མཆོད་པ་འཚོལ་ཚུལ་དང་བཤམ་ཚུལ།

སྦྱོར་བའི་ཆོས་དྲུག་ལས་གཉིས་པ་ནི། མཆོད་པ་གཡོ་བ་མེད་པ་བཙལ་ལ་བཀོད་པ་མཛེས་པར་བཤམ་པ་དེ་རེད།

མཆོད་པ་མི་འདྲ་བའི་རིགས།

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་སྐབས། བོད་མི་རྣམས་ཀྱིས་ཆུའི་མཆོད་པ་འབུལ་དགོས་ཞེས་ལམ་སྟོན་གནང་ཡོད། མི་རྣམས་སྐྱོ་པོ་ཡིན་པ་གསལ་པོ་རེད་ལ་བོད་མཐོ་སྒང་གི་ས་ཆར་དྭངས་གཙང་གི་ཆུ་ཁྱད་དུ་འཕགས་པ་ཡོད་པས། དེ་ནི་མཆོད་པའི་རྫས་ངོ་མཚར་ཅན་ཞིག་ཡིན། དེར་མ་ཟད། ཆུ་ནི་རིན་མེད་ཡིན་ཙང་། ཁྱེད་ལ་དངུལ་མེད་ཅེས་ཤོད་ས་མེད་པ་དང་། ཆུ་ཏིང་ཕོར་གང་ཙམ་ཞིག་འབུལ་མི་ཐུབ་པའི་དབུལ་ཕོངས་དེ་འདྲ་ཞིག་རྩ་ནས་མིན། ༼ཆུ་དེ་ཡང་མཆོད་པ་ཕུལ་བའི་རྗེས་སུ་འཐུང་ཡང་ཆོག་༽ སྲོལ་རྒྱུན་ལྟར་བྱས་ན། ཡོན་ཆབ་འབུལ་ཚུལ་དེ་ནི་ཏིང་ཕོར་བདུན་གྱི་ནང་དུ་ཆུ་གཙང་མ་འབུལ་བ་དེ་ཡིན། ཏིང་ཕོར་རེ་རེ་བཞིན་ཇི་ལྟར་འབུལ་བ་དང་བཤམ་པའི་ཚུལ་ཡོད། འདི་ནི་མི་ཞིག་གིས་ཁྱེད་ལ་སྟོན་ཐུབ་པ་ཞིག་ཡིན།

བྱས་ཙང་། འདི་ལ་སྲོལ་རྒྱུན་གྱི་ལམ་ལུགས་ལྟར་འབུལ་ཚུལ་ཞིག་ཡོད། དེ་ཡང་སླར་ཡང་གུས་ཞབས་དང་ལྡན་པ་དགོས། ཏིང་ཕོར་བདུན་པོ་ནི་མཆོད་པའི་ཡན་ལག་བདུན་གྱི་ཡན་ལག་རྣམས་མཚོན་གྱི་ཡོད། ཁྱེད་རང་ཞོགས་པ་ལངས་ནས་ཁྲུས་ཁང་དུ་ཕྱིན་པའི་རྗེས་སམ། ཡང་ན་གཞན་ལས་ཀ་གང་བྱེད་དགོས་ནའང་དེའི་རྗེས་སུ་ནང་གད་འཕྱིས་རྒྱག་པ་དང་གཙང་མ་བཟོ་དགོས། དེ་ནས་ཡོན་ཆབ་འབུལ་དགོས། ཕྱི་དྲོ་ཕྱེད་ཡོལ་མཚམས་སུ་ ༼གལ་ཏེ་ཁྱེད་རང་ནང་དུ་ཡོད་པ་དང་ཕྱེད་ཡོལ་སྐབས་ཡོན་ཆབ་སྟོང་པ་བཟོ་བའམ་གཤོམ་སྡུད་བྱ་རྒྱུའི་དུས་ཚོད་ཡོད་པ་བཟོ་དགོས། དེ་མིན་དགོང་དྲོའི་སྐབས་སུ་གཤོམ་དགོས་༽ ཡོན་ཆབ་གཤོམ་སྡུད་བྱེད་དགོས། ཆུ་དེ་ཡང་གུས་ཞབས་དང་ལྡན་པའི་སྒོ་ནས་གཤོ་དགོས་ཤིང་། དེའི་དོན་ནི་ཆུ་དེ་གསང་སྤྱོད་ནང་གཤོ་མི་ཉན། ཆུ་དེ་ང་ཚོས་མེ་ཏོག་ནང་བླུགས་ན་འགྲིགས། འོན་ཀྱང་ཁྱེད་ཀྱིས་རྟག་ཏུ་མེ་ཏོག་ནང་བླུགས་ན་མེ་ཏོག་འཕྲོ་བརླག་འགྲོ་གི་རེད། དེ་ནས་ཆུ་དེ་མ་མཐར་ཡང་ཁྲུས་གཞོང་ནང་གཤོ་དགོས་པ་ལས་གསང་སྤྱོད་ནང་གཤོ་མི་ཉན། སྤྱིར་དེ་གཉིས་གང་དུ་གཤོས་ཀྱང་འགྲོ་ས་གཅིག་པ་ཡིན་ནའང་། གུས་ཞབས་ཆེ་ལོད་ཀྱི་ཁྱད་པར་ཡོད།

