གནས་ཁང་བྱི་དོར་བྱེད་པ།

ངོ་སྤྲོད།

སྦྱོར་བའི་ཆོས་དྲུག་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་བརྒྱུད་པ་ཞིག་དང་། ཁོང་ལ་ཆོས་དེ་དག་ཨིན་ཌོ་ནི་ཤི་ཡ་ནས་ཡིན་པའི་རང་གི་བླ་མ་གསེར་གླིང་པ་ལས་ཐོབ་པ་ཞིག་རེད། སྦྱོར་ཆོས་དྲུག་པོ་དེ་དག་ནི་ང་ཚོས་ནམ་རྒྱུན་ཉམས་ལེན་བྱེད་པའི་སྒོམ་ཐུན་མང་པོའི་སྟ་གོན་ཆགས་ཀྱི་ཡོད། དེ་དག་ལམ་རིམ་གྱི་གཞུང་ཚད་ལྡན་ནང་གསུངས་ཡོད་པ་ང་ཚོས་མཇལ་ཐུབ། དཔེར་ན། ༧གོང་ས་ལྔ་པ་ཆེན་པོས་མཛད་པའི་ལམ་རིམ་འཇམ་དཔལ་ཞལ་ལུང་ལས། སྦྱོར་ཆོས་དྲུག་པོ་དེ་དག་ཚང་མ་ཞོགས་པའི་སྒོམ་ཐུན་རེ་རེའི་སྔོན་དུ་བྱེད་དགོས་ཞེས་དང་། དེ་ནས་ཉིན་སྨད་ཙམ་ནས་ད་དུང་སྒོམ་ཐུན་མུ་མཐུད་ནས་བྱ་རྒྱུ་ཡིན་ན། སྦྱོར་ཆོས་ཕྱི་མ་བཞི་བྱེད་དགོས་ཞེས་གསུངས།

སྦྱོར་བའི་ཆོས་དྲུག་པོ་དེ་དག་ནི།

༡༽ གནས་ཁང་བྱི་དོར་བྱས་ལ་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་པ།

༢༽ མཆོད་པ་གཡོ་མེད་བཙལ་ལ་བཀོད་པ་མཛེས་པར་བཤམ་པ།

༣༽ སྟན་བདེ་བ་ལ་ལུས་རྣམ་སྣང་གི་ཆོས་བརྒྱད་ལྡན་དུ་འཁོད་དེ་དགེ་སེམས་ཁྱད་པར་ཅན་གྱི་ངང་ནས་སྐྱབས་འགྲོ་སེམས་བསྐྱེད་སོགས་བྱ་བ།

༤༽ ཚོགས་ཞིང་གསལ་འདེབས་པ།

༥༽ བསག་སྦྱང་གི་གནད་བསྡུས་ཡན་ལག་བདུན་པ་མཎྜལ་དང་བཅས་པ་འབུལ་བ།

༦༽ གསོལ་བ་འདེབས་པ་མན་ངག་བཞིན་རྒྱུད་དང་འདྲེས་ངེས་སུ་བྱ་བ་བཅས་སོ།།

འདིའི་ཐད་ལ་གལ་གནད་ཆེན་པོ་ཞིག་གང་རེད་ཅེ་ན། སྦྱོར་བའི་ཆོས་དྲུག་གཅིག་པུ་ཙམ་ཉམས་ལེན་བྱེད་པ་དེས་ནང་ཆོས་ཉམས་ལེན་འགོ་འཛུགས་ལ་གང་ལ་གང་འཚམས་ཀྱིས་འདང་ངེས་ཤིག་ཡིན། 

གནས་ཁང་བྱི་དོར་བྱེད་པ།

སྦྱོར་བའི་ཆོས་དྲུག་གི་དང་པོའི་ནང་གསེས་དང་པོ་ནི། ཁྱེད་རང་སྒོམ་རྒྱག་སའི་གནས་ཁང་བྱི་དོར་རམ་གཙང་མ་བཟོ་བ་དང་། གད་སྙིགས་རྣམས་གཡུག་རྒྱུ་སོགས་རེད། འདི་ཡང་ནས་ཡང་དུ་ནན་བརྗོད་བྱས་པ་ཞིག་རེད། ཁྱེད་ཀྱིས་གནས་ཁང་ངམ་སྒོམ་རྒྱག་ས་དེ་གཙང་མ་བཟོ་དགོས་དོན་གང་ཡིན་ནམ། དེ་ནི་གུས་ཞབས་མཚོན་བྱེད་ཅིག་རེད། ཆོས་ལ་གུས་བཀུར་དང་། རང་གིས་གང་བྱེད་པར་གུས་བཀུར། དེ་བཞིན་རང་གིས་རང་ལ་དེ་ལྟར་བྱེད་པའི་ཐོག་གུས་བཀུར་བྱེད་པ་ཞིག་ཡིན། གལ་ཏེ་ཁྱེད་ཀྱི་ཉེ་འཁོར་གཡས་གཡོན་གང་སར་འུར་ཟིང་དང་བཙོག་པ་ཡོད་ན། དེས་རང་གི་སེམས་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་དང་། དེ་ལ་བརྟེན་ནས་ཁྱེད་ཀྱི་སེམས་ཀྱང་ཏོག་ཙམ་གོ་རིམ་མེད་པ་དང་འུར་ཟིང་ཅན་ཆགས་ཀྱི་ཡོད། གལ་ཏེ་ནང་གཙང་མ་དང་གྲ་འགྲིག་པོ་ཡོད་ན། སེམས་ཀྱང་དེ་བཞིན་གྲ་འགྲིག་པོ་དང་གཙང་མ་ཡོང་གི་ཡོད།

