གལ་སྲིད་སངས་རྒྱས་ཀྱི་ཆོས་ང་ཚོས་ཉམས་ལེན་བྱ་རྒྱུའི་འདོད་པ་ཡོད་ན། སྒོམ་ནི་གལ་ཆེ་བའི་བརྗོད་གཞི་ཞིག་ཡིན་པ་གསལ་པོ་རེད། འོན་ཀྱང་སྒོམ་ནི་ནང་པའི་ཐུན་མིན་གྱི་ཁྱད་ཆོས་གང་ཡང་མ་ཡིན། ང་ཚོས་རྒྱ་གར་གྱི་སྲོལ་རྒྱུན་ཆོས་ལུགས་ཚང་མའི་ནང་སྒོམ་ཡོད་པ་ཤེས་ཀྱི་ཡོད་ལ། དེར་མ་ཟད། རྒྱ་གར་གྱི་ཕྱི་རོལ་ཏུ་ནང་པ་མིན་པའི་སྲོལ་རྒྱུན་ནང་དུའང་སྒོམ་ཡོད།
ལེགས་སྦྱར་གྱི་སྐད་དུ་སྒོམ་ལ་བྷཱ་ཝ་ན་ (bhavana) ཞེས་ཟེར་ཞིང་། བྷཱ་ཝ་ན་ཞེས་པ་བྷཱུ་ (bhu) ཞེས་པའི་བྱ་ཚིག་ལས་བྱུང་ཞིང་། དེའི་དོན་ནི་སྒྱུར་བའམ་ཆོས་ཤིག་གཞན་ཞིག་ཏུ་སྒྱུར་བར་ཟེར། དེ་ནས་བྷཱ་ཝ་ན་ནི་བརྒྱུད་རིམ་གང་ཞིག་ལ་བརྟེན་ནས་ང་ཚོས་སེམས་ཀྱི་གནས་བབས་ཕན་ཐོགས་ཅན་རང་རྒྱུད་ལ་སྐྱེད་ཚུལ་གཞན་གྱི་དྲུང་ནས་ཆོས་ཉན་ཏེ། བརྡ་དོན་གྱི་དབང་དུ་བྱས་ན། ང་ཚོ་གནས་བབས་དེར་བསྒྱུར་བར་གོ་བ་ཡིན། ཡང་ཕྱོགས་གཞན་ཞིག་ནས། སྒོམ་བརྒྱབ་པ་ལ་བརྟེན་ནས་ང་ཚོས་སོ་སོའི་སེམས་དམིགས་བསལ་ཕན་ཐོགས་ཅན་གྱི་གནས་བབས་ཤིག་ཏུ་སྒྱུར་གྱི་ཡོད།
བྷཱ་ཝ་ན་ཞེས་པ་ལེགས་སྦྱར་གྱི་སྐད་བྷཱུ་ཞེས་པའི་རྩ་བའི་ཚིག་ལས་བྱུང་སྟབས། སྒྱུར་བ་ཞེས་པའི་ཚིག་གིས་འགྱུར་ལྡོག་ཅིག་སྟོན་གྱི་ཡོད། དཔེར་ན། གལ་ཏེ་ང་ཚོས་བརྩེ་བའི་ཐོག་སྒོམ་རྒྱག་གི་ཡོད་ན། ང་ཚོས་རང་ཉིད་ཀྱི་སེམས་ནང་བརྩེ་བ་ཡོད་མཁན་ཞིག་ཏུ་འགྱུར་ལྡོག་གཏོང་གི་ཡོད། ཐ་སྙད་དེ་ལེགས་སྦྱར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་སྐབས། དེ་དང་བསྟུན་ནས་གོམས་པ་ཞེས་པའི་དོན་སྟོན་པའི་ཚིག་ཏུ་བསྒྱུར་ཡོད། དེ་ལ་བོད་སྐད་ནང་སྒོམ་ཞེས་ཟེར་བ་ཡིན། སྒོམ་ཞེས་པ་ནི་ཕན་བྱེད་དགེ་བའི་ཆོས་ཤིག་ལ་གོམས་འདྲིས་སུ་འཇགས་པར་བྱེད་པའི་དོན་ཡིན་པ་ལས་གནོད་བྱེད་མི་དགེ་བ་དང་བཏང་སྙོམ་གྱི་ཆོས་ལ་གོམས་འདྲིས་བྱེད་ཀྱི་མེད། དེ་ལ་བརྟེན་ནས་ཕན་བྱེད་དགེ་བའི་གོམས་གཤིས་ཤིག་འཇགས་ཀྱི་ཡོད།
བོད་སྐད་དུ་སྒོམ་ཞེས་པ་ནི་ནང་དོན་དང་བསྟན་དོན་གྱི་ཆ་ནས་ལེགས་སྦྱར་གྱི་སྐད་དང་ཧ་ཅང་འདྲ་པོ་ཡོད། ཐ་སྙད་དེ་གཉིས་ཀའི་བསྟན་དོན་ནི་ང་ཚོ་རང་ཉིད་ལ་དམིགས་ཡུལ་ཡོད་པ་ནང་བཞིན་དམིགས་ཡུལ་དེ་དང་འདྲ་བ་སྒྱུར་བར་བྱེད་པ་ལ་ཟེར། དཔེར་ན། ང་ཚོའི་སེམས་ནངབརྩེ་བ་ཡོད་པའི་གང་ཟག་ཅིག་བྱུང་འདོད་ན། བརྩེ་བ་དེ་ཕན་ཐོགས་ཅན་གྱི་གོམས་གཤིས་སུ་ང་ཚོས་སྒྱུར་ཐབས་བྱེད་དགོས། དེ་ལྟ་བུའི་ཕན་ཐོགས་ཅན་གྱི་གོམས་གཤིས་དེ་རྒྱུད་ལ་འཇགས་པའི་ཐབས་དེ་ནི་སྒོམ་རེད།
ཆོས་ཉན་པ།
སངས་རྒྱས་ཀྱི་སྔོན་དུ་རྒྱ་གར་ནང་བཞུགས་པའི་རྒྱ་གར་གྱི་ལྟ་གྲུབ་ཀྱི་གཞུང་གཙོ་བོ་ནི་རིག་བྱེད་ཀྱི་ཨུ་པ་ནི་ཥ་ད་ (Upanishad) ཞེས་པའི་གཞུང་ཡིན་པ་དང་། གཞུང་དེ་དག་ནང་དུ་སྔོན་ཚུད་ནས་སྒོམ་གྱི་སྐོར་ཡོད། ཨུ་པ་ནི་ཥ་དའི་གཞུང་གི་ནང་། སྒོམ་ནི་ཐོས་བསམ་སྒོམ་གསུམ་གྱི་གོ་རིམ་གསུམ་གྱི་ཐོག་ནས་གོ་སྡུར་བྱས་ཡོད། གོ་རིམ་གསུམ་པོ་དེ་སངས་རྒྱས་ཀྱིས་གསར་གཏོད་མཛད་པ་ཞིག་མིན་པར་སྐབས་དེ་དུས་ནས་ཡོད། དེར་བརྟེན་གལ་སྲིད་ང་ཚོས་གོམས་གཤིས་བཟང་པོ་ཞིག་བཟོ་འདོད་ན། དང་པོ་ཐོས་པ་དགོས་པ་དང་། དེ་ནས་བསམ་ཞིབ་བྱས་ནས་ཤེས་པར་བྱེད་དགོས་པ། མཐར་སྒོམ་གྱི་ནང་འདུ་དགོས་པ་གསལ་པོ་རེད།
གལ་སྲིད་ང་ཚོས་ནང་ཆོས་སྐོར་གང་ཡང་མི་ཤེས་ན། དང་པོ་ང་ཚོས་ནང་ཆོས་ཀྱི་རྨང་གཞིའི་ཤེས་བྱ་ཁག་ཤེས་པ་དང་ཤེས་པ་དེ་དག་ཡང་དག་པ་ཞིག་ཡིན་པར་ངེས་བརྟན་བཟོ་དགོས། ཡང་དག་པའི་རྨང་གཞིའི་ཤེས་བྱ་དེ་དག་གི་ཐོག་ནས་དམ་པའི་ཆོས་ལ་དོ་སྣང་གི་གཞི་རྟེན་ཡིད་རྟོན་འཕེར་བ་ཞིག་རྙེད་ཐུབ། འོན་ཀྱང་སངས་རྒྱས་ཞལ་བཞུགས་པའི་སྐབས། ལྟ་གྲུབ་ཀྱི་ཆོས་རྣམས་ཡིག་ཐོག་ཏུ་བཀོད་པ་མེད། དེ་དག་ཕྱོགས་སྒྲིག་ཐོག་ཡིག་གེར་བཀོད་པ་ནི་དུས་རབས་ཁ་ཤས་ཀྱི་རྗེས་སུ་བྱུང་། དེར་བརྟེན་གོ་རིམ་གསུམ་གྱི་ནང་ནས་ཐོག་མ་ཐོས་པ་དགོས་གལ་ཆེ་བ་ནས་འགོ་ཚུགས་པའམ། ཡང་ན་ཆོས་ཉན་པའི་ཐད་ལ་མངོན་གསལ་དོད་པོ་གསུངས་ཡོད།