ནམ་རྒྱུན་མི་རྣམས་ཀྱིས་རང་གིས་བཟོས་པའི་ཇ་ཕུད་ཅེས་ཇ་དང་འཚིག་ཇའི་ཕུད་དེ་འབུལ་སྲོལ་ཡོད། གལ་ཏེ་ཁྱེད་ཀྱིས་ཟས་ཕུད་འབུལ་བ་ལྟ་བུ་བྱས་ན། དེ་ནི་གང་ལ་གང་འཚམས་ཀྱི་ཡོངས་གྲགས་ལྟ་བུ་རེད། ཞལ་ཟས་སོགས་ཕུལ་བའི་རྗེས་དེ་མ་རུལ་བར་དུ་མཆོད་གཤོམ་སྟེང་ལ་འཇོག་མི་ཉན། གལ་ཏེ་ཁྱེད་རང་ཙི་ཙི་དང་ཞུ་ལུ་མ་སོགས་འབུ་སྲིན་མང་པོ་ཡོད་སར་གནས་སྡོད་བྱེད་ཀྱི་ཡོད་ན། དེ་དག་གིས་མཆོད་རྫས་སྟེང་འཛེགས་པ་དང་བཟའ་བ་སོགས་བྱེད་ཀྱི་རེད། དེར་བརྟེན་མཆོད་རྫས་རྣམས་ཤེལ་གྱི་བུམ་པའི་ནང་བླུགས་ནས་འབུལ་དགོས་ཞེས་རིན་པོ་ཆེས་དུས་རྟག་ཏུ་དགོངས་ཚུལ་གསུང་གནང་གི་རེད། དམིགས་བསལ་རྒྱ་གར་ནང་དེ་ལྟར་བྱེད་དགོས། རྒྱ་གར་ནང་དེ་ནི་དཀའ་ངལ་ཆེན་པོ་ཞིག་ཆགས་ཡོད། འདི་གར་གང་འདྲ་ཡོད་མེད་ངས་མི་ཤེས། དེ་ནས་ཁྱེད་ཀྱིས་འབུལ་བའི་ཞལ་ཟས་རྣམས་རྗེས་སུ་བཟའ་ན་འགྲིག་དང་འགྲིག །ཡིན་ནའང་གད་སྙིགས་བླུགས་སྣོད་ནང་གཡུག་མི་རུང་། གལ་ཏེ་ཁྱེད་ཀྱིས་མེ་ཏོག་ལ་སོགས་པ་འབུལ་རྩིས་ཡོད་ན། མེ་ཏོག་གསོས་པའི་རིགས་འབུལ་དགོས་པ་དང་དེ་དག་རུལ་འཇུག་རྒྱུ་མེད།

གལ་ཏེ་ཁྱེད་ཀྱིས་མཆོད་པ་རྒྱས་པ་དེ་འབུལ་ཐུབ་ན། དེ་ནི་དངོས་གནས་ཡག་པོ་ཡོད་པ་ཤོད་མི་དགོས་ཀྱང་། དེ་ཁོ་ན་ལ་བརྟེན་རྒྱུ་མེད། མཆོད་པ་རྒྱས་པ་དེ་སྒྲིག་གཤོམ་ཆ་ཚང་ཞིག་མ་བྱུང་བར་དུ་སྒོམ་རྒྱག་མི་ཆོག་བསམ་རྒྱུ་མེད། ཁྱེད་རང་སྒོམ་དང་ཉིན་རེའི་ཉམས་ལེན་ཐོག་ལ་ཧ་ཅང་སྟབས་བསྟུན་མཁས་པོ་དགོས། དེའི་དོན་ནི། གལ་ཏེ་ཁྱེད་རང་འགྲིམ་འགྲུལ་བྱེད་བཞིན་ཡོད་ན། ཁྱེད་རང་མེ་འཁོར་རམ་ཞག་གཅིག་རིང་གི་མེ་འཁོར། ཡང་ན་ཞག་གཅིག་རིང་གི་གནམ་གྲུ། དེ་ག་ནང་བཞིན་མེ་འཁོར་འབབ་ཚུགས་དང་གནམ་ཐང་སོགས་གང་དུ་ཡོད་ནའང་། ད་དུང་ཁྱེད་ཀྱིས་སོ་སོའི་ཉིན་རེའི་ཉམས་ལེན་དེ་བྱེད་ཐུབ། ཁྱེད་ཀྱི་སེམས་ཀྱི་གནས་བབས་དང་། གང་བྱེད་བཞིན་པ་དེ་ལ་གུས་ཞབས་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན། མ་མཐར་ཡང་སོ་སོའི་ཉེ་འཁོར་དེ་ས་ཆ་གཙང་མ་དང་གུས་ཞབས་ལྡན་པ་ཞིག་ཡིན་པར་བསམ་དགོས།

ང་ཚོ་ལ་མཚོན་ན་དེ་ནི་ཏོག་ཙམ་དཀའ་ལས་ཁག་པོ་ཡོད་སྲིད། གང་ཡིན་ཞེ་ན། ང་ཚོ་མང་ཆེ་བ་ནི་སྒོམ་རྒྱག་པའི་སྐབས། ཁུ་སིམ་ལྷིང་འཇགས་ཡོད་ན་དགའ་པོ་བྱེད་ཀྱི་ཡོད། ཁྱེད་རང་ཚོ་སུ་འདྲ་ཞིག་ཡིན་ནའང་དེ་སྔ་བོད་ཀྱི་དགོན་པ་ཞིག་གི་ནང་བསྡད་མྱོང་བའམ། ཡང་ན་རྒྱ་གར་ལ་བསྡད་མྱོང་ཡོད་ན། ཁྱེད་ཀྱིས་དེར་ཁུ་སིམ་ལྷིང་འཇགས་ཤིག་རྩ་བ་ནས་མེད་པ་ཤེས་ཀྱི་ཡོད། གྲྭ་ཆུང་རྣམས་ཀྱིས་སྐད་ཤུགས་མཐོ་ཤོས་དེ་རྒྱག་ནས་ཁོང་ཚོའི་ཕྱག་དཔེ་བློ་འཛིན་བྱེད་ཀྱི་ཡོད་པ་དང་། དེ་ཡང་ཁོང་ཚོས་དགོང་མོ་ཕྱི་པོའི་བར་དུ་བྱེད་ཀྱི་རེད། དེ་ནས་མི་རྣམས་ཞོགས་པ་སྔ་པོ་ནས་ལངས་པ་དང་། མཁར་རྔ་བརྡུང་བ་དང་རྒྱ་གླིང་གཏོང་བ་སོགས་ཀྱི་སྐད་ཐོས་ཀྱི་རེད། ཚང་མས་སོ་སོའི་ཉམས་ལེན་དང་ཁ་འདོན་རྣམས་སྐད་གསང་མཐོ་ཤོས་སྒང་ལ་བྱེད་ཀྱི་ཡོད། གལ་ཏེ་ཁྱེད་རང་བོད་ཀྱི་དགོན་པ་ཞིག་གི་རྟགས་གསལ་ར་བའམ་ཆོས་རའི་ནང་ལྟ་བསྐོར་དུ་ཕྱིན་ཡོད་ན། དེར་རྟགས་གསལ་ལམ་རྩོད་གླེང་བྱེད་མཁན་བརྒྱ་ཕྲག་ཡོད་པ་དང་། དེ་དག་ཀྱང་ཆ་སྒྲིག་པའི་དགེ་འདུན་པ་གཉིས་སམ་གསུམ་མཉམ་དུ་གཅིག་རྗེས་གཉིས་མཐུད་དེ་སྐད་གསང་མཐོ་ཤོས་སྒང་ལ་རྟགས་གསལ་གཏོང་བཞིན་པ་ཁྱེད་ཀྱིས་མཐོང་ཐུབ། དེ་ནི་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་ཆེད་དུ་སྦྱོང་བརྡར་ཕུལ་དུ་བྱུང་བ་ཞིག་ཡིན། གལ་ཏེ་ཁྱེད་རང་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་དེ་ཧ་ཅང་གི་ཡག་པོ་ཞིག་མེད་ན། ཁྱེད་རང་བོད་ཀྱི་དགོན་པ་ཞིག་གི་ནང་ཞུགས་ནས་རྟགས་གསལ་སྦྱོང་བརྡར་བྱེད་མི་ཐུབ་པ་ལྟ་བུ་རེད།

