བ་ཙམ་མིན་པར། དེ་ལས་འདས་པར་བསམ་བློ་གཏོང་དགོས་ཀྱི་ཡོད། དེ་ནི་སྔོན་འགྲོའི་ཉམས་ལེན་ཞིག་རེད། 

ཐོས་པ།

ད་ང་ཚོས་ཆོས་ལ་ཐོས་པ་བྱ་དགོས་པ་དང་། བསམ་བློ་གཏོང་དགོས་པ། དེ་ནས་སྒོམ་རྒྱག་དགོས་ཀྱི་ཡོད། ཐབས་ལམ་གྱི་རྒྱུད་རིམ་གསུམ་པོ་དེ་དག་རེ་རེ་ནས་ང་ཚོར་ཆོས་རྣམ་འབྱེད་ཀྱི་ཤེས་རབ་ (discriminating awareness) ཐོབ་ཀྱི་ཡོད། (འདི་ལ་ནམ་རྒྱུན་ཨིན་སྐད་དུ་ (wisdom) བསྒྱུར་ཡོད། ཡིན་ནའང་ཚིག་འདི་རྦད་དེ་གསལ་ཁ་མེད་པ་ཞིག་རེད།) ཐོག་མར་ང་ཚོས་ཆོས་གང་ཞིག་རྣམ་པར་འབྱེད་དགོས། དེ་ལ་ངོས་འཛིན་པའམ་འདུ་ཤེས་པ་ཟེར། དཔེར་ན། མིག་གི་དབང་པོའི་ཡུལ་ལྟ་བུ་རེད། དེ་ལ་འབྲེལ་བ་བྱེད་པ་དང་ཤེས་པའི་གཏིང་ཚད་ཅིག་ཡོང་བར། ཁྱེད་ཀྱིས་རྩིག་ངོས་ནས་མི་ཞིག་གི་གདོང་པའི་བཟོ་ལྟ་དང་ཁ་དོག་རྣམ་པར་འབྱེད་ཐུབ་པ་དགོས། དེ་ནི་གོམ་པ་དང་པོ་སྟེ། ཁྱད་པར་འབྱེད་པ་དེ་རེད། དེ་ལ་ཐག་ཆོད་པོའི་ཆོས་རྣམ་འབྱེད་ཀྱི་ཤེས་རབ་གང་ཞིག་ཁ་སྣོན་བྱེད་ཀྱི་ཡོད་དམ་ཞེ་ན། “དེ་ནི་འདི་ཡིན་པ་ལས་དེ་མིན་པ་ངེས་པ་རེད།” དེ་ནི་ཤེས་རབ་ཅེས་པའི་དོན་གང་ཡིན་པ་དེ་རེད། (ངས་ཞུས་པ་ལྟར། ནམ་རྒྱུན་དེ་ནི་ཨིན་སྐད་དུ་ (wisdom) ཞེས་བསྒྱུར་ཡོད་ནའང་། ཨིན་ཚིག་དེས་ང་ཚོས་ད་ལྟ་འདིར་ཤོད་བཞིན་པའི་གོ་དོན་ཆ་ཚང་བ་སྟོན་གྱི་མེད།)

ཐོས་པའམ་ཆོས་ཉན་པ་ལ་བརྟེན་ནས་ང་ཚོར་གང་ཐོབ་ཀྱི་ཡོད་ཅེ་ན། ཐོས་པ་ལས་བྱུང་བའི་ཤེས་རབ་ཐོབ་ཀྱི་ཡོད། དེའི་དོན་ནི་ནང་པའི་ཆོས་ཀྱི་ཚིག་ལ་རྣམ་པར་འབྱེད་པ་དང་སྒྲོ་འདོགས་གཅོད་པ་དེ་རེད། དེ་ཡང་ང་ཚོས་ནང་པའི་ཆོས་ནས་གང་གསུངས་པ་རྣམས་གཞན་ (ཕྱི་རོལ་པའི་ཆོས་) དང་ཁྱད་པར་འབྱེད་ཀྱི་ཡོད་པ་དང་། “འདི་ནི་སངས་རྒྱས་ཀྱི་ཆོས་རེད་” ཅེས་ང་ཚོ་ཐག་ཆོད་པོ་ཡོད་པ་རེད། ཆོས་ལ་བརྟེན་ནས་ཡར་རྒྱས་ཤིག་འགྲོ་བར། འདི་དག་ནི་ནང་པའི་ཆོས་རེད་ཅེས་ཐག་ཆོད་པོ་དགོས་ཀྱི་ཡོད། མ་རེད་དམ།

དེ་བས་ན་ང་ཚོས་ད་གཟོད་གང་ཤེས་ཡོད་ཅེ་ན། ཆོས་ཚིག་གི་བསམ་བློ་ཞིག་རྟོགས་ཡོད། འོན་ཀྱང་། དེ་དག་གི་གོ་དོན་གང་ཡིན་པའི་བསམ་བློ་ཞིག་ང་ཚོས་རྟོགས་མེད། དཔེར་ན། ང་རང་ལ་མི་ལུས་རིན་ཆེན་ཞིག་ཡོད་པ་ལྟ་བུ་རེད། ང་ཚོས་དེ་ནི་ཕྱི་རོལ་པའི་ཆོས་ལས་རྣམ་པར་འབྱེད་ཐུབ། དེར་བརྟེན་ང་ཚོར་མི་ལུས་རིན་པོ་ཆེ་ཞིག་ཡོད་པ་དང་། སངས་རྒྱས་རྣམས་ལ་གུས་པ་ཡོད་པའི་རྒྱུ་མཚན་གྱིས་དེ་བདེན་པ་ཡིན་ཤག་བྱེད་ཀྱི་ཡོད། ཡིན་ནའང་། རིམ་པ་འདིའི་སྐབས་སུ་ང་ཚོས་དེའི་གོ་དོན་གང་ཡིན་རྟོགས་མེད། ནང་ཆོས་ནས་མི་ལུས་འདི་ནི་དོན་སྙིང་མེད་པ་དང་དགོས་པ་མེད་པ། དེ་བཞིན་མི་ཚེ་ལ་དགོས་དོན་མེད་ཅེས་གསུང་གི་མེད་པ་དེ་ང་ཚོས་ཤེས་ཀྱི་ཡོད། “རེད། ནང་ཆོས་ནས་གསུངས་པ་ལྟར་བྱས་ན། ང་ཚོར་མི་ལུས་རིན་ཆེན་ཞིག་ཡོད་” ཅེས་ང་ཚོས་རྣམ་པར་ཕྱེས་ཡོད། 

བསམ་པ།

ད་ང་ཚོ་རིམ་པ་རྗེས་མར་འགྲོ་དགོས་ཀྱི་ཡོད། དེ་ནི་ཆོས་ཀྱི་དོན་རྟོགས་པར་དེ་ལ་བསམ་བློ་གཏོང་རྒྱུ་དེ་རེད། དེ་ཡང་མི་ལུས་རིན་ཆེན་གྱི་མཚན་ཉིད་དམ་གོ་དོན་ཐད་བསམ་པ་སྟེ། དེའི་དོན་གང་ཡིན་པ་དང་དེ་རྩ་ཆེན་པོ་དང་རིན་ཐང་ཆེན་པོ་ཡིན་པའི་རྒྱུ་མཚན་རིགས་པའི་རྣམ་གྲངས་ལ་བསམ་དགོས། གལ་ཏེ་དེ་རྟོགས་ན། དེ་ནས་ང་ཚོས་ཆོས་རྟོགས་ཀྱི་ཡོད། མ་རེད་དམ། བྱས་ཙང་། ང་ཚོས་འདི་ལ་དོ་སྣང་དང་འབད་བརྩོན་བྱ་དགོས། འདིའི་སྐོར་ལ་བསམ་བློ་གཏོང་དགོས། ང་ཚོས་མི་ལུས་རིན་ཆེན་གྱི་དལ་བ་བརྒྱད་དང་འབྱོར་བ་བཅུ་སྟེ། ཁྱད་ཆོས་བཅོ་བརྒྱད་པོ་དག་རྟོགས་དགོས། དཔེ་ཆ་བཞག་ན། ང་ནི་དུད་འགྲོ་ཞིག་མིན་བསམ་པ་ལྟ་བུ་རེད། ང་ཚོ་རྩི་ཤིང་མིན་དུད་འགྲོ་སེམས་ཅན་ཞིག་ཡིན་ཞེས་སྐྱེ་དངོས་ཚན་རིག་གི་གོ་དོན་དང་འབྲེལ་བའི་སྐད་ཆ་ཤོད་ཀྱིན་མེད། གོ་དོན་དེའི་ཐོག་ནས་སྐད་ཆ་ཤོད་ཀྱིན་མེད། འགྲོ་བ་མི་ནི་ཕུགས་རྒྱང་རིང་པོའི་ནང་གང་ཕན་ཐོགས་ཅན་དང་གནོད་གཞི་ཅན་ཡིན་པར་རྣམ་པར་འབྱེད་ཐུབ་མཁན་དང་། རྟོགས་ཐུབ་མཁན། འབྲེལ་གླེང་སོགས་བྱེད་ཐུབ་མཁན་གྱི་སེམས་ཅན་ཞིག་ཡིན་པ་རེད། 

དེར་བརྟེན་ང་ཚོས་ང་རང་དུད་འགྲོ་ཞིག་མིན་ཞེས་པའི་དོན་གང་ཡིན་ཤེས་དགོས་པ་དང་རྒྱུ་མཚན་རིགས་པ་ཚང་མ་ཤེས་དགོས་ཤིང་། བསྒྲུབ་བྱའི་ཆོས་དེ་ཁུངས་སྐྱེལ་བྱེད་ཐུབ་པ་ཞིག་དགོས། འདིར་བསྒྲུབ་བྱའི་ཆོས་ནི་མིར་སྐྱེས་པ་ལས་དུད་འགྲོར་སྐྱེས་མེད་པ་སོང་ཙང་། མིའི་ལུས་རྟེན་འདི་ནི་དམ་པའི་ཆོས་ཉམས་ལེན་དང་ཆོས་ཀྱི་གོ་དོན་རྟོགས་པ་ལ་རྩ་ཆེན་པོ་ཡིན་པ་རེད། བསྒྲུ་བྱའི་ཆོས་ཀྱི་དོན་ནི་ང་ཚོས་གང་ཁུངས་སྐྱེལ་ཐབས་བྱེད་བཞིན་པ་དེ་རེད། དེ་ཡང་མིར་སྐྱེས་པ་དང་དུད་འགྲོར་མ་སྐྱེས་པ་དེ་ནི་ཆོས་ཉམས་སུ་བླང་བ་དང་ཆོས་ཀྱི་གོ་དོན་རྟོགས་པར་རིན་ཐང་ཆེ་ལ་རྩ་ཆེན་པོ་ཡིན་པ་རེད། དེའི་རྒྱུ་མཚན་རིགས་པའི་རྣམ་གྲངས་སུ་དུད་འགྲོ་ཞིག་ཡིན་པའི་ཆ་ནས་རང་ཉིད་དུད་འགྲོའི་བག་ཆགས་ཀྱི་ཤུགས་རྐྱེན་འོག་ཏུ་ཡོད་ངེས་པ་རེད། དུད་འགྲོའི་བག་ཆགས་གང་རེད་དམ། རྔོན་པ་རྒྱག་རྒྱུ་དང་གསོད་རྒྱུ། ང་ཚོའི་ས་ཁུལ་སྲུང་སྐྱོབ་བྱ་རྒྱུ་ལྟ་བུ་སྟེ། དཔེར་ན། སྒོ་རའི་ནང་མི་ཞིག་འཛུལ་བསླེབས་ན་ཁྱིས་ཟུག་སྐད་རྒྱག་པ་ལྟ་བུ་རེད། དེ་བཞིན་ང་ཚོར་འདུན་པ་དང་སྐུལ་ཤུགས་ཤིག་བསླེབས་མ་ཐག་དུས་ཚོད་གང་རུང་གི་ནང་དུད་འགྲོ་གཞན་དང་མཉམ་དུ་འཁྲིག་པར་སྤྱོད་པ། དུད་འགྲོ་སེམས་ཅན་ཞིག་ཡིན་པའི་ཆ་ནས་ཕུགས་རྒྱང་རིང་པོའི་ནང་གང་ཕན་པ་དང་གནོད་པ་ཡིན་ཁྱད་པར་འབྱེད་པའི་ནུས་སྟོབས་ཧ་ཅང་ཞན་པོ་ཡོད་ངེས་རེད། སྐབས་ཐོག་རིང་དེ་དག་གིས་ཁྱད་པར་འབྱེད་ཐུབ་ངེས་རེད། དཔེར་ན། ཁྱེད་རང་དུད་འགྲོ་ཞིག་ཡིན་ན། སེང་གེ་བསླེབས་པ་དང་བྲོས་ངེས་རེད། གང་ཡིན་ཞེ་ན། བྲོས་ནས་འགྲོ་བ་དེས་རང་ཉིད་ལ་ཕན་གྱི་ཡོད། འོན་ཀྱང་། ཕུགས་རྒྱང་རིང་པོའི་ཕན་གནོད་ལ་རྣམ་པར་འབྱེད་ཐུབ་ཀྱི་མེད། དེར་བརྟེན་གལ་ཏེ་ང་རང་དུད་འགྲོ་སེམས་ཅན་ཞིག་ཡིན་ན། ཆོས་ཉམས་ལེན་བྱ་རྒྱུ་ནི་ཧ་ཅང་དཀའ་ལས་ཁག་པོ་ཆགས་ངེས་རེད། 