དེང་སང་གོ་རིམ་དང་པོའི་ནང་། དཔེ་དེབ་ཀློག་པའམ་དྲྭ་ཐོག་ནས་རང་གིས་གོང་འཕེལ་གཏོང་འདོད་ཡོད་པའི་ཉམས་ལེན་གྱི་རིགས་སམ་སེམས་ཀྱི་སྐོར་ལྟ་ཀློག་བྱེད་པ་སོགས་ཡོད། ཡིན་ནའང་གནད་དོན་དེ་ནི་རྩོད་གཞི་ཞིག་ཡིན། གང་ཡིན་ཟེར་ན། ང་ཚོས་ཆོས་ཤིག་བླ་མའི་དྲུང་ནས་ཐད་ཀར་ཐོས་སྐབས། ང་ཚོའི་མདུན་དུ་བླ་མ་བཞུགས་པ་སོང་ཙང་། དོན་དངོས་ཐོག་དེར་དམིགས་བསལ་གྱི་འཁོར་ཡུག་ཅིག་སྐྲུན་གྱི་ཡོད། དཔེར་ན། དཔེ་དེབ་ནི་ལྟ་ཀློག་ཆེད་དུ་ངེས་པར་དུ་རྩོམ་དགོས་ཀྱི་ཡོད་ཀྱང་། དགེ་རྒན་ཞིག་གི་དྲུང་ནས་གསུང་ཆོས་དངོས་སུ་ཉན་སྐབས་དཔེ་དེབ་ཀློག་པ་ལས་ལྷག་པའི་སེམས་སྐུལ་ཞིག་ཡོང་ངེས་རེད། དེ་ནི་ང་ཚོའི་ཉིན་རེའི་མི་ཚེའི་ནང་དངོས་སུ་བྱུང་བའི་མྱོང་བ་ཞིག་ཡིན། དཔེ་ཆ་བཞག་ན། རང་ཉིད་རོལ་དབྱངས་འདུ་འཛོམས་ཤིག་ལ་དངོས་སུ་ལྟད་མོ་ལྟ་བ་ཕྱིན་ན། དེའི་མྱོང་བ་ནི་ཕྱིས་སུ་ནང་ལ་བརྙན་འཕྲིན་ནམ་འོད་སྡེར་ནང་བལྟ་བ་ལས་ལྷག་པའི་མྱོང་ཚོར་ཤུགས་ཆེ་བ་དང་སེམས་སྐུལ་ཆེ་བ་ཞིག་ཡོང་གི་ཡོད། དེ་ནི་མྱོང་བ་མི་འདྲ་བ་ཞིག་ཡོད།
ང་ཚོས་གསུང་ཆོས་ཉན་པའི་སྐབས། ཐོས་དོན་གནད་ལ་སྨིན་པའི་གདམ་ངག་ཡག་ཤོས་ནང་གི་གཅིག་ནི། རྫ་བུམ་ལྟ་བུའི་ཉན་པ་པོའི་སྣོད་ཀྱི་སྐྱོན་གསུམ་དང་བྲལ་བ་དགོས།
- དང་པོ་སྣོད་ཁ་བུབ་པ་ནང་བཞིན་གྱི་སྐྱོན་སྤོང་དགོས། སྣོད་ཁ་བུབ་ན་ནང་དུ་གང་ཡང་བླུག་མི་ཐུབ། ཕྱོགས་གཞན་ཞིག་ནས་བཤད་ན། གལ་ཏེ་ང་ཚོའི་སེམས་ཁ་བུབ་ཡོད་ན། ང་ཚོས་ག་ཚོད་ཐོས་པ་བྱས་ཀྱང་གང་ཡང་ཤེས་ཀྱི་མ་རེད།
- གཉིས་པ་སྣོད་ཞབས་རྡོལ་བ་ནང་བཞིན་གྱི་སྐྱོན་སྤོང་དགོས། སྣོད་ཞབས་རྡོལ་ན། དེའི་ནང་གང་བླུགས་ཀྱང་གང་ཡང་འཚོག་མི་ཐུབ་པར་ཨི་ཁུང་བརྒྱུད་ཕྱིར་འགྲོ་ངེས་རེད། དབྱིན་སྐད་ནང་བརྗོད་ཚུལ་ཞིག་ཡོད་ནི། “རྣ་བ་གཅིག་ནས་ཉན་ཏེ་གཞན་ནས་ཕྱིར་གཏོང་བ་” ཞེས་ཟེར་གྱི་ཡོད། ང་ཚོས་དེ་སྤོང་དགོས་ཀྱི་ཡོད།
- གསུམ་པ་སྣོད་མི་གཙང་བ་ནང་བཞིན་གྱི་སྐྱོན་སྤོང་དགོས། སྣོད་བཙོག་པ་ཞིག་གི་ནང་ཆུ་གཙང་མ་ཞིག་བླུགས་ན། ཆུ་དེ་ངང་གིས་བཙོག་པ་ཆགས་རྒྱུ་རེད། ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོར་སྔོན་ཚུད་ཀྱི་རྣམ་རྟོག་མང་པོ་ཡོད་པའི་སྐབས། རྣམ་རྟོག་དེ་དག་གིས་ཤེས་བྱ་གསར་པའི་གོ་རྟོགས་མི་གཙང་བ་བཟོ་གི་ཡོད། མི་ཞིག་གིས་གང་བཤད་པར་ཉན་པ་ཙམ་མིན་པར། དེ་ལས་ལྡོག་སྟེ། ཤེས་བྱ་གསར་པ་དེ་སོ་སོའི་རྟོག་པའི་འཆར་སྣང་དང་སྲེ་སྦྱོར་བྱེད་ཀྱི་ཡོད།
སྐྱོན་དེ་དག་སྤོང་བའི་ཐབས་ལ། ང་ཚོས་ཆོས་ཤིག་ཐོས་པའི་རྗེས་སུ། དེ་དག་ཟིན་བྲིས་འདེབས་རྒྱུའམ་སྒྲ་འཇུག་བྱེད་རྒྱུ་དེ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། དེ་ལྟར་བྱུང་ན། ང་ཚོས་གང་གསུངས་པའི་གཙོ་གནད་རྣམས་ཚུལ་བཞིན་དུ་དྲན་ཐུབ་པ་ཡོང་གི་ཡོད། གལ་ཏེ་སོ་སོར་དྲན་ཤེས་ཧ་ཅང་ཡག་པོ་མེད་ན། དེ་ལྟར་བྱ་རྒྱུ་ཕན་ཐོགས་ཆེན་པོ་ཡོད། འོན་ཀྱང་ང་ཚོ་མང་པོ་ཞིག་ལ་དྲན་པ་ཡག་པོ་མེད། ང་ཚོས་ཐོས་པ་དེ་མ་བྲིས་པར་ག་ཚོད་རྒྱུན་རིང་པོ་བསྒུགས་ན། དེའི་ཚོད་ཀྱིས་རྣམ་རྟོག་གིས་ང་ཚོའི་དྲན་ཤེས་མི་གསལ་བར་བྱེད་ཀྱི་རེད། ཐ་ན་ང་ཚོས་གང་ཐོས་པ་དེ་ཡིག་ཐོག་ཏུ་བཀོད་པའམ་སྒྲ་འཇུག་བྱས་ཀྱང་། བསྐྱར་ལྡབ་ཡང་ལྡབ་ཀྱིས་ཉན་དགོས། ཆོས་རྣམས་ཟིན་བྲིས་སུ་བཀོད་པའི་དཔེ་དེབ་དཔེ་ཁྲི་སྒང་ལ་བཞག་པ་ཙམ་དང་། གློག་ཀླད་ཀྱི་ཡིག་སྣོད་ནང་ཉར་འཚག་བྱེད་པ། ཡང་མིན་ན་ཀུ་ཤུ་རྟགས་ཅན་གྱི་ཉན་བྱེད་འཕྲུལ་ཆས་ (iPod) ནང་ཡོད་པ་ཙམ་གྱིས་འགྲིགས་ངེས་ཤིག་མེད།
ས་སྐྱའི་སློབ་དཔོན་ཆེན་པོ་བསོད་ནམས་རྩེ་མོས་ནང་ཆོས་ཉམས་ལེན་ལ་འཇུག་པར་གང་དགོས་པའི་སྐོར་གསུངས་པ་ནི།
- དང་པོ་ང་ཚོས་སོ་སོར་དཀའ་ངལ་ཡོད་པ་དང་སྡུག་བསྔལ་གྱིས་མནར་བཞིན་ཡོད་པ་ངོས་ལེན་བྱེད་དགོས།
- དེ་ནས་སྡུག་བསྔལ་གྱི་གནས་སྟངས་དེ་དག་ལས་བྲལ་འདོད་ཀྱི་བསམ་པ་སྐྱེ་དགོས།
- མཐར་སྡུག་བསྔལ་ལས་བྲལ་བའི་ཐབས་སུ་ནང་ཆོས་ལ་དོ་དབྱིངས་བྱེད་དགོས།