དེའི་ཐད་ལ་བསམ་བློ་གཏོང་དགོས། དེ་བདེན་པ་རེད་དམ། ཁྱེད་ཀྱིས་མཁྱེན་གསལ་ལྟར། དེ་ནི་ཁྱེད་ཀྱིས་རྟག་ཏུ་བྱེད་དགོས་པའི་རྒྱུད་རིམ་ཞིག་རེད། ཆོས་ཀྱི་ནང་ནས་དོན་གནད་གཅིག་བླངས་ཏེ། “རེད། རེད།” ཅེས་བརྗོད་རྒྱུ་མེད། ཡང་ན་རབ་བྱུང་ན། ཡིག་ཐོག་ཏུ་འབྲི་དགོས། མི་མང་ཆེ་བས་ཡིག་ཐོག་ཏུ་རྩ་ནས་འབྲི་གི་མེད། ༼ཡང་མིན་ན་གཞན་ཞིག་ལ་འཕྲིན་ཡིག་གཏོང་དགོས།༽ འོན་ཀྱང་། “དེ་བདེན་པ་རེད་དམ། དེ་ལ་གོ་དོན་ཞིག་འདུག་གམ།” ཞེས་དེའི་ཐད་བསམ་བློ་གཏོང་དགོས། ང་ཚོས་གནད་དོན་ཡོངས་སུ་རྫོགས་པར་བལྟས་ཏེ། “དེ་ལ་གོ་དོན་དེ་འདྲ་འདུག་གམ། ཡང་ན་དེ་ནི་དོན་མེད་ཙམ་རེད་དམ།” ཞེས་བརྟག་དཔྱད་བྱེད་དགོས། གལ་ཏེ་ཁྱེད་ཀྱིས་དེ་ནི་དོན་མེད་ཅིག་ཡིན་པའམ། ཡང་ན་དོན་ལྡན་དང་དོན་མེད་གང་ཡིན་པའི་ཐོག་ལ་བསམ་བློ་ཙམ་ཡང་མ་བཏང་ན། དེ་ལ་ཕན་ཡོན་གང་ཡོད་དམ། ཁྱེད་ཀྱིས་དེར་སློབ་སྦྱོང་བྱེད་དགོས་དོན་གང་ཡིན་ནམ།

དཔེ་ཡག་ཤོས་ཤིག་ནི། འདི་ག་མཽསྐོ་ལ་ཕལ་ཆེར་འཛམ་གླིང་ནང་གི་གྲོང་ཁྱེར་གང་འདྲ་ཞིག་ཡིན་ནའང་ཚང་མའི་ནང་ནས་སྣུམ་འཁོར་འཚང་འགག་སྡུག་ཤོས་དེ་ཡིན་གྱི་རེད། དེ་ལ་དཔེ་བཞག་ན། ཁྱེད་རང་མོ་ཊ་འཚང་འགག་ནང་ཚུད་ནས་ཟང་ཟིང་ཆེ་ཞིང་། མོ་ཊ་གཅིག་ཀྱང་འགུལ་ཙམ་ཡང་བྱེད་མི་ཐུབ་པ་དང་། མོ་ཊ་ཚང་མས་སོ་སོའི་འགྲོ་ལམ་བརྗེ་ཐབས་བྱེད་ཀྱིན་ཡོད་པ་སོགས་ཀྱི་གནས་སྐབས་སུ། ཁྱེད་ཀྱི་སེམས་ཀྱི་གནས་བབས་དེ་གང་འདྲ་ཞིག་ཡོད་དམ། ཁྱེད་ལ་ཞི་འཇམ་དང་གུ་ཡངས་ཀྱི་ཚོར་བ་ཡོང་གི་འདུག་གམ། ཡང་ན་དེས་ཁྱེད་ཀྱི་སེམས་ལ་གནོན་ཤུགས་སྤྲོད་ཀྱི་འདུག །དེའི་ཐད་བསམ་བློ་གཏོང་དགོས། དེ་ནས་ཁྱེད་ཀྱི་ཉེ་འཁོར་དུ་གནས་སྟངས་ཟང་ངེ་ཟིང་ངེ་ཡོད་པའི་སྐབས། ཁྱེད་ཀྱི་སེམས་ཀྱང་དཀྲོག་རྐྱེན་ཐེབས་པ་དང་ཚ་གི་ཚི་གེ་ཆགས་ཏེ། དེ་དག་ཕན་ཚུན་ཤུགས་རྐྱེན་སྤྲོད་རེས་བྱེད་ཀྱི་ཡོད་པ་སོང་ཙང་། ཕྱི་ནང་གཉིས་ཀ་ཞི་བདེ་ལྷིང་འཇགས་ཤིག་ཡོང་མི་ཐུབ་པ་གསལ་པོ་ཆགས་ཀྱི་རེད་བསམ་གྱི་འདུག །ང་ཚོ་བློ་ཕམ་པ་སོགས་མོ་ཊ་འཚང་འགག་གི་ནང་སེམས་ཧ་ཅང་སྨྱོན་པ་ལྟར་སྤྲོ་ཐུང་དུ་མི་གྱུར་ནའང་། དེ་ནི་བཙན་གནོན་ཅན་ཞིག་ཆགས་ཀྱི་ཡོད། ཁྱེད་རང་སེམས་ངལ་གནོན་ཤུགས་དང་ལྗིད་ཅན་དུ་ཚོར་གྱི་རེད། དེ་ནི་མོ་ཊ་འཚང་འགག་དེ་ལ་བརྟེན་ནས་ཁྱེད་རང་ཡང་པོ་དང་སྐྱིད་པོ་ཞིག་ཚོར་གྱི་མེད། རེད་དམ་མ་རེད།