ཁྱེད་ཀྱིས་དེའི་ཐད་ལ་བསམ་མནོ་གཏོང་དགོས་པ་དང་གང་གིས་སྐོར་ཤོད་ཀྱིན་ཡོད་པ་རྣམས་ཡིད་ལ་འཆར་ཐབས་བྱེད་དགོས། ང་ཚོས་དུད་འགྲོ་སེམས་ཅན་ཞིག་ཡིན་པའི་དབང་དུ་བཏང་ནས་དེའི་གྱོང་གུན་དང་ཉེས་སྐྱོན་རྣམས་ཀྱི་ཐད་རང་གིས་རང་ལ་ངེས་པ་རྙེད་པ་དང་བསམ་བློ་གཏོང་ཐབས་བྱེད་དགོས། གལ་ཏེ་ང་ལ་རྔོན་པའི་བག་ཆགས་ཧ་ཅང་ཤུགས་ཆེན་འདི་རྒྱུན་ཆད་མེད་པར་ཡོད་པ་སྟེ། དཔེར་ན། ཞི་མི་ཞིག་འབུ་སྲིན་ནམ་ཙི་ཙི་ཞིག་ལ་རྗེ་འདེད་གཏོང་ཚུལ་ལ་ལྟོས་དང་། དེས་ཐ་ན་བཟའ་རྩིས་བྱེད་པ་ཙམ་མིན་པར། མནར་གཅོད་དང་བཅས་འཛིན་ཐབས་བྱེད་ཀྱི་ཡོད། གལ་ཏེ་འདི་ནི་ངའི་ཐོག་མའི་བག་ཆགས་དང་སྐུལ་སློང་ཤུགས་ཆེན་དེ་ཡིན་ན། ངས་ཞ་ལའི་སྒང་ལ་གཅིག་འགྲོ་བ་མཐོང་བའི་སྐབས། དེ་ནི་ངའི་རང་ཤུགས་ལྷན་སྐྱེས་ཀྱི་བག་ཆགས་ཡིན་པ་དང་དེ་ནི་ཧ་ཅང་ཤུགས་ཆེན་པོ་ཡོད་ན། ངས་རང་གིས་རང་ལ་ཡར་རྒྱས་ཇི་ལྟར་གཏོང་ཐུབ་བམ། 

ང་ཚོའི་སྤྱོད་ལམ་ལ་བརྟག་ཞིབ་བྱ་རྒྱུ་དེ་དངོས་གནས་དོ་སྣང་བྱ་འོས་པ་ཞིག་ཡོད། ང་ཚོས་སོ་སོའི་ཉལ་ཁང་ནང་སྦྲང་བུ་དང་། འབུ་ཞུ་ལུ་མ། དུག་སྦྲང་སོགས་ཡོད་པ་དོ་སྣང་ཡོང་གི་ཡོད་པ་དང་། དེ་ནི་སོ་སོའི་མགོའི་སྟེང་ལ་རྩི་ཞྭ་གྱོན་པ་དང་མེ་མདའ་བཏོན་ནས་རིག་དྭགས་རྔོན་དུ་འགྲོ་གི་ཡོད་པ་ནང་བཞིན་ང་ཚོར་སྒོམ་རྒྱག་ཐུབ་ཀྱི་མེད། ང་ཚོས་བརྔོན་བྱའམ་གསོད་བྱ་དེ་བཟུང་ནས་མ་བསད་བར་དུ་གང་ཡང་བྱེད་ཐུབ་ཀྱི་མེད། ང་ཚོས་སྒོམ་རྒྱག་མི་ཐུབ་པ་དང་སློབ་སྦྱོང་བྱེད་མི་ཐུབ་པ་སོགས་དེ་མ་བསད་ཀྱི་བར་དུ་གང་ཡང་བྱེད་ཐུབ་ཀྱི་མེད། ངས་ནམ་རྒྱུན་བརྗོད་པ་ལྟར། གནད་དོན་རྣམས་ཐལ་འགྱུར་དུ་ཁས་ལེན་པ་ནི་ཕན་ཐོགས་ཆེན་པོ་ཡོད། ང་ཚོས་རང་གིས་རང་ལ་དེ་ལྟར་བྱེད་བཞིན་པ་ཤེས་པའི་སྐབས། རྩི་ཞྭ་གྱོན་ནས་ཨཧྥ་རི་ཀའི་ཁྱི་ར་ཡུལ་སྐོར་དུ་འགྲོ་བར་གཞིགས་ནས་བསམ་བློ་གཏོང་བ་དང་། སོ་སོའི་སྤྱོད་ལམ་དེ་ག་ཚོད་ཀྱི་ཆོ་མེད་ཡིན་པ་མཐོང་གི་ཡོད། ཐ་ན་ང་ཚོས་མུ་མཐུད་དེ་སོ་སོའི་ཉལ་ཁང་ནས་དུག་སྦྲང་ཕྱིར་སྐྲོད་ཐབས་བྱེད་ནའང་། མ་མཐར་ཡང་ང་ཚོས་གང་བྱེད་བཞིན་པའི་ཐད་ཀྱི་བསམ་བློ་གཏོང་སྟངས་དེ་ཏོག་ཙམ་འགྱུར་བ་ཕྱིན་ཡོད། ང་ཚོ་ནི་རི་དྭགས་རྔོན་པའི་དུད་འགྲོ་སེམས་ཅན་ཙམ་ཞིག་མིན། 

གཞན་ཡང་། གལ་ཏེ་ང་ཚོ་དུད་འགྲོ་ཞིག་ཡིན་པ་དང་ང་ཚོར་རྟག་ཏུ་དུས་ངེས་མེད་ཀྱི་ནང་གནོད་འཚེ་བྱེད་སྲིད་པའི་སྲོག་ཆགས་གཞན་གྱིས་བརྔོན་པ་ཡིན་ན། ང་ཚོ་རྟག་ཏུ་གཟབ་ནན་བྱེད་དགོས། དེས་ཀྱང་སློབ་སྦྱོང་ཆེད་དུ་ཞི་འཇམ་བཟོ་བ་དང་ཏིང་ངེ་འཛིན་ཐོབ་པ་སོགས་ལ་མཐུན་པའི་རྐྱེན་ཞིག་སྤྲོད་ངེས་མ་རེད། 

བྱས་ཙང་། འདི་དང་འདྲ་བར་ང་ཚོས་དུད་འགྲོའི་ཁྱད་ཆོས་གཞན་ཏེ། དུད་འགྲོ་ཞིག་གི་འཁྲིག་སྦྱོར་སྤྱོད་ལམ་དང་དུད་འགྲོའི་ས་ཁོངས་ལ་ཆགས་པ་སོགས་ལ་བལྟས་ནས། གལ་ཏེ་དེ་དག་ང་ཚོའི་ཁྱབ་ཆེ་བ་དང་ཤུགས་ཆེ་བའི་བག་ཆགས་ཡིན་ན། སླར་ཡང་ཡར་རྒྱས་གཏོང་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་ཇི་ལྟར་ཆགས་ངེས་ཡིན་པའི་ཐད་ལྟ་དགོས། 

ཡང་ན་གལ་ཏེ་ང་ཚོ་རྒྱུན་ཆད་མེད་པར་རྡོག་ཁྲེས་ལྗིད་ཧ་ཅང་ཆེན་པོ་ཞིག་འཁུར་དགོས་པ་སྟེ། དཔེར་ན། རྒྱ་གར་ལ་གླང་གོག་ལ་རྡོག་ཁྲེས་ཧ་ཅང་ལྗིད་ཅན་འགེལ་དགོས་པ་ (རྟག་ཏུ་རྟ་ལྕག་གཞུ་བ་སོགས་བྱེད་དགོས་) ལྟ་བུ་ཡིན་ན། དེས་ཀྱང་ཉམས་ལེན་བྱ་རྒྱུར་ཧ་ཅང་དཀའ་ལས་ཁག་པོ་བཟོ་ངེས་རེད། དེར་བརྟེན་ང་ཚོས་དུད་འགྲོར་སྐྱེ་བའི་དཔེ་མཚོན་གྱི་གནད་དོན་བྱེ་བྲག་ལ་བསམ་བློ་གཏོང་བའི་སྐབས། ང་ཚོས་འདི་གནའ་བོའི་རྒྱ་ནང་གྱི་སྐབས་དོན་འགྲེལ་བ་དང་བསྟུན་དགོས། ང་ཚོས་ (ནགས་གསེབ་ཀྱི་ཞི་དུལ་ཤ་ཕྲུག་ (ཝོལཊ་ཌིས྄་ནི་འགུལ་བརྙན་ནང་གི་འཁྲབ་བྱའི་སྣོད་ཅིག་ཡིན།) ཅིག་དང་ནང་ཕྱུག་པོ་ཞིག་གི་ཁྱི་ཞིག་ལ་བསམ་བློ་གཏོང་གིན་མེད། ང་ཚོས་འབུ་ཞུ་ལུ་མ་ཞིག་ལ་བསམ་བློ་གཏོང་བཞིན་ཡོད། ང་ཚོས་སྲང་ལམ་གྱི་ཁྱི་ཞིག་ལ་བསམ་བློ་གཏོང་བཞིན་ཡོད། ང་ཚོས་བཀོལ་སྤྱོད་སྒོ་ཉར་བྱེད་པའི་དུད་འགྲོ་ཞིག་ལ་བསམ་བློ་གཏོང་གིན་ཡོད། 

བྱས་ཙང་། འདིར་ང་ཚོར་མཚན་ཉིད་ཡང་དག་པ་དེ་རག་པ་དང་ང་ཚོ་འདི་དང་འདྲ་བ་ཞིག་མིན་པ་ཤེས་ཀྱི་ཡོད། དེ་བས་ང་རང་དེ་ལས་ཐར་བ་རེད། དེ་ལས་ཐར་བ་སོང་ཙང་། ང་ལ་ཆོས་ཉམས་སུ་བླང་བའི་གོ་སྐབས་དང་རང་དབང་དེ་ཡོད་པ་རེད། དེར་བརྟེན་ང་ལ་མི་ལུས་རིན་ཆེན་ཞིག་ཡོད།

ང་ཚོས་གོམ་པའམ་རིམ་པ་འདི་ལ་ཐོག་ཙམ་དུས་ཚོད་བཏང་ནས་བསམ་ཞིབ་བྱ་རྒྱུ་ཡིན། ང་ཚོས་དུད་འགྲོ་རྣམས་ཀྱི་སྐོར་ཤོད་སྐབས། གང་གི་སྐོར་ཤོད་ཀྱིན་ཡོད་ངོས་འཛིན་པ་དང་ང་ཚོ་དེ་ལས་ཐར་བ་ཡིན་པ་ཤེས་ཀྱི་ཡོད། དེ་ལས་ཐར་བ་སོང་ཙང་། ང་ཚོར་ཉམས་ལེན་བྱ་རྒྱུ་གོ་སྐབས་ཡོད་པ་རེད། 

དེ་ལྟར་ང་ཚོ་ནི་རྦད་དེ་དུད་འགྲོའི་བག་ཆགས་ཀྱི་དབང་འོག་ཏུ་མེད་པ་ང་ཚོས་མཐོང་གི་ཡོད་པ་སྟེ།

  • ངས་སའི་སྟེང་དུ་འགུལ་བའི་དངོས་པོ་ཆུང་ཙག་རིགས་བརྫི་བ་དང་གློ་བུར་དུ་ཁྱེར་ནས་འགྲོ་མི་དགོས།
  • དུད་འགྲོ་གཞན་ཚང་མས་སྐད་རྒྱག་པ་སོགས་གང་བྱེད་པའི་སྐབས། ངས་ཀྱང་དེ་ལྟར་བྱ་མི་དགོས།
  • རང་ཉིད་སྣང་བ་འགྲོ་སའི་དུད་འགྲོ་ཞིག་ག་དུས་མཐོང་བ་དང་ལམ་སེང་མཆོངས་ནས་འགྲོ་མི་དགོས། 

ང་ལ་དུད་འགྲོ་དེ་དག་གི་བག་ཆགས་ཏོག་ཙམ་ཞིག་ཡོད་སྲིད་ནའང་། ངས་ལས་དེ་དངོས་སུ་བྱ་མི་དགོས། ང་རང་འགྲོ་བ་མི་ཞིག་ཡིན། གང་ཞིག་རན་འཚམས་ཡིན་པ་དང་མིན་པའི་དབར་ལ་རྣམ་པར་འབྱེད་པའི་ནུས་པ་དེ་ང་ལ་ཡོད། རྒྱུ་མཚན་འདི་ལ་བརྟེན་ནས་ང་རང་ལ་མི་ལུས་རིན་ཆེན་ཞིག་ཡོད་པ་དང་དགོས་དོན་དུ་མི་ལུས་རིན་ཆེན་འདི་ཡོད་པ་རེད། དགོས་དོན་གཙོ་བོ་ནི་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་བྱ་རྒྱུ་དེ་ཡིན་པ་ལས། དངུལ་ཧ་ཅང་མང་པོ་བཟོ་བའི་ཆེད་རྩ་ཆེན་པོ་ཡིན་པ་ཙམ་དེ་མ་རེད། 

