མི་རྟག་པ་ཇི་ལྟར་སྒོམ་པའི་ཚུལ་གྱི་ཚིག་འགྲེལ།

གུང་ཐང་རིན་པོ་ཆེ་དཀོན་མཆོག་བསྟན་པའི་སྒྲོན་མེས་ (༡༧༦༢-༡༨༢༣) མཛད་པའི་ ༼མི་རྟག་པ་སྒོམ་ཚུལ་གྱི་བསླབ་བྱ་ཚིགས་སུ་བཅད་པ་༽ ཞེས་པ་དེ་ཐོག་མར་གུང་ཐང་རིན་པོ་ཆེས་རང་གི་བླ་མ་དགེ་བའི་བཤེས་གཉེན་རྣམས་སྐུའི་བཀོད་པ་མང་པོའི་གཟུགས་སུ་གདུལ་བྱའི་སེམས་འདུལ་བའི་ཕྱིར་ཆོས་གསུང་བ་དེ་ལ་མཆོད་པར་བརྗོད་པ་སྟེ།

དཔལ་བདེ་བ་ཆེན་པོའི་མཁའ་དབྱིངས་ངོས། །སྐུ་གང་འདུལ་བཀོད་པའི་སྤྲིན་དཀྲིགས་ཏེ། །ཆོས་ཟབ་ཅིང་རྒྱ་ཆེའི་ཆར་འབེབས་པ། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་གསུངས།

དེའང་དལ་བ་བརྒྱད་དང་འབྱོར་བ་བཅུ་དང་ལྡན་པའི་མི་ལུས་རིན་ཆེན་འདི་ནི་ཚེ་གཅིག་ལ་ཐེངས་གཅིག་ཁོ་ནར་ཐོབ་ཀྱི་ཡོད། མི་ལུས་རིན་ཆེན་ཐོབ་པའི་གོ་སྐབས་འདི་ཤོར་བ་དང་ཡུན་དུ་གནས་པའི་རིན་ཐང་གི་འདོད་དོན་གང་ཡང་གྲུབ་མ་ཐུབ་པར་སྐྱེ་བ་ཕྱི་མར་འགྲོ་བའི་ཉེན་ཁ་ཡོད་པ་རེད། ད་ནི་ང་ཚོས་ཐར་པའི་ལམ་སྣ་བསྙེགས་རན་པས་འབད་བརྩོན་བྱ་རྒྱུའི་དུས་ལ་བབས་ཡོད། དོན་ངོ་མར་འདིར་ཕེབས་མཁན་ང་ཚོ་ཚང་མའི་ལོ་ཚད་དེ་ལོ་ཉི་ཤུ་ནས་སུམ་ཅུའི་བར་བསླེབས་ཟིན་པ་སོང་ཙང་། གཅིག་བྱས་ན་ཧ་ཅང་ཕྱིས་དྲགས་ཡོད། ང་ཚོས་ཆོས་ཉམས་ལེན་བྱེད་པར་ལྕགས་ཀྱུ་ལྟ་བུའི་དྲན་པ་དང་གླང་ཆེན་འདུལ་སྦྱོང་གི་རིམ་པ་དང་འདྲ་བའི་དོགས་ཟོན་ལ་བརྟེན་ནས་ངེས་པར་དུ་བརྟན་པོ་གནས་དགོས། ཟླ་བ་འདི་དང་མ་མཐར་ཡང་ལོ་འདིའི་ནང་འཁོར་བ་འདི་སྣང་གི་ལས་བྱ་བྱེད་ཚང་མ་གྲུབ་ཐབས་བྱེད་པའམ་། ཡང་ན་སོ་སོའི་ཆོས་ཉམས་ལེན་དེ་ཕར་འགྱངས་བཏང་ནས་དང་པོ་ལས་དོན་གཞན་ཐམས་ཅད་ལོ་འདིའི་ནང་བྱ་རྒྱུའི་བསམ་བློ་ཡོད་པ་འདི་དག་ཐམས་ཅད་ནི་བསླུ་བའི་ཕུང་འདྲེ་ཡིན། དགེ་བའི་བཤེས་གཉེན་ཞིག་གི་ཐེངས་ཤིག་ཆོས་དད་ཅན་རྣམས་ཀྱིས་འཚོ་རྟེན་འདང་ངེས་ཡོད་མེད་ལ་ནམ་ཡང་སེམས་འཁྲལ་བྱ་རྒྱུ་མེད་ཅེས་གསུངས་ཡོད། མི་འགའ་ཞིག་གིས་ཆོས་ཉམས་ལེན་བྱེད་པར་དངུལ་གསོག་དགོས་ཞེས་ཁ་གཡར་གྱི་ཡོད་ནའང་། དོ་གལ་ཆེ་བའི་ཆོས་ཉམས་ལེན་པ་མུ་གེ་ཐེབས་ནས་ཤི་མཁན་གཅིག་ཀྱང་བྱུང་མེད།

ཆོས་ཆ་ཚང་བ་ཞིག་ཉམས་སུ་བླང་བར་དམིགས་པའི་བསམ་བློ་སྐྱེད་དགོས། ཚེ་འདིའི་བྱ་བྱེད་ཚང་མ་ནི་ཆུའི་སྟེང་གི་རྦ་རླབས་དང་འདྲ་ཞིང་། དེ་དག་གི་ཆུ་གཉེར་གཅིག་གི་རྗེས་སུ་ལམ་སེང་གཞན་ཞིག་ཡོང་གི་ཡོད། ཁྱེད་ཀྱིས་བྱ་བ་ཅི་ཙམ་མང་བ་བྱེད་པ་དེའི་ཚོད་ཀྱིས་མང་དུ་འགྲོ་གི་ཡོད་པས། དེ་ནི་འཛད་མཐའ་མེད་པ་རེད། ང་ཚོར་དམ་བསྒྲགས་གང་ཡང་མེད་པའི་སྐབས། དམིགས་ཡུལ་དང་འཆར་གཞི་མེད་པར་གང་བྱུང་དུ་འགྲོ་རྒྱུའི་ཚབ་ལ་ད་ང་ཚོས་བྱ་བྱེད་དེ་དག་ཟུར་དུ་སྐྱུར་རྒྱུའི་ཐག་གཅོད་བརྟན་པོ་ཞིག་བྱས་ན་མི་ལེགས་སམ། དཔེར་ན། གལ་ཏེ་ཧ་ཅང་ཛ་དྲག་གི་གནས་སྟངས་ཤིག་བྱུང་ན། ཁྱེད་ཀྱིས་ཐག་གཅོད་ཧ་ཅང་བརྟན་པོ་བྱེད་པ་དང་ཚང་མ་བཞག་ནས་གནས་སྟངས་དེ་སེལ་བའི་ཆེད་དུ་འགྲོ་བ་ལྟ་བུ་རེད། འདི་ནི་ནཱ་རོ་པས་རང་གི་བླ་མ་ཏཻ་ལོ་པ་མཇལ་དུ་ཕེབས་པའི་རྣམ་ཐར་དང་འདྲ་པོ་རེད། ནཱ་རོ་པས་ཐག་ཆོད་པོའི་སྒོ་ནས་ནཱ་ལནྜཱའི་མཁན་པོའི་གོ་གནས་བསྐྱུར་མཛད་ནས་ཏཻ་ལོ་པ་མཇལ་དུ་ཕེབས་པ་དང་། ཡང་རྗེ་ཙོང་ཁ་པ་ཆེན་པོས་འཇམ་དཔལ་དབྱངས་ཀྱིས་སྔོན་འགྲོའི་ཉམས་ལེན་གྱི་སྐུ་མཚམས་བཞུགས་དགོས་ཞེས་གདམས་པ་བཞིན་ཐུགས་ཐག་ཆོད་པོའི་སྒོ་ནས་སློབ་མ་སྟོང་ཕྲག་མང་པོ་བཞག་མཛད་ནས་ཕེབས་པ་ལྟ་བུ་རེད།

རང་མགོ་རང་གིས་མ་བསྐོར། སང་ཉིན་ཆོས་བྱེད་ཀྱི་ཡིན་ཞེས་བསམས་ནས་སང་ཉིན་འཆར་གྱི་བར་ལ་འཆི་དུས་ཀྱི་དེ་རིང་སླེབས་ཉེན་ཡོད། དེར་བརྟེན་གལ་ཏེ་ཆོས་བྱེད་འདོད་ཡོད་ན། དེ་རིང་ཉིད་ནས་བྱེད་དགོས།
 