བྱས་ཙང་། གནས་ཁང་གད་འཕྱིས་རྒྱག་པ་དང་གཙང་མ་བཟོ་དགོས་ཤིང་། ཚང་མ་གྲ་འགྲིག་པོ་དགོས། ངས་ངའི་སྒོམ་རྒྱག་ས་དང་ལས་ཀ་བྱེད་སའི་ལས་ཁུངས་ནང་ཉིན་ལྟར་གཙང་མ་བཟོ་གི་ཡོད། ངས་དེ་ལྟར་ཉིན་གཅིག་ཀྱང་མ་ཆད་པར་སོ་བཀྲུ་བ་ནང་བཞིན་བྱེད་ཀྱི་ཡོད། ཁྱེད་ཀྱིས་དེ་ལྟར་བྱེད་པའི་སྐབས། རང་ཉིད་ཁང་སྲུང་བ་ཙམ་མིན་པར། དེ་བསྒྱུར་བཅོས་གཏོང་ཐབས་བྱེད་དགོས། ཁྱེད་རང་གཙང་མ་བཟོ་མཁན་དེ་འདྲ་མིན། དེར་བརྟེན་ང་ཚོས་བཙོག་པའམ་ཐལ་རྡུལ་རྣམས་མ་རིག་པར་བསམ་དགོས། དེ་ནི་དངོས་པོའི་གནས་ལུགས་དང་རྒྱུ་དང་འབྲས་བུ་སོགས་ལ་རྨོངས་པའི་མ་རིག་པ་དེ་རེད། གཙང་མ་བཟོ་བྱེད་ཀྱི་ཕྱགས་མ་དེ་སྟོང་ཉིད་རྟོགས་པར་བསམ་དགོས། ཁྱེད་ཀྱིས་ཐལ་རྡུལ་ཚང་མ་བསྒྲུགས་ཚར་བའི་རྗེས་སུ། དེ་ཨོཾ་ཨཱ་ཧཱོུཾ་གིས་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོ་དང་། དེ་ནས་སྟོང་ཉིད་རྟོགས་པའིི་ནང་སྦྱང་པའམ་བསྒྱུར་དགོས། དེ་མཚམས་སུ་ཁྱེད་ཀྱིས་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་ཞལ་དུ་འབུལ་དགོས། གཤིན་རྗེ་ནི་གད་སྙིགས་བླུགས་སྣོད་དེ་རེད།

དེ་ནི་སེར་ཀོང་མཚན་ཞབས་རིན་པོ་ཆེས་ཆོས་ཁྲིད་གནང་སྲོལ་ཡོད་པའི་ཆོས་ངོ་མའི་འགྲེལ་ཚུལ་དེ་རེད། འོན་ཀྱང་དེ་ནི་ཉམས་ལེན་བྱ་རྒྱུ་ལས་སླ་མོ་ཞིག་མེད་པ་གསལ་པོ་རེད། གལ་ཏེ་ང་ཚོར་སྟོང་ཉིད་ཀྱི་གོ་རྟོགས་མི་ཉུང་བ་ཞིག་མེད་པ་དང་སྔགས་ལུགས་ནང་གི་འགྱུར་ལྡོག་གི་རྒྱུད་རིམ་ཡོངས་སུ་རྫོགས་པ་ལ་གོ་བ་ཞིག་མ་རྙེད་ན། ང་ཚོས་དེ་ཏོག་ཙམ་གླེན་པའི་བཟོ་འདྲ་ཞིག་དང་བཅོས་མ་ཞིག་མཐོང་སྲིད། བྱས་ཙང་། འདིའི་ཆོས་ཡངས་པའི་འགྲེལ་ཚུལ་གྱི་སྒོ་ནས་དེ་ལས་ཀྱང་ངོས་ལེན་བྱ་འོས་པའི་སྔོན་འགྲོའི་རིམ་པ་དེ་གང་ཞིག་ཡིན་ངེས་སམ། དེ་ཡང་ཁྱེད་ཀྱི་སེམས་དང་སེམས་ཚོར་གྱི་ནང་། བཙོག་པ་དེ་མི་གསལ་བ་དང་འུར་ཟིང་སོགས་ལ་བསམ་བློ་གཏོང་དགོས་པ་ཙམ་རེད། ཡང་དག་པའི་རྟོགས་པ་ལ་བརྟེན་ནས་ང་ཚོས་དེ་ལྟར་གད་འཕྱིས་རྒྱག་པ་དང་གཙང་མ་བཟོ་དགོས་ཤིང་། དགེ་བའི་བསམ་བློའི་ཁྱེར་སོ་གང་མང་དང་ལྡན་པའི་ཐབས་ཤེས་བྱེད་དགོས།

གལ་ཏེ་ཁྱེད་ཀྱིས་བར་ཆད་ལ་སོགས་པར་དགྲ་བོ་འཇིགས་སུ་རུང་བ་ཞིག་ལ་བལྟས་ཏེ། དེ་ཇི་ཙམ་འཇིགས་སུ་རུང་བ་ཡིན་པ་དེ་ཇེ་ཆེར་གཏོང་བ་དང་། “ང་རང་དེ་དང་འདྲ་བ་ནི་ཅི་འདྲའི་འཇིགས་སུ་རུང་བ་ལ་” ཞེས་བསམ་པ་དེས་དཀའ་ངལ་ཆེན་པོ་ཞིག་གི་རྒྱུ་བྱེད་སྲིད། དེ་ནི་ནག་ཉེས་རེད། དེ་ནི་བཙོག་པ་འདྲ་པོ་རེད། དཔེར་ན། ང་ཚོས་ “བཙོག་པ་ནི་ཧ་ཅང་མི་སྡུག་པ་རེད། དེ་འདྲའི་བཙོག་པ་ལ། འདི་ནས་མེད་པ་བཟོ་དགོས་” ཞེས་ཟེར་བ་ལྟ་བུ་རེད། རེད་དམ་མ་རེད། འདིར་ག་རེ་བསྟན་ཡོད་ཅེ་ན། གང་ལྟར་ཡང་། ཁྱེད་ཀྱིས་དེ་བསྒྱུར་བཅོས་གཏོང་གི་ཡོད། བྱས་ཙང་། ཁྱེད་ཀྱིས་ “རེད། འགྲིག་གི་འདུག །ང་ལ་བར་ཆད་དང་རིག་པ་མི་གསལ་བ་འདི་དང་འདི་འདུག་” ཅེས་སོགས་བརྗོད་ཀྱི་ཡོད། དེའི་དོན་ཞིག་ནི་མི་ཞིག་ལ་དེ་འགྲེལ་བརྗོད་ཇི་ལྟར་བྱེད་དམ། དེ་ནི་བཏང་སྙོམས་ལྟ་བུའི་དོན་ཞིག་རེད། བཏང་སྙོམས་ཟེར་དུས་ཁྱེད་ཀྱིས་གང་ཡང་བྱེད་ཀྱི་མེད་པའི་དོན་མིན། འོན་ཀྱང་ཁྱེད་རང་དེའི་ཐད་སེམས་སྡུག་བྱེད་ཀྱི་མེད་པའི་དོན་ཡིན།