འོ་ན་རིམ་པ་འདིའི་སྐབས་སུ་ང་ཚོས་གང་བྱེད་བཞིན་ཡོད་དམ། ང་ཚོས་ཆོས་ལ་བསམ་བློ་གཏོང་བཞིན་ཡོད། ང་ཚོས་ཚིག་ཙམ་ལ་བརྟེན་གྱིན་མེད། དེ་ནི་གོམ་པ་དང་པོ་དེ་རེད། འོན་ཀྱང་། མི་ལུས་རིན་ཆེན་གྱི་ཁྱད་ཆོས་སམ་ངོ་བོ་དང་། རང་སོ་སོའི་གནས་བབས། རང་སོ་སོའི་གནས་སྟངས་བྱེ་བྲག །དེ་བཞིན་རྒྱུ་མཚན་རིགས་པ་ལ་བརྟེན་ནས་ང་ཚོར་རྗེས་སུ་དཔག་པའི་གོ་རྟོགས་ཤིག་རྙེད་ཀྱི་ཡོད། རྗེས་དཔག་ནི་རྒྱུ་མཚན་རིགས་པ་ཞིག་ལ་བརྟེན་པ་དེ་རེད། དེ་ཡང་རྒྱུ་མཚན་འདི་ལ་བརྟེན་ནས་ངས་དེ་རྟོགས་སོང་ཞེས་པ་ལྟ་བུ་རེད། དེ་ལྟར་བསམ་པ་ལས་བྱུང་བའི་ཆོས་རྣམ་འབྱེད་ཀྱི་ཤེས་རབ་དེ་ཐོབ་ཀྱི་ཡོད། དེ་ནི་དོན་དང་མི་ལྡན་པའི་ཚིག་ཙམ་ལ་མི་དམིགས་པར་དོན་དང་ལྡན་པའི་བསམ་བློ་ཞིག་ལ་དམིགས་ཀྱི་ཡོད། དོན་དང་ལྡན་པའི་བསམ་བློ་ནི། “ང་རང་དུད་འགྲོའི་ལུས་རྟེན་ལས་ཐར་བ་སོང་ཙང་། ང་རང་ལ་མི་ལུས་རིན་ཆེན་ཞིག་ཡོད་” ཅེས་པ་འདི་རེད། དེའི་ཐད་ལ་ཐག་ཆོད་པོ་ཡིན་པ་རེད། དེ་ལ་རྣམ་པར་འབྱེད་ཀྱི་ཡོད། དེས་རྒྱུ་མཚན་གཞན་དག་དང་ཏག་ཏག་ངེས་བཟུང་མེད་པའི་མཚན་ཉིད་སོགས་ལས་རྣམ་པར་འབྱེད་པ་དང་དེའི་ཐད་ལ་ཐག་ཆོད་པོ་ཡོད་པ་རེད། 

ད་ང་ཚོས་རྣམ་པར་འབྱེད་པའི་ཤེས་རབ་ལ་དམིགས་པ་གཏད་ཐབས་བྱེད་ཀྱི་ཡིན། དེ་ཡང་། “ང་ལ་མི་ལུས་རིན་ཆེན་ཞིག་ཡོད། གང་ཡིན་ཞེ་ན། ང་རང་དུད་འགྲོའི་ལུས་རྟེན་ལས་ཐར་བ་རེད་” ཅེས་པ་དེ་རེད། ང་ཚོས་གོ་རྟོགས་དེ་ལ་དམིགས་པ་གཏད་ཀྱི་ཡོད། དོན་ངོར་མར་ “ང་རང་དུད་འགྲོའི་ལུས་རྟེན་ལས་ཐར་བ་སོང་ཙང་། ང་རང་ལ་མིའི་ལུས་རྟེན་རྩ་ཆེན་འདི་ཡོད་” ཅེས་པའི་གོ་རིམ་འདི་ཡིན་དགོས། ཕྱོགས་གཞན་ཞིག་ནས་ང་ཚོས་རྒྱུ་མཚན་རིགས་པར་བརྟེན་ནས་མཇུག་སྡོམ་ལ་བསླེབ་ཀྱི་ཡོད། དེ་ལྟར་ཡང་ནས་ཡང་དུ་རྒྱུ་མཚན་རིགས་པ་ལ་བརྟེན་དགོས། 

དེ་ལྟར་ཁྱེད་ཀྱིས་གོམ་པའམ་ཐབས་ལམ་དང་པོ་གཉིས་ཏེ། ཐོས་པ་དང་བསམ་པ་གཉིས་ཀྱི་དབར་ལ་ཁྱད་པར་ཆེན་པོ་ཞིག་ཡོད་པ་མཐོང་གི་ཡོད། དེ་བཞིན་དེ་གཉིས་པོ་རེ་རེ་ལས་བྱུང་བའི་ཤེས་རབ་དེའང་གང་ལ་གང་འཚམས་ཀྱི་མི་འདྲ་བ་ཡོད། 

  • དང་པོ་ཐོས་པ་ནི། “ང་ལ་མི་ལུས་རིན་ཆེན་ཞིག་ཡོད་” ཅེས་པ་དེ་རེད། དེ་ནི་ནང་པའི་ཆོས་ཡིན་པ་ཁྱེད་ཀྱིས་ཤེས་པ་ལ་ཐེ་ཚོམ་མེད་ནའང་། ང་ཚོས་དེ་བདེན་པ་ཡིན་ཤག་ཁོ་ན་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ཤེས་ཀྱི་མེད། དེའི་དོན་གང་ཡིན་ང་ཚོས་ཤེས་ཀྱི་མེད།
  • འོན་ཀྱང་། གཉིས་པ་བསམ་པ་ལ་བརྟེན་ནས་ང་ཚོས་མི་ལུས་རིན་ཆེན་ཟེར་བའི་དོན་གང་ཡིན་ཤེས་པ་དང་། དེ་ང་ཚོར་ཅིའི་ཕྱིར་ཡོད་པར་ཤེས་པ། (དེ་ང་ཚོར་ཡོད་པའི་རྒྱུ་མཚན་རྣམས་ཤེས་པ།) དེ་རིན་ཐང་དང་རྩ་ཆེན་ཡིན་པ་གང་གིས་བཟོ་གི་ཡོད་པའི་དགོས་དོན་ (ཆོས་ཉམས་སུ་བླང་ཐུབ་པའི་རིན་ཐང་) དེ་ཤེས་ཀྱི་ཡོད། བྱས་ཙང་། གོ་རྟོགས་མེད་པའི་སྒོ་ནས་དེ་བདེན་པར་ཡིན་ཤག་བྱ་རྒྱུའི་ཚབ་ལ་ང་ཚོ་མཇུག་སྡོམ་དེར་བསླེབ་ཐུབ་པ་དང་དེ་རྗེས་དཔག་ཚད་མའི་སྒོ་ནས་ཡང་དག་པར་རྟོགས་ཐུབ། དེ་ནི་རྒྱུ་མཚན་རིགས་པ་ལ་བརྟེན་ནས་རྟོགས་ཐུབ་པའི་དོན་རེད། དེའི་ཆོས་རྣམ་འབྱེད་ཀྱི་ཤེས་རབ་དེ་ང་ཚོར་ཡོད། དེའི་དོན་ནི་ང་ཚོ་དེའི་ཐད་ལ་ཐག་ཆོད་པོ་ཡིན་པ་རེད། “རྒྱུ་མཚན་འདི་དང་དེ་ལ་བརྟེན་ནས་དགོས་དོན་འདི་དང་དེ་ལ་བཀོལ་སྤྱོད་བྱེད་པའི་མི་ལུས་རིན་ཆེན་ཞིག་དངོས་གནས་དྲང་གནས་ང་རང་ལ་འདུག་” ཅེས་པའི་རང་གིས་རང་ལ་ཡིད་ཆེས་བརྟན་པོ་ཡོད། 

རྩོད་གླེང་།

འདིར་ངེས་ཤེས་དང་ཡིད་ཆེས་བརྟན་པོ་འདི་རྙེད་པར། རྩོད་གླེང་ནི་ཧ་ཅང་ཕན་ཐོགས་ཅན་ཞིག་ཡིན། གང་ཡིན་ཞེ་ན། རྩོད་གླེང་འདིས་ང་ཚོར་ཡོད་པའི་ཐེ་ཚོམ་དང་གོ་དོན་ཏག་ཏག་གསལ་ཁ་མེད་པའི་བསམ་བློ་ཡོད་པ་དེ་མེད་པ་བཟོ་བར་རོགས་བྱེད་ཀྱི་ཡོད། ང་ཚོ་ཐག་མི་ཆོད་པ་ཆགས་ཀྱི་མ་རེད། ང་ལ་དེ་ཡོད་དམ། ང་ལ་དེ་མེད་པ་རེད་དམ། དེའི་གོ་དོན་འདི་རེད་དམ་ཞེས་སོགས་ཀྱི་ཐེ་ཚོམ་བཟའ་གི་མ་རེད། དེ་ཅིའི་ཕྱིར་ཞེ་ན། ང་ཚོས་རང་གིས་རང་ལ་ཡོད་པའི་ནོར་འཁྲུལ་འཚོལ་བ་ལས་མང་བ་གཞན་གྱིས་ང་ཚོའི་བསམ་བློ་གཏོང་སྟངས་ཀྱི་ནོར་འཁྲུལ་མང་བ་རྙེད་ཀྱི་རེད། གལ་ཏེ་ཁྱེད་ནས་རང་གིས་རང་ལ་སོ་སོའི་རྟོགས་པ་ཞིབ་བཤེར་བྱེད་ཀྱིན་ཡོད་ན། “ཨོ། ད་འགྲིགས་སོང་” ཟེར་བ་དེ་འཐོབ་རྒྱུ་ཧ་ཅང་ལས་སླ་པོ་རེད། མི་གཞན་གྱིས་ཁྱེད་ཀྱི་བསམ་བློ་གཏོང་སྟངས་ལ་སྐྱོན་དང་ནོར་འཁྲུལ་རྦད་དེ་ནུས་པ་ཆེ་བ་རྙེད་ཐུབ་པ་དང་། ང་ཚོས་རང་གིས་རང་ལ་ནམ་ཡང་བྱེད་ངེས་མིན་པའི་སྤྲོ་སེམས་དང་བཅས་དེ་ལ་རྒྱུན་རིང་བ་སྙིང་རུས་བྱེད་ཀྱི་རེད། སྐབས་འགར་རྩོད་པའི་ནང་། “ད་འགྲིགས་སོང་། ང་རང་ཁེར་རྐྱང་འཇོག་རོགས་” ཞེས་ཟེར་བའི་སེམས་ཚོར་གྱི་མཚམས་སུ་བསླེབ་ཀྱི་ཡོད། གལ་ཏེ་ཁྱེད་ཀྱིས་སྒོམ་གྱི་སྐབས་དེ་སོ་སོ་རང་ངོས་ནས་བྱེད་ཀྱིན་ཡོད་ན། ཁྱེད་ཀྱིས་ཡུན་རིང་སྔོན་ནས་མཚམས་འཇོག་བྱས་ཟིན་ཡོད་ཤག་རེད། རྒྱུ་མཚན་འདི་ལ་བརྟེན་ནས་བོད་ཀྱི་སྲོལ་རྒྱུན་ནང་རྩོད་པའི་ཐབས་ལམ་ལ་ཧ་ཅང་ནན་བརྗོད་ཆེན་པོ་བྱེད་ཀྱི་ཡོད། དེ་ནི་ང་ཚོའི་རྟོགས་པ་ལ་ཐེ་ཚོམ་མེད་པར་ཡིད་ཆེས་བརྟན་པོ་རྙེད་པར་ཕན་པའི་ཆེད་དུ་དམིགས་ཀྱི་ཡོད། 

དཔྱད་སྒོམ།

དེ་ནི་ཆོས་ལ་བསམ་པའམ་བསམ་ཞིབ་བྱེད་པ་དེ་རེད། དེའི་རྗེས་སུ་ང་ཚོས་དེ་དག་སྒོམ་དགོས། ནམ་རྒྱུན་མི་རྣམས་ཀྱིས་རིམ་པ་གཉིས་པ་དེ་ནི་སྒོམ་ཡིན་པར་བསམ་གྱི་ཡོད། ཡིན་ནའང་། དོན་ངོ་མར་དེ་ནི་ཆོས་ལ་བསམ་བློ་གཏོང་བའམ་བསམ་ཞིབ་བྱེད་པ་ཞིག་རེད། སྒོམ་ནི་དེ་ལས་འདས་པ་ཞིག་རེད། འོན་ཀྱང་། ང་ཚོས་རིམ་པ་གཉིས་པ་དེ་མ་བརྒྱུད་པར་སྒོམ་རྒྱག་མི་ཐུབ། ཁྱེད་ཀྱིས་ཆོས་ཀྱི་གོ་དོན་རྣམས་རྟོགས་པ་དང་དེ་དག་མ་ནོར་བ་དང་ཡང་དག་པ་ཞིག་ཡིན་པར་ཡིད་ཆེས་མ་སྐྱེས་བར་དུ་སྒོམ་རྒྱག་མི་ཐུབ། ཁྱེད་ཀྱིས་གནད་དོན་ཞིག་རྟོགས་ནས་དེ་ནོར་བ་ཡིན་པ་ཡིད་ཆེས་རྙེད་ཆོག་ཀྱང་། ང་ཚོས་སྐབས་འདིར་གནད་དོན་ཞིག་རྟོགས་པ་དང་དེ་བདེན་པ་ཡིན་པར་ཡིད་ཆེས་རྙེད་པའི་སྐོར་ཤོད་ཀྱིན་ཡོད། གང་ཡིན་ཞེ་ན། སྒོམ་ནི་རྟོགས་པ་དང་ཡིད་ཆེས་འདི་ང་ཚོའི་ཉིན་རེའི་མི་ཚེ་སྐྱེལ་སྟངས་ཀྱི་ནང་མཉམ་སྡེབ་བྱེད་པའི་ཐབས་དེ་ཡིན་པ་རེད། 