རྗེ་ཙོང་པ་དང་གུ་རུ་རིན་པོ་ཆེ་ལྟ་བུའི་མཛད་པ་ཕྲིན་ལས་ནི་བསམ་གྱིས་མི་ཁྱབ་པར་འཛམ་གླིང་ཕྱོགས་ཀུན་ཏུ་ཁྱབ་ཡོད་ནའང་། དེ་དག་ཐམས་ཅད་ཀྱི་མཚན་ཙམ་ལས་སྐུ་མི་བཞུགས་པར་མྱ་ངན་ལས་འདས་ཟིན་པ་རེད། ང་ཚོས་ཁོང་རྣམ་པའི་ཆོས་ཉམས་ལེན་བརྒྱུད་ནས་ཁོང་རྣམས་རྟོགས་ཐུབ། དེ་དག་ཐམས་ཅད་ནི་རྩྭ་མཆོག་གྲོང་དུ་བདག་ཅག་གི་སྟོན་པས་སྐུ་ལུས་གཞོགས་སྙེས་གནང་བ་དང་བཅས་མྱ་ངན་ལས་འདའ་བའི་ཚུལ་བསྟན་མཛད་པ་དང་འདྲ་བར་མི་རྟག་པ་སྟོན་གྱི་ཡོད། སློབ་དཔོན་ཞི་བ་ལྷས་སྤྱོད་འཇུག་ལས། གལ་ཏེ་སངས་རྒྱས་དང་། རང་སངས་རྒྱས། ཉན་ཐོས་དང་བཅས་པ་ཚང་མ་སྐུ་གཤེགས་ཟིན་ན། ང་ཚོའང་འཆི་རྒྱུ་ངེས་པ་ལ་ནི་ཐེ་ཚོམ་མེད་པ་རེད་ཅེས་གསུངས་ཡོད། འདི་ནི་༧གོང་ས་སྐུ་ཕྲེང་བརྒྱད་པ་མཆོག་ནས་ཀྱང་། ཆོས་ཚུལ་འདི་དག་ཐམས་ཅད་ཀྱི་མཛད་པ་པོ་བླ་མ་གོང་མ་རྣམས་ཀྱང་ད་ལྟ་འཚོ་ཞིང་བཞུགས་མེད་ཅེས་གསུངས་ཡོད། འོན་ཀྱང་། སྐྱེས་བུ་དམ་པ་དེ་དག་གི་གཟུགས་སྐུའི་བཀོད་པ་བསྡུས་པའམ་སྐུ་གཤེགས་པའི་སྐབས། དེ་དག་རང་བཞིན་ཆོས་སྐུའི་དབྱིངས་སུ་འཐིམ་པའམ་བསྡུ་བ་ཡིན། འདི་ནི་འཁྲུལ་རྟོག་ཅན་གྱི་གདུལ་བྱ་རྣམས་ལ་མི་རྟག་པ་བསླབ་པ་ཁོ་ནའི་ཆེད་དུ་རེད།
 
ཇི་ལྟར་སྐྱེས་ཆེན་དམ་པ་དེ་དག་སྐུ་མི་བཞུགས་པར་གཤེགས་པ་ལྟར། ལོ་བརྒྱའི་ནང་ང་ཚོའང་མི་གནས་པར་འཆི་རྒྱུ་ངེས་པ་རེད། རང་གི་རྒྱུ་ནོར་ལོངས་སྤྱོད་དང་དབང་ཐང་ལ་ཧ་ཅང་སྤོབས་པ་ཆེ་བའི་རྒྱལ་པོ་དང་སྲིད་སྐྱོང་མི་སྣ་རྣམས་ཀྱིས་མཛད་འཕྲིན་གྱི་ཕྲེང་བ་ངོམ་ཤེད་བྱེད་མཁན་རྣམས་ཀྱང་མིང་ཙམ་ལས་མི་གནས་པར་འཆི་རྒྱུ་ཡིན་པ་རེད། དེ་ག་ནང་བཞིན་དེང་སང་འཛམ་གླིང་ནང་གི་འགོ་ཁྲིད་གྲགས་ཅན་རྣམས་ཀྱང་མ་འོངས་པའི་དུས་སུ་མི་གནས་པར་འཆི་རྒྱུ་ངེས་པ་རེད། ཁྱེད་རང་དང་ལོ་ཚད་མཉམ་ཞིང་ལུས་ཀྱི་སྟོབས་ཤུགས་མཉམ་པ་རྣམས་ཀྱང་འཆི་ངེས་པ་རེད། དེ་དག་ཀྱང་གློ་བུར་དུ་འཆི་བདག་གཤིན་རྗེ་ཆོས་ཀྱི་རྒྱལ་པོས་བཟུང་ཁྲིད་བྱེད་ཀྱི་རེད། དེ་ལྟར་ན། ཁྱེད་རང་གཏན་དུ་འཚོ་གནས་བྱེད་པའི་གདེང་ཅི་ཞིག་ཡོད་དམ། ཐ་ན་ཁྱེད་ལ་མི་རྟག་པའི་སྐོར་བསླབས་ཡོད་ཀྱང་། འཆི་བ་ལ་མི་འཇིགས་པ་ནི་དངོས་གནས་གླེན་པ་རེད། ཐ་ན་ཤིན་ཏུ་གླེན་ཞིང་གཏི་མུག་པའི་ལུག་ལྟ་བུའི་དུད་འགྲོ་རྣམས་ཀྱིས་སོ་སོའི་རིགས་གཅིག་པའི་དུད་འགྲོ་རྣམས་བཤན་པས་གསོད་པར་མཐོང་བའི་ཚེ། སྙིང་འདར་བའི་ཚོར་ཤུགས་དྲག་པོ་སྐྱེ་གི་ཡོད།

འདི་དང་འབྲེལ་བའི་བཀའ་གདམས་དགེ་བཤེས་པོ་ཏོ་བའི་སྒྲུང་ཞིག་ཡོད། དེའང་དགེ་བཤེས་པོ་ཏོ་བ་ཁོང་གི་གྲོང་དུ་གནས་མཁན་གྱི་སྔོན་མི་ཞིག་བཅར་ནས་ཁོང་ལ། “ངའི་འཆི་བ་དེ་བསླེབ་གྲབས་ཡོད་སྐབས། ཁྱེད་ཀྱིས་ང་ལ་བརྡ་ལན་ཞིག་གནང་རོགས་” ཞེས་ཞུས་པ་རེད། རྗེས་སུ་གྲོང་གི་སྟོད་ཕྱོགས་སུ་མི་ཞིག་ཤི་བ་དང་མི་དེ་ལ་བརྡ་ལན་སྤྲད་པ་རེད། འོན་ཀྱང་། མི་དེས་གང་ཡང་བྱས་མེད། དེ་དང་གཅིག་མཚུངས་སུ་གྲོང་གི་སྨད་དང་བར་ལའང་དེ་འདྲ་ཞིག་བྱུང་ནས་མི་དེ་ལ་བརྡ་ལན་སྤྲད་ཀྱང་། མི་དེས་ད་དུང་ཡང་གང་ཡང་མ་བྱས་པ་རེད། མཐར་མི་དེ་སོ་སོ་རང་ཉིད་ཀྱི་འཆི་བའི་རྟགས་རྣམས་ཐོན་པ་དང་ལམ་སེང་དགེ་བཤེས་པོ་ཏོ་བའི་མདུན་དུ་བཅར་ནས། “ཁྱེད་ཀྱིས་ང་ལ་བརྡ་ལན་ཅིའི་ཕྱིར་བཏང་མེད་དམ་” ཞེས་ཞུས་པས། དེ་ལ་དགེ་བཤེས་པོ་ཏོ་བས། “ངས་བརྡ་ལན་བཏང་ནའང་། ཁྱེད་ཀྱིས་ཤེས་མ་སོང་” ཞེས་གསུངས་པ་རེད། དགེ་བཤེས་པོ་ཏོ་བ་ཁོང་ཉིད་བཞུགས་སའི་འཕན་པོའི་གྲོང་དུ་མི་ཤི་བ་ཚང་མའི་གྲངས་འབོར་ཉར་བའི་སྒོ་ནས་མི་རྟག་པ་སྒོམ་གནང་གི་ཡོད།
 
མི་རྟག་པ་རྟོགས་པ་ནི་དངོས་སྟོབས་དང་ལུང་ལ་གཞི་རྩ་བྱེད་དགོས་ངེས་ཤིག་མིན་པར། ཁྱེད་ཀྱིས་མངོན་སུམ་ཚད་མ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་འཆི་བའི་སྡུག་བསྔལ་གྱིས་མནར་གྱི་ཡོད་པ་དེ་མཐོང་ཐུབ། མི་རྣམས་ཀྱིས་འཆི་བ་ཡོང་རྒྱུ་ཡིན་པ་གསལ་པོར་ཤེས་ནའང་། མི་རྟག་པའི་རྟོགས་པ་འདི་ལག་བསྟར་མི་བྱེད་པ་རྣམས་ནི་ཅེ་རེ་ལོང་ཞེས་མིག་ལོང་བའམ། ཡང་ན་མིག་རྫུས་དང་འདྲ་བ་ཡིན། མ་འོངས་པའི་དུས་སུ་ང་ཚོའི་གྲོགས་པོ་དང་། གཉེན་ཉེ་དུ། གཡོག་འཁོར་དང་བཅས་པ་ཚང་མ་འཆི་རྒྱུ་རེད། ཁྱེད་རང་ཁོང་ཚོ་དང་མཉམ་དུ་ཡོད་པའི་སྐབས། དེ་ནི་རླུང་ཆེན་པོས་ཤིང་ལོ་སྤུངས་པ་དང་འདྲ་ཞིང་། དེ་དག་ནི་ཕྱིས་སུ་རི་ཀླུང་ཀུན་ཏུ་འཐོར་རྒྱུ་ཁོ་ནར་ཟད། ང་ཚོའང་ད་ལྟ་མཉམ་དུ་ཡོད་ནའང་། ང་ཚོ་སྐྱེ་བ་ཕྱི་མའི་ནང་ཐུག་པའི་སྐབས་སུ་ང་ཚོ་ལུས་རྟེན་མི་འདྲ་བ་ཞིག་ཏུ་སྐྱེས་ནས་ཕན་ཚུན་ངོ་ཤེས་ཀྱང་ཡོང་གི་མ་རེད། མི་རྟག་པའི་སྐོར་ལ་བསམ་བློ་གཏོང་རྒྱུ་དེ་ནི་ཧ་ཅང་དཀོན་པོ་རེད། ཡིན་ནའང་། ང་ཚོར་མ་མཐར་ཡང་ཆོས་དང་འཇིག་རྟེན་བར་ལ་ཆ་སྙོམས་ཤིག་ཡོད་དགོས། དེས་བརྟན་ཆའི་རང་བཞིན་སྐྲུན་གྱི་ཡོད།