ང་ཚོ་གསར་འབྱོར་བའམ་ནང་ཆོས་ལ་ཐོག་མར་འཇུག་མཁན་ཡིན་པའི་སྐབས། བློ་རྒྱ་ཡངས་པོ་དགོས་ལ་གང་སྦྱངས་པ་རྣམས་མུ་མཐུད་ཉར་ཐབས་བྱེད་དགོས། འོན་ཀྱང་གལ་ཆེ་ཤོས་ནི། ང་ཚོས་ནང་ཆོས་ཐོས་དགོས་པ་དང་གང་ཐོས་པ་རྣམས་དབྱེ་ཞིབ་བྱ་རྒྱུའི་དོ་སྣང་དང་ཀུན་སློང་དགོས། དེ་ཡང་ང་ཚོས་གང་ཐོས་པ་དེ་ཉམས་སུ་བླངས་ན་རང་གི་དཀའ་ངལ་རྣམས་སེལ་བར་ཕན་ཐོགས་ཡོད་མེད་ཐག་གཅོད་བྱེད་པ་ལ་དབྱེ་ཞིབ་དང་དཔྱད་པ་བྱེད་དགོས། ང་ཚོས་ནང་ཆོས་སྦྱོང་བ་དེ་སློབ་གྲྭ་ལྟ་བུའི་ནང་ཡིག་རྒྱུགས་འཕྲོད་པའི་ཆེད་དུ་མིན་ལ། སོ་སོའི་སྦྱང་པའི་ཡོན་ཏན་གྱིས་གཞན་ལ་ཡིད་སྨོན་སྐྱེ་རུ་འཇུག་ཆེད་ཀྱང་མ་ཡིན། ང་ཚོས་ནང་ཆོས་ཐོས་བསམ་བྱེད་པ་ནི་རང་གི་དཀའ་ངལ་སེལ་ཆེད་རང་ལ་འཚམ་པའི་ཐབས་ལམ་དང་སོ་སོའི་མི་ཚེའི་ནང་ཕན་ཐོགས་ཡོད་པའི་ཐབས་ལམ་ཞིག་རྙེད་ཆེད་ཡིན།
ཆོས་ཉན་པའི་སྐབས་ང་ཚོ་རང་ཉིད་དང་སོ་སོའི་ཉེ་འཁོར་གྱི་གནས་སྟངས་ལ་བལྟ་སྟངས་སྣ་ཚོགས་ཡོད། “འདུ་ཤེས་གསུམ་” ཞེས་པའི་ཐབས་ལམ་ནང་། སོ་སོ་རང་ཉིད་ནད་པ་འདྲ་པོ་དང་། དགེ་རྒན་སྨན་པ་འདྲ་པོ། ཆོས་སྨན་འདྲ་པོ་བལྟ་གི་ཡོད། དེ་དག་ནི་ང་ཚོར་ཉོན་མོངས་ལ་བརྟེན་ནས་བྱུང་བའི་ནད་རིགས་དང་དཀའ་ངལ་འདྲ་མིན་ལས་ཐར་བར་རོགས་རམ་བྱེད་པའི་ཆེད་དུ་ཡིན།
ང་ཚོའི་ཉམས་ལེན་ཡར་རྒྱས་གོང་མཐོར་ཕྱིན་པ་དང་། རང་གི་དགེ་རྒན་ལ་བལྟ་བའི་ཚུལ་དང་འབྲེལ་བའི་གདམས་ངག་གཞན་མང་པོ་ཡོད་པ་རེད། དེ་ཡང་དགེ་རྒན་སངས་རྒྱས་ཀྱི་ངོ་བོར་བལྟ་བ་སོགས་ཡོད། འོན་ཀྱང་གདམས་ངག་དེ་དག་ལས་དང་པོ་བ་ཚོའི་ཆེད་དུ་མིན།
ང་ཚོས་གང་ཐོས་པའི་དོན་ལ་བསམ་བློ་གཏོང་བ།
གོ་རིམ་གཉིས་པ་ནི་གང་ཐོས་པ་རྣམས་ལ་བསམ་བློ་གཏོང་རྒྱུ་དེ་རེད། ཐོས་དོན་ཤེས་པའི་ཆེད་དུ་ང་ཚོས་ཆོས་ལ་བསམ་བློ་གཏོང་གི་ཡོད། ཆོས་ཀྱི་དོན་ཚུལ་བཞིན་དུ་ཤེས་པའི་སྐབས་བསམ་བློ་གཏོང་བའི་རྒྱུད་རིམ་གྱི་མཐའ་མའི་དམིགས་དོན་ལ་སླེབ་ཀྱི་ཡོད། ང་ཚོས་ཉམས་ལེན་བྱེད་པའི་ཆེད་དུ་ཆོས་དེ་ཚུལ་བཞིན་དུ་ཤེས་དགོས་པ་ཙམ་མ་ཟད། ཆོས་དེ་ཁུངས་དག་པ་ཞིག་ཡིན་པ་ངེས་ཤེས་སྐྱེ་དགོས་པ་དང་རང་ལུགས་སུ་བསྟེན་དགོས། གང་ཡིན་ཟེར་ན། དེས་ང་ཚོར་དཀའ་ངལ་སེལ་བར་རོགས་རམ་བྱེད་ཀྱི་ཡོད། ང་ཚོས་ད་དུང་ཆོས་དེའི་ནང་གསུངས་པ་དེ་སྒྲུབ་ནུས་པ་ཞིག་ཡིན་པ་གསལ་པོ་ཤེས་ཐུབ། གལ་སྲིད་ང་ཚོས་དེ་སྒྲུབ་མི་སྲིད་པ་ཞིག་ཏུ་བསམ་ན། ང་ཚོས་ཁོང་ཁྲོ་ལས་ནམ་ཡང་ཐར་མི་ཐུབ། དེ་ནས་ཁོང་ཁྲོ་སྤོང་ཆེད་དུ་གསུངས་པའི་ཆོས་ཉམས་སུ་མ་ལེན་པ་ཡིན་ན། ཆོས་ཉམས་ལེན་བྱེད་པའི་དོན་སྙིང་གང་ཡིན་ནམ། ང་ཚོར་ཉམས་ལེན་ལ་བརྟེན་ནས་རང་གིས་དམིགས་པ་དེ་སྒྲུབ་ཐུབ་པར་ངེས་ཤེས་རྙེད་པ་དགོས།
ང་ཚོས་ཆོས་ལ་བསམ་བློ་གཏོང་སྐབས། ཕྱོགས་མང་པོ་ཞིག་ནས་བསམ་བློ་གཏོང་དགོས། དཔེར་ན། གལ་སྲིད་ང་ཚོས་སེམས་ཅན་ཐམས་ཅད་ལ་མཉམ་པར་དམིགས་པའི་བྱམས་པ་གོང་སྤེལ་ཆེད་སྒོམ་གྱི་སྐོར་ལ་བཤད་ཀྱི་ཡོད་ན། དེ་གོང་སྤེལ་གཏོང་ཆེད་ང་ཚོས་ཐབས་སྣ་ཚོགས་ཤིག་ཤེས་དགོས། དཔེར་ན། སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པའི་བྱམས་པ་དེ་གང་ལ་བརྟེན་ཡོད་དམ། དེ་སེམས་ཅན་ཐམས་ཅད་འདྲ་མཉམ་དུ་བལྟ་བ་དང་། ཐམས་ཅད་རང་ལ་དཀའ་དྲིན་ཅན་དུ་བལྟ་བ་སོགས་ལ་བརྟེན་ཡོད། དེར་བརྟེན་ང་ཚོའི་སེམས་ནང་ཀུན་ཁྱབ་ཀྱི་བྱམས་པ་ཞིག་སྐྱེད་པར། བྱམས་པ་ཞེས་པ་དེ་གང་ལ་བརྟེན་ཡོད་པ་རྟོགས་དགོས་པ་དང་། བྱམས་པ་དེ་རང་རྒྱུད་དུ་མ་སྐྱེད་གོང་ནང་གི་རྟོགས་པ་དང་སེམས་ཀྱི་གནས་བབས་གང་ཞིག་གོང་སྤེལ་གཏོང་དགོས་མིན་ཤེས་དགོས།
དེར་མ་ཟད། བྱམས་པའི་ལྡོག་ཕྱོགས་ཀྱི་སེམས་བྱུང་རྣམས་ཀྱི་གཉེན་པོ་ནི་བྱམས་པ་ཡིན་པ་ཤེས་དགོས། ཁྱད་པར་དུ་ལྡོག་ཟླ་དེའང་ཁོང་ཁྲོ་དང་ཞེ་སྡང་ཡིན་པ་གསལ་པོ་ཤེས་དགོས་པ་དང་། བྱམས་པའི་སྟོབས་ཀྱིས་ཁོང་ཁྲོ་སོགས་འཇོམས་པར་བྱས་ནས་དེ་དག་རྩ་བ་ནས་སྤོང་ཐུབ་པ་ཤེས་དགོས། དེ་བཞིན་བྱམས་པས་དེ་དག་མེད་པ་བཟོ་ཚུལ་དེ་ཡང་ཤེས་དགོས་པ་ཡིན།