དེ་ནི་དཔེར་ན། རྒ་བའི་སྡུག་བསྔལ་ལྟ་བུ་རེད། དེ་ནི་ངས་མྱོང་བ་དང་ག་རེ་འབྱུང་གི་ཡོད་དམ་ཞེ་ན། ཁྱེད་ཀྱི་མིག་གི་མིག་ཤེད་དང་རྣ་བའི་གོ་ཐོས་ཉམས་འགྲོ་གི་ཡོད། ཁྱེད་ཀྱི་གནས་སྐབས་ཀྱི་དྲན་ཤེས་ཞན་དུ་འགྲོ་གི་ཡོད། ཁྱེད་རང་སྡོད་ཁང་ནང་འཛུལ་ཚར་བ་དང་ག་རེ་ལེན་ཆེད་འཛུལ་ཡིན་དྲན་པ་བརྗེད་ཀྱི་ཡོད། མི་རྣམས་ཀྱི་མིང་ནི་དཀའ་ལས་ཁག་པོ་ཡོད་པས། དྲན་པ་བརྗེད་ཀྱི་ཡོད། ཁྱེད་ཀྱིས་མི་རྣམས་ཀྱི་མིང་དྲན་གྱི་མ་རེད། བྱས་ཙང་། ཁྱེད་ཀྱིས་ “ཨོ། འདི་ནི་ཧ་ཅང་འཇིགས་སུ་རུང་བ་རེད་” ཅེས་དང་། “ང་རང་དྲན་པ་བརྗེད་རྒྱུ་དང་། དེ་འདྲ་ཞིག་ཡིན་པ་ལ་དཔེ་སྡུག་ཅག་ཡོད།” ཅེས་བསམ་བློ་གཏོང་ཆོག །དེ་ནས་རང་གིས་རང་ལ་ཁོང་ཁྲོ་ཟ་བ་དང་སེམས་ཀྱི་གནས་བབས་ཧ་ཅང་མི་དགེ་བ་ཞིག་ཆགས་ཀྱི་ཡོད། དེས་ང་ཚོ་སེམས་ངལ་གནོན་ཤུགས་འབྱུང་བའི་ཤུགས་རྐྱེན་བྱེད་ཀྱི་ཡོད། འོན་ཀྱང་ཁྱེད་ཀྱིས་ག་རེ་བྱེད་ཀྱི་ཡོད་དམ། སྐབས་འདིར་ཕན་ཐོགས་ལྡན་པའི་བློའི་ཁྱེར་སོ་ནི། དམིགས་བསལ་གང་ཡང་མིན་ཞེས་པ་དེ་རེད། ང་རང་རྒས་འཁོགས་ཆགས་ཀྱི་ཡོད་པ་ལས་རེ་བ་གང་བྱེད་ཀྱི་ཡོད་དམ། དེའི་ཕྱོགས་སུ་མཛའ་མཐུན་གྱི་བློའི་ཁྱེར་སོ་ཞིག་ལ་བརྟེན་ནས་ཁྱེད་ཀྱིས་གདོང་ལེན་བྱེད་པ་དང་ལན་འཇལ་བ། དེ་ག་ནང་བཞིན་དྲན་གསོ་ཡོང་བའི་ཆེད་དུ་ཐབས་བྱུས་ཅུང་ཟད་བྱེད་པ་ལ་སོགས་པའོ།།

ང་རང་སྒེར་གྱི་རྩ་བའི་ལམ་སྟོན་ནི་མི་རྣམས་ཀྱི་མིང་དྲན་པར། ངས་རྟག་ཏུ་བེད་སྤྱོད་བྱེད་ཀྱི་ཡོད། དེ་ཡང་ངས་ཀ་མད་རིམ་བཞིན་ཕྱིན་ཏེ། ཀ་མད་ནང་གི་ཡི་གེ་དང་པོ་དེ་ངའི་སེམས་ནང་རྩད་གཅོད་སོགས་བྱེད་ཀྱི་ཡོད། ནམ་རྒྱུན་མི་ཞིག་གི་མིང་འགོ་བཙུག་སའི་ཡི་གེ་དེ་ཆ་རྒྱུས་ཡོད་པ་འདྲ་ཞིག་ཡོད། དེ་ནས་ངས་མིང་དེ་དྲན་གྱི་འདུག ༼ག་དུས་ཡིན་ནའང་མི་དྲན་ནའང་། སྐབས་མང་པོ་ཞིག་ལ་དྲན་གྱི་འདུག༽ ངས་ཁྱེད་རྣམས་ལ་དེ་ཞུ་དགོས་བསམས་སོང་།