ནམ་དུས་འགྱུར་ལྡོག་དང་ལོ་མ་ལྷུང་པ་སོགས་རང་བཞིན་གྱི་ཆོས་ཀྱི་འགྱུར་ལྡོག་གིས་ང་ཚོར་མི་རྟག་པའི་སློབ་གསོ་སྦྱིན་གྱི་ཡོད་དེ། དེ་དག་ནི་བསམ་ཤེས་ན་ང་ཚོའི་མི་རྟག་པའི་སློབ་དཔོན་རེད། དེའང་རྗེ་བཙུན་མི་ལ་རས་པས། “ངའི་ཉེ་འཁོར་དུ་ཡོད་པ་ཐམས་ཅད་ནི་ཆོས་སུ་མཐོང་གི་འདུག་” ཅེས་གསུངས་པ་ལྟ་བུ་རེད།

མི་རྟག་པའི་དཔེ་མཚོན་གཞན་ཞིག་ནི་ཁྲོམ་ཚོགས་དང་འདྲ་བ་དེ་རེད། གྲོང་དང་གྲོང་ཁྱེར་གང་སར་ནས་གཅིག་ཏུ་འདུས་པའི་ཁྲོམ་ཚོགས་སུ་ཚང་འཛོམས་བྱེད་པ་དང་དེ་ནས་ཚང་མ་གྱེས་ཤིང་ཡལ་ཏེ་འགྲོ་བ་ལྟ་བུ་རེད། དེ་དག་གང་དུ་འགྲོ་བ་ང་ཚོས་མི་ཤེས་ལ་སླར་ཡང་དེ་ལྟར་འདུས་པ་ཞིག་ནམ་ཡང་ཡོང་གི་མེད། ང་ཚོའི་ཉེ་འཁོར་དུ་རང་གི་གྲོགས་པོ་དང་སྤུན་ཉེ་འདུའི་ཚོགས་ཀྱིས་བསྐོར་བ་ནི་ཁྲོམ་ཚོགས་སུ་འདུས་པའི་མི་རྣམས་དང་སྟོན་ཁའི་སྦྲང་བུ་དང་འདྲ་བ་རེད། འདུས་ཙམ་ནས་གྱེས་ཤིང་ཡལ་ཏེ་འགྲོ་རྒྱུ་རེད།
 
ཕྱི་འབྱུང་བའི་སྣོད་ལ་མཚོན་ནའང་དཔྱིད་ཀ་དང་དབྱར་ཁ་ལྟ་བུ་ནི་ཧ་ཅང་ཡིད་དབང་འཕྲོག་པ་ཞིག་ཡོད་སྲིད་ནའང་། དེ་དག་ཐམས་ཅད་ནི་མི་རྟག་པ་སྟོན་པའི་ཆོས་ཡིན་ཞིང་། རྒྱུད་ཆད་མེད་པར་འགྱུར་བ་འགྲོ་བཞིན་ཡོད། རྩི་ཤིང་ལྟ་བུ་ནི་ཐོག་མར་ལྗང་ཐིང་ངེར་ཡོད་པ་དང་། དེ་ནས་ལི་ཁྲིའི་ཁ་དོག་ཏུ་འགྱུར་བ། མཐར་འབྲས་མེད་སྐམ་ཐེར་དུ་འགྱུར་གྱི་ཡོད། ནམ་དུས་ཀྱི་འགྱུར་ལྡོག་ལ་བརྟེན་ནས་ཆུའི་ཚ་གྲང་དང་། དེའི་ཁ་དོག དེ་ལས་བྱུང་བའི་སྒྲ་སྐད་ཀྱང་འགྱུར་བ་འགྲོ་གི་ཡོད། དེ་བཞིན་ཡིད་དབང་མེད་དུ་འཕྲོག་པའི་ཆུ་སྔོན་མོའི་རླབས་སམ་ཆུ་གཉེར་ནི་གར་མཁན་དང་འདྲ་ཞིང་། དེས་ལྦུ་བའི་སྒྲ་ལྷུང་ལྷུང་སྒྲོག་པ་རྣམས་ཀྱང་མཐར་འཁྱགས་རོམ་གྱི་སྦུབས་སུ་ཚུད་པ་དང་འཁྱགས་པ་དཀར་པོ་དང་ཆུས་མི་ཞིག་གིས་ཤུབ་བུས་སྨྲེ་སྔགས་འདོན་པ་ལྟར་གྱི་སྒྲ་སྐད་འབྱུང་གི་ཡོད། མི་རྣམས་ལའང་དེ་དང་གཅིག་པ་འབྱུང་གི་ཡོད་དེ། མི་རྣམས་གཞོན་པའི་སྐབས། སྤྲོ་སྐྱིད་དང་སྟོན་མོ་མང་པོ་ལ་འགྲོ་བ་དང་། གཞས་དང་ཞབས་བྲོ་འཁྲབ་པ། ཆང་རག་འཐུང་བ་སོགས་སྐྱིད་ལ་རོལ་གྱི་ཡོད། འོན་ཀྱང་། རྒས་པའི་སྐབས་སུ་གོམས་གཤིས་དེ་འགྱུང་བ་ཐེབ་ཀྱི་ཡོད། གོང་གི་དཔེ་མཚོན་ནང་བཞིན་དེ་དག་གིས་ཀྱང་ཤུབ་བུས་སྨྲེ་སྔགས་འདོན་གྱི་ཡོད།

དབྱར་ཁའི་དུས་སུ་བུང་བས་ཡིད་འོང་གི་སྐྱེད་ཚལ་ནང་མེ་ཏོག་གི་སྙིང་བཅུད་ལེན་བཞིན་པ་ནི་ང་ཚོ་གཞོན་ནུའི་སྐབས་དང་འདྲ་བ་རེད། ང་ཚོ་གཞོན་དུས་སུ་འཛམ་གླིང་འདིའི་བདེ་སྐྱིད་ལ་རོལ་གྱི་ཡོད། འོན་ཀྱང་། སྟོན་དུས་སུ་མེ་ཏོག་གིས་ཁེངས་པའི་སྐྱེད་ཚལ་དེ་མྱ་ངམ་ཐང་ངམ་བྱེ་ཐང་ལྟ་བུར་འགྱུར་བ་དང་དགུན་དུས་ཤར་བ་དང་སྐྱེད་ཚལ་ལྡུམ་རར་རླུང་རྒྱག་པའི་སྐབས་སུ་དེས་གདུང་བའི་སྐད་སྒྲ་འདོན་གྱི་ཡོད། མི་རྣམས་དེར་འགྲོ་འདོད་མེད་ལ་ཚང་མ་རྗེན་པར་མཐོང་འདོད་མེད། སྐབས་འགར་རི་བོ་ཡོངས་རྫོགས་མེ་ཏོག་གིས་གཏུམས་པ་དང་དགུན་དུས་སུ་དེ་ནི་རྩ་མེད་སྐམ་ཐེར་ཆགས་ཀྱི་ཡོད། ང་ཚོར་ཡོད་པའི་ཁང་པ་ལའང་གཅིག་མཚུངས་ཡིན་ཏེ། དེ་དག་ཀྱང་འཇིག་ནས་རྙིང་པར་འགྱུར་གྱི་ཡོད། དེ་དག་ཐམས་ཅད་ནི་མི་རྟག་པའི་དཔེ་མཚོན་རྣམས་རེད། འོན་ཀྱང་། མི་རྟག་པའི་དེ་མ་ཐག་པའི་སློབ་དཔོན་ནི་སོ་སོ་རང་ཉིད་ཀྱི་ལུས་པོ་རེད། ང་ཚོ་ལོ་ན་མཐོ་རུ་མཐོ་རུ་ཕྱིན་ཏེ་རྒས་འཁོགས་ཆགས་པ་དང་བསྟུན་སྔོན་གཞོན་དུས་སུ་བྱས་པའི་བྱ་བ་བྱེད་མི་ཐུབ། ང་ཚོ་ལྷོད་དུ་ལྷོད་དུ་འགྲོ་བ་དང་ང་ཚོའི་བཟོ་དབྱིབས་ཀྱི་རྣམ་པ་ཚང་མ་འགྱུར་བ་འགྲོ་གི་ཡོད།
 
མི་རྟག་པ་ནི་སྲོག་ལྡན་གྱི་སེམས་ཅན་ཙམ་ལ་གོ་བ་མིན་པར། ཁང་པ་དང་། རང་འབྱུང་ཁམས། སྐྱེད་མོས་ཚལ། དུས་ལ་སོགས་པའི་སྲོག་ལྡན་མིན་པ་ལའང་གོ་བ་ཡིན། དཔལ་ནཱ་ལནྜཱའི་གཙུག་ལག་ཁང་ཆེན་མོ་དང་གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་དགོན་པ་རྣམས་སུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་བསླབ་པ་སློབ་གཉེར་གནང་ས་དེ་དག་ཐམས་ཅད་ཡལ་ནས་ཡུན་རིང་ཕྱིན་ཟིན་པ་རེད། དེ་དང་གཅིག་མཚུངས་སུ་བོད་ཀྱི་དགོན་སྡེ་སེ་ར་དང་། འབྲས་སྤུངས། དགའ་ལྡན་སོགས་ཀྱང་མི་རྟག་པ་རེད། ཐ་ན་ད་ལྟ་ང་ཚོ་ཡོད་སའི་བོད་ཀྱི་དཔེ་མཛོད་ཁང་འདིའང་མཐར་འཇིག་ནས་རྩ་གཏོར་འགྲོ་ངེས་རེད། མགོན་པོ་ཀླུ་སྒྲུབ་ཀྱིས་བཤེས་པའི་སྤྲིངས་ཡིག་ལས། “གལ་ཏེ་ཉི་མ་བདུན་བསྲེགས་པ་ལ་བརྟེན་ནས་འཛམ་གླིང་ཁྱོན་ཀུན་བཅོམ་ན། ང་ཚོའི་ལུས་པོ་འདིའང་གཞོམ་རྒྱུ་ཡིན་པར་ཐེ་ཚོམ་མེད་” ཅེས་གསུངས། དེ་ཡང་གཟུགས་ཁམས་ཀྱི་ཚངས་པའི་གནས་ཀྱི་འགྱུར་མེད་རིམ་པ་དང་པོ་ནས་ཚང་མ་འཇོམས་ཀྱི་རེད།
 