དེར་བརྟེན་ང་ཚོས་དང་པོ་དཔྱད་སྒོམ་བྱ་རྒྱུ་ཡིན། འདི་ལ་ངོས་ནས་ཨིན་སྐད་དུ་ (discerning meditation) ཞེས་བརྗོད་འདོད་ཡོད། དེ་ནས་འཇོག་སྒོམ་བྱ་རྒྱུ་ཡིན། དཔྱད་འཇོག་གི་སྒོམ་གཉིས་པོ་ནི་ཆོས་རྣམས་མཉམ་སྡེབ་དང་རང་རྒྱུད་ལ་སྦྱོར་རྒྱུའི་ཆེད་དུ་རེད། དཔྱད་སྒོམ་ལ་ང་ཚོས་གཙོ་བོ་སེམས་བྱུང་གཉིས་ (འདི་ལ་ནན་བརྗོད་བྱེད་ཀྱི་ཡོད། ཏིང་ངེ་འཛིན་ལ་སོགས་པའི་སེམས་བྱུང་གཞན་བེད་སྤྱོད་བྱ་དགོས་པ་མང་) བེད་སྤྱོད་ཀྱི་ཡོད། དེ་གཉིས་ནི་རྟོག་པ་དང་དཔྱོད་པ་གཉིས་རེད། དེ་གཉིས་ལ་ངོས་ནས་ཨིན་སྐད་དུ་ (gross detection) དང་ (subtle discernment) ཞེས་སྒྱུར་འདོད་ཡོད། སྐབས་དོན་འགའི་ནང་རྟོག་དཔྱོད་ཀྱི་ཐ་སྙད་གཉིས་པོའི་དོན་ནི་རྟོག་ཞིབ་བྱེད་པ་དང་ཞིབ་འཇུག་བྱེད་པ་ལྟ་བུ་ཨིན་སྐད་ནང་ (investigating) དང་ (scrutinizing) ཞེས་པའི་དོན་ལ་གོ་བ་ཡིན། 

སེམས་བྱུང་དེ་གཉིས་ང་ཚོས་ཇི་ལྟར་ཤེས་སམ། ཡི་གེ་ཞུ་དག་གཏོང་བར་དཔེ་མཚོན་ཞིག་བཞག་ན། ཁྱེད་ཀྱིས་བྲིས་པའམ་མི་གཞན་གྱིས་བྲིས་པའི་ཡི་གེ་ལ་ནོར་འཁྲུལ་ཡོད་མེད་བལྟ་བ་ལྟ་བུ་རེད། ཐོག་མར་ང་ཚོས་བརྟག་ཞིབ་རགས་ཙམ་བྱེད་པ་དང་པར་དུ་བཏབ་པའི་ལྡེབ་མ་དེའི་ནང་ནོར་འཁྲུལ་ཡོད་པ་ཤེས་ངེས་རེད། ཁྱེད་ཀྱིས་རགས་ཙམ་བལྟས་ནས་ཤེས་ངེས་རེད། དེའི་རྗེས་ཁྱེད་ཀྱིས་ཞིབ་འཇུག་ཞིབ་མོར་བྱས་ཏེ། གནད་དོན་བྱེ་བྲག་ཞིབ་ཅིང་ཕྲ་བ་རྣམས་ལ་དཔྱད་ངེས་རེད། ཁྱེད་ཀྱིས་ཁྱད་པར་མཐོང་གི་འདུག་གམ། བྱས་ཙང་། དེ་ནི་རྟོག་ཞིབ་བྱེད་པ་སྟེ། གང་འབྱུང་བཞིན་པའི་རྟོག་པ་དེ་ཡིན་པ་དང་དེ་ནས་གཟབ་ནན་གྱིས་ཞིབ་འཇུག་བྱེད་པ་ནི་གང་འབྱུང་བཞིན་པའི་དཔྱོད་པ་དེ་ཡིན། 

ང་ཚོར་ཐོབ་པའི་མི་ལུས་རིན་ཆེན་ལ་དཔྱད་སྒོམ་བྱེད་པའི་ཆེད་དུ་ང་ཚོས་གང་བྱེད་དམ། ང་ཚོས་རང་གིས་རང་ལ་དམིགས་པ་གཏད་པ་དང་། ང་ཚོར་དུད་འགྲོ་མིན་པའི་མཚན་ཉིད་ཚང་ཡོད་དང་མེད་བརྟག་དཔྱད་ཞིབ་འཇུག་བྱེད་དགོས། དེ་ལྟར་ང་ཚོས་བརྟག་ཞིབ་རགས་ཙམ་བྱེད་པ་དང་ང་ཚོ་དུད་འགྲོ་ལྟ་བུ་ཡིན་པ་ལས་ཐར་བ་རྟོགས་ཀྱི་ཡོད། འོ་ན་བརྟག་ཞིབ་བྱེད་པའི་སྐབས། ང་ཚོས་གང་རྟོགས་ཀྱི་ཡོད་དམ། ང་ཚོས་སྦྱོང་ཐུབ་པ་དང་། འབྲེལ་གླེང་བྱེད་ཐུབ་པ། ང་ཚོས་དུད་འགྲོ་ལས་རྦད་དེ་ཚད་མཐོ་བའི་རིམ་པའི་ཐོག་ནས་བྱ་བ་བྱེད་ཐུབ་པ་ཅེས་རྟོགས་ཀྱི་ཡོད། འགྲིག་གི་འདུག་གམ། དེ་ལྟར་བྱོས་ཨང་། དེ་ནས་ཁྱེད་ཀྱིས་ཚིག་ཙམ་མིན་པར་རང་ངོས་ནས་ལྟ་དགོས། ད་ང་ཚོ་རིམ་པའམ་གོམ་པ་གཉིས་པ་དེ་ཚར་བ་རེད། ཚིག་དེ་དག་ལ་གོ་དོན་ཡོད། དྲན་གྱི་འདུག་གམ། ང་ཚོས་གང་རྟོགས་ཀྱི་ཡོད་ཅེ་ན།

  • ངས་སྦྱོང་ཐུབ།
  • ངས་འབྲེལ་གླེང་བྱེད་ཐུབ།
  • ངས་དུད་འགྲོ་ཞིག་ལས་རྦད་དེ་ཚད་མཐོ་བའི་བྱ་བ་བྱེད་ཐུབ་པ་བཅས་རྟོགས་ཀྱི་ཡོད། 

དེ་ལྟར་ང་ཚོས་དུད་འགྲོ་ཞིག་ཡིན་པ་ལས་ཐར་བ་དེ་རྟོགས་ཀྱི་ཡོད། དེ་ནས་ང་ཚོས་ཧ་ཅང་གཟབ་ནན་གྱིས་ཞིབ་དཔྱོད་བྱེད་པ་དང་སྐབས་འགར་ང་ཚོས་དུད་འགྲོ་ནང་བཞིན་སྤྱོད་ཚུལ་སྟོན་གྱི་ཡོད། དཔེར་ན། གཞས་ཞབས་བྲོ་འཁྲབ་ཏུ་འགྲོ་བ་ལྟ་བུ་ང་ཚོའི་འཁྲིག་སྤྱོད་དང་། རང་གི་འབྱུང་སྲིད་པའི་ཟླ་གྲོགས་དེའི་མཚང་རར་དྲི་སྣོམ་པ། མཚན་གཅིག་རིང་མཛའ་འབྲེལ་བྱེད་པ་ལྟ་བུ་ནི་ང་ཚོས་དེ་འདྲ་མི་བྱ་ཀ་མེད་དང་མཐུ་མེད་གང་ཡང་མིན། ང་ཚོས་རྣམ་པར་འབྱེད་པ་དང་སོ་སོའི་སྤྱོད་ལམ་འགྱུར་བ་གཏོང་ཆོག །བྱས་ཙང་། ང་ཚོས་རང་ཉིད་དུད་འགྲོ་ཞིག་མིན་པའི་དཔྱད་པ་དེ་ལ་རང་ངོས་ནས་རྩེ་གཅིག་ཏུ་དམིགས་པ་གཏད་ཀྱི་ཡོད། དེ་དག་ནི་ང་ཚོའི་སྤྱོད་ལམ་ལ་གཞིགས་པའི་ཞིབ་ཅིང་ཕྲ་བའི་གནད་དོན་རྣམས་རེད། 

ང་ཚོས་ཟླ་གྲོགས་ཀྱི་ཆེད་དུ་གང་སར་འཁྱམ་བཞིན་པའམ། ཡང་ན་སོ་སོའི་ནང་དུ་དུག་སྦྲང་དང་ཞུ་ལུ་མ་གསོད་བཞིན་པ་སོགས་གང་ཞིག་ལ་ལྟ་བཞིན་ཡོད་ནའང་འདྲ་སྟེ། “ང་ཚོས་དེ་འདྲ་བའི་བྱ་བ་བྱེད་སྲིད་ནའང་། དེ་ལྟ་མི་བྱ་མཐུ་མེད་མིན། ངས་གདམ་ཀ་ཞིག་འདེབ་སྒྲུག་བྱེད་ཆོག །དེ་དང་འདྲ་བ་བྱེད་མི་དགོས། གང་ལྟར་ཡང་། ང་རང་མི་ཞིག་ཡིན་པ་ལས་དུད་འགྲོ་ཞིག་ནི་མིན། ངས་ཁྱི་གཞན་རྣམས་ནང་བཞིན་ཟུག་དགོས་དོན་མེད། གལ་ཏེ་མི་ཞིག་གིས་གྱོན་གོས་རིང་ཚད་ཕ་གི་ལས་ལྡོག་སྟེ་འདི་འདྲ་ཞིག་གྱོན་དགོས་ཞེས་དང་། ཁྱེད་ཀྱི་སྐྲ་འདི་འདྲ་བཟོ་དགོས། དེ་འདྲ་བཟོ་མི་རུང་། ཡང་ཁྱེད་ཀྱིས་གཞས་འདི་གཏོང་དགོས། ཕ་གི་གཏོང་རྒྱུ་མེད། ང་ཚོ་ཁྱི་ནང་བཞིན་གཞན་དག་སྐད་ཅོར་རྒྱག་ན་ང་ཚོས་ཀྱང་རྒྱག་པ་དེ་འདྲ་མིན་” ཞེས་ང་ཚོས་རྣམ་པར་འབྱེད་ཐབས་བྱེད་དགོས། ད་ང་ཚོས་འབྲེལ་བ་ཆེ་བ་དང་ད་ཡོད་གནས་ཚུལ་དང་འབྲེལ་བ་ཞིག་བཤད་ན། མི་ཚང་མས་ “ཝ་ཝ་ཝ་” ཞེས་སྐད་ཅོར་རྒྱག་པའི་སྐབས། ང་ཚོས་ཀྱང་ཝ་ཝ་ཝ་ཞེས་སྐད་ཅོར་རྒྱག་མི་དགོས། རྒྱག་དགོས་སམ། གཞན་དག་སྐད་རྒྱག་པའི་སྐབས་ང་ཚོས་ཀྱང་སྐད་ཅོར་རྒྱག་དགོས་པའི་ཁྱི་འདྲ་བའི་དུད་འགྲོ་མིན། 

དེར་བརྟེན་ “ང་རང་དངོས་གནས་དུད་འགྲོ་ཞིག་མིན་” ཞེས་ཞིབ་ཕྲར་དཔྱད་པ་བྱེད་དགོས། དེ་ལྟར་བྱོས། ང་ཚོ་ནི་ “རྒྱུག །རུས་པ་ཁྱེར་ཤོག་” ཅེས་བདག་པོས་མ་ལབ་བར་དུ་སྒུག་ནས་སྡོད་མཁན་གྱི་ཁྱི་ལྟ་བུ་མ་རེད།

རྟོག་པ་དང་དཔྱོད་པ་གཉིས་རྒྱུན་སྲིང་བ་དང་ལྷག་པར་དུ་ང་ཚོ་དུད་འགྲོ་ཞིག་མིན་པར་དཔྱད་པར། ང་ཚོས་སླར་ཡང་རྒྱུ་མཚན་རིགས་པ་བརྒྱུད་ནས་འགྲོ་དགོས་ཏེ། 

  • གལ་ཏེ་ང་ཚོ་དུད་འགྲོ་ཡིན་ན། ང་ཚོས་ཆོས་ཆ་ཚང་བ་བྱ་མི་ཐུབ།
  • དུད་འགྲོ་མིན་པའི་རང་དབང་དེ་ང་ཚོར་ཡོད།
  • དེར་བརྟེན་ང་ཚོར་ཆོས་ཉམས་ལེན་བྱེད་པའི་མི་ལུས་རིན་ཆེན་འདི་ཐོབ་ཡོད།