གཞན་ཡང་། བྱམས་པ་རྒྱུད་དུ་སྐྱེད་དགོས་པའི་དགོས་དོན་ཤེས་དགོས་པ་དང་། དེ་བསྐྱེད་ཟིན་རྗེས་ཕན་ག་རེ་ཐོགས་ཀྱི་རེད་དམ། དེ་ནི་བྱམས་པའི་ཕན་ཡོན་ཤེས་པའི་དོན་ཡིན། དཔེར་ན། ང་ཚོས་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་སྐོར་གྱི་གཞུང་མང་པོར་བལྟ་སྐབས། དམིགས་ཡུལ་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་ཆེད་རང་གི་འཐོབ་བྱར་གྱུར་བའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱ་རྒྱུ་དེ་ཡིན། དེ་ཡང་ནམ་རྒྱུན་བྱང་ཆུབ་སེམས་ཀྱི་ཕན་ཡོན་འགྲེལ་བཤད་བརྒྱབ་པའི་སྒོ་ནས་འགོ་འཛུགས་བྱེད་ཀྱི་ཡོད། གཞུང་གི་ནང་དེ་ལྟར་འགོ་འཛུགས་བྱེད་པའི་དམིགས་དོན་ནི། ང་ཚོའི་མི་ཚེའི་ནང་རང་གི་རྒྱུད་ལ་སྐྱེད་འདོད་པའི་བྱང་ཆུབ་ཀྱི་སེམས་ལ་ངེས་ཤེས་གསལ་པོ་ཡོང་བའི་ཆེད་དུ་ཡིན།
མཐར་ང་ཚོས་ཆོས་ཀྱི་རྒྱུ་མཚན་རིགས་པ་ཤེས་དགོས། དེ་དག་རྒྱུ་མཚན་རིགས་པ་དང་ལྡན་པ་ཞིག་དགོས། ལམ་གྱི་རིམ་པ་དང་བསྟུན་ནས་ཆོས་ཀྱི་ནང་དོན་དངོས་ཞིབ་ཚགས་པོའི་ཐོག་ནས་གོ་བ་ལྡན་པ་ཞིག་དགོས།
དེར་བརྟེན་ང་ཚོས་བསམ་བློ་གཏོང་དགོས་པའི་གནད་དོན་ཧ་ཅང་མང་པོ་ཡོད། དང་པོ་གང་ཞིག་ཡར་རྒྱས་གཏོང་དགོས་མིན་མི་ཤེས་པ་དང་། ང་ཚོའི་རྒྱུད་ཀྱི་ཉོན་མོངས་པའི་སེམས་རྣམས་མེད་པ་བཟོ་ཚུལ་གང་ཡང་མི་ཤེས་པ། དེ་དག་གཉེན་པོ་གང་ཡིན་མི་ཤེས་པར། སྒོམ་གྱི་ཉམས་ལེན་ནང་འཇུག་རྐྱང་བྱེད་པ་ནི་བློ་གྲོས་དང་ལྡན་པའི་བྱེད་སྟངས་ཤིག་མིན། དེའི་དཔེ་ཞིག་ནི། “ཐོས་པ་ནི་རང་གི་ཁའི་ནང་ཟས་བླུག་པ་དང་འདྲ་ཞིང་། ཐོས་དོན་ལ་བསམ་བློ་གཏོང་བ་ནི་ཟས་དེ་འཆའ་བའམ་ལྡད་པ་དང་འདྲ་བ་ཡིན།” གལ་ཏེ་ང་ཚོས་ཡག་པོ་བྱས་ནས་མ་ལྡད་པར་ཁྱུར་མིད་གཏོང་ཐབས་བྱེད་པ་ན། མིད་པ་འགག་རྒྱུ་རེད། དེ་ག་ནང་བཞིན། གལ་ཏེ་ང་ཚོས་ཆོས་ལ་བསམ་བློ་མ་བཏང་བར་སྒོམ་བརྒྱབ་ཐབས་བྱས་ན། དཀའ་ངལ་འཕྲད་རྒྱུ་རང་རེད།
ང་ཚོས་བསམ་བློ་གཏོང་སྟངས་ཀྱི་བརྒྱུད་རིམ་དེ་ལེགས་གྲུབ་ཇི་ལྟར་གཏོང་ཐུབ་བམ། བསམ་བློ་བརྒྱུད་རིམ་ནི་ངས་བརྗོད་པའི་གནད་དོན་ཐད་རང་འདོད་ལྟར་བསམ་བློ་གཏོང་སྟངས་ཤིག་ཡོད། ཡང་ན་ནམ་ཞིག་དེ་གྲུབ་པ་དང་། ནམ་རྒྱུན་འགྲོ་ལུགས་ལྟར་གྱི་བསམ་བློ་བརྒྱུད་རིམ་གྱི་ངོ་བོར་འགྱུར་ཐུབ།
ནམ་རྒྱུན་འགྲོ་ལུགས་ལྟར་གྱི་བསམ་བློའི་རྒྱུད་རིམ།
ནམ་རྒྱུན་འགྲོ་ལུགས་ལྟར་གྱི་བསམ་བློའི་རྒྱུད་རིམ་ཞེས་པ་ནི་རྒྱུ་མཚན་གྱི་རྗེས་སུ་འབྲངས་ནས་འཇུག་པར་གོ་བ་ཡིན། ང་ཚོས་སེམས་ཀྱི་གནས་བབས་ངེས་ཅན་ཞིག་ཡར་རྒྱས་གཏོང་འདོད་སྐབས། དེ་རྒྱུད་ལ་སྐྱེད་དགོས་པ་ཡིན། སེམས་ཀྱི་གནས་སྟངས་དེ་གོ་རིམ་བརྒྱུད་དེ་སྐྱེད་དགོས་པ་དང་། གོ་རིམ་དེ་དག་ནམ་རྒྱུན་རྒྱུ་མཚན་གྱི་ཐོག་ནས་ལག་བསྟར་བྱེད་དགོས། དཔེར་ན། ཆོས་གང་ཞིག་གི་ནང་རྒྱུ་མཚན་རིམ་པར་གཏོགས་ཤིང་དེས་མི་རྟག་པ་ (རྒྱུ་དང་རྐྱེན་ལ་བརྟེན་ནས་སྐད་ཅིག་གི་འགྱུར་བ་ཕྱིན་ནས་མཐར་འཇིག་འགྲོ་བ་ཡིན།) རྟོགས་པར་བྱེད་ཀྱི་ཡོད། ཡང་ན་དེའི་ནང་སྟོང་ཉིད་ (ཆོས་ཐམས་ཅད་ཡིན་པ་མི་སྲིད་པའི་ལམ་ནས་སྒྲུབ་པས་སྟོང་པ།) རྟོགས་པར་ཕན་འདོགས་བྱེད་ཀྱི་རྒྱུ་མཚན་རིམ་པ་བཞིན་ཚུད་ཡོད། རྒྱུ་མཚན་རིགས་པའི་ཐོག་ནས་བྱ་བ་བྱེད་ཚུལ་ལ་བསམ་བློ་བཏང་བར་བརྟེན། མི་རྟག་པ་དང་སྟོང་ཉིད་ཚད་མ་ཡིན་པའི་ངེས་ཤེས་རྙེད་པ་ཙམ་དུ་མ་ཟད། དེ་གཉིས་བདེན་པ་ཡིན་པར་རྒྱུ་མཚན་རིགས་པ་དུ་མས་སྒྲུབ་པར་རྟོགས་ཐུབ། དེ་ཙམ་མ་ཟད། རྒྱུ་མཚན་རིགས་པ་དེ་དག་ལ་བརྟེན་ནས། མི་རྟག་པ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་ཡང་དག་པ་དང་ཐག་ཆོད་པོ་ཞིག་སྐྱེད་ཐུབ། བསམ་བློ་གཏོང་བའི་བརྒྱུད་རིམ་གྱི་ཆ་ཤས་སུ་ངེས་ཤེས་རྙེད་པ་དྲན་དགོས།