བྱི་བ་དཀར་ནག་གཉིས་ཀྱིས་རྩྭ་ཕུང་གི་འཆིང་ཐག་རེས་མོས་ཀྱིས་ཟ་བའི་དཔེ་མཚོན་འདིའི་ནང་། བྱི་བ་དཀར་ནག་གཉིས་ཀྱིས་ཉིན་མོ་དང་མཚན་མོ་མཚོན་པ་དང་རྩྭ་ཕུང་དེས་ང་ཚོའི་ཚེ་ཚད་མཚོན། དེ་བཞིན་རྩྭ་ཕུང་གི་འཆིང་ཐག་གིས་དུས་ཡུན་མཚོན་གྱི་ཡོད། འཆིང་ཐག་དེ་མ་ཆད་གོང་དང་ང་ཚོའི་ཚེ་ཚད་མཚོན་པའི་རྩྭ་ཕུང་དེ་མ་བརྡིབ་གོང་ལ་ང་ཚོས་དགེ་བའི་ལས་གང་མང་མང་གསོག་པའི་གོ་སྐབས་དེ་བླང་དགོས་ཀྱི་ཡོད།
 
ང་ཚོ་ནི་སྐད་ཅིག་རེ་རེས་དགྲ་འཆི་བདག་གི་དྲུང་དུ་རྗེས་འདེད་གཏོང་བཞིན་ཡོད་པ་སྟེ། དེ་ནི་དུད་འགྲོ་སེམས་ཅན་ཞིག་གསོད་ཕྱིར་བཤས་རར་འཁྲིད་པ་དང་འདྲ་བར་གོམ་པ་རེ་རེ་བཞིན་འཆི་བ་དང་ཐག་ཇེ་ཉེར་འགྲོ་གི་ཡོད། ང་ཚོས་དབུགས་གཏོང་ཚད་ཐམས་ཅད་ནི་འཆི་བ་དང་ཐག་ཉེ་རུ་ཉེ་རུ་འགྲོ་གི་ཡོད། དེ་རིང་ཞོགས་པ་ལངས་ནས་བཟུང་སྟེ་ང་ཚོ་འཆི་བདག་གི་དྲུང་དུ་ག་ཚོད་ཀྱི་ཐག་ཉེ་རུ་ཕྱིན་ཡོད་དམ། ང་ཚོ་གཞོན་གཞོན་ཡིན་པ་སོང་ཙང་། འཆི་གི་མ་རེད་ཅེས་བསམ་པ་ནི་གླེན་པ་རེད། འཆི་བདག་ལ་ནི་ལོ་ཚད་ཀྱི་ཁྱད་པར་བཟོ་གི་མེད། ཐ་ན་སྐྲ་ལོ་དཀར་ཞིང་ལུས་པོ་གཞུ་ལྟར་གུག་པའི་རྒས་འཁོགས་ཕ་མ་ཚོས་འདར་བཞིན་དུ་རང་གི་བུ་ཕྲུག་ཚོ་དུར་སར་ཁྱེར་ནས་འགྲོ་གི་ཡོད་ན། ང་ཚོས་འཆི་བདག་གིས་ལོ་ཚད་ལ་དབྱེ་འབྱེད་བྱེད་ཀྱི་འདུག་ཅེས་ཇི་ལྟར་བརྗོད་ཐུབ་བམ། དེར་བརྟེན་ང་ཚོ་རྒས་འཁོགས་སྐབས་ཙམ་དུ་མ་ཟད། ལོ་ཚད་ལ་མ་ལྟོས་པར། ཆོས་ཉམས་ལེན་བྱེད་དགོས་ཀྱི་ཡོད། ཕན་ཐོགས་ཅན་གཅིག་རང་ཡོད་པ་ནི་ཆོས་ཡིན་པ་རེད།
 
ཡིན་རྟོན་རུང་བའི་གྲོགས་པོ་བཟང་པོ་དེ་ཁོ་ན་རང་གི་ཉམས་ལེན་རེད། མི་རྣམས་ཡིད་རྟོན་རུང་བ་མེད། ང་ཚོའི་རྒྱུ་ནོར་ལོངས་སྤྱོད་ཀྱི་སྙེ་མའམ་ལོ་ཏོག་རྣམས་རྐྱེན་ངན་གྱི་སེར་བས་བཅོམ་པའི་སྐབས། ཐ་ན་སྔོན་ཁྱེད་ཀྱིས་བརྟེན་པ་དང་གཅེས་ཤིང་བསྐྱངས་བའི་མི་རྣམས་ནས་ཀྱང་ཨང་ལན་དང་ཡ་ལན་ཞིག་རག་དཀའ་བ་རེད། ང་ཚོ་སྐྱོ་པོ་ཆགས་པའི་སྐབས། ཚང་མ་ང་ཚོར་བརྙས་ཤིང་འདོར་བར་བྱེད་ཀྱི་རེད། འདི་ནི་མིའི་གཞི་རྩའི་རང་གཤིས་དེ་རེད། ང་ཚོ་རྒས་འཁོགས་དང་སྐྱོ་པོ་ཆགས་པའི་སྐབས། མི་རྣམས་ཀྱིས་ཐ་ན་ང་ཚོར་ཁ་ཡ་ཙམ་བྱེད་ཀྱི་མ་རེད། ང་ཚོ་ཕྱུག་པོ་དང་སྐད་གྲགས་ཅན་ཡིན་པའི་སྐབས། མི་རྣམས་ཀྱིས་རྟག་ཏུ་ཁོང་ཚོར་དོ་སྣང་རག་ཐབས་བྱེད་ཀྱི་རེད། མི་ཞིག་ཕྱུག་པོ་ཡིན་སྐབས། མི་རྣམས་བསླེབས་ནས་ཁོང་ཚོས་ཀྱང་ཕྱུག་པོ་དང་སྐད་གྲགས་ཆགས་པར་རྐྱེན་བྱས་ཡོད་ཁུལ་བྱེད་ཀྱི་ཡོད། མི་རྣམས་ཀྱིས་ཁྱེད་ཀྱི་བདེ་སྐྱིད་མཉམ་སྤྱོད་བྱེད་ཐབས་ལས། ཁྱེད་ཀྱི་སྡུག་བསྔལ་མཉམ་སྤྱོད་བྱེད་ཐབས་མི་བྱེད་པ་ཡིན། ཁྱེད་རྩ་ནས་ཁོང་ཚོ་ལ་ཅི་ཡང་མ་ཐོབ་པའི་སྐབས། ཁོང་ཚོས་ཁྱེད་ལ་སྣང་མེད་གཏོང་གི་ཡོད། སངས་རྒྱས་ཀྱིས་དེའི་ལྡོག་ཕྱོགས་དེ་གནང་སྟེ། མི་དབུལ་ཞིང་ཕོངས་པ་རྣམས་ལ་ཐུགས་འཁུར་མང་བ་གནང་ཡོད།

གལ་ཏེ་དབང་ཤུགས་ཅན་གྱི་མི་ཞིག་གིས་ཁྱེད་ཀྱི་ཡིད་རྟོན་ཆ་འཇོག་ཆེ་ཤོས་ཀྱི་གྲོགས་པོ་ཞིག་ལ་ཁྱེད་རང་ཡག་པོ་མི་འདུག་ཅེས་བརྗོད་ན། དེའི་སེམས་འགྱུར་ལྡོག་སྐྱེན་པོ་ཆགས་ཀྱི་ཡོད། ཚིག་ལེགས་ཉེས་འགའ་ཙམ་གྱིས་སང་ཉིན་མི་དེ་རང་ལ་མི་དགའ་བ་ཆགས་སྲིད་པ་རེད། དེ་ནི་ “སྔོན་སོར་དོ་ཁ་ཤས་ཀྱིས་སྙོབ་ཐུབ་ས་ལ་ད་ལྟ་འདོམ་ཕྱེད་ཙམ་གྱིས་སྙོབ་མི་ཐོབ་” ཅེས་པའི་གཏམ་དཔེ་དེ་ཁུངས་སྐྱེལ་བྱེད་ཀྱི་ཡོད། འདིའི་དོན་ནི་ཚིག་སྤྱོད་སྟངས་འགའ་ཞིག་ལ་བརྟེན་ནས་རང་དང་ཉེ་བ་རྣམས་རིང་དུ་གཏོང་ཐུབ་པས། ང་ཚོས་ཆོས་ཉམས་ལེན་སྐབས་སུ་གྲོགས་བརྟན་པོ་ཞིག་འཚོལ་དགོས། གྲོགས་པོ་ནི་ཕན་ཚུན་གཅིག་གིས་གཅིག་ལ་གཟབ་ནན་དང་བཅས་ནོར་འཁྲུལ་དང་ཞན་ཆ་རྣམས་ཐེར་འདོན་བྱ་རྒྱུར་ཐེ་ཚོམ་ཅན་ཡིན་པ་རེད།  དེ་ལས་སོ་སོའི་དགྲ་བོས་ནོར་འཁྲུལ་རྣམས་ཐེར་འདོན་བྱེད་ཀྱི་ཡོད་པས་ཕན་ཐོགས་ཆེ་བ་ཡོད།
 