དེ་ནས་ང་ཚོས་རྗེས་དཔག་གི་རྟོགས་པ་དང་ཏིང་ངེ་འཛིན་དེ་ལ་དམིགས་པ་གཏད་ནས་མི་ལུས་རིན་ཆེན་ཞིག་ཡོད་པར་རང་གིས་རང་ལ་དཔྱད་པ་བྱེད་དགོས།

དེ་ལྟར་བྱེད་རོགས་གནང་ཞུ།

  • གལ་ཏེ་ང་ཚོ་དུད་འགྲོ་སེམས་ཅན་ཡིན་ན། ང་ཚོས་ཆོས་ཆ་ཚང་བ་ཞིག་བྱ་མི་ཐུབ།
  • ང་ཚོར་དུད་འགྲོའི་སྐྱེ་བ་ལས་ཐར་བའམ་དུད་འགྲོ་མིན་པའི་རང་དབང་དེ་ཡོད།
  • དེར་བརྟེན་ང་ཚོར་ཆོས་ཉམས་ལེན་བྱེད་པའི་མི་ལུས་རིན་ཆེན་འདི་ཡོད་པ་རེད།
  • དེ་ཅིའི་ཕྱིར་ཞེས་པའི་རྗེས་དཔག་གི་རྟོགས་པ་ལ་བརྟེན་ནས་ང་ཚོར་མི་ལུས་རིན་ཆེན་ཞིག་ཡོད་པ་རང་གིས་རང་ལ་དཔྱད་དགོས།

དཔྱད་པ་འདི་ཡོད་པའི་རྒྱུ་མཚན་གྱིས་དེ་ལ་དཔྱད་སྒོམ་ཞེས་ཟེར་བ་ཡིན། ངས་གོང་དུ་ཞུས་པ་ལྟར། འདི་ལ་ནམ་རྒྱུན་ཨིན་སྐད་དུ་ (analytical meditation) ཞེས་བསྒྱུར་ཡོད་ནའང་། (analytical) ཞེས་པའི་ཚིག་དེས་གོ་དོན་ཁ་གསལ་པོ་སྟོན་གྱི་མེད། སྟོན་གྱི་འདུག་གམ། འདིར་ཡང་ང་ཚོར་སྒོམ་པ་ལས་བྱུང་བའི་སྒོམ་བྱུང་གི་ཤེས་རབ་ཡོད། དེ་ནི་ཧ་ཅང་ཐག་ཆོད་པོ་ཡོད། གང་ཡིན་ཞེ་ན། ང་ཚོས་རྒྱུ་མཚན་འདི་དང་དེའི་ཕྱིར་མི་ལུས་རིན་ཆེན་འདི་ཡོད་པ་ངོ་རྟགས་ཆོད་ཐུབ། རྒྱུ་མཚན་འདི་དང་དེའི་ཕྱིར་ང་ཚོར་མི་ལུས་རིན་ཆེན་འདི་ངེས་པར་དུ་ཡོད་པར་ངོ་རྟོགས་ཆོད་ཀྱི་ཡོད། 

འཇོག་སྒོམ།

དེ་ལྟར་ང་ཚོར་སྒོམ་ལ་གོམ་པའམ་ཐབས་ལྟ་བུ་གཉིས་ཡོད་པ་ནི་དཔྱད་སྒོམ་དང་འཇོག་སྒོམ་རེད། འཇོག་སྒོམ་ལ་བརྟེན་ནས་ང་ཚོས་ཧུར་བརྩོན་གྱིས་ཞིབ་ཕྲར་མ་དཔྱད་པར་མི་ལུས་རིན་ཆེན་ཞིག་ཡོད་པར་དམིགས་པ་ཙམ་དེ་རེད། སྐབས་འདིར་ཚིག་གལ་ཆེན་པོ་ཞིག་ནི་ཧུར་བརྩོན་དང་ལྡན་པའི་སྒོ་ནས་ཟེར་བ་འདི་རེད། “ང་རང་དུད་འགྲོ་ཞིག་མིན་པའི་རྒྱུ་མཚན་གྱིས་རེད་” ཅེས་དང་། “གལ་ཏེ་ང་དུད་འགྲོ་ཞིག་ཡིན་ན། ངས་སྒོམ་རྒྱག་ཐུབ་མེད་” ཅེས་སོགས་ཧུར་བརྩོན་གྱི་སྒོ་ནས་མ་དཔྱད་པ་དེ་རེད། དེར་བརྟེན་ང་ཚོས་གང་བྱེད་བཞིན་ཡོད་པ་ནི་ང་ཚོར་མི་ལུས་རིན་ཆེན་ཞིག་ཡོད་པའི་ཚོར་བ་ལ་དམིགས་པ་གཏད་ཀྱིན་ཡོད། ཚོར་བ་ནི་འདིར་ཡིད་ཆེས་བརྟན་པོ་ལ་གོ་བ་དང་ང་ཚོས་དེ་ལ་དངོས་གནས་ཡིད་ཆེས་ཀྱི་ཡོད། དེ་ནི་ཁྱེད་ཀྱིས་གང་ལ་དམིགས་པ་དེ་རེད། དེས་ཞིབ་ཕྲར་དཔྱད་ཀྱི་མེད། དེ་ནི་མི་ལུས་རིན་ཆེན་འདི་ང་ཚོར་ཡོད་པའི་ཡིད་ཆེས་བརྟན་པོ་དང་ཚོར་བ་དེ་རེད། དེ་ནི་ངོ་རྟགས་ཆོད་པའི་སྒོ་ནས་གང་ཡིན་པ་རྟོགས་པ་ལ་གཞི་བྱས་ཡོད་པ་ངེས་པ་རེད། 

ད་ང་ཚོས་དེའི་ཐོག་ལ་ཏོག་ཙམ་བསམ་བློ་གཏོང་རྒྱུ་ཡིན།

སྒོམ་གྱི་རིགས་འདི་ལྟ་བུ་ལ་ལ་བརྟེན་ནས་ང་ཚོས་དུས་ཚོད་ཆུད་ཟོས་སུ་གཏོང་བ་ལྟ་བུའི་སོ་སོའི་སྐྱོན་གྱི་ཆ་དང་དཀའ་ངལ་རྣམས་མེད་པ་བཟོ་ཡི་ཡོད། ང་ཚོས་མི་ལུས་རིན་ཆེན་རྟོགས་པའི་སྒོ་ནས་རང་རྒྱུད་ཀྱི་ཡོན་ཏན་བཟང་པོ་རྣམས་གོང་འཕེལ་གཏོང་བ་དང་དེ་བཟང་ཕྱོགས་དགེ་བའི་རིམ་པའི་ཐོག་ནས་ཆོས་ཉམས་ལེན་གྱི་ཆེད་དུ་བཀོལ་སྤྱོད་བྱེད་ཀྱི་ཡོད། ང་ཚོས་སོ་སོ་རང་ཉིད་ཀྱི་སྐོར་ལ་ཤེས་པའི་རྒྱུ་མཚན་གྱིས་དེ་མཉམ་སྡེབ་བྱེད་ཐབས་དང་ཚོར་ཐབས་བྱེད་ཀྱི་ཡོད། འདི་ལ་བརྟེན་ནས་འགྱུར་བ་གཏོང་ཐུབ། གང་ཡིན་ཞེ་ན། དེས་དཀའ་ངལ་གྱི་རྒྱུ་མེད་པ་བཟོས་ནས་བཟང་པོའི་ཡོན་ཏན་རང་རྒྱུད་ལ་སྐྱེད་པར་བྱེད་ཀྱི་ཡོད།

ང་ཚོས་འདི་ནི་དབུགས་ལ་དམིགས་པ་གཏད་ཙམ་ལས་དེ་ལ་གྲོགས་སུ་རྟོགས་པ་གང་ཡང་མེད་པ་དང་བསྡུར་ནས་དབྱེ་འབྱེད་བྱེད་ཆོག །དེས་ང་ཚོ་ཞི་འཇམ་བཟོ་སྲིད་ནའང་། གཉིད་ཁུག་པ་དང་ཞི་སྨན་ཞིག་བཟས་ནའང་ཞི་འཇམ་ཆགས་ཀྱི་རེད། དེས་ང་ཚོའི་དཀའ་ངལ་གྱི་རྒྱུ་འགོག་གི་མེད། ཕྱོགས་གཞན་ཞིག་ནས། གལ་ཏེ་ང་ཚོས་རྟོགས་པ་དང་དཔྱད་པ་ཡོད་པའི་སྒོ་ནས་དབུགས་ལ་དམིགས་པ་སྟེ། དཔེར་ན། མི་རྟག་པ་དང་། སྐད་ཅིག་སྐད་ཅིག་གི་འགྱུར་བའི་ཆོས་ཉིད་ཡིན་པ། དབུགས་ལ་སྟངས་འཛིན་བྱེད་མཁན་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་བདག་ལྟ་བུ་དང་། དེ་ལས་ལོགས་སུ་ཡོད་པའི་གང་ཟག་དེ་ལ་ཞིབ་བརྟག་བྱས་ན། དེས་ང་ཚོའི་དཀའ་ངལ་གྱི་རྒྱུ་རྣམས་མེད་པ་བཟོ་བའི་བྱ་བ་བྱེད་འགོ་བཙུགས་ཐུབ། 

ཆོས་ཀྱི་དམིགས་ཡུལ་ཡང་དག་པར་དངོས་གནས་གཏན་ལ་འབེབས་པར། དཔྱད་པ་འདི་ནི་ཧ་ཅང་གལ་ཆེན་པོ་ཡིན་ཏེ། དེས་ང་ཚོའི་དཀའ་ངལ་གྱི་རྒྱུ་རྣམས་མེད་པ་བཟོ་བ་དང་ང་ཚོའི་དགེ་བའི་ནུས་པ་རྣམས་རྟོགས་པར་བྱེད་ཀྱི་ཡོད། 

རྣམ་དཔྱོད་དང་། དེ་མ་ཐག་རྟོགས་པའི་ཤེས་པ། སེམས་གཏིང་གི་ཚོར་བ། སེམས་ཚོར་གྱི་སྒོ་ནས་ཚོར་བའི་རྟོགས་པ།

འདིར་དཔྱད་པ་དང་ཏིང་ངེ་འཛིན་གྱི་སྒོམ་གཉིས་ཀ་རྟོག་པ་ཡིན། དེ་གཉིས་ཀ་ང་ཚོས་གང་འགྲེལ་བརྗོད་བྱས་པའི་ནང་རྟོག་བཅས་ཤེས་པ་ཡིན་རེད། དེ་གཉིས་ཀ་རྟོགས་བཅས་རེད། དེ་གཉིས་ཀ་ནི་མི་ལུས་རིན་ཆེན་ཟེར་བའི་དོན་གང་ཡིན་པའི་བསམ་བློ་ཞིག་བརྒྱུད་ཀྱི་ཡོད། དེ་ནི་རྟོག་པ་ཞེས་པ་དེ་གང་ཡིན་པའི་དོན་ཏེ། བསམ་བློ་ཞིག་གི་རྒྱུད་ལམ་དེ་རེད། དཔྱད་སྒོམ་ནི་རྒྱུ་མཚན་རིགས་པར་བརྟེན་པ་དང་འཇོག་སྒོམ་ནི་རྒྱུ་མཚན་རིགས་པར་བརྟེན་གྱི་མེད། འོན་ཀྱང་། དེ་གཉིས་ཀས་མི་ལུས་རིན་ཆེན་ཟེར་བའི་དོན་གང་ཡིན་པའི་བསམ་བློ་ཞིག་བརྒྱུད་ནས་ང་ཚོའི་མི་ལུས་རིན་ཆེན་འདི་ལ་དམིགས་ཀྱི་ཡོད། བྱས་ཙང་། བསམ་བློ་དེ་ནི་མཚོན་དོན་ཞིག་རེད། བསམ་བློ་དེ་གང་རེད་དམ། བསམ་བློ་ནི་མི་ལུས་རིན་ཆེན་གྱི་མཚོན་དོན་ཞིག་ཡིན་པ་རེད། དེ་ཡང་ཚིག་གམ་སྣང་བརྙན་ཡང་ན་ཚོར་བ་གང་རུང་ཞིག་ལ་བརྟེན་ནས་ང་ཚོས་དེ་མཚོན་པར་བྱེད་ཀྱི་ཡོད། ཡིན་ནའང་། མཚོན་དོན་འདི་དང་འབྲེལ་བའི་གོ་དོན་ཞིག་ཡོད་པ་རེད། ཚིག་གམ་སྣང་བརྙན་ནམ་ཚོར་བ་གང་རུང་དང་འབྲེལ་བའི་གོ་དོན་ཞིག་ཡོད།

ངས་འདི་ཞུ་དགོས་དོན་ནི། ང་ཚོར་ནམ་རྒྱུན་ཡང་སེ་ནང་པའི་སྒོམ་གྱི་རྒྱུད་རིམ་རྟོགས་པའི་ཐད་ལ་ཐེ་ཚོམ་དང་མགོ་རྙོག་ཆེན་པོ་ཞིག་ཡོད། དེའི་རྒྱུ་མཚན་ནི་ང་ཚོས་ནུབ་ཕྱོགས་ནས་ཐ་སྙད་ཁྱེར་ཡོང་བ་དང་དེ་ནི་ལམ་ལུགས་དང་གོ་དོན་རྦད་དེ་མི་འདྲ་བ་ཞིག་ལས་ཡོང་གི་ཡོད། ནམ་རྒྱུན་ནུབ་ཕྱོགས་ཀྱི་ཐུན་མིན་ཐ་སྙད་ལྟར་ན། ང་ཚོས་རྣམ་དཔྱོད་ཀྱི་རྒྱུད་རིམ་དང་དེ་མ་ཐག་རྟོགས་པའི་རྒྱུད་རིམ་དབར་ཁྱད་པར་འབྱེད་ཀྱི་ཡོད། དེར་བརྟེན་སྐབས་འདིར་ང་ཚོའི་ནང་པའི་དཔྱད་རིམ་གྱི་ནང་དེ་གང་དང་མཐུན་ངེས་རེད་དམ།