གཞན་ཡང་ངེས་པར་དུ་རྒྱུ་མཚན་གྱི་ཐོག་ནས་མིན་པར་གོ་རིམ་བརྒྱུད་ང་ཚོས་སེམས་ཀྱི་གནས་བབས་ངེས་ཅན་ཞིག་རྒྱུད་ལ་སྐྱེད་ཐུབ། དཔེར་ན། གལ་ཏེ་ང་ཚོར་བྱང་ཆུབ་ཀྱི་སེམས་ཡར་རྒྱས་གཏོང་རྒྱུའི་འདོད་པ་ཡོད་ན། བཏང་སྙོམས་རྒྱུད་ལ་སྦྱོང་པ་ལྟ་བུའི་རིམ་པ་འགྲིམས་ནས་སེམས་ཅན་ཐམས་ཅད་སྐྱེ་བ་གྲངས་མེད་པའི་ནང་རང་གི་མ་བྱས་མྱོང་ཡོད་པར་བལྟ་བ་དང་། དེ་དག་གི་དྲིན་དྲན་ནས་དྲིན་བཟོའི་སྤྱོད་ཚུལ་ཞིག་གོང་སྤེལ་གཏོང་བ་སོགས་བྱེད་པ་ལྟ་བུ། དེ་ལྟར་གོ་རིམ་བརྒྱུད་དེ་ང་ཚོར་ངེས་པ་རྙེད་པ་ཡོང་གི་ཡོད་པ་དང་། བྱང་ཆུབ་ཀྱི་སེམས་སྐྱེད་ཐུབ། འདི་ནི་ད་དུང་བསམ་བློའི་བརྒྱུད་རིམ་གྱི་ཆ་ཤས་ཡིན།
བསམ་བློའི་བརྒྱུད་རིམ་ནང་ང་ཚོས་སེམས་ཀྱི་གནས་བབས་གང་འདྲ་ཞིག་རྒྱུད་དུ་སྐྱེད་ཐབས་བྱེད་པ་གསལ་པོ་ཤེས་དགོས་པ་ཡིན། སྒོམ་གྱི་རིགས་ཁ་ཤས་ཀྱིས་ང་ཚོར་ཡུལ་ངེས་ཅན་ཞིག་གི་ཐོག་དམིགས་པ་གཏད་རྒྱུར་ཕན་འདོགས་ཀྱི་ཡོད། དཔེར་ན། སངས་རྒྱས་དམིགས་རྣམ་དུ་བྱེད་པ་ལྟ་བུ་རེད། དམིགས་རྣམ་སངས་རྒྱས་བྱས་ཏེ་སྒོམ་རྒྱག་པར། དེ་ནི་དོ་སྣང་སྒྲིམ་དགོས་པའམ་དམིགས་པ་གཏད་དགོས་པའི་སྒོམ་ཡིན་པ་དང་དེའི་དམིགས་ཡུལ་ནི་ཡུལ་བྱེ་བྲག་པ་དེའི་ཐོག་སེམས་གཏོད་དགོས་པ་ཤེས་དགོས། དཔེར་ན། སྐུ་བརྙན་ཆུང་ཆུང་ཞིག་དང་། ཆ་ཚད་གསུམ་ལྡན་གྱི་གཟུགས་བརྙན། འོད་ལས་གྲུབ་པའི་སངས་རྒྱས་དངོས་ལྟ་བུ་ཞིག་རང་གི་མདུན་དུ་སྨིན་མཚམས་སུ་སྒོམ་དགོས།
ཕྱོགས་གཞན་ཞིག་ནས་སེམས་ཀྱི་གནས་བབས་ངེས་ཅན་ཞིག་ཡར་རྒྱས་གཏོང་ཆེད་སྒོམ་གྱི་རིགས་ཀྱང་མི་འདྲ་བ་ཡོད། དཔེར་ན། བརྩེ་བར་མཚོན་ན། བརྩེ་བ་ནི་ང་ཚོས་དོ་སྣང་བྱེད་སའི་ཡུལ་ཞིག་མིན་པར། དེ་ནི་ང་ཚོས་རྒྱུད་ལ་སྦྱོང་བའི་སེམས་ཀྱི་གནས་བབས་ཤིག་རེད། དེར་བརྟེན་ང་ཚོས་སྒོམ་གང་འདྲ་ཞིག་ཉམས་ལེན་བྱེད་བཞིན་ཡོད་པ་ཤེས་དགོས། ང་ཚོས་ཡུལ་བྱེ་བྲག་པ་ཞིག་གི་ཐོག་དམིགས་པ་གཏད་ཐབས་བྱེད་ཀྱི་འདུག་གམ། ཡང་ན་སེམས་ཀྱི་གནས་བབས་ངེས་ཅན་ཞིག་རྒྱུད་དུ་སྦྱོང་ཐབས་བྱེད་ཀྱི་འདུག །ང་ཚོས་དམིགས་ཡུལ་གང་ཞིག་སྒྲུབ་ཐབས་བྱེད་ཀྱི་ཡོད་པ་སོགས་ཤེས་དགོས།
དེ་གཉིས་ཀའི་ཐད་ང་ཚོས་གནད་དོན་གཉིས་ངེས་པར་དུ་ཤེས་དགོས་པར་རྗེ་ཙོང་ཁ་པ་ཆེན་པོས་ནན་བཤད་གནང་ཡོད་པ་ནི།
- དང་པོ་ང་ཚོས་སེམས་ནང་འཆར་རྒྱུའི་ཡུལ་དེ་གསལ་པོ་བཟོ་དགོས། དེ་ནས་ང་ཚོས་སངས་རྒྱས་དམིགས་རྣམ་དུ་བྱེད་ཚུལ་སྐོར་བཤད་ན་འདྲ། བྱམས་པ་སྒོམ་སྟངས་ཡིན་ན་འདྲ་སྟེ། ང་ཚོའི་སྒོམ་གྱི་ནང་སྣང་བའི་ཡུལ་དེ་གང་ཡིན་ནམ། ཞེས་པ་དེ་གསལ་པོ་བཟོ་དགོས།
- གཉིས་པ་སེམས་ཀྱི་ཡུལ་དེ་འཛིན་ཚུལ་དང་རྟོགས་ཚུལ་ཤེས་དགོས།
གལ་ཏེ་ང་ཚོས་གནད་དོན་དེ་གཉིས་ཐད་གསལ་པོ་མ་བཟོས་ན། སོ་སོས་རྒྱུད་ལ་སྐྱེད་འདོད་པའི་སེམས་དེ་ཇི་ལྟར་སྐྱེད་པར་བྱེད་ཐུབ་བམ།
དཔེར་ན། སྙིང་རྗེར་མཚོན་ན། སྙིང་རྗེའི་དམིགས་པ་ག་རེ་ཡིན་ནམ། དེའི་སྣང་བའི་ཡུལ་གང་ཡིན་ནམ། སྙིང་རྗེ་སྒོམ་པའི་སྐབས་ང་ཚོའི་སེམས་ནང་ཤར་བའི་ཡུལ་ནི་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་སྣ་ཚོགས་པ་རྣམས་ཡིན། ང་ཚོའི་སེམས་དེ་དག་གི་ཐོག་དམིགས་ནས་ཁོང་ཚོའི་སྡུག་བསྔལ་རྒྱུ་དང་བཅས་པ་ལྟ་བུའི་རྣམ་པ་ངེས་ཅན་ཞིག་ཁྱད་པར་དུ་འཛིན་གྱི་ཡོད། འོ་ན་སེམས་ཀྱིས་ཡུལ་དེ་དག་ཇི་ལྟར་འཛིན་ནམ། སེམས་དེས་ཡུལ་སེམས་ཅན་དེ་དག་སྡུག་བསྔལ་རྒྱུ་དང་བཅས་པ་ལས་ཐར་བར་ཤོག་ཅེས་པའི་འདུན་པ་དྲག་པོ་ཞིག་ཡོད་པའི་ངང་ནས་འཛིན་གྱི་ཡོད། དེ་བཞིན་འདུན་པ་དེ་རང་གི་སྟེང་དུ་ཐབས་ཤེས་བྱེད། དེ་ལྟར་ང་ཚོས་ཐོས་པའམ་བཀླགས་པའི་ཆོས་ཀྱི་གདམས་ངག་དེ་དག་བསམ་ཞིབ་བྱས་པ་བརྒྱུད་སོ་སོའི་རྒྱུད་ལ་སྐྱེད་འདོད་པའི་སེམས་ཀྱི་གནས་བབ་དེ་ངོས་འཛིན་དང་ཤེས་རྟོགས་གསལ་པོ་ཐུབ་པ་ཡོང་གི་ཡོད།