མི་འགའ་ཞིག་གིས་ནི་མི་ཚེ་གང་པོར་རྒྱུ་ནོར་གསོག་བཞིན་ཡོད་པ་དང་དེའི་འབྲས་བུར། ཁོང་ཚོ་ཧ་ཅང་འགྱུར་བ་ཐེབས་པ་དང་སྡུག་བསྔལ་ཆེན་པོ་མྱོང་གི་ཡོད། གང་ཡིན་ཞེ་ན། དེ་ནི་སྡུག་བསྔལ་ཧ་ཅང་ཆེན་པོའི་རྒྱུ་ཡིན་པ་རེད། ང་ཚོ་རྒྱུ་ནོར་ལ་ཆགས་ཞེན་བྱ་མི་ཉན། རྒྱུ་ནོར་ལ་བདེ་སྐྱིད་ཀྱི་རྣམ་པ་ཞིག་ཡོད་ནའང་། དེ་ནི་བདེ་སྐྱིད་མིན། ང་ཚོ་རྒྱུ་ནོར་ལ་ཆགས་པ་དེ་ནི་ཕྱེ་མ་ལེབ་མར་མེའི་མེ་ལྕེའི་ལ་ཆགས་པ་དང་ནང་བཞིན་མེ་ལྕེའི་རེག་ན་སྲོག་རྩ་གཅོད་ངེས་ཡིན། མི་ཕྱུག་པོ་རྣམས་སྐྱིད་པོ་ཡོད་པ་དང་། ཡག་པོ་མཐོང་བ། ཁང་པ་རྫིག་པོ་ཡོད་པ། དཔལ་འབྱོར་ཐད་སེམས་འཁྲལ་རྩ་ནས་མེད་པ་ལྟར་སྣང་གི་ཡོད། དེ་དག་ནི་ཡིད་དུ་འོང་བ་ཞིག་ཏུ་མཐོང་གི་ཡོད་ནའང་། ང་ཚོ་གནས་སྟངས་དེའི་ནང་ཡོངས་སུ་འཛུལ་བའི་སྐབས། ང་ཚོས་དེའི་དཀའ་ངལ་དང་སྐྱོན་གྱི་ཆ་རྣམས་མཐོང་གི་ཡོད། དཔེར་ན། མི་ཁ་ཤས་ཧ་ཅང་ཆོས་དད་ཅན་ཡིན་པ་དང་ཁོང་ཚོ་ཕྱུག་པོ་ཆགས་པའི་སྐབས། ཆོས་ལ་དོ་སྣང་བརླགས་ནས་རྒྱུ་ནོར་གང་མང་མང་གསོག་པའི་ཆེད་དུ་སེམས་གཏད་ཀྱི་ཡོད། ང་ཚོ་ནི་རྟག་ཏུ་དགེ་བ་གསོག་པར་ཡིད་ཐང་ཆད་ཀྱི་ཡོད་ནའང་། རྒྱུ་ནོར་གང་མང་གསོག་པར་ཡི་ཐང་ནམ་ཡང་ཆད་ཀྱི་མེད།
 
མདོར་བསྡུས་ན་མི་ཚེ་ནི་ཐུང་ཐུང་ཡིན་པ་དང་འཆི་བ་ནི་ཡོང་ངེས་ཡིན་པས། དེ་ལ་གྲ་སྒྲིག་ཨང་བསར་དགོས་ཀྱི་ཡོད། འཆི་བ་ནམ་ཡོང་ཆ་མེད་ལ་ངེས་པ་མེད། འོན་ཀྱང་། འཆི་བ་བསླེབས་ན་དེ་ལས་ཕྱིར་ལྡོག་ཐབས་དང་ཐར་ཐབས་མེད་པ་རེད། མི་ཕྱུག་པོ་ཚོས་དེ་ལ་ལྐོག་རྔན་སྤྲོད་མི་ཐུབ་ལ། མཛེས་མས་བསླུ་བྲིད་ཀྱང་བྱེད་མི་ཐུབ། སྐྱེས་པ་ཕོས་དེ་ལ་འགྲན་རྩོད་མི་ཐུབ་པ་ཡིན། ས་ཆ་འགའ་ཞིག་ལ་དངུལ་གྱིས་མཐོང་མཆན་དང་ཡུལ་དེར་གནས་ཆོག་པའི་ཆོག་མཆན་ཕར་འགྱངས་གཏོང་ཐུབ་ཀྱང་། དེས་ང་ཚོའི་ཚེ་ཚད་རིང་དུ་གཏོང་མི་ཐུབ།
 
ང་ཚོ་འཆི་བདག་གིས་ཁར་ཚུད་པའི་སྐབས། སོ་སོ་སྐྱེས་པ་ནས་བཟུང་སྟེ་ཡོད་པའི་ལུས་པོ་འདི་བཞག་ནས་འགྲོ་དགོས། ང་ཚོ་མལ་ཆས་དྲོན་མོའི་ནང་ཤི་ནའང་། ང་ཚོའི་རྣམ་ཤེས་འཕོ་བའི་སྐབས་སུ་དེས་ང་ཚོའི་སྤུན་ཉེ་དུ་དང་། གྲོགས་པོ། ནོར་ལོངས་སྤྱོད་ལ་ཕྱི་མིག་ཀྱང་བལྟ་བའི་གོ་སྐབས་སྐད་ཅིག་ཙམ་ཞིག་ཀྱང་མེད། འདི་ནི་མི་ཚེའི་དངོས་ཡོད་གནས་སྟངས་དེ་ཡིན་པ་དང་ང་ཚོས་དེའི་ཆེད་དུ་གྲ་སྒྲིག་བྱེད་དགོས་ངེས་རེད། ང་ཚོས་མི་ཚེ་ཧྲིལ་པོར་ངལ་མེད་ཧུར་ཐག་གིས་གང་བསགས་པ་ཚང་མ་བཞག་ནས་འགྲོ་དགོས། ང་ཚོས་སོ་སོའི་རྒྱབ་ཏུ་ཁུར་པོའམ་དོ་པོ་སྟེ། རང་གིས་བྱས་པའི་དགེ་བ་དང་མི་དགེ་བའི་ལས་ཀྱི་འགན་ཆ་ཚང་རྒྱབ་ཏུ་ཁྱེར་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་དགོས། ཕ་མ་རྒས་འཁོགས་འགའ་ཞིག་གིས་སོ་སོའི་བུ་ཕྲུག་ཚོའི་ཆེད་དུ་ཁང་པ་རྒྱག་ཡོད་ནའང་། ཁོང་ཚོ་ཤི་བའི་སྐབས་སུ་ཁང་པ་བཞེངས་པ་དང་བཞེངས་པའི་སྐབས་སུ་འབུ་སྲིན་བསད་པ་སོགས་སོ་སོའི་མི་དགེ་བའི་ལས་ཀྱི་འགན་འཁྲིའི་ཁུར་པོ་དེ་སོ་སོའི་རྒྱབ་ཏུ་ཁྱེར་དགོས་ཤིང་། བུ་ཕྲུག་ཚོ་སྐྱིད་པོའི་ངང་ཁང་པའི་ནང་སྡོད་ཀྱི་རེད། དེ་ལྟ་བུའི་ལས་ལ་བརྟེན་ནས་ང་ཚོས་མི་དགེ་བའི་ལས་ལྕི་མོ་གསོག་གི་ཡོད།
 
དེ་ནས་ང་ཚོ་ཤི་བའི་རྗེས་སུ་དཀའ་ཉེན་ཅན་གྱི་བར་དོའི་འཕྲང་ལ་འགྲིམ་པའི་སྐབས། འཆི་བདག་དང་འཕྲད་པའམ་དགྲ་འཆི་བདག་གཤིན་རྗེའི་དམག་གིས་བཀག་པའི་ཚེ། ང་ཚོས་རྒྱུ་ནོར་ལོངས་སྤྱོད་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱས་པ་དེ་བེད་མེད་དང་ཕན་མེད་ཡིན་པ་རྟོགས་ཀྱི་ཡོད། དེའི་སྐབས་སུ་འགྱོད་པ་དྲག་པོ་ཞིག་སྐྱེས་ནའང་། དེ་ནི་འཕྱིས་ཚར་བས་ཕན་པ་མི་ཡོང་། དེའང་གཏམ་དཔེ་ཞིག་གི་ནང་། “སྔོན་ཚུད་ནས་བསམ་ཐུབ་མཁན་དེ་བློ་དང་ལྡན་པ་རེད། ཕྱིས་སུ་འགྱོད་པ་སྐྱེས་ན། དེ་ནི་གླེན་པ་རེད་” ཅེས་བཤད་པ་ལྟར་རོ། །ལམ་རྒྱུས་མེད་དུ་འགྲོ་བའི་སྐབས་ལམ་རྒྱུས་སྟོན་མཁན་གྱི་ས་མཁན་ངོ་མ་ནི་ཆོས་ཡིན་པ་རེད། ལམ་ཁ་ཧ་ཅང་ཐག་རིང་བའི་ལམ་རྒྱགས་དེའང་ཆོས་ཡིན་པ་རེད། བགྲོད་དཀའ་བའི་རྒྱ་མཚོའི་ཕ་རོལ་ཏུ་བདེ་འཇགས་ངང་སྐྱེལ་མཁན་གྱི་དེད་དཔོན་ནི་ཆོས་ཡིན་པ་རེད། དེ་རིང་ནས་བཟུང་སྟེ་ལུས་ངག་ཡིད་གསུམ་པོ་ཆོས་ལ་སྦྱོར་དགོས།
 