  • གལ་ཏེ་ང་ཚོས་ཚིག་ལ་བརྟེན་ནས་གནད་དོན་ཞིག་མཚོན་པར་བྱེད་པ་སྟེ། དཔེར་ན། ཚིག་དང་ལྡན་པའི་བསམ་བློ་ཞིག་ལྟར་ཚིག་གི་བརྒྱུད་ནས་ཡུལ་ཞིག་ལ་དམིགས་ན། དེ་ལ་ང་ཚོས་རྣམ་དཔྱོད་ཀྱི་རྒྱུད་རིམ་ཞེས་བརྗོད་ངེས་རེད།
  • ཆོས་གང་ཞིག་ཚོར་བ་ཞིག་གམ་སྣང་བརྙན་ཞིག་བརྒྱུད་ནས་མཚོན་པར་བྱེད་པའི་སྐབས་ཏེ། ཚོར་བ་ཞིག་གམ་སྣང་བརྙན་ཞིག་ལ་གཞི་བྱས་པའི་བསམ་བློ་དང་། དེ་ལ་དམིགས་ནས་ང་ཚོས་དེ་མ་ཐག་རྟོགས་པའི་རྒྱུད་རིམ་ཞེས་བརྗོད་ངེས་རེད། 

ང་ཚོས་ཆོས་ཞིག་ཚིག་གམ་སྣང་བརྙན་ནམ་ཚོར་བ་ཞིག་ལ་བརྟེན་ནས་མཚོན་པར་བྱེད་ཀྱི་ཡོད་དང་མེད་གང་ཡིན་རུང་མཚོན་དོན་འདི་ནི་མཚོན་དོན་ཡང་དག་པ་ཞིག་གམ་ཡང་ན་ཡང་དག་མ་ཡིན་པ་ཞིག་ཡིན་སྲིད་པས། དེ་ལ་དོ་སྣང་བྱ་དགོས། དེ་གཉིས་ཀ་རྟོག་བཅས་རེད། རྣམ་དཔྱོད་དང་ནང་གི་རྟོགས་པའི་རྒྱུད་རིམ་གཉིས་ཀ་རྟོག་བཅས་ཡིན་པ་དང་། ཚིག་གི་དོན་གང་ཡིན་པ་དང་ཚོར་བའམ་སྣང་བརྙན་གྱིས་གང་མཚོན་པའི་ཡང་དག་པའི་རྟོགས་པ་ཞིག་གི་གྲོགས་བྱེད་དགོས་ཀྱི་ཡོད། ཁྱེད་རྣམ་པས་མཁྱེན་གྱི་འདུག་གམ། 

དེར་མ་ཟད། རྟོགས་པ་འདི་རང་རྒྱུད་ལ་ངེས་ཐུབ་པ་ལ་ང་ཚོས་དེ་ལ་ཡིད་ཆེས་བྱེད་དགོས་པ་དང་ང་ཚོས་དེ་ལ་ཡིད་ཆེས་བརྟན་པོའི་སྒོ་ནས་དམིགས་པ་གཏད་དགོས། ཡིད་ཆེས་བརྟན་པོ་ཞིག་དགོས། འདི་ལ་ནུབ་ཕྱོགས་སུ་ང་ཚོས་སེམས་གཏིང་གི་གོ་རྟོགས་ཞེས་བརྗོད་ཆོག་སྙམ། སེམས་གཏིང་གི་རྟོགས་པ་འདི་ཡི་རང་བསྔགས་བརྗོད་ལྟ་བུ་མི་ལུས་རིན་ཆེན་གྱི་རིན་ཐང་དང་རྙེད་དཀའ་བ་སོགས་ལ་རྗེས་སུ་ཡི་རང་བྱེད་པའི་དགེ་བའི་སེམས་ཚོར་གྱིས་གྲོགས་བྱེད་པའི་སྐབས། ནུབ་ཕྱོགས་སུ་དེ་ལ་སེམས་ཚོར་གྱི་སྒོ་ནས་རྟོགས་པ་དེས་ང་ཚོར་སེམས་འགུལ་ཐེབ་པར་བྱེད་པ་ཞེས་བརྗོད་ངེས་རེད། 

རྒྱུ་མཚན་འདི་ལ་བརྟེན་ནས་དགེ་བའི་བཤེས་གཉེན་དང་མཉམ་དུ་འབྲེལ་བ་བཟང་པོ་ཞིག་དང་དེ་ལ་སྒོམ་པའི་རྣམ་པ་གཉིས་ཡོད། གཅིག་ནི་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་ལ་ཡིད་ཆེས་བརྟན་པོ་ཞིག་དགོས་པ་དང་གཞན་དེ་ནི་དེ་དག་གི་བཀའ་དྲིན་ལ་རྗེས་སུ་ཡི་རང་བྱ་རྒྱུ་བཅས་རེད། བྱས་ཙང་། ང་ཚོར་ཡིད་ཆེས་བརྟན་པོ་དེ་ཡོད་པ་མ་ཟད། ང་ཚོ་ནི་སེམས་ཚོར་གྱི་སྒོ་ནས་སེམས་འགུལ་ཐེབས་ཡོད། ང་ཚོར་རྣམ་པ་དེ་གཉིས་ཡོད་པའི་སྐབས། རྟོགས་པ་དེ་ཚིག་གམ་ཚོར་བས་མཚོན་པ་དེ་ལས་བྱུང་མིན་གང་ལྟར་ཁྱད་པར་མེད། དེར་བརྟེན་ང་ཚོ་ནུབ་ཕྱོགས་ཀྱི་དཔྱད་དོན་ལ་གཞིགས་ན། ང་ཚོས་རྣམ་དཔྱོད་དམ་ཡང་དེ་མ་ཐག་རྟོགས་པའི་ཚོར་བའི་ཐབས་ཚུལ་གང་ཞིག་གི་རྗེས་སུ་འབྲང་བ་ཡིན་ནའང་ཁྱད་པར་མེད། ཇི་སྲིད་ང་ཚོར་ཡིད་ཆེས་བརྟན་པོ་དང་དེ་ལ་གོ་རྟོགས་དང་ཡི་རང་ཡོད་པ་དེ་སྲིད་དུ་ང་ཚོས་དངོས་གནས་འགྱུར་བ་གཏོང་ཐུབ། འོན་ཀྱང་། རྟག་ཏུ་དྲན་དགོས་པ་ཞིག་ལ། ཇི་སྲིད་ང་ཚོ་འཁོར་བའི་ནང་ཡོད་པ་དེ་སྲིད་དུ་འགྱུར་བ་འགྲོ་རྒྱུ་དེ་ནི་གོ་རིམ་ངེས་པ་ཞིག་མིན། དེ་ནི་འཕེལ་འགྲིབ་འགྲོ་གི་ཡོད། ཉིན་རེ་བཞིན་དུ་ཇེ་ཡག་ནས་ཡག་ཏུ་འགྲོ་རྒྱུ་ཞིག་མིན། ཕུགས་རྒྱང་རིང་པོའི་འཕེལ་ཕྱོགས་དེ་ཡར་རྒྱས་ཡིན་སྲིད་ནའང་། ཉིན་ནས་ཉིན་དང་ཆུ་ཚོད་ནས་ཆུ་ཚོད་ལ་དེ་ཡར་མར་འཕེལ་འགྲིབ་འགྲོ་གི་ཡོད། 

ང་ཚོས་དེ་མ་ཐག་རྟོགས་པའི་ཚོར་བའི་ཐབས་ཚུལ་སོགས་ངོས་འཛིན་ཐབས་བྱེད་པའི་སྐབས། རྟོགས་པ་དང་ཡིད་ཆེས་རྙེད་པར་ད་དུང་ཡང་ང་ཚོར་རྒྱུ་མཚན་རིགས་པ་ལ་བརྟེན་དགོས་པ་དེ་དྲན་དགོས། དེ་མིན་གལ་ཏེ་ང་ཚོར་གནད་དོན་ཞིག་གི་ཐད་ལ་ཚོར་བ་ཞིག་ཡོད་པ་དང་དེ་ནི་ཧ་ཅང་གསལ་ཁ་མེད་པ་དང་དེའི་དོན་གང་ཡིན་ང་ཚོར་གོ་རྟོགས་མེད་པ་རེད། འོན་ཀྱང་། ང་ཚོས་རྒྱུ་མཚན་རིགས་པ་ཞིག་བཀོལ་སྤྱོད་བྱས་ཡོད། གལ་ཏེ་ང་ཚོས་རང་གིས་རང་ལ་གནད་དོན་སྣ་ཚོགས་པར་རྣམ་པར་ཕྱེས་ཏེ། དེ་རྟོགས་པ་དང་ཡིད་ཆེས་རྙེད་པ། མཚན་ཉིད་ཤེས་པ། རང་གིས་རང་ལ་དེ་ངོ་རྟགས་ཆོད་ཐུབ་པ་སོགས་བྱུང་ཡོད་ཅིང་། ང་ཚོ་རྣམ་དཔྱོད་ལྡན་པའི་རིགས་དེ་ཡིན་ན། དེ་མཚོན་ཐུབ་པ་དང་ཚིག་ལ་བརྟེན་ནས་དེ་ལ་དམིགས་པ་གཏད་ཐུབ་པའམ། ཡང་ན་ང་ཚོ་དེ་མ་ཐག་རྟོགས་པའི་ཚོར་བ་དང་ལྡན་པའི་རིགས་ཤིག་ཡིན་ན། ང་ཚོས་ཚོར་བའམ་སྣང་བརྙན་ཞིག་དང་བསྟུན་ནས་དེ་མཚོན་ཐུབ་པ་དང་དེ་ལ་དམིགས་ཐུབ་པ་ཡིན། དེ་ལ་ཁྱད་པར་མེད། དེ་གཉིས་ཀ་ཚད་ལྡན་དང་རྟོག་བཅས་ཡིན་ཆོག །ཡིན་ནའང་། ང་ཚོའི་ཤེས་པ་འདི་རྟོག་མེད་ཆགས་རྒྱུ་དེ་ནི་དཔེ་མི་སྲིད་པའི་དཀའ་ལས་ཁག་པོ་རེད། དེ་ནི་གནད་དོན་ཞིག་རྟོགས་པ་ཙམ་དེ་རེད། ང་ཚོར་མི་ལུས་རིན་ཆེན་ཞིག་ཡོད་པ་རྟོགས་པ་དེ་རེད། དེ་ཡང་དེའི་བསམ་བློ་ཞིག་དང་ཚོར་བ་སོགས་ཀྱི་སྒོ་ནས་མིན་པར། ཐད་ཀར་རྟོགས་པ་ཙམ་དེ་རེད། དེ་ནི་ཧ་ཅང་དཀའ་ལས་ཁག་པོ་རེད།

དེར་བརྟེན་ང་ཚོར་འདི་གསལ་པོ་ཆགས་ན། རྣམ་དཔྱོད་ཀྱི་རིགས་སམ་ཡང་ན་དེ་མ་ཐག་རྟོགས་པའི་ཚོར་བའི་རིགས་ཤིག་ཡིན་མིན་དེ་མཐོང་ཐུབ། ད་དུང་ཡང་ཡར་རྒྱས་གཏོང་བར་ང་ཚོས་ཚད་མའི་སྒོ་ནས་རྟོགས་ཚུལ་དེ་བརྒྱུད་དགོས་ཏེ། ཁྱེད་ཀྱིས་གཅིག་ཐོས་པ་དང་དེ་བདེན་པ་ཡིན་ཤག་བྱེད་ཀྱི་ཡོད། དེ་ནས་ཁྱེད་ཀྱིས་དཔྱད་པའི་སྒོ་ནས་རྟོགས་དགོས་ཤིང་། རྗེས་སུ་དཔག་པའི་རྟོགས་པ་ཞིག་རྙེད་དགོས། དེ་ལ་དམིགས་པ་གཏད་དགོས། དེ་ནི་ང་ཚོས་ལམ་དུ་བགྲོད་པའི་སྐབས་ཡར་རྒྱས་ཇི་ལྟར་གཏོང་བའི་རྒྱུད་རིམ་དེ་རེད། དེ་ནི་ཐོས་བསམ་སྒོམ་གསུམ་ལ་བརྟེན་ནས་ཡར་རྒྱས་གཏོང་དགོས། དེ་ནི་དཔྱད་སྒོམ་ཞེས་པ་དེའོ།།