གལ་ཏེ་ཁྱེད་རང་དེ་སྔ་༧གོང་ས་མཆོག་གི་དབང་དང་ཆོ་གའི་རིམ་པ་དེ་དག་ལས་གཅིག་གི་ནང་བཅར་མྱོང་ཡོད་ན། དེ་ནི་ཁྱད་དུ་འཕགས་པ་རེད། གང་ཡིན་ཟེར་ན། ༧གོང་ས་མཆོག་ཁོང་ཉིད་ནས་ཆོ་ག་ལ་སོགས་པ་སྒྲུབ་པའི་སྐབས། དེར་སྒྲ་སྒམ་བརྒྱུད་དེ་དབུ་མཛད་ཀྱིས་སྣེ་ཁྲིད་ནས་ཁ་འདོན་དེ་རྩ་ནས་མི་འདྲ་བ་ཞིག་འདོན་གྱི་ཡོད། འོན་ཀྱང་༧གོང་ས་མཆོག་ནི་དེས་ཅུང་ཟད་ཙམ་ཡང་གནོད་ཀྱི་མེད། དེ་ཡང་སྐད་ཤུགས་ཆུང་ངུ་མ་ཡིན་པར། ཚོམས་ཆེན་ཁང་གི་སྒྲ་སྒམ་ཧ་ཅང་ཆེན་པོ་བརྒྱུད་སྐད་ཤུགས་ཐོས་ཀྱི་ཡོད། བྱས་ཙང་། དེ་ནི་སྦྱོང་བརྡར་དེའི་རིགས་ཀྱི་དཔེ་མཚོན་ཞིག་ཡིན།

ང་ཚོའི་ཉེ་འཁོར་དུ་སྐད་ཅོར་ཡོད་ནའང་ད་དུང་སོ་སོའི་ཉམས་ལེན་སོགས་བྱེད་ཐུབ་པ་དགོས། དེ་ནི་དངོས་གནས་གདོང་ལེན་བྱེད་དཀའ་བ་ཞིག་ཡིན་སྲིད། དཔེར་ན། ཁྱེད་རང་ཁང་མིག་ཅིག་གི་ནང་སྡོད་ཀྱི་ཡོད་པ་དང་གཟུགས་མཐོང་བརྙན་འཕྲིན་དེ་སྤར་ནས་བཞག་ཡོད། གང་ཡིན་ཞེ་ན། ཁྱེད་རང་མཉམ་དུ་མི་གཞན་དག་ཀྱང་སྡོད་ཀྱི་ཡོད། དེ་འདྲའི་སོ་སོའི་སྡོད་ཁང་ནང་མི་གཞན་ཞིག་གི་གཟུགས་མཐོང་བརྙན་འཕྲིན་སྤར་ནས་ཡོད་པའམ། ཡང་ན་རང་གི་ཉེ་འཁྲིས་སུ་ཡོད་པའི་གཡར་ཁང་ནང་བརྙན་འཕྲིན་སྤར་ཡོད་པའི་སྐབས་སོ་སོའི་ཉམས་ལེན་མུ་མཐུད་ནས་བྱེད་ཐུབ་པ་ནི་དངོས་གནས་གདོང་ལེན་བྱེད་དཀའ་བ་ཞིག་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་ཁྱེད་ཀྱིས་གནས་སྟངས་དེ་ནི་དག་པའི་ཞིང་ཡིན་པར་དམིགས་རྣམ་དུ་བྱས་ཏེ། དེའི་ནང་གང་ཡོད་པ་ཐམས་ཅད་ཡང་དག་པ་དང་སྒོམ་གྱི་མཐུན་རྐྱེན་དུ་གྱུར་བར་བསམ་དགོས་པ་ལས། དེར་བསྡད་ནས་རང་འཁྲིས་ཀྱི་གཡར་ཁང་ནང་གི་སྐད་ཤུགས་ཆེ་བའི་བརྙན་འཕྲིན་ལ་འཁང་ར་དང་དམོད་པ་བྱ་མི་ཉན།