སོ་སོའི་རང་ཉིད་ཀྱི་བདེ་སྐྱིད་ཉེན་སྲུང་བྱ་རྒྱུ་ནི་སོ་སོའི་དབང་འོག་ཏུ་ཡོད་པས་ང་ཚོས་ངེས་པར་དུ་འབད་བརྩོན་བྱེད་དགོས། གལ་ཏེ་ང་ཚོས་མ་བྱས་ན། ང་ཚོས་གང་བྱེད་དགོས་མི་ཤེས་པར་རྨོངས་པའི་དུས་སྐབས་ཤིག་བསླེབ་ཀྱི་རེད། ཆོས་དད་ཅན་ཞིག་འཆི་བ་དང་མི་དགེ་བའི་ལས་བྱེད་མཁན་གྱི་སྡིག་ཅན་ཞིག་འཆི་བ་གཉིས་ཀྱི་བར་ལ་ཁྱད་པར་ཧ་ཅང་ཆེན་པོ་ཡོད། ཕྱི་མ་ནི་དྲན་ཤེས་མེད་པ་དང་སྡུག་བསྔལ་གྱིས་མནར་ནས་ཤི་བ་དང་། སྔ་མ་དེས་སྔོན་ཚུད་ནས་གྲ་སྒྲིག་ཡོད་པས། རང་གི་རྒྱུ་ནོར་ལོངས་སྤྱོད་རྣམས་དབུལ་ཕོངས་དང་། སྤུན་ཉེ། སྐྱབས་གནས་དཀོན་མཆོག་གསུམ་སོགས་ལ་ཕུལ་ཏེ། ཞི་བའི་ངང་ནས་འཆི་གི་ཡོད། ཆོས་དད་ཅན་གྱི་མི་དེ་འདྲ་ཞིག་བྱེད་པར། ང་ཚོས་ཆོས་དེ་དག་ལས་གང་ཐུབ་ཅི་ཐུབ་ཀྱིས་ངེས་པར་དུ་སྦྱོང་ཐབས་བྱེད་དགོས། ང་ཚོས་ཟས་དང་། གཉིད། ནོར་ཚང་མ་སྤངས་ནས་ངེས་འབྱུང་ནོར་བ་དེ་བྱ་མི་ཉན་པར། དེའི་ཚབ་ལ་ང་ཚོས་ཆོས་དང་འཇིག་རྟེན་དེ་བཞིན་ཕྱི་དངོས་པོ་དང་ནང་སེམས་ཀྱི་ཆ་སྙོམས་ཤིག་བཟོ་ཐུབ་པ་དགོས་པ་དང་། གང་ཐུབ་ཅི་ཐུབ་ཀྱིས་ཆོས་ཉམས་ལེན་བྱེད་དགོས།
 
ཆོས་ཉམས་ལེན་ནི་ཆས་གོས་གྱོན་པ་དང་ལམ་ལུགས་སྲོལ་གྱི་རྗེས་སུ་འབྲང་བ་དེ་མིན་པར། བྱམས་བརྩེ་དང་སྙིང་རྗེའི་སེམས་དང་ལྡན་པ་ཞིག་དགོས་རྒྱུ་དེ་རེད། བོད་ཀྱི་བུད་མེད་ཅིག་ཡོད་པ་ཁོང་གྲོངས་ནས་དམྱལ་བར་སྐྱེས་ཤིང་། དེར་ཁོ་མོར་གཤིན་རྗེ་ཆོས་རྒྱལ་དང་ཐུག་པ་རེད། ཁོ་མོས་གཤིན་རྗེ་ཆོས་རྒྱལ་ལ། ངས་ལུས་ཀྱི་སྒོ་ནས་གནོད་འཚེ་བྱས་ཀྱང་། ཡིད་ཀྱི་སྒོ་ནས་ཀུན་སློང་བཟང་པོས་ཐོག་བྱས་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་ཁོ་མོ་གང་འདྲ་ཡོད་པའི་ལུས་རྟེན་དུ་རང་འཇགས་བཏང་བ་རེད། འདིས་ང་ཚོའི་ཕྱིའི་བྱ་སྤྱོད་རྣམས་གང་འདྲ་ཞིག་ཡོད་མེད་ལ་མ་ལྟོས་པར་ནང་སེམས་འདི་བཟང་པོ་ཞིག་ཡོད་དགོས་པ་སྟོན་གྱི་ཡོད།
 
དེའང་གཏམ་དཔེ་ལ། “ཆོས་ཀྱི་སྐོར་ཧ་ཅང་མང་པོ་ཤོད་མཁན་ཚོས། ཆོས་ཉམས་ལེན་ཉུང་ཉུང་བྱེད་ཀྱི་ཡོད་” ཅེས་ཟེར་བ་ལྟ་བུ་རེད། ཇོ་བོ་རྗེས་རྟག་ཏུ་འདི་ནན་བརྗོད་གནང་ཡོད་པ་དང་ཁོང་ལ་མི་སུ་འདྲ་ཞིག་ཐུག་ནའང་། ཁོང་གིས་རྟག་ཏུ་ “ཁྱེད་ལ་སེམས་བཟང་པོ་ཞིག་ཡོད་དམ་” ཞེས་འདྲི་གནང་གི་ཡོད། འབྲོམ་སྟོན་པས་ཇོ་བོ་རྗེ་སྐུ་མྱ་ངན་ལས་འདས་པ་གསན་པའི་སྐབས། ཁོང་ཇོ་བོ་སྐུ་གཤེགས་པའི་སྐབས་སུ་མཉམ་དུ་མེད་པ་དེ་ཧ་ཅང་ཐུགས་ཕམ་བྱུང་ཡོད། འོན་ཀྱང་། ཇོ་བོ་རྗེས་རང་གི་སློབ་མ་རྣམས་ལ་བསླབ་བྱ་ཞིག་གནང་ཡོད་པ་ནི། ང་རང་དངོས་སུ་དེར་མེད་པའི་ཚེ་ན། ཁོང་ཚོར་སེམས་བཟང་པོ་ཞིག་ཡོད་ན། དེ་ནི་ཁོང་ཉིད་མཐོང་བ་དང་གཅིག་པ་ཡིན་ཞེས་གསུངས་ཡོད། དེར་མ་ཟད། ང་ཚོས་ད་ལྟ་གཞན་དོན་བསྒྲུམ་ཐུབ་མ་སོང་ཞེས་ཤོད་ཀྱི་ཡོད་ནའང་། གལ་ཏེ་ང་ཚོས་གཞན་ལ་གནོད་འཚེ་བྱ་རྒྱུ་དེ་སྤོང་བ་ཙམ་གྱིས་ང་རང་ཚོ་སོ་སོའི་རིམ་པ་ལ་དཔག་པའི་ཕན་ཡོན་ཧ་ཅང་ཆེན་པོ་ཡོད་ཅེས་པའི་བཀའ་གདམས་པའི་ཆོས་དེ་དྲན་པར་བྱས་ན་ཡག་པོ་ཡོད། གཞན་ལ་མི་སྐྱིད་པ་བཟོ་རྒྱུ་མེད།
 
ང་ཚོར་ད་ལྟ་དབུགས་འགྲོ་འོང་གི་རྒྱུ་བ་མ་ཆད་པར་ཡོད་པའི་སྐབས་སུ་དགེ་བའི་ལས་གང་ཐུབ་གསོག་པ་དང་རང་གི་སྐྱེ་བ་ཕྱི་མར་ཉེན་སྲུང་བྱེད་པའི་གོ་སྐབས་དང་ནུས་ཤུགས་དེ་ཡོད་པ་རེད། རང་ཉིད་རང་གི་གྲོགས་ཡག་ཤོས་དེ་ཡིན་ལ། དེ་དང་དུས་མཉམ་དུ་རང་ཉིད་རང་གི་དགྲ་བོ་སྡུག་ཤོས་དེ་ཡིན་པ་རེད། རང་གི་མ་འོངས་པའི་བདེ་སྐྱིད་གང་མཆིས་པ་རྣམས་སོ་སོ་རང་ཉིད་ལ་རག་ལུས་ཡོད། ཆོས་ཉམས་ལེན་མེད་པར་འཆི་མཁན་དེ་ནི་ཁྱི་ཞིག་ཤི་བ་དང་གཅིག་མཚུངས་རེད། དམིགས་བསལ་བར་དོའི་སྐབས་སུ་ཁྱི་ཞིག་ཤི་བ་དང་གཅིག་མཚུངས་རེད། ཁྱེད་རང་མིའི་ལུས་རྟེན་དུ་སྐྱེས་པ་དེས་ཁྱད་པར་གང་ཡང་བཟོ་གི་མ་རེད། དེ་ནི་ཆོས་ཉམས་ལེན་མི་བྱེད་མཁན་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཞིག་དང་སྲང་ལམ་དཀྱིལ་དུ་ཤི་བའི་ཁྱི་གཉིས་ཀྱི་དབར་ལ་ཁྱད་པར་མེད་པ་རེད། དོན་ངོ་མར་དེ་དག་ཤི་བའི་སྐབས། ཁྱི་དེས་མི་དགེ་བའི་ལས་ཉུང་བ་བསགས་ཡོད་སྲིད་པ་རེད། དེར་བརྟེན་མི་རྟག་པར་བསམ་བློ་གཏོང་རྒྱུ་དེ་ནི་ཆོས་ཉམས་ལེན་གྱི་ཐོག་མཐའ་བར་གསུམ་དུ་གལ་ཆེན་པོ་རེད། ཐ་ན་ཧ་ཅང་རྟོགས་པ་ཉམས་མྱོང་དང་ལྡན་པའི་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཀྱང་མི་རྟག་པ་བསྒོམ་གྱི་ཡོད།
 