དེ་ལ་དུས་ཚོད་ཏོག་ཙམ་འགོར་གྱི་རེད། ཁྱེད་ཀྱིས་ཕལ་ཆེར་འདི་ཐོས་ཡོད་རེད། ད་དེའི་ཐད་ལ་བསམ་མནོ་གཏོང་དགོས་པ་དང་དེ་རང་རྒྱུད་ལ་ངེས་པར་བྱེད་དགོས། དཔྱད་སྒོམ་ཞེས་པའི་དོན་དེ་གང་ཡིན་པ་དེ་རགས་ཙམ་ཞིག་ཕལ་ཆེར་སྔོན་རྟོགས་ཡོད་པས། ད་ལྟ་ཁྱེད་ཀྱིས་དེ་ལས་ཅུང་ཟད་ཞིབ་ཅིང་ཕྲ་བའི་གནད་དོན་ཞིག་ཐོས་པ་རེད། བྱས་ཙང་། ཁྱེད་ཀྱིས་དེའི་སྐོར་ལ་བསམ་མནོ་གཏོང་དགོས་པ་དང་ག་ལེར་ག་ལེར་དེ་ལ་བརྟག་དཔྱད་བྱེད་དགོས།

དྲི་བ་ཁག

ངས་དཔྱད་སྒོམ་འདིའི་གལ་གནད་དེ་ཤེས་ཀྱི་འདུག་ལ་དེ་དགེ་བའི་བཤེས་གཉེན་དང་འབྲེལ་བ་ཇི་ལྟར་ཡོད་པའི་ཚུལ་དེའང་ཤེས་ཀྱི་འདུག །ངས་གང་ཤེས་མ་སོང་ཟེར་ན། ང་ཚོས་དགེ་བའི་བཤེས་གཉེན་ལ་དྲི་བ་གཏོང་མི་རུང་ཞེས་དང་། ཁོང་ཚོས་གང་གསུངས་པ་དང་སྤྱོད་ཚུལ་སྟོན་པ་སོགས་ཁུ་སིམ་མེར་ཐེ་ཚོམ་དང་དྲི་བ་གང་ཡང་མེད་པའི་སྒོ་ནས་ཁས་ལེན་དགོས་ཞེས་ང་ཚོར་ཅིའི་ཕྱིར་བཤད་པ་རེད་དམ།

དེ་ནི་ང་ཚོས་ཆོས་ཀྱི་ནང་རྙེད་པའི་ཆོས་ཚུལ་དངོས་མིན། བྱེ་བྲག་ཏུ་ཚུལ་ཁྲིམས་དང་འབྲེལ་བའི་འདུལ་བའི་ལུགས་ལྟར་ན། གལ་ཏེ་དགེ་བའི་བཤེས་གཉེན་དེས་ཚུལ་ཁྲིམས་དང་འགལ་བ་དང་སྡོམ་པ་དང་འགལ་བའི་རིགས་བྱེད་ཀྱིན་ཡོད་ན། ང་ཚོས་ཐེར་འདོན་བྱེད་དགོས་པ་ལས། དེ་དང་མཉམ་དུ་འགྲོ་མི་ཉན། གལ་ཏེ་དགེ་བའི་བཤེས་གཉེན་དེས་ཚུལ་ཁྲིམས་དང་འགལ་བའི་བྱ་བ་བྱེད་དགོས་ཞེས་གསུངས་ན། ཁྱེད་ཀྱིས་དེ་ལ་མིན་ཞེས་ཁས་ལེན་བྱ་མི་རུང་ཞེས་གསལ་པོར་གསུངས་ཡོད། 

གལ་ཏེ་ང་ཚོས་མདོ་དང་སྔགས་ཀྱི་ཆོས་ལ་གཏིང་ཇེ་ཟབ་ཏུ་འཇུག་སྟེ། དགེ་བའི་བཤེས་གཉེན་གྱིས་ཆོས་དང་མི་མཐུན་པ་ཞིག་གསུངས་ན། དེ་ལ་ང་ཚོས། “ངས་དེ་ཤེས་ཀྱི་མི་འདུག །འདི་ནི་ཁྱེད་ཀྱིས་གོང་དུ་གང་གསུངས་པ་དང་འགལ་གྱི་འདུག །ཁྱེད་ཀྱིས་དེ་ལས་གཏིང་ཟབ་པའི་འགྲེལ་བ་ཞིག་གནང་ཐུབ་བམ་” ཞེས་འདྲི་དགོས། ཡང་ན། “ཁྱེད་ཀྱིས་གསུངས་པ་དེ་གཞུང་ལུགས་འདི་དང་འགལ་གྱི་འདུག །ཁྱེད་ནས་དེ་ལས་གཏིང་ཟབ་པའི་འགྲེལ་བ་ཞིག་གནང་ཨེ་ཐུབ་” ཅེས་སོགས་དྲི་བ་གཏོང་དགོས། དེ་གང་ཡིན་ཞེ་ན། གཞན་ཚང་མ་ནང་བཞིན་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཀྱང་སྐབས་འགར་བསམ་བཞིན་དུ་མ་ཡིན་ནའང་ཞལ་ཤོར་བ་དེ་འདྲ་ཡོང་གི་ཡོད། 

དེ་ནི་སངས་རྒྱས་ཀྱི་སྐྱེས་རབས་ནང་གསལ་བའི་སྔ་རབས་ཀྱི་དཔེ་མཚོན་ལྟ་བུ་སྟེ། དགེ་བའི་བཤེས་གཉེན་གྱིས་སངས་རྒྱས་དང་སློབ་མ་གཞན་རྣམས་ལ་ཕྱི་རུ་ཕྱིན་ནས་མ་བྱིན་པར་ལེན་པར་བགྱིས་ཤིག་ཅེས་གསུངས་ནའང་། སངས་རྒྱས་མ་ཕེབས་པ་རེད། དེ་ལ་དགེ་བའི་བཤེས་གཉེན་དེས་དྲི་བ་བཏང་བས། སངས་རྒྱས་ཀྱི་ཞལ་ནས། “མ་བྱིན་པར་ལེན་པས་གཞན་སུ་ལའང་ཕན་ཐོགས་ཇི་ལྟར་ཡོང་ཐུབ་བམ་» ཞེས་གསུངས། དེ་ལ་དགེ་བའི་བཤེས་གཉེན་དེས། “ཁྱེད་ཀྱིས་ཆོས་ཀྱི་སློབ་ཚན་འདིའི་གོ་དོན་རྟོགས་འདུག །དེ་རྟོགས་མཁན་ཁྱེད་རང་ཁོ་ན་རེད་” ཅེས་གསུངས་པ་ལྟ་བུ་རེད།

གསང་སྔགས་ལུགས་ཀྱི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ལྟར་ན། གལ་ཏེ་ང་ཚོས་དགེ་བའི་བཤེས་གཉེན་ལ་འགལ་འདུ་ཡོད་པ་དང་ཆོས་དང་འགལ་བའི་རིགས་གནང་གི་ཡོད་པ་མཐོང་བ་དང་། དེ་བཞིན་ང་ཚོས་དགེ་བའི་བཤེས་གཉེན་ལ་དྲི་བ་གཏོང་བ་སོགས་ཀྱི་སྐབས། དགེ་བའི་བཤེས་གཉེན་དེས་ཁས་ལེན་མི་བྱེད་པ་དང་འགྱུར་བཅོས་མི་གཏོང་བ། ཉེས་སྐྱོན་དེ་དག་ཐམས་ཅད་ང་ཚོས་མཐོང་བ་དང་ཐ་ན་ང་ཚོར་དགེ་བའི་བཤེས་གཉེན་དེ་ལས་གསང་སྔགས་ཀྱི་དབང་ཐོབ་ཡོད་ནའང་། དགེ་བའི་བཤེས་གཉེན་ནམ་བླ་མ་དེ་དང་བར་ཐག་རིང་ཙམ་སྡོད་དགོས་ཞེས་གསུངས་ཡོད། དགེ་བའི་བཤེས་གཉེན་དེའི་མདུན་ནས་མུ་མཐུད་ཆོས་ཞུ་མི་དགོས་ལ། དེ་དང་མཉམ་དུ་འགྲོགས་མི་དགོས། འོན་ཀྱང་། སོ་སོའི་ཁ་བཙུམས་ནས་སྡོད་དགོས་པ་དང་གུས་ཞབས་ལྡན་པའི་རྒྱང་ཐག་རིང་ཙམ་སྡོད་དགོས། དེ་དག་གི་སྐོར་ལ་སྒྲུང་གཏམ་གང་སར་ཁྱབ་སྤེལ་གཏོང་རྒྱུ་མེད། དེ་བཞིན་ “ཨོ། དགེ་བའི་བཤེས་གཉེན་འདི་འཇིགས་སུ་རུང་བ་ལ་” ཞེས་བསམ་རྒྱུ་མེད། རང་གིས་གང་སྦྱངས་པ་དང་གང་སྦྱངས་པའི་ཡོན་ཏན་དེ་དག་ལ་རྗེས་སུ་ཡི་རང་བྱེད་དགོས་ཤིང་། དེ་ལས་གཞན་པ་ནི་བཏང་སྙོམས་སུ་འཇོག་དགོས་པ་ཙམ་རེད།

ཁྱེད་ཀྱིས་ང་ཚོས་དྲི་བ་གཏོང་གི་མེད་ཅེས་བརྗོད་པའི་དོན་གང་རེད་དམ་ཞེ་ན། ཁྱེད་ཀྱིས་དགེ་བའི་བཤེས་གཉེན་དེ་ལ་སངས་རྒྱས་རིགས་འདུག་ཅེས་དྲི་བ་གཏོང་གི་མེད། ཡིན་ནའང་། དེ་ནི་དགེ་བའི་བཤེས་གཉེན་གྱི་གདམས་ངག་གནང་བ་རྣམས་འོས་ཤིང་འཚམས་པ་ཞིག་མི་མཐོང་བའི་སྐབས། དེ་ལ་དྲི་བ་གཏོང་གི་མེད་ཅེས་པའི་དོན་མིན། ང་ཚོས་ཏེ་ལོ་པས་ནཱ་རོ་པ་ལ་གཡང་ས་ནས་མར་མཆོངས་ཞེས་གསུངས་པ་དང་ཁོང་གིས་དེ་ལྟར་གནང་ཡོད་པའི་དཔེ་མཚོན་ཁག་ལ་བལྟ་བའི་སྐབས། ༧གོང་ས་མཆོག་ནས་རྟག་ཏུ་དེ་དག་ལ་བརྟག་དཔྱད་བྱ་གལ་དུ་གསུང་གི་ཡོད། ཏེ་ལོ་པ་ནི་རྟོགས་པ་བརྙེས་པའི་གྲུབ་ཐོབ་ཅིག་ཡིན་པ་དང་ཁོང་ནི་ཉ་གསོན་པོ་བཞེས་ནས་དེའི་རུས་པ་རྣམས་སའི་སྟེང་དུ་བཞག་ནས་སེ་གོལ་གཅིག་བརྡབས་པས་སླར་ཉ་དེ་གསོན་པོར་གྱུར་ཐུབ་པའི་རྟོགས་པའི་གནས་རིམ་ལ་བསླེབས་ཡོད། ཁོང་གི་སྐུ་དུས་སུ་ནཱ་རོ་པ་ནི་མཁས་ཤིང་གྲུབ་པ་མཐར་སོན་པའི་མཁན་པོ་ཞིག་ཡིན་པ་རེད། བྱས་ཙང་། ང་ཚོའི་དགེ་བའི་བཤེས་གཉེན་དེ་ཏེ་ལོ་པའི་རྟོགས་པའི་གནས་ཚད་ལ་བསླེབས་པ་དང་ང་ཚོ་ནཱ་རོ་པའི་རྟོགས་པའི་གནས་ཚད་ལ་བསླེབས་ཡོད་ན། གཞི་ནས་ནཱ་རོ་པའི་རྣམ་ཐར་གྱི་དཔེ་མཚོན་དེ་ང་ཚོར་འབྲེལ་བ་ཆགས་ཀྱི་ཡོད། གལ་ཏེ་ང་ཚོ་གནས་རིམ་དེར་བསླེབས་མེད་པ་དང་ང་ཚོའི་དགེ་བའི་བཤེས་གཉེན་ཡང་དེར་བསླེབས་མེད་ན། དེ་ནི་ཕལ་ཆེར་མི་ཚང་མའི་སྐོར་ཤོད་ཀྱིན་ཡོད། དེ་ནི་གནས་ཚུལ་རྦད་དེ་མི་འདྲ་བ་ཞིག་རེད། དེར་བརྟེན་ང་ཚོས་རྟག་ཏུ་ཞིབ་འཇུག་བྱེད་དགོས་ཏེ། དགེ་བའི་བཤེས་གཉེན་དེས་གང་བྱེད་ཀྱིན་ཡོད་པ་དང་། དེ་ཆོས་དང་མཐུན་པ་ཞིག་རེད་དམ་མ་རེད། དགེ་བའི་བཤེས་གཉེན་དེས་གང་བསླབ་བཞིན་ཡོད་པ་དང་དེའང་ཆོས་དང་མཐུན་པ་ཞིག་རེད་དམ་ཞེས་ང་ཚོས་དུས་རྟག་ཏུ་དཔྱད་པ་བྱེད་དགོས། གལ་ཏེ་ང་ཚོས་མ་ཤེས་ན། ཞིབ་འཇུག་བྱེད་དགོས། 