ཆུའི་ཡོན་ཏན་བརྒྱད། ༼ཡན་ལག་བརྒྱད་ལྡན་གྱི་ཆུ།༽

ད་ང་ཚོས་ཆུའི་སྐོར་ཞུས་ན། དེ་ནི་ཧ་ཅང་དོ་སྣང་བྱེད་འོས་པ་ཞིག་ཡོད། རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་རྒྱུ་བདེ་བར་གཤེགས་པའི་སྙིང་པོའམ་སངས་རྒྱས་ཀྱི་རིགས་དང་སྐྱབས་འགྲོའི་སྐོར་གསུངས་པའི་རྒྱུད་བླ་མའི་བསྟན་བཅོས་ཀྱི་ནང་། ཆུའི་ཡོན་ཏན་བརྒྱད་དམ་ཡན་ལག་བརྒྱད་ལྡན་གྱི་ཆུ་དང་དེ་དག་རེ་རེ་ལས་བྱུང་བའི་ཕན་ཡོན་བཅས་གསུངས་ཡོད། དེ་ནི་གང་ལ་གང་འཚམས་ཀྱི་ཡིད་ལ་འཐད་པའི་ཐོ་གྲངས་ཤིག་ཡིན། ངས་གང་ཞུ་གི་ཡོད་ཅེ་ན། ཁྱེད་ཀྱིས་ཐོ་གཞུང་ལ་ཐོ་གཞུང་ལྟར་ “ཨོ། འདི་འདྲའི་ཉོབ་པ་ལ་” ཞེས་མི་བལྟ་བར། ང་ཚོ་དེ་དག་ལས་ག་རེ་སྦྱང་ཐུབ་པ་འདུག་གམ་ཞེས་བལྟ་དགོས།

༡༽ བསིལ་བ། ཆུ་དེ་བསིལ་བ་ཞིག་དགོས། དེའི་ཕན་ཡོན་ནི། དེས་ང་ཚོས་བཟང་སྤྱོད་ཀྱི་ཚུལ་ཁྲིམས་གཙང་མར་བསྲུང་བའི་འབྲས་བུར་སྨིན་དུ་འཇུག་ཐུབ།

འོ་ན་བསིལ་བ་དེ་ཏག་ཏག་ཅིག་རན་ཞིང་འཚམས་པ་ཡིན་ནམ། ཁྱེད་རང་ཉོན་མོངས་གི་ཚ་དྲོད་ལས་བསིལ་དུ་ཕྱིན་པ་སོང་ཙང་། བཟང་སྤྱོད་ཀྱི་ཚུལ་ཁྲིམས་བསྲུང་ཐུབ་ཀྱི་ཡོད། བྱས་ཙང་། དེ་ནི་དེ་ལ་ཕན་ཡོན་གང་ཡོད་པ་དེའི་བསམ་ཚུལ་མཚོན་པ་ཡིན། འདིའི་བསམ་ཚུལ་ཡོངས་སུ་རྫོགས་པ་ནི། ཁྱད་རྣམ་ཡོད་དོ་ཅོག་གིས་ང་ཚོའི་ཉམས་ལེན་གྱི་ནང་གང་དྲན་གསོ་བྱེད་ཐུབ་པ་དང་། དེ་ལ་བརྟེན་ནས་ང་ཚོས་དྲན་པ་སྐྱོང་གི་ཡོད། དྲན་པ་ཟེར་བ་ནི་འཛིན་པའམ་བསམ་བློའི་ནང་དྲན་གསོ་བར་གོ་བ་ཡིན། དེ་ནི་སེམས་ཀྱི་སྦྱར་རྩི་ལྟ་བུ་རེད། བྱས་ཙང་། དྲན་དགོས། ཁྱེད་ཀྱིས་དངོས་པོ་རྣམས་ཇི་ལྟར་དྲན་ཐུབ་བམ། ཆོས་ཐམས་ཅད་ཆོས་གཞན་ཞིག་གི་མཚོན་བྱེད་རེད།

དེ་དག་མཚོན་རྟགས་མ་རེད། མཚོན་རྟགས་ནི་བལྟ་བྱའི་ཡུལ་ཞིག་སྟེ། མི་སུ་འདྲ་ཞིག་དང་རིག་གཞུང་གང་དུའང་དེ་གང་ཡིན་ཤེས་ངེས་ཤིག་ཡིན། མུ་ཁྱུད་སེར་པོ་ཞིག་ནས་སེར་ཐིག་ཆུང་ངུ་མང་པོ་ཐོན་པ་ནི་མི་ཚང་མས་ཉི་མའི་མཚོན་རྟགས་ཡིན་པ་ཤེས་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་ཆུ་བསིལ་བ་ལྟ་བུ་ནི་མཚོན་བྱེད་ཡིན། དེའི་དོན་ནི་གང་མཚོན་པར་བྱེད་པ་དེ་ཁྱེད་ལ་བཤད་པ་དང་བསླབས་པ་ཞིག་དགོས། དེ་ནི་གསལ་པོ་མེད། བྱས་ཙང་། གལ་ཏེ་ཁྱེད་ཀྱི་མི་ཞིག་ལ་སྤྱན་རས་གཟིགས་ཀྱི་སྐུ་པར་ཞིག་བསྟན་ན། མི་དེ་ལ་སྐུ་པར་དེ་སྙིང་རྗེའི་མཚོན་བྱེད་ཅིག་ཡིན་པ་བསམ་བློའི་ཡུལ་ལ་འཁོར་གྱི་མ་རེད། དེ་ནི་མཚོན་རྟགས་མ་རེད། དེ་ནི་སྙིང་རྗེ་མཚོན་པར་བྱེད་པའི་བདག་ཉིད་ཅིག་ཡིན། དེ་འདྲ་སོང་ཙང་། ང་ཚོས་དེའི་རིགས་སྦྱོང་དགོས་ཀྱི་ཡོད།