གལ་སྲིད་ང་ཚོར་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུའི་འཆར་གཞི་ཡོད་ན། སྒོམ་རྒྱག་པའི་སྐབས་སོ་སོའི་སེམས་ཀྱི་གང་བྱེད་ཀྱི་ཡོད་མེད་ཐད་བསམ་བློ་ཡག་པོ་བཏང་ནས་གསལ་པོ་བཟོ་དགོས། མི་མང་ཆེ་བས་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་གཉིས་འཁྲུགས་འགྲོ་གི་ཡོད། འོན་ཀྱང་དེ་གཉིས་གཅིག་པ་མ་ཡིན། བྱང་ཆུབ་སེམས་ནི་སྙིང་རྗེ་རྩ་བར་གྱུར་བའི་སེམས་ཀྱི་གནས་བབས་ཤིག་ཡིན། བྱས་ཙང་། བྱང་ཆུབ་ཀྱི་སེམས་ནི་གཞན་སྡུག་བསྔལ་ཐམས་ཅད་དང་དེ་དག་གི་རྒྱུ་དང་བཅས་པ་ལས་འབྲལ་འདོད་ཙམ་ལས་བརྒལ་ནས་དེ་ལས་གཏིང་ཟབ་པ་ཡོད། དེ་ནི་གཞན་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཤོག་ཅེས་པའི་འདོད་པ་ཙམ་ལས་ལྷག་པའི་དེ་དག་རང་གིས་བྱེད་ཀྱི་ཡིན་བསམ་པའི་བསམ་པ་ཞིག་ཡིན། འོན་ཀྱང་འདོད་པ་དང་ཚོར་བ་དེ་དག་ནི་དགེ་བའི་སེམས་ཚོར་ཞིག་སྟེ་བྱང་ཆུབ་སེམས་ཀྱི་རྟེན་ས་དང་སྐྱེ་ས་དེ་རེད། དང་པོ་ང་ཚོར་དེ་འདྲ་བའི་བརྩེ་བ་དང་སྙིང་རྗེའི་རྨང་གཞི་དེ་དགོས་པ་ཡིན།
ང་ཚོ་སོ་སོའི་འབོལ་གདན་སྟེང་བསྡད་དེ་བྱང་ཆུབ་སེམས་ཀྱི་ཐོག་སྒོམ་རྒྱག་སྐབས་ང་ཚོས་དོ་སྣང་ག་རེ་ཐོག་བྱེད་ཀྱི་ཡོད་དམ། ང་ཚོས་སོ་སོ་རང་ཉིད་ཀྱི་འཐོབ་བྱར་འགྱུར་བའི་བྱང་ཆུབ་ལ་དམིགས་ཀྱི་ཡོད། དེ་ནི་ད་ལྟ་ཐོབ་མེད། འོན་ཀྱང་ང་ཚོའི་རྒྱུད་ལ་སངས་རྒྱས་ཀྱི་ཀྱི་རིགས་སམ་རྒྱུ་བདེ་གཤེགས་སྙིང་པོའི་ཆ་རྐྱེན་ཡོད་པ་སོང་ཙང། རང་སོ་སོའི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པ་ཡིན། ང་ཚོའི་རྒྱུད་ཀྱི་སངས་རྒྱས་ཀྱི་རིགས་དེ་མཐར་ང་ཚོ་ཚང་མ་སངས་རྒྱས་ཀྱི་ས་ལ་བགྲོད་པར་བྱེད་པའི་གཞི་རྩའི་ཁྱད་ཆོས་དང་ཡོན་ཏན་ཞིག་ཡིན། དཔེར་ན། ང་ཚོའི་སེམས་ཀྱི་རང་བཞིན་འོད་གསལ་བ་ལྟ་བུ་རེད། ང་ཚོས་སངས་རྒྱས་ཤཱཀྱ་ཐུབ་པར་ཐོབ་པའི་བྱང་ཆུབ་ལ་དམིགས་ཀྱི་མེད། དེ་བཞིན་སྤྱིར་རྟོག་བཏགས་ཙམ་གྱི་བྱང་ཆུབ་ལའང་དམིགས་ཀྱི་མེད། འོན་ཀྱང་ང་ཚོས་ད་ལྟ་ཐོབ་མེད་པའི་སོ་སོའི་འཐོབ་བྱ་རྒྱུར་གྱུར་བའི་བྱང་ཆུབ་ལ་དམིགས་ཀྱི་ཡོད།
འབྱུང་འགྱུར་གྱི་བྱང་ཆུབ་བམ་ད་ལྟ་ཐོབ་མེད་པའི་བྱང་ཆུབ་ལ་ང་ཚོས་ཇི་ལྟར་དམིགས་ཀྱི་ཡོད་དམ་ཞེ་ན། དེ་ནི་ལས་སླ་པོ་མེད། དང་པོ། ང་ཚོས་དེའི་དོན་གང་ཡིན་པ་དང་། དེ་ཆོས་གང་ཞིག་ཡིན་པ་ཤེས་དགོས། དཔེར་ན། ད་ལྟ་མངོན་དུ་མ་གྱུར་བའི་མྱུ་གུ་དེ་ས་བོན་གྱི་གནས་སྐབས་སུ་ཡོད་ཅིང་། མངོན་དུ་འགྱུར་བར་སྒུག་བསྡད་ཀྱི་ཡོད་དམ། ཡང་ན་ད་ལྟ་མངོན་དུ་མ་གྱུར་བའི་མྱུ་གུ་དེ་ས་བོན་གྱི་དུས་སུ་རྩ་བ་ནས་གཞི་མ་གྲུབ་པ་རེད་དམ་ཞེས་བསམ་བློ་གཏོང་དགོས།
ང་ཚོས་མངོན་དུ་མ་གྱུར་བའི་བྱང་ཆུབ་ལ་དམིགས་པའི་སྐབས། གང་ལ་དམིགས་ཀྱི་ཡོད་པའི་ཐད་གོ་རྟོགས་གསལ་པོ་ཞིག་ཐོབ་པར། སྟོང་ཉིད་ཀྱི་དོན་རྟོགས་རྒྱུ་་གལ་ཆེན་པོ་ཡིན། དཔེར་ན། བང་རྩལ་འགྲན་བསྡུར་བྱེད་པའི་སྐབས་མཐའ་མའི་ཐིག་མཚམས་ཡོད་པ་ནང་བཞིན་རང་གི་འཐོབ་བྱར་གྱུར་པའི་བྱང་ཆུབ་དེ་ས་ཆ་གཅིག་ལ་བསྡད་ཡོད་པ་འདྲ་པོ་མ་རེད། དེ་བཞིན་དེ་མངོན་དུ་འགྱུར་ཆོག་ཆོག་བྱས་རང་གི་སེམས་ནང་མེད་ལ། སངས་རྒྱས་ཀྱི་རིགས་ཀྱི་ནང་དུའང་མེད། དེ་ནི་ཅ་དངོས་རྙེད་པ་ལྟ་བུ་རྙེད་རུང་ཞིག་མེད། ཕྱོགས་གཞན་ཞིག་ནས་ང་ཚོས་གཞི་མ་གྲུབ་པ་ཞིག་དང་ཅི་ཡང་མེད་པ་ཞིག་ལའང་དམིགས་ཀྱི་མེད། དེ་ལས་ལྡོག་སྟེ། རང་གི་འཐོབ་བྱར་གྱུར་པའི་བྱང་ཆུབ་དེ་ནི་སོ་སོའི་སངས་རྒྱས་ཀྱི་རིགས་ཀྱི་ཐོག་གཞི་བཞག་པའི་སྟེང་ནས་ཤེས་པའི་རྒྱུན་ལ་ཚུལ་བཞིན་དུ་འདོགས་ཐུབ་པ་ཞིག་ཡིན་པ་ཤེས་དགོས། དེ་བཞིན་ང་ཚོས་ཆོས་གང་ཞིག་ཚུལ་བཞིན་དུ་གདགས་གཞི་རན་པོ་ཞིག་གི་སྟེང་བཏགས་པའི་དོན་ཤེས་དགོས།
འོན་ཀྱང་། རང་གི་འཐོབ་བྱར་གྱུར་པའི་བྱང་ཆུབ་ལ་དམིགས་པའི་ཆེད་ང་ཚོས་སེམས་ཀྱི་མཚོན་དོན་ ༼དོན་སྤྱི་ཙམ་༽ ལྟ་བུའི་ཐོག་སེམས་གཏོད་དགོས་ཀྱི་ཡོད། དཔེར་ན། ང་ཚོས་བྱང་ཆུབ་ཅེས་པའི་ཚིག་གི་སྒྲ་ཡིད་ལ་བྱེད་པའམ་སངས་རྒྱས་སོ་སོའི་མདུན་དུ་དམིགས་རྣམ་དུ་བྱེད་ན་འགྲིགས། སྔགས་ཀྱི་ནང་ང་ཚོས་སོ་སོ་རང་ཉིད་ཡི་དམ་གྱི་ངོ་བོར་དམིགས་རྣམ་དུ་བྱེད་པ་ཡོད། དཔེ་མཚོན་དེ་དག་རེ་རེ་དང་མཉམ་དུ་ང་ཚོས་སོ་སོའི་སེམས་ནང་འཆར་བའི་སྒྲའམ་དོན་སྤྱི་དེ་དག་རང་གི་འཐོབ་བྱར་གྱུར་པའི་བྱང་ཆུབ་ཀྱི་མཚོན་དོན་ཞིག་ཡིན་པར་བསམ་དགོས།