ང་རང་རིམ་པ་དང་པོའི་སློབ་ཕྲུག་ཅིག་ཡིན། ང་རང་ཆོས་ཚོགས་དང་ནང་ཆོས་ལ་གསར་དུ་བཞུགས་པ་ཞིག་ཡིན། ང་རང་ལ་དཀའ་ངལ་འདི་ཡོད་པ་ནི་ང་ལ་འདེང་མིན་གྱི་ཆ་རྐྱེན་དང་གོ་རྟོགས་མེད་པའི་རྐྱེན་གྱིས་ཡིན་ངེས་པ་ངས་ཤེས་ནའང་། སླར་སྐྱེ་བ་ལེན་པ་དང་ཚེ་རབས་ཕྱི་མའི་སྐོར་ལ་གོ་རྟོགས་རྙེད་རྒྱུ་ནི་ཤིན་ཏུ་དཀའ་ལས་ཁག་པོ་མཐོང་སོང་། འདི་དག་གི་སྐོར་ནང་ཆོས་ནང་ཧ་ཅང་གལ་འགངས་ཆེ་བའི་གནད་དོན་ཁག་ཡིན་པ་ངས་ཤེས་ཀྱི་ཡོད། དཔེ་ཆ་བཞག་ན། ངས་སོ་སོའི་མི་ལུས་རིན་ཆེན་གྱི་སྐོར་ལ་སྒོམ་རྒྱག་ཡིན། སྒོམ་རྒྱག་པའི་སྐབས། མི་ལུས་རིན་ཆེན་ནི་འབུལ་དཀྱེས་ཤིག་དང་། གོ་སྐབས་ཤིག །འགྱུར་བ་གཏོང་བའི་གོ་སྐབས་ཤིག་ཏུ་མཐོང་བའི་ཆེད་དེའི་ཐད་ལ་ཇི་ཙམ་གྱི་གཏིང་ཇེ་ཟབ་ཏུ་འགྲོ་འདོད་བྱེད་ནའང་། ངས་སྐྱེ་བ་ཕྱི་མ་ལའང་བསམ་བློ་གཏོང་དགོས་པ་ཤེས་ཀྱི་ཡོད། དེ་ནི་ང་རང་ལ་ཧ་ཅང་དཀའ་ལས་ཁག་པོ་འདུག །རྒྱུ་མཚན་དེའི་ཕྱིར་ངས་མི་ལུས་རིན་ཆེན་གྱི་ཐོག་ལ་ཇི་ཙམ་གཏིང་ཟབ་པོ་དང་ཇི་ཙམ་གྱིས་ཡང་ནས་ཡང་དུ་བསྒོམས་ནའང་ཁྱད་པར་མི་འདུག་བསམ་པའི་ཚོར་བ་ཞིག་ཡོང་གི་འདུག །གང་ཡིན་ཞེ་ན། སྐྱེ་བ་ཕྱི་མའི་སྐོར་མ་རྟོགས་པར་ངའི་མི་ལུས་རིན་ཆེན་གྱི་ཡི་རང་བསྔགས་བརྗོད་ཆ་ཚང་བ་དེ་ནི་རྟག་ཏུ་ཆ་མ་ཚང་བར་གནས་ཀྱི་རེད། བྱས་ཙང་། འདི་ནི་ངའི་ཅི་བྱ་གཏོལ་མེད་ཀྱི་ཐེ་ཚོམ་དེ་རེད། ངས་འདི་ལ་གདོང་ལེན་ཇི་ལྟར་བྱེད་ཐུབ་བམ།

ཁྱེད་ཀྱི་དོ་སྣང་དང་ཞིབ་རྟོགས་དེ་ཧ་ཅང་ཡག་པོ་རེད། གསང་སྔགས་ཀྱི་སྡོམ་པའི་ནང་གི་གཅིག་ནི། ང་ཚོ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་རང་གི་རྟོགས་པ་ཇི་ཙམ་གོང་མཐོར་ཕྱིན་ཡོད་ནའང་དེ་ལ་ནམ་ཡང་ཡིད་ཚིམ་རྒྱུ་མེད་ཅེས་པ་དེ་རེད། དེའི་དོན་ནི་མི་ལུས་རིན་ཆེན་ཐེ་བའི་ང་ཚོའི་གོ་རྟོགས་གང་འདྲ་ཞིག་ཡོད་ནའང་ཐམས་ཅད་ལམ་འགྲིམ་པའི་སྐབས་སུ་གཏིང་ཇེ་ཟབ་ནས་ཇེ་ཟབ་ཏུ་འགྲོ་ངེས་ཡིན་པ་རེད། བྱས་ཙང་། ཐ་ན་ང་ཚོས་སྐྱེ་བ་ཕྱི་མ་ད་ལྟ་རྟོགས་ནའང་། མི་ལུས་རིན་ཆེན་ལ་གཞིགས་ནས་ད་དུང་ཁྱེད་རང་དེ་ལས་རྦད་དེ་གཏིང་ཟབ་པ་འགྲོ་ཐུབ། ཡང་དེས་ཁྱེད་ཀྱིས་དེ་སྔོན་རྟོགས་པ་རྣམས་ཕན་ཐོགས་མེད་པའི་དོན་སྟོན་གྱི་མེད། ལམ་རིམ་བཞིན་འགྲིམ་པའི་སྐབས་སུ་གནས་ཚད་རེ་རེ་བཞིན་དུ་ཕན་ཐོགས་ཅན་ཡིན་པ་དང་དམིགས་བསལ་གལ་ཏེ་ང་ཚོས་སེམས་ནང་རྟག་ཏུ་ད་ལྟ་རང་ཉིད་ལ་རྟོགས་པའི་རིམ་པ་ཞིག་ཡོད་པ་དེ་དེ་ལས་གཏིང་ཟབ་པའི་རྟོགས་པའི་ཐེམ་སྐས་ལྟ་བུ་ཡིན་པར་བསམས་ན། དེ་དག་རེ་རེ་ནི་ཕན་ཐོགས་ཅན་ཡིན། སྙེམ་ཆུང་གི་རང་བཞིན་དེ་ལྟ་བུ་ནི་ཡང་དག་པ་རེད། 

ཆོས་ཀྱི་ནང་གང་གསུངས་པ་དེ་ཧ་ཅང་གསལ་པོ་རེད། ཁྱེད་ཀྱིས་འདང་ངེས་དང་འགྲིག་ངེས་ཀྱི་རྟོགས་པ་བརྙེས་སོང་ཞེས་ཚོར་རྒྱུ་མེད། “ཨོ། ད་ངས་རྟོགས་སོང་། ངས་ད་ནས་བཟུང་མི་ལུས་རིན་ཆེན་གྱི་སྐོར་བསམ་བློ་གཏོང་མི་དགོས་” ཞེས་ཚོར་རྒྱུ་མེད། དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད། ཁྱེད་རང་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་གཏིང་ཇེ་ཟབ་ཏུ་འགྲོ་ཐུབ། 

ཇི་ལྟར་ཁྱེད་ཀྱིས་འགྲེལ་བརྗོད་གནང་བ་ལྟར། ང་ཚོ་འགྲོ་བ་མི་ཡིན་པའི་ཆ་ནས་དཔྱད་པའི་ནུས་པ་དེ་ཡོད། ང་ཚོས་ཁྱི་ལྟ་བུ་ཟུག་སྐད་མི་རྒྱག་པའམ། ཡང་ན་ཁྱེད་ཀྱིས་གང་བརྗོད་པ་ཚང་མ་མི་བྱ་རྒྱུའི་གདམ་ཀ་བྱེད་ཆོག་པ་ཡིན། འོན་ཀྱང་། གལ་ཏེ་ང་ཚོར་དཔྱད་པའི་ནུས་པ་འདི་ཡོད་ན། ང་ཚོར་ནུས་པ་ཞིག་ཡོད་པའི་དོན་རེད། འོ་ན་གལ་ཏེ་ང་ཚོ་སྐྱེ་བ་ཕྱི་མར་དུད་འགྲོར་སྐྱེས་ན་ཅི་ལྟར་འགྱུར་རམ། ང་ཚོའི་ནུས་པ་དེ་དག་བརླག་གི་རེད་དམ། གལ་ཏེ་ང་ཚོ་དུད་འགྲོ་ཞིག་ལ་སླར་ཡང་སྐྱེས་པ་ཡིན་ན། ད་ལྟ་ང་ཚོར་ཡོད་པའི་དཔྱད་པའི་ནུས་པ་དེ་དག་བརླག་གི་རེད་ཅེས་པ་དེ་ང་རང་ལ་མཚོན་ན་རྒྱུ་མཚན་དང་མི་ལྡན་ཞིང་འགལ་ཟླ་ལྟ་བུར་མཐོང་གི་འདུག །ག་རེ་བྱུང་ཡོད་དམ།

ཁྱེད་ཀྱིས་ནུས་པ་དང་དངོས་སུ་མངོན་གྱུར་གྱི་ནུས་པའི་དབར་ལ་ཁྱད་པར་འབྱེད་དགོས། དཔེར་ན། ཕྲུ་གུ་ཞིག་ལ་ནུས་པ་ཧ་ཅང་མང་པོ་ཡོད། མོ་ཊ་ཞིག་གཏོང་ཐུབ་པའི་ནུས་པ་དེ་ཕྲུ་གུར་ཡོད་ནའང་། དངོས་སུ་མངོན་གྱུར་གྱི་ནུས་པ་དེ་མེད། ང་ཚོ་ན་བའི་སྐབས། ང་ཚོས་བསམ་བློ་གསལ་པོར་གཏོང་ཐུབ་པ་དང་ལས་ཀ་བྱེད་ཐུབ་པ་སོགས་ཀྱི་ནུས་པ་ནི་ད་དུང་ཡང་ཡོད། ཡིན་ནའང་། དེའི་སྐབས་སུ་འགོག་རྐྱེན་ཞིག་ཡོད་པ་སོང་ཙང་། ང་ཚོར་མངོན་གྱུར་གྱི་ནུས་པ་དེ་མེད། དེ་མཚུངས་དུད་འགྲོ་རྣམས་ལའང་ནུས་པ་དེ་ཡོད་པ་རེད། དཔེར་ན། དེ་དག་གི་རྒྱུད་ལ་སངས་རྒྱས་ཀྱི་རིགས་ཡོད་ནའང་། མངོན་གྱུར་གྱི་ནུས་པ་དངོས་དེ་དག་མེད། (ཡང་ན་གལ་ཏེ་དེ་དག་ལ་མངོན་གྱུར་གྱི་ནུས་པ་རྣམས་ཡོད་ན། དེ་ནི་མི་དང་བསྡུར་ན་ཧ་ཅང་རིམ་པ་དམའ་པོ་ཞིག་རེད།)

བསྔོ་བ།

ད་ང་ཚོས་བསྔོ་བ་ཞིག་བྱས་ནས་མཇུག་སྒྲིལ་གྱི་ཡིན། གལ་ཆེན་པོ་དེ་གང་རེད་ཅེ་ན། ལས་ཀྱིས་བསྐྲུན་པའི་དགེ་བའི་ནུས་པ་སྟེ། ང་ཚོས་འདིར་ཆོས་ཉན་པ་དང་སྒོམ་པ་སོགས་ལས་བྱུང་བའི་དགེ་བའི་ནུས་པ་རྣམས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་མ་བསྔོས་ན། གང་ཡང་མ་བྱས་པར་འབྲས་བུ་གང་འབྱུང་རྒྱུ་ཡིན་ནམ་ཞེས་རང་བཞིན་གྱི་བཀོད་སྒྲིག་ལྟ་བུ་དེ་ནི། དེས་འཁོར་བ་ཡར་རྒྱས་གཏོང་བའི་རྒྱུ་བྱེད་ཀྱི་ཡོད། ང་ཚོས་མིའི་ལུས་རྟེན་ལ་བརྟེན་ནས་དངུལ་མང་པོ་གསོག་ཐུབ་པར་ཡི་རང་བྱེད་པ་ལྟ་བུ་རེད། དེར་བརྟེན་འདི་སངས་རྒྱས་ཀྱི་གོ་འཕང་ལ་རྒྱུ་བྱེད་པའི་ཆེད་དུ་ང་ཚོས་དངོས་སུ་དེའི་ཕྱིར་བསྔོ་སྨོན་བྱ་དགོས་ཀྱི་ཡོད། ང་ཚོས་དེ་ཧ་ཅང་དྲན་ཤེས་དང་ལྡན་པའི་སྒོ་ནས་བྱེད་དགོས། “དགེ་བ་འདིས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར། སངས་རྒྱས་ཀྱི་སྐུ་གསུང་ཐུགས་སོགས་ཡོན་ཏན་རྣམས་བདག་གིས་འཐོབ་པར་རྒྱུ་བྱེད་པར་ཤོག་” ཅེས་ང་ཚོས་བརྗོད་དགོས། དེ་ལྟར་སྨོན་ན་དེས་རྒྱུ་བྱེད་ངེས་རེད། དེ་ནས་ང་ཚོས་ “རྟོགས་པ་འདི་དང་ཡི་རང་འདི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་མུ་མཐུད་ནས་གཏིང་ཇེ་ཟབ་ནས་ཇེ་ཟབ་ཏུ་ཕྱིན་ཏེ། མཐར་དགེ་བ་འདི་ལ་བརྟེན་ནས་ངས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་ཐུབ་པའི་ཆེད་རང་གི་སྤྱོད་ལམ་ལ་འབྲས་བུ་ཐོན་པ་ཞིག་ཡོང་བར་ཤོག་” ཅེས་བསྔོ་སྨོན་བྱེད་དགོས།།

Top