༢༽ ཞིམ་པ། ཆུ་དེ་ཞིམ་པོ་ཞིག་དགོས། དེའི་ཕན་ཡོན་ནི། ང་ཚོར་ཟས་བྲོ་བ་ཞིམ་ཤོས་དེ་ཐོབ་ཐུབ་པའམ་རོ་མཆོག་རྙེད་ཐུབ། གལ་ཏེ་ཞིམ་པོ་ཡོད་ན། ང་ཚོས་གང་བྲོ་བ་ཆེ་ཤོས་དང་གཞན་མགུ་བར་བྱེད་པའི་མཆོད་རྫས་རྣམས་འབུལ་ཐུབ་པར་བསམ་གྱི་ཡོད།

༣༽ ཡང་བ། ཆུ་དེ་ཡང་པོ་ཞིག་དགོས། ཆུ་ལྗིད་ཅན་གྱི་ལྡོག་ཕྱོགས་སུ་ཆུ་ཡང་བ་ཟེར་བ་དེ་དངོས་གནས་གང་ཡིན་ངས་ཡག་པོ་ཞིག་ཤེས་ཀྱི་མེད། གང་ལྟར་ཡང་། ཆུ་ཡང་བ་རེད། དེའི་ཕན་ཡོན་ནི། ཁྱེད་ཀྱི་ལུས་སེམས་ལས་སུ་རུང་བ་ཡིན་པ་དང་། ཧ་ཅང་ཡང་བ། སྟབས་བསྟུན་བདེ་བ་ཡིན་པ་དྲན་གསོ་གཏོང་གི་ཡོད། ཕྱོགས་གཞན་ཞིག་ནས་ངའི་བསམ་པར། ཆུ་དེ་ལྗིད་ཁོག་ཚ་པོ་ཆགས་ཀྱི་ཡོད་ཙང་། འཁྱགས་རིལ་ཆགས་མེད་པ་ཞིག་དགོས་སྙམ།

༤༽ འཇམ་པ། འདི་ནི་ཆུ་འཇམ་པ་ནང་བཞིན་ང་ཚོའི་གོ་རྟོགས་ཀྱི་ཆུ་རྒྱུན་དེ་འཇམ་པ་ལྟ་བུ་རེད།

༥༽ དྭངས་བ། ཆུ་དྭངས་བ་ནང་བཞིན་ང་ཚོའི་སེམས་ཀྱི་གནས་བབས་དང་རིག་པ་དྭངས་བ་ལྟ་བུ་རེད།

༦༽ གཙང་བ། ཆུ་གཙང་བ་དེས་ང་ཚོའི་སྒྲིབ་པ་རྣམས་དག་པར་བྱེད་ཅིང་། ང་ཚོའི་སེམས་དེ་བཙོག་པ་མིན་པ་ལྟ་བུ་རེད།

༧༽ ལྟོ་བར་མི་གནོད་པ། ལྟོ་བར་ཕན་པ་སྟེ། ང་ཚོར་ནད་དང་ན་ཚའི་རིགས་མི་འབྱུང་བ་ལྟ་བུ་རེད།

༨༽ མགྲིན་པར་མི་གནོད་པ། མགྲིན་པར་ལྦ་བ་སྐྱེས་པ་ལྟ་བུ་སྟེ། ངའི་བསམ་པར། ཆུའི་ནང་གི་བ་ཚྭའི་རྫས་ཉུང་སྐྱོན་ལ་བརྟེན་ནས་ལྦ་བ་སྐྱེ་གི་ཡོད་པ་ཁོང་ཚོས་ཤེས་ཀྱི་ཡོད། ལྦ་བ་ནི་ཁྱེད་ཀྱི་སྐེ་ལ་སྐྱེས་པའི་སྐྲངས་འབུར་ཆེན་པོ་དེ་ཡིན། དེ་ནི་ཨོལ་སྒོ་ཉུང་སྐྱོན་ནམ་བ་ཚྭ་ཉུང་སྐྱོན་ལ་བརྟེན་ནས་འབྱུང་གི་ཡོད། འདིའི་ཕན་ཡོན་ནི་སྐད་མདངས་སྙན་པོའམ་ངག་སྙན་པོ་ཆགས་ཀྱི་ཡོད།

གང་ལྟར་ཡང་། ང་ཚོས་ཆུ་དྭངས་ཤིང་གཙང་མའི་མཆོད་པ་འབུལ་སྐབས། གལ་ཏེ་ཁྱེད་ཀྱི་ཆུ་རྐ་ལ་དེ་རྫས་སྦྱོར་འདྲ་མིན་གྱིས་ཁེངས་ནས་ཡོད་ན། དེ་ལས་གཙང་བའི་གཏེར་ཆུའི་རིགས་འབུལ་དགོས། དེ་ནི་ཏོག་ཙམ་གུས་ཞབས་ལྡན་པ་ཞིག་རེད། རེད་དམ་མ་རེད། ཡང་ན་གལ་ཏེ་ཁྱེད་ལ་ཆུ་ཚགས་སམ་ཆུ་དྭངས་མ་བཟོ་བྱེད་ཡོད་ན། དེ་ནི་གོང་ཆུང་བ་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན། ཁྱེད་ཀྱིས་གང་ཞིག་ཕུལ་ནའང་ཁྱེད་ལ་ཡོད་པའི་མཆོད་པའི་རྫས་གཙང་ཤོས་དང་ཡག་ཤོས་དེ་ཡིན་དགོས། དེས་སོ་སོ་རང་ཉིད་དང་རང་གི་སེམས་སོགས་ཚང་མ་གཙང་མ་དང་གསལ་པོ་ཡོང་བའི་ཆེད་དུ་རྒྱུ་གསོག་གི་ཡོད། དེར་མ་ཟད། མཆོད་པ་འབུལ་བ་སོང་ཙང་། གུས་ཞབས་སྟོན་གྱི་ཡོད།