དེའི་དོན་དག་ནི་མཛའ་མཐུན་ལྡན་པའི་བློའི་ཁྱེར་སོ་ལ་བརྟེན་ནས་ཁྱེད་ཀྱིས་གདོང་ལེན་བྱེད་དགོས། ཁྱེད་ཀྱིས་གཉེན་པོ་འདྲ་པོ་བསྟེན་དགོས་ཤིང་། གནས་ཁང་བྱི་དོར་ལའང་གཅིག་པ་རེད། དཔེར་ན། “ངས་ངའི་སེམས་ནང་ཡོད་པའི་རིག་པ་མི་གསལ་ཚང་མ་དག་པར་བྱས་ཏེ། ངའི་རིག་པ་རྣོ་པོ་ཡོང་ཐབས་བྱེད་ཀྱི་ཡིན། འགྲིག་གི་འདུག །ངས་ངོས་ལེན་བྱེད་ཀྱི་ཡོད། འདི་ནི་ཉིན་ལྟར་དེར་ཡོད་” ཅེས་བསམ་པ་ལྟ་བུ་རེད། ཁྱེད་ཀྱིས་དེ་ལ་གདོང་ལེན་བྱེད་དགོས་པ་དང་། དེ་སྐྱུར་དགོས། དེས་ཧ་ཅང་འཇིགས་སུ་རུང་བ་དང་བཙོག་པའི་བསམ་བློ་དེ་ཕན་ཐོགས་ཆེ་བའི་སེམས་ཀྱི་གནས་བབས་ཤིག་ལ་བསྒྱུར་བཅོས་གཏོང་གི་ཡོད། བྱས་ཙང་། ནང་གཙང་མ་བཟོ་མཁན་ཙམ་ཞིག་བྱ་རྒྱུ་མེད།

གཞུང་གི་ནང་ཕན་ཡོན་ལྔ་གསུངས་ཡོད་པ་ནི།

༡༽ ཁྱེད་ཀྱི་སེམས་གཙང་ཞིང་གསལ་ལ་གྲ་འགྲིག་པོ་ཆགས་ཀྱི་ཡོད། དེ་ནི་ངས་གང་འགྲེལ་བརྗོད་བྱས་པ་དེ་རེད།

༢༽ དེ་ག་ནང་བཞིན་མི་གཞན་ཞིག་ཁྱེད་ཀྱི་ཁང་པའི་ནང་འཛུལ་བ་དང་གཙང་ཞིང་གསལ་ལ་གྲ་འགྲིག་པོ་ཆགས་ཀྱི་ཡོད། བྱས་ཙང་། མི་གཞན་དག་ཁྱེད་རང་ཐུག་འཕྲད་དུ་ཡོང་སྲིད་པས། དེ་དག་ལ་གུས་ཞབས་ལྡན་པ་ཆགས་ཀྱི་ཡོད། ཁྱེད་ཀྱིས་མི་དེ་དག་འུར་ཟིང་དང་བཙོག་པའི་ནང་སྣེ་བསུ་མི་བྱེད་པ་ཡིན།

༣༽ རང་གི་ཡི་དམ་གྱི་ལྷ་དང་སྲུང་མ་རྣམས་ཀྱང་དེར་ཕེབས་རྒྱུར་ཐུགས་མཉེས་པོ་ཡོང་གི་ཡོད། ཕྱོགས་གཞན་ཞིག་ནས་གལ་ཏེ་ཁྱེད་ཀྱིས་རང་གི་དགེ་བའི་བཤེས་གཉེན་ཡང་ན་མི་ཧ་ཅང་གལ་ཆེ་བ་ལྟ་བུ་མགྲོན་པོ་ཧ་ཅང་དམིགས་བསལ་ཅན་ཞིག་གདན་འདྲེན་ཞུས་ན། དཔེར་ན། ཁྱེད་ཀྱི་ཨ་མ་ལྟ་བུ་མགྲོན་འབོད་བྱས་ན། ཁྱེད་ཀྱིས་རང་གི་ཁང་པ་དེ་གཙང་མ་བཟོ་ངེས་པ་ལྟ་བུ་རེད། ཁོང་ཚོ་ཐུག་འཕྲད་དུ་ཡོང་རྒྱུ་དགའ་བ་བྱེད་ཀྱི་རེད། ཁོང་རྣམས་ལ་གུས་ཞབས་ལྡན་པ་བྱེད་དགོས། བདེན་པ་རེད་དམ། གལ་ཏེ་ཁྱེད་ཀྱི་ཨ་མ་རང་ཉིད་སྡོད་སའི་གཡར་ཁང་ནང་ཕྱིན་པའི་སྐབས་ཧ་ཅང་བཙོག་པ་དང་ཟང་ངེ་ཟིང་ངེ་ཡོད་ན། རྩ་ནས་དགའ་གི་མ་རེད། བྱས་ཙང་། དེ་ག་ནང་བཞིན་རང་གིས་སྒོམ་རྒྱག་སྐབས། སངས་རྒྱས་རྣམས་དམིགས་རྣམ་དུ་སྤྱན་འདྲེན་ནའང་ཕེབས་ཀྱི་མ་རེད།

ཁེ་ཕན་མཐའ་མ་གཉིས་པོ་ཆོས་ཡངས་པའི་རིམ་པའི་ནང་ཏོག་ཙམ་དཀའ་ལས་ཁག་པོ་ཡོད་དེ།

༤༽ ཁྱེད་རང་ལུས་མཛེས་པོའམ་རྫིག་པོ་ཞིག་ལ་སྐྱེ་བའི་དགེ་བའི་ནུས་པའམ་བསོད་ནམས་གསོག་དགོས།

༥༽ ཁྱེད་རང་དག་པའི་ཞིང་ཁམས་ནང་སྐྱེ་བའི་དགེ་བའི་ནུས་པའམ་བསོད་ནམས་གསོག་དགོས།

ཕྱོགས་གཞན་ཞིག་ནས་གལ་ཏེ་ཁྱེད་ཀྱིས་རང་གི་ཉེ་འཁོར་ཚང་མ་ཡིད་དབང་འཕྲོག་པ་ཞིག་བཟོས་ན། སོ་སོ་རང་ཉིད་ཀྱང་གཞན་གྱི་མཐོང་སྣང་ལ་ཡིད་དབང་འཕྲོག་པ་ཞིག་ཡོང་གི་རེད།