དེ་རྗེས་བློའི་ཡུལ་དུ་འཆར་བའི་སྣང་བ་དེའི་ཐོག་ང་ཚོས་སེམས་ཇི་ལྟར་གཏོད་ཐུབ་བམ་ཞེ་ན། ཀུན་སློང་གཉིས་ཀྱི་ཐོག་ནས་སོ་སོའི་སེམས་ནང་འཆར་བའི་ཡུལ་དེས་མཚོན་པའི་རང་གི་འཐོབ་བྱར་གྱུར་པའི་བྱང་ཆུབ་ཀྱི་ཐོག་ལ་སེམས་གཏོད་དགོས། ཀུན་སློང་དང་པོ་ནི། “ངས་བྱང་ཆུབ་ཀྱི་གོ་འཕང་འཐོབ་པར་བྱེད་ཀྱི་ཡིན།” ཞེས་པ་དེ་ཡིན། བྱང་ཆུབ་སྒྲུབ་པའི་ཀུན་སློང་དེ་རྒྱུད་ལ་སྐྱེད་རྒྱུ་ནི་ང་ཚོས་བསམ་བློ་གཏོང་དགོས་པ་དང་ཤེས་དགོས་པའི་ཆོས་གཞན་མང་པོ་ཞིག་ལ་བརྟེན་ནས་ཡོད། ང་ཚོས་བྱང་ཆུབ་སྒྲུབ་པའི་ཆེད་དུ་དོན་དངོས་དང་མཐུན་པའི་བྱ་བ་གང་བྱེད་དགོས་པ་རྣམས་ཤེས་པ་དགོས། “ཨོའོ། ངས་དེ་འཐོབ་པར་བྱེད་ཀྱི་ཡིན།” ཞེས་ཟེར་བའི་བསམ་ཕྱོགས་ཙམ་གྱིས་དེའི་རྒྱུ་བྱེད་མི་ཐུབ། ང་ཚོས་ཇི་ལྟར་འཐོབ་ཀྱི་ཡོད་པ་དེ་ཤེས་དགོས་པ་དང་། འཐོབ་ནུས་པར་ཡིད་ཆེས་བརྟན་པོ་དགོས་ཀྱི་ཡོད། ང་ཚོར་བྱང་ཆུབ་སྒྲུབ་པར་ཀུན་སློང་རྣམ་དག་ཅིག་དགོས། དེ་མིན་བྱང་ཆུབ་སྒྲུབ་པ་དེ་རྨི་་ལམ་ཡག་པོ་ཙམ་ཞིག་ཏུ་གྱུར་བ་ཡིན། དེ་བཞིན་ང་ཚོས་བྱང་ཆུབ་ཅེས་པ་གང་ཡིན་ངེས་པར་དུ་ཤེས་དགོས་ཤིང་། དེ་ཤེས་རྒྱུ་ལས་སླ་པོ་མིན། གོ་རྟོགས་དེ་དག་ཚང་མ་བརྒྱུད་རིམ་གཉིས་པ་བསམ་བློ་གཏོང་བའི་ཐོག་ནས་རྙེད་ཐུབ།
བསམ་བློའི་བརྒྱུད་གཉིས་པ་ནི་སེམས་ནང་གི་དོན་སྤྱི་དེའི་ཐོག་སེམས་གཏོད་པའི་སྐབས་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱས་ཏེ། སེམས་ཅན་ཐམས་ཅད་ལ་གང་ཐུབ་ཅི་ཐུབ་ཀྱིས་ཕན་འདོགས་བྱེད་ཀྱི་ཡིན་ཞེས་པའི་ཀུན་སློང་ཞིག་དགོས། མདོར་ན། བྱང་ཆུབ་ཅེས་པ་ནི་ནུས་མཐུ་ཀུན་ལྡན་གྱི་དཀོན་མཆོག་ཅིག་ཆགས་པའི་དོན་མིན། གཞན་ཀུན་ལ་ཕན་ཐོགས་བྱེད་ཐུབ་པ་ནི་བྱང་ཆུབ་སེམས་ཀྱི་རྨང་གཞི་བརྩེ་བ་དང་སྙིང་རྗེ་སྦྱོང་རྒྱུའི་གོ་རིམ་རྣམས་བརྒྱུད་དགོས་པ་གསལ་པོ་རེད། ང་ཚོས་གཞན་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བྲལ་བ་དང་བདེ་བ་དང་ལྡན་པར་ཤོག་ཅེས་བསམ་པའི་དབང་གིས་གཞན་རྣམས་བྱང་ཆུབ་ཀྱི་གོ་འཕང་དུ་འགོད་རྒྱུའི་འགན་འཁུར་གྱི་ཡོད།
བསམ་བློའི་བརྒྱུད་རིམ་འདི་དངོས་གནས་གོ་རིམ་རིང་པོ་ཞིག་ཡིན་པ་དང་། འབད་བརྩོན་ཤུགས་ཆེན་པོ་དགོས་པ་ཡིན། འོན་ཀྱང་བརྒྱུད་རིམ་དེ་མཐའ་མཇུག་ཏུ་ང་ཚོས་སེམས་ཀྱི་གནས་བབས་གང་ཞིག་སྦྱོང་ཐབས་བྱེད་པ་དང་། དེ་ཇི་ལྟར་སྦྱོང་བ་སོགས་མ་ནོར་བར་ཚུལ་བཞིན་ཤེས་རྟོགས་ཐུབ་ཀྱི་ཡོད། ད་དུང་ང་ཚོས་རང་ཉིད་ལ་སེམས་ཀྱི་གནས་བབས་དེ་རྒྱུད་ལ་སྦྱོང་བའི་ནུས་པ་ཡོད་པ་དང་། དེ་རྒྱུད་ལ་བསྐྱེད་ན་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པའི་ཚུལ་ཡོངས་སུ་རྫོགས་པ་ཚུལ་བཞིན་དུ་ཡིད་ཆེས་རྙེད་པ་ཡིན།
བསམ་བློའི་བརྒྱུད་རིམ་འདི་སྒོམ་འདྲ་པོ་ཡོད་ནའང་། སྲོལ་རྒྱུན་གྱི་གོ་དོན་ལ་གཞིགས་ན་སྒོམ་མ་ཡིན། བརྡ་ཆད་ཏག་ཏག་བེད་སྤྱོད་མི་བྱེད་མཁན་གྱི་ནུབ་ཕྱོགས་པ་རྣམས་ཀྱིས་བསམ་བློའི་བརྒྱུད་རིམ་འདི་ལ་སྒོམ་ཞེས་འབོད་སྲིད། འོན་ཀྱང་དེ་འགྲིག་གི་མེད། བསམ་པ་དང་སྒོམ་པའི་དབར་ང་ཚོས་ཁྱད་པར་གསལ་པོ་འབྱེད་དགོས།
བསམ་བློའི་བརྒྱུད་རིམ་འདི་ནི་དགེ་མཚན་ལྡན་པའི་བྱེད་སྒོ་ཞིག་ཡིན་པ་དང་། ཆོས་ལ་བསམ་བློ་གཏོང་བ་ནི་ང་ཚོས་ག་དུས་ཡིན་ནའང་བྱེད་ཐུབ་པའི་བྱ་བ་ཞིག་ཡིན། དོན་དངོས་སུ་ང་ཚོའི་ཉིན་རེའི་མི་ཚེའི་ནང་སོ་སོ་བྱ་བ་གཞན་ཞིག་ལ་འཇུག་བཞིན་པའི་སྐབས་བརྒྱུད་རིམ་འདི་ཧ་ཅང་ཕན་ཐོགས་པོ་ཡོད། དཔེར་ན། ང་ཚོ་སྣུམ་འཁོར་འཚང་འགག་ནང་ཚུད་པའི་སྐབས། གནས་སྟངས་དེར་བརྩེ་བ་ལྟ་བུའི་སེམས་ཀྱི་གནས་བབས་ཞིག་ལག་བསྟར་བྱེད་ཕྱོགས་ཐད་ང་ཚོས་བསམ་བློ་གཏོང་ཐུབ། དེ་འབྲེལ་བ་ག་འདྲ་ཆགས་ཀྱི་རེད་དམ། དེ་ཕན་ཐོགས་གང་ཡོང་ངམ་ལ་སོགས་པ་དེ་དག་ནི་ང་ཚོས་ཉིན་ལྟར་བསམ་བློ་གཏོང་ཐུབ་པའི་གནད་དོན་ཁག་ཡིན།
སྒོམ།