མཆོད་པ་གཡོ་བ་མེད་པ་འཚོལ་བ།

གལ་ཏེ་ང་ཚོས་མཆོད་པ་བཙལ་ན། དེ་གཡོ་བ་མེད་པའི་སྒོ་ནས་འཚོལ་དགོས་ཞེས་གཞུང་ནས་གསུང་གི་ཡོད། འདི་ནི་ཧ་ཅང་དོ་སྣང་བྱེད་འོས་པ་ཞིག་ཆགས་ཀྱི་ཡོད། དེ་དག་གིས་མི་སྐྱ་ ༼ཁྱིམ་པ་༽ དང་དགེ་འདུན་གྱི་སྡེའི་ ༼གྲྭ་པ་དང་བཙུན་མ་༽ དབར་ཁྱད་པར་འབྱེད་ཀྱི་ཡོད། ཁྱིམ་པ་རྣམས་ལ་གལ་ཆེན་པོ་ཞིག་ནི་སོ་སོའི་འཚོ་ཐབས་དེ་དྲང་པོ་དྲང་གཞག་ཐོག་སྐྱེལ་དགོས། བྱས་ཙང་། གལ་ཏེ་ཁྱེད་རང་ལ་འཚོ་བ་སྐྱེལ་བ་ལས་མཆོད་པ་བཙལ་ན། དེ་དག་མགོ་བསྐོར་བསླུ་བྲིད་དང་རིན་འབབ་འཕར་མ་ལེན་པའམ། ཡང་ན་བྲེ་ལོག་སྲང་ལོག་འཛུག་པ་སོགས་དྲང་བདེན་མིན་པའི་རིགས་དང་བྲལ་བའི་སྒོ་ནས་བསྒྲུབ་དགོས། ཆོས་གཞན་དག་གི་ནང་། མཚོན་ཆའི་རིགས་བཟོ་སྐུན་བྱེད་པ་དང་འཚོང་བ་དང་། ཆང་རག་གི་རིགས་བཟོ་སྐྲུན་དང་འཚོང་སྒྱུར། འདྲེན་འདེགས་བྱེད་པ། ཆ་རག་འདྲེན་འདེགས་བྱེད་མཁན་ ༼འདི་ནི་འཚོ་ཐབས་ཆེད་ལས་ཡག་པོ་ཞིག་མིན། གང་ཡིན་ཞེ་ན། དེས་གཞན་དག་ར་བཟི་བར་སེམས་སྐུལ་དང་རོགས་བྱེད་པ་ཙམ་ཡིན་༽ ལྟ་བུ་ཆེད་ལས་འགའ་ཞིག་ཡོད་པ་དེ་དག་སྤོང་དགོས་པ་ང་ཚོས་ཐོས་ཡོད་སྲིད་ཀྱང་། སྐབས་འདིར་ནན་བརྗོད་གཙོ་བོ་དང་ནམ་རྒྱུན་གལ་ཆེ་བ་དེ་གང་རེད་ཅེ་ན་དྲང་བདེན་བྱ་རྒྱུ་དེ་རེད།

བོད་དང་སོག་པོའི་ཡུལ་དུ་རྫི་བོ་ཞེད་སྣང་ཚ་པོ་དེ་འདྲ་ཡོད་པ་དང་། ཁོང་ཚོས་དུད་འགྲོ་འགའ་ཞིག་འོ་མ་སོགས་ཀྱི་ཐོན་རྫས་ཙམ་མིན་པར། དམར་ཁེ་དང་ཤའི་དོན་དུའང་འཚོང་སྒྱུར་བྱེད་ཀྱི་ཡོད། ཐེངས་ཤིང་ང་རང་ཨོས྄་ཊྲེ་ལི་ཡར་མཁན་ཟུར་ཨོ་རྒྱན་ཚེ་བརྟན་ལགས་དང་མཉམ་དུ་ཡོད། ཁོང་ནི་རྒྱུད་གྲྭ་སྟོད་སྨད་གཉིས་ནས་གཅིག་གི་རྒས་ཡོལ་ཟིན་པའི་མཁན་ཟུར་ཞིག་དང་དགེ་བཤེས་ངག་དབང་དར་རྒྱས་ལགས་ཀྱི་དགེ་བའི་བཤེས་གཉེན་ཡིན་པ་རེད། མི་རྣམས་ཀྱིས་ཁོང་ལ། “ང་རང་ཨོས྄་ཊྲེ་ལི་ཡའི་གྲོང་ཁྱེར་ནས་ཐག་རིང་ས་ཞིག་ལ་སྡོད་ཀྱི་ཡོད། དེར་ཡོད་པའི་བཟོ་གྲྭ་གཅིག་རང་དང་ཆེད་ལས་གཅིག་རང་ཡོད་པ་ནི། ལུག་གསོ་སྐྱོང་བྱ་རྒྱུ་དེ་རེད། དེ་དག་ཀྱང་སྡེབ་གསོད་ཆེད་དུ་གཏོང་དགོས་ངེས་རེད། ང་ཚོས་ག་རེ་བྱེད་དགོས་སམ།” ཞེས་ཞུས་སོང་། དེའི་ལན་དུ་ཁོང་གིས། “གལ་ཏེ་འཚོ་ཐབས་ཀྱི་གདམ་ཀ་གཞན་མེད་ན། གཙོ་བོ་ལུག་ལ་སེམས་བཟང་པོ་བྱ་རྒྱུ་དེ་རེད། ཁྱེད་ཀྱིས་ལུག་དེ་དག་བྱམས་དང་སྙིང་རྗེའི་སྒོ་ནས་གང་ཐུབ་ཅི་ཐུབ་གསོ་སྐྱོང་ཡག་པོ་བྱེད་དགོས་་ཤིང་། ཁྱེད་ཀྱི་འབྲེལ་བ་བྱེད་སྟངས་ཐད་ལ་དྲང་བདེན་དགོས།” ཞེས་གསུངས་སོང་། འོན་ཀྱང་ངའི་བསམ་པར། དེ་ནི་མི་ཞིག་གིས་མཚོན་ཆའི་རིགས་འཚོང་སྒྱུར་བྱེད་པ་དང་ཏོག་ཙམ་མི་འདྲ་བ་ཞིག་རེད།