ད་དོན་གནད་མཐའ་མ་ཞིག་ནི། ཇི་ལྟར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནན་གྱིས་གསུངས་པ་ལྟར། ཁྱེད་ཀྱིས་ཉམས་ལེན་གང་འདྲ་ཞིག་བྱེད་ཀྱང་། དེ་ལྟ་བུའི་གཙང་མ་བཟོ་དགོས་པ་གལ་ཆེན་ཡིན་པ་ཙམ་དུ་མ་ཟད། ཁོང་གིས་ད་དུང་ཕྱག་དཔེ་ཞིག་མ་གཟིགས་གོང་ཕྱག་དང་ཞལ་རས་བཀྲུ་གནང་གི་ཡོད་ཅེས་དང་། སྒོམ་ཉམས་ལེན་གང་འདྲ་ཞིག་ཡིན་རུང་མ་གནང་སྔོན་ཁོང་གིས་གང་བྱེད་བཞིན་པ་ལ་གུས་ཞབས་མཚོན་ཕྱིར་ཕྱག་དང་ཞལ་བཀྲུ་གནང་གི་ཡོད་ཅེས་གསུངས། གུས་ཞབས་དང་། གཙང་ཞིང་གྲ་འགྲིག་པོ་ནི་དངོས་གནས་ཕན་ཐོགས་ལྡན་པའི་ལམ་སྟོན་ཞིག་རེད།

སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་པ།

སྦྱོར་བའི་ཆོས་དྲུག་གི་དང་པོའི་ནང་ཚན་གཉིས་པ་ནི་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་པ་དེ་རེད། ང་ཚོས་ནམ་རྒྱུན་ཡང་སེ་དེ་མཆོད་ཤོམ་ཞིག་བཀོད་སྒྲིག་བྱེད་པ་ཞེས་ཟེར། དེ་ལ་ཨིན་སྐད་དུ་ set up an altar བསྒྱུར་ཡོད། ཨིན་སྐད་ནང་གི་ཚིག་ altar དེ་ངས་ཏོག་ཙམ་ཁྱད་མཚར་ཞིག་མཐོང་གི་འདུག །ཚིག་དེ་ནི་ཡེ་ཤུ་ཆོས་ལུགས་སམ། ཡང་ན་ཆོས་ལུགས་གཞན་གྱི་ནང་དུད་འགྲོ་ལུག་ཡང་ན་མི་ཞིག་མཆོད་ཤོམ་སྒང་ལ་དམར་མཆོད་བྱེད་པ་ལས་བྱུང་བ་ཞིག་ཡིན། བྱས་ཙང་། དེ་ལྟར་བསམ་བློ་གཏོང་རྒྱུ་དེ་ཏོག་ཙམ་ཁྱད་མཚར་ཞིག་འདུག །འོན་ཀྱང་དེ་ལས་ལྡོག་སྟེ། བཀོལ་སྤྱོད་བྱས་པའི་ཐ་སྙད་ནི་མཆོད་པ་འབུལ་སའི་བང་ཁྲི་ཞིག་ཡིན་པས། ང་ཚོས་གང་བྱེད་དགོས་ཞེ་ན། ས་ཆ་གཙང་མ་དང་གུས་ཞབས་བྱེད་འོས་པ་ཞིག་འཚོལ་དགོས། ཕལ་ཆེར་བོད་མི་ཚང་མ་དང་སོག་པོའི་ཁྱིམ་སྣ་ཚོགས་པའི་ནང་རྟག་ཏུ་དེ་ལྟའི་བང་ཁྲིའམ་མཆོད་ཤོམ་ཞིག་ཡོད་པ་ཤེས་ཀྱི་རེད། དེ་འདྲའི་དམིགས་བསལ་ཅན་གྱི་ས་ཆའམ་མཆོད་ཤོམ་དེ་ལ་ཨིན་སྐད་ནང་ altar ལས་གཞན་ཚིག་མེད།

འོ་ན་མཆོད་ཤོམ་དེའི་དགོས་པ་རྒྱུ་མཚན་དང་ཕན་ཡོན་གང་ཡོད་ཅེས་དྲིས་ན་ཆོག །དེས་ང་ཚོས་གུས་བཀུར་བྱེད་སའི་ཡུལ། ང་ཚོ་འགྲོ་བར་འདོད་པའི་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོའམ་སྐྱབས་འགྲོ་མཚོན་གྱི་ཡོད། བྱས་ཙང་། འདི་ནི་དྲན་གསོ་ཡག་པོ་ཞིག་ཡིན། ད་དུང་དེ་གུས་ཞབས་ཀྱི་ཡུལ་ཞིག་ཡིན་སྟབས། ང་ཚོ་སྣོད་མིན་གྱི་མི་ཧ་ཅང་མ་དུལ་བ་ཞིག་ཡིན་ན་མ་གཏོགས། གཞན་དེས་ཁྱེད་རང་ལ་རང་བཞིན་གྱིས་སྤྱོད་ལམ་ཏོག་ཙམ་ཞིག་བཟང་བ་བྱེད་དུ་འཇུག་གི་ཡོད། ཁྱེད་ཀྱིས་ཐ་མག་འཐེན་པ་དང་ར་བཟི་བ་སོགས་སྤྱོད་ངན་གྱི་རིགས་ཚང་མ་བྱེད་ཀྱི་མ་རེད།