རྐང་རྗེས་ནང་ནས་ཆེ་ཤོས་དེ་ནི་གླང་ཆེན་གྱི་རྐང་རྗེས་རེད། བསམ་བློའི་ནང་ནས་བག་ཆགས་ཡག་ཤོས་འཇོག་མཁན་དེ་མི་རྟག་པ་རེད།
 
རྗེ་བཙུན་མི་ལ་རས་པས་མཐུ་ལ་བརྟེན་ནས་རང་གི་བླ་མའི་བླ་མ་འཆི་བ་མཐོང་བའི་སྐབས་བློ་ཆོས་ལ་འཇུག་པ་རེད། རྗེ་སྒམ་པོ་པས་རང་གི་བདག་མོ་འཆི་བའི་སྐབས་སུ་བློ་ཆོས་ལ་སྐུལ་བ་རེད། དེ་ག་ནང་བཞིན་སངས་རྒྱས་ཀྱིས་ཆེས་ཐོག་མར་འཆི་བ་གཟིགས་སྐབས། ཁོང་ཆོས་ལ་ཞུགས་རྒྱུ་དང་སྡུག་བསྔལ་སེལ་ཐབས་ཤིག་འཚོལ་རྒྱུའི་སྐུལ་མ་ཐེབས་པ་རེད། མི་རྟག་པ་ནི་ལམ་གྱི་གཙོ་བོའམ་ལམ་དབུ་མ་དེ་ལ་གོ་བ་ཡིན། སྐབས་འདིར་ལམ་དབུ་མ་དང་མ་ནོར་བ་བྱེད་དགོས། ལམ་དབུ་མ་འདི་ལ་ཚེ་འདི་ལ་ཆགས་ཞེན་འགོག་པ་རང་གི་ཉམས་ལེན་ཡོངས་སུ་རྫོགས་པར་དགེ་བའི་བསམ་བློ་སྐྲུན་པའི་བྱེད་ལས་དང་ལྡན་པ་ཡིན། “ལམ་དབུ་མ་” ཞེས་མི་རྟག་པའི་ཚིག་རྐང་འདི་ལ་གཏིང་ཟབ་པའི་འགྲེལ་ཚུལ་ཞིག་ཀྱང་ཡོད། དེ་ནི་དབུ་མའི་ལུགས་ལྟར་འགྲེལ་བརྗོད་ཀྱང་བྱེད་ཆོག མི་རྟག་པ་ནི་དབུ་མའི་ལྟ་གྲུབ་ལ་གོ་རྟོགས་རྙེད་པའི་རྨང་གཞི་ལྟ་བུ་དེ་ཡིན་པ་དང་། དེས་བདག་རྫུས་མའི་བསམ་བློ་དེ་མེད་པ་བཟོ་བ་དང་ཀུན་རྫོབ་ཀྱི་བདག་གི་གནས་ལུགས་དེ་སྒྲུབ་པར་ང་ཚོར་རོགས་བྱེད་ཀྱི་ཡོད།

སེམས་རྣམ་གཡེང་དུ་མི་ཤོར་བར་ཆོས་ལ་དམིགས་པ་གཏད་པའི་རྗེས་སུ་ང་ཚོས་གཤམ་གྱི་གནད་དོན་དག་ངེས་པར་དུ་ལག་བསྟར་བྱེད་དགོས། འཛམ་གླིང་འདིའི་ནང་ཡོངས་གྲགས་ཅན་གྱི་ཆོས་ཟབ་མོ་མང་པོ་ཡོད་ནའང་། ང་ཚོ་ཆོས་ཉམས་ལེན་ལ་མཐའ་གཅིག་ཏུ་གོ་ཤེས་ཅན་ཆགས་པའི་རྗེས་སུ་དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་བཅུད་ལྟ་བུ་རྗེ་བླ་མ་ཙོང་ཁ་པའི་ཆོས་ཚུལ་རིང་ལུགས་མཆོག་ཏུ་གྱུར་བ་འདིའི་རྗེས་སུ་འབྲོང་ཐབས་བྱ་རྒྱུ་དེ་ནི་ཡག་ཤོས་ཡིན། དེའི་ཆེད་དུ་ང་ཚོས་བཤད་སྒྲུབ་གཉིས་ལྡན་གྱི་ཆོས་མདོ་དང་སྔགས་གཉིས་ཟུང་དུ་འབྲེལ་ནས་ཉམས་ལེན་བྱེད་དགོས། དེ་ལྟར་བྱེད་པར་ང་ཚོས་ལམ་གྱི་ངོ་བོ་དང་། གོ་རིམ། གྲངས་བཅས་རྟོགས་པའི་སྒོ་ནས་དེ་དག་ལ་ཡང་དག་པར་འཇུག་དགོས། དཔེར་ན། ང་ཚོས་མདོའི་སྔོན་དུ་གསང་སྔགས་ཉམས་ལེན་བྱ་མི་ཉན་པ་དང་མི་ལུས་རིན་ཆེན་དང་། ཉེན་མེད་ཀྱི་ཁ་ཕྱོགས་ཏེ་སྐྱབས་འགྲོ། རྟེན་ཅིང་འབྲེལ་བར་འབྱུང་བ་སོགས་ཀྱི་སྐོར་གོ་རྟོགས་མེད་པར་བྱང་ཆུབ་ཀྱི་སེམས་ལ་སློབ་སྦྱོང་བྱ་མི་ཉན་པ་ལྟ་བུ་རེད།

ང་ཚོས་ཡང་དག་པ་དང་མ་ནོར་བའི་ལམ་ཡོངས་སུ་རྫོགས་པ་དང་དེའི་ཆོས་ཀྱི་སྙིང་བཅུད་ཀྱི་བག་ཆགས་དང་ས་བོན་རྣམས་ཉིན་རེ་བཞིན་དུ་སོ་སོའི་སེམས་སྟེང་དུ་འདེབས་ཐབས་བྱེད་དགོས། ཇི་ལྟར་ཚོང་པ་ཚོས་ཉིན་རེ་བཞིན་གང་ཐུབ་ཅི་ཐུབ་ཀྱིས་ཚོང་ཟོག་རྣམས་འཚོང་ཐབས་བྱེད་པ་ནང་བཞིན་ང་ཚོས་ཀྱང་དགེ་བའི་ནུས་པ་གང་ཐུབ་ཅི་ཐུབ་གསོག་པའི་ཕྱིར། ཉིན་རེ་བཞིན་དུ་ས་བོན་དཀར་པོའམ་དགེ་བའི་ས་བོན་གང་མང་འདེབས་ཐབས་བྱེད་དགོས། ཉམས་ལེན་དངོས་ཀྱི་ནང་ང་ཚོས་མདོ་སྔགས་ཐུན་མོང་གི་གཞུང་སྙིང་པོར་བསྡུས་པ་ཡོན་ཏན་གཞི་གྱུར་མ་ཞེས་བྱ་བ་ལ་བཤར་སྒོམ་བྱ་ཆོག གཞུང་དེ་ནི་ང་ཚོས་བློ་འཛིན་བྱས་ཏེ། དལ་ལྷོད་ངང་ནས་འདོན་པ་དང་སྒོམ་རྒྱག་དགོས། དེ་ནི་སྦྱོར་མཆོད་ཀྱི་སྔོན་འགྲོའི་ཉམས་ལེན་གྱི་ནང་དུའང་ཡོད་པ་རེད། གཞུང་གཞན་ཞིག་ནི་ལམ་རིམ་བསྡུས་དོན་ཞེས་བྱ་བ་ཕ་རོལ་ཏུ་ཕྱིན་པ་དྲུག་བརྗོད་བྱར་བཀོད་པ་དེ་རེད། གཞུང་འདི་ནི་ཡོན་ཏན་གཞི་གྱུར་མ་ནང་བཞིན་གསལ་ཁ་དོད་པོ་མེད་ནའང་། དེའི་ནང་བཟང་སྤྱོད་ཀྱི་ཚུལ་ཁྲིམས་རྣམ་པ་གསུམ་ཡོད་པ་དང་དེའི་ནང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོད་པ་རེད། བཤར་སྒོམ་འདི་ལ་ང་ཚོས་ཉམས་ལེན་བྱེད་ཆོག་པའི་དཔེ་ཆ་གཞན་ཞིག་ནི་ལམ་རིམ་ནང་གི་བླ་མ་མཆོད་པའི་སྐབས་དེ་རེད། བཤར་སྒོམ་ནི་ང་ཚོས་གང་སྦྱངས་པ་རྣམས་ལ་བསྐྱར་སྦྱོང་བྱེད་པའི་ཐབས་ལམ་ཕན་ནུས་ཅན་ཞིག་ཡིན་པ་དང་། དེས་གང་སྦྱངས་པ་རྣམས་ང་ཚོའི་སེམས་ནང་ཕྱོགས་གཅིག་ཏུ་བསྡུས་ནས་གུང་བསྒྲིགས་པར་ཕན་གྱི་ཡོད། དེ་ནི་ས་ཆ་རྣམས་གང་དུ་ཡོད་པ་མཐོང་བའི་ཕྱིར་ས་ཁྲ་ཞིག་ལ་བསྐྱར་ཞིབ་བྱེད་པའམ། ཡང་ན་རི་རྩེ་ནས་རྒྱ་ཐང་ཡོངས་སུ་རྫོགས་པ་ལ་གནམ་ཐོག་གི་མཐོང་རྒྱ་ལ་བལྟ་བ་དང་འདྲ་པོ་རེད།
 