ཡིན་ནའང་དགེ་འདུན་བཙུན་མ་རྣམས་ལ་དེ་ནི་ནམ་རྒྱུན་ང་ཚོས་ཟེར་ཡག་གི་ལོག་འཚོ་ལྔའི་སྐོར་གྱི་ཆོས་དེ་འབྲེལ་བ་ཆགས་ཀྱི་ཡོད། བྱས་ཙང་། ང་ཚོས་སྐབས་དོན་དེའི་ནང་ནས་གོ་བ་ལེན་དགོས། དེ་དངོས་གནས་དོ་སྣང་བྱེད་འོས་པ་ཞིག་ཆགས་ཀྱི་ཡོད། གང་ཡིན་ཟེར་ན། དེ་ནི་ཆོས་ཚོགས་ཀྱི་ཆེད་དུ་དཔལ་འབྱོར་འདུ་འགོད་བྱེད་པའི་བརྗོད་གཞི་ཡོངས་སུ་རྫོགས་པའི་ནང་སླེབས་ཀྱི་ཡོད། དེ་ནི་དགོན་པའི་ཆེད་དུ་དཔལ་འབྱོར་འདུ་འགོད་བྱེད་པ་དང་གཅིག་པ་རེད། ཁྱེད་ལ་སྦྱིན་བདག་རྣམས་ཀྱི་ཕྱག་ནས་འབུལ་བ་དང་ཞལ་འདེབས་ཇི་ལྟར་རག་གི་ཡོད་དམ། གཤམ་གསལ་གནད་དོན་ཁག་ཁྱེད་ཀྱིས་ངེས་པར་དུ་སྤོང་དགོས།

༡༽ ཁ་གསག དཔེར་ན། “ཁྱེད་རང་ཧ་ཅང་ངོ་མཚར་ཅན་ཞིག་འདུག་” ཅེས་སོགས་བརྗོད་པ་ལྟ་བུ། ཁྱེད་ཀྱིས་མི་ཞིག་ལ་ངོ་བསྟོད་བྱས་ཏེ་ཞལ་འདེབས་རག་ཐབས་བྱ་རྒྱུ་སྤོང་དགོས།

༢༽ གཞོགས་སློང་། ང་ཚོར་ཞལ་འདེབས་དགོས་པའི་བརྡ་སྟོན་པ་སྟེ། “ཨོ། ཆོས་ཚོགས་ལ་དངོས་གནས་དྲང་གནས་འདི་དང་དེ་དགོས་ཀྱི་འདུག་” ཅེས་བརྗོད་པ་ལྟ་བུ། ཁྱེད་ཀྱིས་ཐད་ཀར་མ་བརྗོད་པར་གོ་བའམ་བརྡ་ཙམ་སྟོན་གྱི་ཡོད། ཕྱོགས་གཞན་ཞིག་ནས་རང་ཉིད་ལ་རྙེད་བཀུར་འདོད་ནས་ཕ་རོལ་པོ་དེ་མགོ་སྐོར་གཏོང་ཐབས་བྱེད་ཀྱི་ཡོད། ཡང་མིན་ན་ “ཁྱེད་ཀྱིས་སྔོན་ཞལ་འདེབས་མཐའ་མ་གནང་བ་དེ་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་། ཁྱེད་རང་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། ཧ་ཅང་ཕན་ཐོགས་ཆེན་པོ་ཡིན་” ཞེས་བརྗོད་པ་ལྟ་བུ་ད་དུང་ “མང་ཙམ་གནང་རོགས་” ཞེས་གོ་རྒྱུ་བཏང་ནས་ཡོང་ཐབས་བྱེད་པ། དེའི་རིགས་སྤོང་དགོས།

༣༽ ཐོབ་ཀྱིས་འཇལ་བ། དེ་ནི་ལྐོག་ཤོམ་སྡིགས་སྐུལ་བྱེད་པ་ལྟ་བུ་སྟེ དཔེར་ན། “གལ་ཏེ་ཁྱེད་ཀྱིས་མ་སྟེར་ན། ཁྱེད་ལ་གནོད་པ་བྱུང་ནས་སྐྱོ་པོ་ཆགས་ཀྱི་རེད་” ཅེས་ཟེར་བ་ནི་དངུལ་སྲུང་སྐྱོབ་བྱེད་པ་ཞིག་རེད། དཔེར་ན། “ཞལ་འདེབས་གནང་དང་། ང་ཚོས་སྐུ་རིམ་འགྲུབ་ཆོག །དེ་ནས་ཁྱེད་ལ་གནོད་པ་མི་འབྱུང་” ཞེས་ཟེར་བ་ལྟ་བུ། ཁྲིམས་འགལ་ནག་ཉེས་ཅན་གྱི་བྱེད་སྟངས་འདྲ་པོ་རེད། མ་རེད་དམ། དངུལ་སྲུང་སྐྱོབ་བྱེད་ཀྱི་ཡོད། མི་རྣམས་ཀྱིས་དེ་བྱེད་ཀྱི་ཡོད། དེ་ནི་དཀའ་ངལ་ཞིག་རེད། དེའི་རིགས་སྤོང་དགོས།