གལ་སྲིད་ཁྱེད་རང་ཁང་མིག་གཅིག་ཅན་ཞིག་གི་ནང་སྡོད་ཀྱི་ཡོད་པའམ། ཡང་ན་སོག་པོའི་གེར་གྱི་གུར་ཟེར་བ་ཞིག་གི་ནང་སྡོད་ཀྱི་ཡོད་ན། སྒོམ་རྒྱག་སའི་ཁང་པ་ཞིག་ཟུར་དུ་ལོགས་སུ་རག་དཀའ་བ་རེད། དེ་འདྲའི་སྐབས་སུ་མ་མཐར་ཡང་རང་གི་ཁང་པའི་ཆ་ཤས་གཅིག་གུས་ཞབས་ལྡན་པའི་གནས་ཡིན་དགོས། འོན་ཀྱང་རྟག་ཏུ་ག་རེ་ནན་ཆེར་བརྗོད་ཡོད་ཅེ་ན། ང་ཚོས་མཆོད་ཤོམ་བཟོ་རྒྱུ་དེ་འགྲན་སྡུར་གྱི་ཡུལ་ཞིག་ཏུ་བཀོལ་སྤྱོད་བྱ་མི་རུང་། དེ་ནི་ཁྱེད་ལ་གཞན་ལས་ལྷག་པའི་མཆོད་ཤོམ་ཡག་ག་ཞིག་དང་། རྒྱས་སྤྲོས་ཆེ་བ། འབྱོར་ཆེ་བ་ཡོང་ཐབས་བྱ་མི་ཉན། དོན་ངོ་མར་༧གོང་ས་མཆོག་དམིགས་བསལ་དགོན་སྡེ་ཁག་དང་ལྷ་ཁང་ཁག་ནང་ཁུལ་ཕན་ཚུན་འགྲན་སྡུར་གྱིས་བྱེད་ཐལ་དྲགས་ནས་ཚང་མས་དགོན་པ་སོགས་ཆེ་ཤོས་དང་གྲ་རྒྱས་ཤོས་དེ་བཞེངས་ཐབས་དང་། དེའི་ནང་གི་རྟེན་སྐུ་ཁག་ལ་གསེར་དང་རིན་པོ་ཆེའི་མཆོད་པ་འབུལ་བ་སོགས་ལ་ཐུགས་མི་མཉེས་ཤིང་ཞིབ་བརྟག་སྐྱོན་འཛུགས་གནང་གི་རེད། གཞུང་ནང་ཁྱེད་ཀྱིས་དེ་ལྟར་བཞེངས་པས་དགེ་བའི་ནུས་པའམ་བསོད་ནམས་དཔག་ཏུ་མེད་པ་གསོག་གི་ཡོད་ཅེས་གསུངས་ཡོད། འོན་ཀྱང་སྐྱབས་བཅོལ་བ་ཡིན་པ་དང་ཉེ་འཁོར་དུ་རྒྱ་གར་ཧ་ཅང་དབུལ་ཕོངས་ཅན་གྱི་ཁྲོད་དུ་གནས་ཀྱི་ཡོད་སྟབས། དེ་ནི་ཧ་ཅང་ཚབས་ཆེན་དང་བསམ་ཤེས་མེད་པ་རེད། བྱས་ཙང་། རྒྱན་གྱིས་སྤྲས་ཤིང་རྒྱས་སྤྲོས་ལྡན་པ་མི་དགོས་པར་སྤྲོས་མེད་ཚུལ་དང་མཐུན་པ་ཞིག་དགོས་པར་སློབ་སྟོན་བྱས་ཡོད།

སེར་ཀོང་རིན་པོ་ཁོང་ཉིད་ཀྱང་དེ་ལྟའི་རྒྱན་གྱིས་སྤྲས་པའི་མཆོད་པའི་ཡོ་བྱད་ཀྱི་རིགས་ལ་དགག་པ་གནང་མཁན་ཞིག་རེད། ང་ཚོ་ནུབ་ཕྱོགས་གང་སར་འགྲུལ་སྐྱོད་བྱས་ནས་ཁོང་གིས་དབང་གནང་བའི་སྐབས། ཧ་ཅང་རྒྱན་གྱིས་སྤྲས་པའི་བུམ་པ་ཞིག་གི་ཚབ་ལ་ཁོང་གིས་འོ་མ་བླུགས་སའི་འགྱིག་དམ་ཡང་ན་མི་རྣམས་ལ་གང་ཡོད་པ་དེ་བེད་སྤྱོད་བཏང་གནང་གི་རེད། ཁྱེད་ཀྱིས་གང་ལྟར་དེ་དམིགས་རྣམ་གྱི་ནང་འགྱུར་བ་གཏོང་གི་ཡོད། བྱས་ཙང་། ཇི་སྲིད་ཁྱེད་ལ་གཞི་ལྟ་བུ་ཞིག་ཡོད་པ་དེ་སྲིད་དུ་ཁྱེད་ཀྱིས་ཧ་ཅང་རིན་གོང་ཆེ་བ་དང་རྒྱན་གྱིས་སྤྲས་པའི་མཆོད་ཆས་འཁྱེར་མི་དགོས་པ་ཡིན། དེ་དག་ནི་མི་རྣམས་ལ་ཡིད་འཕྲོགས་བཅུག་ནས་རྐུ་འཕྲོག་བྱ་རྒྱུ་ཁོ་ན་ཙམ་དུ་ཟད།