ད་ལྟ་ལམ་རིམ་གྱི་མྱོང་རྟོགས་ཞིག་འཐོབ་རྒྱུ་དཀའ་ལས་ཁག་པོ་ཡིན་སྲིད་ཀྱང་། བཤར་སྒོམ་དེ་ཉིན་རེ་བཞིན་བྱེད་པ་དེས་ཕྱོགས་བསྡུས་ཀྱི་ཆོས་ཡོངས་སུ་རྫོགས་པའི་གདམས་ངག་རྣམས་རང་གི་སེམས་ནང་ས་བོན་འདེབས་ཀྱི་ཡོད། ང་ཚོས་ལམ་རིམ་སྒོམ་པའི་སྐབས། གདམས་ངག་ནང་འཁོད་པའི་ཡང་དག་པའི་རྒྱུད་རིམ་གྱི་རྗེས་སུ་འཇུག་དགོས་ཀྱི་ཡོད། ཐོག་མར་ང་ཚོས་བྱང་ཆུབ་ཀྱི་སེམས་སྐྱེད་དགོས་པ་དང་མཇུག་ཏུ་བསྔོ་བ་བྱེད་དགོས། ང་ཚོས་ཆོས་ཐུན་གྱི་ཐོག་མར་ཀུན་སློང་བཅོས་པའི་སྐབས། གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ང་ཚོས་སྒོམ་རྒྱག་གི་ཡོད་ཅེས་བསམ་དགོས། གལ་ཏེ་འདི་འདྲ་ཞིག་མ་བྱུང་ན། མ་མཐར་ཡང་ང་ཚོར་ངེས་འབྱུང་དགོས་ཀྱི་ཡོད། སྒོམ་གྱི་མཇུག་ཏུ་ང་ཚོས་དགེ་བའི་ནུས་པའམ་བསོད་ནམས་གང་བསགས་པ་རྣམས་སེམས་ཅན་གྱི་བདེ་སྐྱིད་དང་དེ་དག་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ཕྱིར་དུ་བསྔོ་དགོས། འདི་ལྟ་བུའི་ཉམས་ལེན་གྱི་རིགས་ལ་འཇུག་པའི་སྒོ་ནས་རང་ལ་ཐོབ་པའི་དལ་འབྱོར་མི་ལུས་རིན་ཆེན་ལ་སྙིང་པོ་ལེན་དགོས་ཞེས་ངས་ནན་སྐུལ་བྱེད་ཀྱི་ཡོད། “སྙིང་པོར་ལེན་པ་” ལ་འགྲེལ་ཚུལ་གྱི་རིམ་པ་གསུམ་ཡོད་དེ། ཆེ་བ་དང་། འབྲིང་བ། ཆུང་བ་བཅས་གསུམ་ཡོད། ཆེ་བ་ནི་ཚེ་འདིའི་ནང་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་དང་། འབྲིང་བ་ནི་ཉོན་མོངས་རགས་པ་ཀུན་དང་བྲལ་བའི་ཐར་པ་ཐོབ་པ། ཆུང་བ་ནི་ངན་སོང་གི་སྐྱེ་བ་ལས་ཐར་བར་བྱ་རྒྱུ་བཅས་རེད།

བསྔོ་བ།

ཚུལ་དེ་ལྟར་བསྒྲུབ་པའི་དགེ་བ་དང་བསོད་ནམས་ཀྱི་ཚོགས་བསགས་པའི་མཐུས་ང་ཚོས་སྡུག་བསྔལ་གྱི་འབྱུང་ཁུངས་རྟག་པར་འཛིན་པ་དང་། འདོད་ཆགས། ཞེ་སྡང་བཅས་དང་བྲལ་ཞིང་། དམིགས་བསལ་འཁོར་བ་སྡུག་བསྔལ་གྱི་རྩ་བ་ནི་ཡུལ་ལ་བདེན་པར་འཛིན་པའི་བདེན་འཛིན་དེ་ཡིན་པས། དེ་བཅོམས་ཏེ། མཐར་བདག་གཞན་ཐམས་ཅད་དཔལ་འཆི་བ་མེད་པའི་གནས་ཐོབ་པར་ཤོག

ད་ལྟ་བསྟན་པ་ཉམས་པའི་དུས་སུ་ང་ཚོས་ཆོས་ཉམས་ལེན་ཉིན་གཅིག་བྱེད་པ་ནི་བསྟན་པ་རྒྱས་པའི་སྐབས་སུ་བཟང་སྤྱོད་དང་དགེ་བའི་ལས་བརྒྱ་ཕྲག་མང་པོ་བྱས་པ་ལས་ལེགས་པ་ཡོད། ཆོས་ཉམས་ལེན་ཟེར་བ་ནི་སེམས་བཟང་པོ་དང་ལྡན་ཞིང་། གཞན་ཕན་གྱི་སེམས་དང་ལྡན་པ། བསམ་ཤེས་ལྡན་པ། སྙིང་རྗེ་ཅན། གཞན་གནོད་སྤོང་བ་བཅས་ཡིན། འདི་ནི་བླ་མ་རྣམས་ཀྱི་བཀའ་དྲིན་གསབ་སྟངས་ཤིག་རེད། རང་གི་སེམས་ནང་སྡང་བ་ཡོད་བཞིན་དུ་སྙིང་རྗེ་ཅན་ཡིན་ཁུལ་བྱ་རྒྱུའི་ཚབ་ལ་ཟོག་རྫུ་དང་བྲལ་བའི་སྒོ་ནས་ཆོས་ཉམས་ལེན་བྱ་རྒྱུ་ནི་ལེགས་ཤོས་ཡིན། དེའང་རྗེ་བཙུན་མི་ལ་རས་པས། “སོ་སོ་རང་ཉིད་ཀྱི་བདེ་སྐྱིད་ཁོ་ནའི་དོན་དུ་མ་འབད་པར། གཞན་དོན་དུ་འབད་དགོས། འདི་ནི་ཕ་བླ་མའི་དྲིན་ལན་གསབ་སྟངས་རེད་” ཅེས་གསུངས། 

ཆོས་ལ་ཐོག་མར་བཞུགས་མཁན་གྱི་ལས་དང་པོ་བ་རྣམས་ཆོས་ལ་སྤྲོ་བའི་སྒོ་ནས་འཇུག་ཚུལ་ཡག་ཤོས་ནི། ཐོག་མར་གནོད་བྱེད་མི་དགེ་བའི་ལས་བཅུའི་སྐོར་སྦྱོང་དགོས་པ་དང་། དེ་དག་སྤོང་དགོས་ཀྱི་ཡོད། དེ་ནས་རིམ་པས་སོ་སོའི་ཉམས་ལེན་གོང་འཕེལ་བཏང་ནས་སྒོམ་ལ་འཇུག་ཆོག ཐོག་མ་ཉིད་ནས་ལམ་སེང་སྒོམ་ལ་འཇུག་པ་དེས་རང་ཉིད་བསུན་གཙེར་དང་ “རླུང་” གི་ནད་འབྱུང་བ། དེ་བཞིན་མགོ་རྨོངས་པ་སོགས་ཡོང་བའི་རྒྱུ་བྱེད་སྲིད་པས། དེ་ལ་བརྟེན་ནས་སྒོམ་ལ་ཞེ་སྡང་ལས་སླ་པོའི་སྒོ་ནས་སྐྱེད་སྲིད་པ་རེད། འདི་ནི་གནོད་པ་དང་བྲལ་ཞིང་ཧ་ཅང་བརྟན་པོ་ཞིག་ཡིན་པ་དང་། ཆོས་ཉམས་ལེན་ལ་རྨང་གཞི་རྫུས་མ་ཞིག་མིན། ཕན་བྱེད་དགེ་བའི་ལས་བཅུ་པོ་ཉམས་སུ་ལེན་པའི་སྐབས། ང་ཚོས་བཟང་སྤྱོད་ཀྱི་ཆེ་མཐོང་གོང་འཕེལ་གཏོང་དགོས་པ་དང་། ང་ཚོའི་བྱ་སྤྱོད་ཀྱིས་གཞན་ལ་ཇི་ལྟར་ཕན་གནོད་འགྲོ་གི་ཡོད་པར་གཟབ་ནན་བྱེད་དགོས། དྲན་པ་དང་ཤེས་བཞིན་བསྟེན་དགོས། ང་ཚོས་སོ་སོའི་འདོད་མོས་དང་གང་དགའ་དགའ་དེ་བྱ་མི་ཉན་པར། ང་ཚོས་གྱོན་ཆས་གང་གྱོན་པ་དང་། ལས་ཀ་གང་བྱེད་པ། བསམ་བློ་གང་གཏོང་བ། སྐད་ཆ་གང་བཤད་པ་དེས་གཞན་དག་ལ་ཤུགས་རྐྱེན་གང་སྤྲོད་ཀྱི་ཡོད་པར་བསམ་མནོ་གཏོང་དགོས། གལ་ཆེ་ཤོས་ལ། ང་ཚོས་གཞན་ལ་གནོད་ནམ་ཡང་སྐྱེལ་མི་ཉན།།

Top