༤༽ རྙེད་པས་རྙེད་པ་འཚོལ་བ། འདི་ནི་ལྐོག་རྔན་སྤྲོད་ལེན་བྱེད་པ་ལྟ་བུ་སྟེ། ཁྱེད་ཀྱིས་གཞན་ལ་ཆུང་ཆུང་ཞིག་སྟེར་ནས་དེའི་ལན་དུ་ཆེན་པོ་ཞིག་རེ་བ་བྱེད་ཀྱི་ཡོད། དཔེར་ན། ཁྱེད་ཀྱིས་གཞན་ལ་ཕྲེང་བ་ཆུང་ངུ་ཞིག་གམ། གོང་ཚད་ཆུང་བའི་དངོས་པོ་ཆུང་ཙག་རིགས་ཏེ། སྤྱན་རས་གཟིགས་སོགས་ཀྱི་སྐུ་པར་ཆུང་ངུ་ཞིག་སྦྱིན་པ་ལྟ་བུ། དེའི་ལན་དུ་དངུལ་དངོས་འཕོན་ཆེན་འཐོབ་རེ་བྱེད་པ་དེ་ཡིན། ཁྱེད་ཀྱིས་སྦྲག་ཐོག་ནས་ཞལ་འདེབས་གཏོང་བའི་སྐབས། དེའི་ནང་རྔན་པ་ཆུང་ངུ་ཞིག་བླུགས་པ་ལྟ་བུ་རེད། དཔེར་ན། “གལ་ཏེ་ཁྱེད་ཀྱིས་ཨུ་རུ་སུའི་དངུལ་སྒོར་ ruble ར་བྷལ་ཁྲི་གཅིག་ཕུལ་བ་ཡིན་ན། ང་ཚོས་དམིགས་བསལ་རྔན་པའི་ཚུལ་དུ་སྤྱན་རས་གཟིགས་ཀྱི་སྐུ་པར་ཡོད་པའི་སྟོད་ཐུང་བསྐུར་གྱི་ཡིན་ཞེས་དང་། གལ་ཏེ་ཁྱེད་ཀྱིས་འབུམ་གཅིག་ཕུལ་ན། ང་ཚོས་ཁྱེད་ལ་བཤར་ཆས་གློག་ཐབ་འདི་བསྐུར་གྱི་ཡིན་” ཟེར་བ་ལྟ་བུ་སྤོང་དགོས།

༥༽ ཚུལ་འཆོས། འདི་ནི་ཇུས་ངན་ཤོམ་པ་ལྟ་སྟེ། རང་ཤག་ཏུ་གང་བྱུང་བྱས་ནས་སྦྱིན་དག་རྣམས་སླེབས་པའི་སྐབས། རང་ཉིད་བཙུན་མདོག་དང་དུལ་མདོག་གིས་རྩ་ཆེན་པོ་ཡིན་ཁུལ་བྱས་ཏེ། ཡང་དག་པར་ཙོག་པུར་སྡོད་པ་དང་ཚང་མ་གྲ་འགྲིག་པོ་ཡོད་པ། དེ་ནི་རང་ཉིད་ཇི་ཙམ་གྱི་རྩ་ཆེན་པོ་ཡིན་པ་དེ་ཁོང་ཚོར་སེམས་སྐུལ་ཐེབ་པའི་ཆེད་དུ་ཡིན། དེའི་རིགས་སྤོང་དགོས།

འདིས་ང་ཚོས་དངོས་གནས་བསམ་བློ་གང་ལ་གང་འཚམས་གཏོང་དགོས་པ་བཟོ་གི་ཡོད། དམིགས་བསལ་ང་ཚོ་ཆོས་ཚོགས་ཀྱི་ཆེད་དུ་དཔལ་འབྱོར་འདུ་འགོད་བྱེད་ཀྱི་ཡོད་ན། ད་དུང་བསམ་ཞིབ་ཆེ་བ་བྱེད་དགོས།

ད་དགེ་འདུན་པ་ཚོས་ལག་བསྟར་བྱེད་པའི་སྲོལ་རྒྱུན་གྱི་ཐབས་ལམ་ནི། ཁོང་ཚོས་རང་གི་ལྷུང་གཟེད་མནབས་ནས་ཉེ་འཁོར་གཡས་གཡོན་གང་སར་འགྲོ་དགོས་ཤིང་། བསོད་སྙོམས་སློང་དུ་འགྲོ་བ་ལས་གནང་རོགས་སོགས་གང་ཡང་ཞུ་གི་མེད། འོན་ཀྱང་དེ་ནི་ཁྱིམ་པ་ཚོས་དགེ་འདུན་བཙུན་མ་རྣམས་ལ་བསོད་སྙོམས་སྦྱིན་སྲོལ་ཡོད་པའི་སྤྱི་ཚོགས་ཤིག་རེད། སྤྱིར་བཏང་མང་ཚོགས་ལ་ལམ་སྲོལ་དེ་མེད་པའི་ང་ཚོའི་སྤྱི་ཚོགས་ཀྱི་ནང་དེ་ནི་ད་དུང་དཀའ་ངལ་ཆེ་བ་ཡོད། ངས་དཀའ་ལས་ཁག་པོ་ཡོད་ཅེས་བརྗོད་པའི་རྒྱུ་མཚན་ནི། དེང་སང་གི་ཚོང་ལས་ཁྱབ་བསྒྲགས་ཡོངས་སུ་རྫོགས་པ་ལ་སོགས་ནི། ཐབས་ཚུལ་མང་པོའི་སྒོ་ནས་མི་རྣམས་ཇུས་ངན་ཤོམ་པ་དང་མགོ་སྐོར་གཏོང་བའི་སྒང་ལ་འཆར་གཞི་བཀོད་ནས་ཡོད། བྱས་ཙང་། ཁྱེད་རང་དཔལ་འབྱོར་འདུ་འགོད་བྱེད་ཐབས་བྱེད་སྐབས། ཁྱེད་ཀྱིས་ཐབས་བྱུས་གང་ཞིག་བཀོལ་སྤྱོད་བྱེད་རྩིས་ཡོད་པར་བསམ་བློ་ཧ་ཅང་ཡག་པོ་གཏོང་དགོས་པ་དང་། རན་འཚམས་མེད་པའི་ཐབས་ཚུལ་རྣམས་བཀོལ་སྤྱོད་མི་བྱ་རྒྱུའི་ཐབས་ཤེས་བྱེད་དགོས། ཡང་ན་ཁེ་ལས་མཉམ་འདུས་ཁྱབ་བསྒྲགས་བྱ་རྒྱུ་མེད་ལ། མི་རྣམས་ལ་གཡོ་འཕྲུལ་གྱི་རིགས་སོགས་བྱིན་ནས་སླུ་ཐབས་བྱ་མི་རུང་།།

Top