འདིའི་སྲོལ་རྒྱུན་གྱི་རྣམ་པའི་ཐོག་ནས་མཆོད་ཤོམ་གྱི་དཀྱིལ་དེར་སངས་རྒྱས་ཀྱི་སྐུ་རྟེན་ཞིག་བཤམ་གྱི་ཡོད། དེ་ཡང་རི་མོ་བྲིས་པའི་སྐུའམ་སྐུ་འདྲ་སོགས་སོ་སོར་གང་ཡོད་ན་ཆོག །ཐ་ན་སྐུ་པར་ཞིག་དང་རི་མོ་ཞིག་ཡིན་ནའང་འགྲིགས། ༼དེང་སང་དེ་ནི་གང་འཚམས་ཀྱི་ལས་སླ་པོ་རེད། ཁྱེད་ཀྱིས་དྲྭ་རྒྱའི་བརྒྱུད་ནས་ལམ་སེང་པར་ཤུས་བྱེད་ཆོག །བྱས་ཙང་། ང་ཚོར་གཅིག་རག་ཐུབ་ཀྱི་མི་འདུག་ཅེས་སྙད་འདོགས་ས་མེད།༽ དེ་ལྟ་བུའི་སྐུ་འདྲ་དེ་དཀྱིལ་དུ་བཤམ་དགོས་ཤིང་། དེ་ནས་སངས་རྒྱས་ཀྱི་སྐུ་དེའི་གཡས་སུ་དཔེ་ཆ་ཞིག་དང་། མཆོད་རྟེན་ཡང་ན་རྡོ་རྗེ་དང་དྲིལ་བུ་གང་རུང་ཞིག་སངས་རྒྱས་སྐུའི་གཡོན་དུ་བཤམ་དགོས། དེ་ལྟར་སངས་རྒྱས་ཉིད་ནི་སྐུའི་རྟེན་དང་། དཔེ་ཆ་ནི་སངས་རྒྱས་ཀྱི་གསུང་གི་རྟེན། མཆོད་རྟེན་དང་རྡོར་དྲིལ་ནི་ཐུགས་ཀྱི་རྟེན་མཚོན་པ་ཡིན། དེ་ནས་དྲན་དགོས་པ་ཞིག་ལ་ཁྱེད་ཀྱིས་མཛེས་བཀོད་ལྡན་པ་ཞིག་སྒྲིག་གཤོམ་བྱེད་པ་ཙམ་མིན་པས། དེ་དག་གིས་གང་མཚོན་གྱི་ཡོད་སེམས་ནང་དྲན་ཐབས་བྱེད་དགོས།

བོད་པ་ཚོས་རྟག་ཏུ་སོ་སོའི་རྩ་བའི་བླ་མའམ་དགེ་བའི་བཤེས་གཉེན་རྣམས་བཤམ་གྱི་རེད། དེ་ལྟར་ན་སངས་རྒྱས་དེ་དཀྱིལ་དུ་དང་བླ་མའམ་དགེ་བའི་བཤེས་གཉེན་རྣམས་ཟུར་དུ་བཤམ་མི་དགོས། དགེ་བའི་བཤེས་གཉེན་ནི་ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས། ཁོང་ཚོ་དབུས་སམ་རྟེན་གྱི་གཙོ་བོའམ་དེ་ལས་མཐོ་སར་བཤམ་དགོས། དེའི་གནད་འགགས་ནི་མཆོད་ཁང་ནང་དུ་འཛུལ་བའི་སྐབས། ང་ཚོར་དྲན་གསོ་གཏོང་མཁན་ཞིག་མཇལ་རྒྱུ་ཡོད་པ་དང་། ང་ཚོ་མི་ཚེའི་ནང་ཁ་ཕྱོགས་གང་དུ་འགྲོ་བཞིན་ཡོད་པ་དང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་སྐྱེད་ཐབས་བྱེད་ཀྱི་ཡོད།

གལ་ཏེ་ཁྱེད་ལ་ཁང་པ་གཅིག་རང་ཡོད་པ་དང་ཁྱེད་ཀྱི་མཆོད་ཤོམ་དེ་ཉལ་ཁང་དུ་བཞག་ན། དེ་ཁྱེད་རང་ཉལ་ས་དེ་ཡིན་ན། མཆོད་ཤོམ་དེ་སོ་སོའི་ཉལ་ཁྲིའི་རྐང་པའི་ཕྱོགས་སུ་འཇོག་མི་རུང་། ཁྱེད་ཀྱི་རྐང་པ་མཆོད་ཤོམ་གྱི་ཕྱོགས་སུ་སྟོན་མི་རུང་། དེ་ནི་གུས་ཞབས་དང་མི་ལྡན་པ་བརྩི་གི་ཡོད། དོན་དག་གཙོ་བོ་ནི་གུས་ཞབས་སྟོན་རྒྱུ་དེ་རེད། བྱས་ཙང་། ཁྱེད་ཀྱིས་ཐབས་ལམ་གང་གི་ཆ་ནས་གུས་ཞབས་སྟོན་ཐུབ་ན་དེ་ནི་གལ་ཆེན་པོ་རེད།

ཆོས་ཀྱི་དཔེ་དེབ་ཁག་དང་སྤྱིར་བཏང་དཔེ་དེབ་ཁག་ལ་གཞིགས་ན། དེ་དག་ནི་ཅོག་ཙེ་ཞིག་མ་རེད། དེ་དག་གི་སྒང་ལ་ཅ་དངོས་འཇོག་མི་རུང་། ཐ་ན་ཁྱེད་ཀྱི་ཕྲེང་བ་དང་སྔགས་གྲངས་རྩི་ཆས་ཀྱང་འཇོག་མི་རུང་བ་ཡིན། དེ་ག་ནང་བཞིན་དཔེ་ཆ་རྣམས་ཞ་ལའི་སྒང་ལ་འཇོག་མི་རུང་། གལ་ཏེ་ཁྱེད་ཀྱིས་དེ་དག་སའི་སྒང་ལ་འཇོག་དགོས་ཀྱི་ཡོད་ན། དེ་དག་གི་འོག་ཏུ་རས་དང་ཤོག་བུ་ལྟ་བུ་འཇོག་དགོས། དེ་ནི་གཞི་རྩའི་ཆ་ནས་བཙོག་པ་མི་ཆགས་པའི་ཆེད་དུ་ཡིན།།

Top