ད་ང་ཚོ་གོ་རིམ་གསུམ་གྱི་ནང་ནས་གསུམ་པ་དེར་སླེབས་ཡོད། དེ་ནི་སྒོམ་གྱི་སྐོར་ཡིན། སྒོམ་ནི་ང་ཚོས་ཟས་ཤིག་ལྡད་ཟིན་པའི་རྗེས་འཇུ་བ་དང་འདྲ། སྒོམ་གྱི་དམིགས་ཡུལ་ནི་དགེ་བའི་སེམས་ཀྱི་གནས་བབས་ཤིག་ལ་གོམས་པར་བྱེད་པ་དེ་ཡིན། དེ་ཡང་ང་ཚོས་སེམས་ཀྱི་གནས་བབས་དེ་ལ་བསམ་བློ་བཏང་བ་དང་གོ་རྟོགས་བྱུང་བ། དེ་ལྟར་སྐྱེད་ཐུབ་པའི་ངེས་ཤེས་བརྟན་པོ་རྙེད་པའི་ཐོག་དངོས་སུ་སེམས་ཀྱི་གནས་བབས་དེ་ཐོབ་པ་ཡིན།
སྒོམ་ལ་རྩ་བའི་ཆ་ནས་བརྒྱུད་རིམ་གཉིས་སམ་དབྱེ་བ་གཉིས་ཡོད། གཅིག་ནི་དཔྱད་སྒོམ་རེད། དེ་ལ་ངས་ཨིན་སྐད་དུ་ “discerning meditation” ཞེས་སྒྱུར་གྱི་ཡོད། སྤྱིར་བཏང་དེ་ལ་ “analytical meditation” ཞེས་སྒྱུར་གྱི་ཡོད། འོན་ཀྱང་དེ་ལ་ “analytical” ཞེས་ཟེར་དུས་བསམ་པའི་བརྒྱུད་རིམ་དང་འཁྲུགས་ཉེན་ཡོད། ངའི་བསམ་པར་། ཨིན་ཚིག་ “discerning” ཞེས་བསྒྱུར་ན་དོན་ལ་གནས་ཆེ་བར་མཐོང་སོང། སྐབས་དོན་འདིར་ “discern” ཞེས་པའི་དོན་ནི་ཆོས་ཤིག་ལ་ཞིབ་འཇུག་ནན་པོ་བྱས་ཏེ་ཚུལ་ངེས་ཅན་ཞིག་ནས་དེ་རྟོགས་པ་ལ་གོ་བ་ཡིན། སྒོམ་གྱི་དབྱེ་བ་གཉིས་པ་ནི་འཇོག་སྒོམ་རེད། འདིའི་སྐབས་སེམས་ཀྱི་གནས་སྟངས་ཤིག་གི་ཐོག་སེམས་བཞག་ནས་སྡོད་ཀྱི་ཡོད། ང་ཚོས་གཉིས་པ་འདི་ལ་ “stabilizing meditation” ཞེས་བརྗོད་ནའང་འགྲིགས།
ང་ཚོས་སྒོམ་གྱི་རིམ་པ་དང་པོ་དཔྱད་སྒོམ་དེ་ཇི་ལྟར་སྒྲུབ་ཐུབ་བམ། བསམ་པའི་བརྒྱུད་རིམ་སྐབས་སེམས་ཀྱི་གནས་བབས་ངེས་ཅན་ཞིག་སྐྱེད་ཆེད་ང་ཚོས་རྒྱུ་མཚན་མང་པོ་ཞིག་གམ་གོ་རིམ་མང་པོ་འགྲིམས་ཡོད། དེ་ཡང་ང་ཚོས་རྒྱུད་ལ་སྐྱེད་འདོད་ཡོད་པའི་སེམས་ཀྱི་གནས་བབས་དང་། དེ་རང་རྒྱུད་ལ་ཇི་ལྟར་སྐྱེད་དགོས་པའི་གོ་རྟོགས་རྙེད་པའི་ཆེད་དུ་བྱས་ཡོད། ད་ང་ཚོས་དཔྱད་སྒོམ་ལ་བརྟེན་ནས་ནས་སེམས་ཀྱི་གནས་བབས་ངེས་ཅན་ཞིག་རྒྱུད་ལ་སྐྱེད་ཆེད་བསྐྱར་དུ་རྒྱུ་མཚན་ནམ་གོ་རིམ་འགའ་བརྒྱུད་ནས་འགྲོ་དགོས། འོན་ཀྱང་ད་ལྟ་ང་ཚོ་བརྒྱུད་རིམ་འདི་ནས་འགྲོ་དགོས་དོན་ནི། སེམས་ཀྱི་གནས་བབས་དེ་དངོས་སུ་རྒྱུད་ལ་སྐྱེད་པའི་ཆེད་དང་། དེ་རང་རྒྱུད་ལ་མ་ཉམས་པར་གསོན་པོར་གནས་པའི་ཆེད་དུ་ཡིན། དཔེར་ན། སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་སྐྱེ་བར། “སེམས་ཅན་ཐམས་ཅད་རང་གི་མ་བྱས་མྱོང་ཡོད། ཚང་མ་ང་ལ་དྲིན་ཆེན་པོ་ཡིན་པ་” སོགས་ང་ཚོས་རྒྱུ་མཚན་མང་པོ་འགོད་དགོས། དེ་ལྟར་བྱུང་ན། ང་ཚོས་སོ་སོའི་ཀུན་སློང་བཞིན་དུ་དངོས་སུ་བྱ་བར་འཇུག་པ་དང་ཚོར་བ་ཡང་མྱོང་ཐུབ།
བརྒྱུད་རིམ་དེ་དག་གཞིར་བཟུང་ང་ཚོས་སེམས་ཀྱི་གནས་བབས་གང་ཞིག་གོམས་པར་བྱེད་འདོད་པ་ལ་འབད་རྩོལ་བསྟེན་ཡོད་ན། དམིགས་པའི་ཡུལ་ལ་ཧུར་བརྩོན་ལྡན་པའི་དཔྱད་པ་བྱེད་པའམ། ཡང་ན་དེ་ཇི་མ་ཇི་བཞིན་རྟོགས་ཀྱི་ཡོད། དཔེར་ན། ང་ཚོས་སྙིང་རྗེ་སྒོམ་གྱི་ཡོད་ན། སེམས་ཅན་ཐམས་ཅད་ལ་དམིགས་པ་དང་ལྷག་པར་དུ་དེ་དག་གི་དཀའ་ངལ་དང་སྡུག་བསྔལ་གྱིས་མནར་ཚུལ་ཤེས་ནས། དེ་ལས་ཐར་འདོད་ཀྱི་འདུན་པ་ཡོད་པ་ཤེས་རྟོགས་ཐུབ། དེ་ལྟར་ང་ཚོས་སོ་སོའི་སེམས་ནང་སེམས་ཅན་དེ་དག་འཆར་བའམ་དེ་ང་ཚོའི་མི་ཚེའི་ནང་དངོས་སུ་མཐོང་བའི་མི་རྣམས་ཀྱང་ཡིན་ཆོག །སྙིང་རྗེ་ནི་སེམས་ཅན་གཞན་གྱི་སྡུག་བསྔལ་མཐོང་ནས་དེ་དག་སྡུག་བསྔལ་ལས་ཐར་འདོད་ཀྱི་སེམས་ཤིག་ཡིན།
ང་ཚོས་ཧུར་བརྩོན་གྱིས་དམིགས་རྣམ་མམ་སེམས་ཀྱི་གནས་སྟངས་དེའི་ཐོག་དཔྱད་པ་བྱེད་པ་དང་། དེ་ནས་འཇོག་སྒོམ་གྱིས་དཔྱད་པ་བྱས་པ་དེ་ཐིམ་པ་ལྟ་བུར་བརྗོད་གཞིའམ་སེམས་ཀྱི་གནས་བབས་དེའི་ཐོག་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་སྒང་ལ་གནས་པར་བྱེད། ང་ཚོས་དཔྱད་སྒོམ་བྱེད་པའི་སྐབས་ཏིང་ངེ་འཛིན་དགོས་ཀྱང་། འཇོག་སྒོམ་གྱིས་ང་ཚོའི་ཚོར་བ་སེམས་གཏིང་དུ་ཐིམ་པ་ལྟར་བྱས་ནས་སྙིང་རྗེ་ཤུགས་དྲག་སྐྱེད་ཡོང་གི་ཡོད།
དེ་ལྟར་དཔྱད་འཇོག་གཉིས་རེ་མོས་བྱས་ཉམས་ལེན་བྱེད་དགོས་པ་དང་། མཐར་ང་ཚོས་དེ་གཉིས་ཟུང་འབྲེལ་བྱེད་ཐུབ། དཔྱད་འཇོག་གི་སྒོམ་གཉིས་ཟུང་འབྲེལ་བྱ་རྒྱུ་ཤིན་ཏུ་ཁག་པོ་ཡོད། དེ་བཞིན་དེ་གཉིས་ཟུང་འབྲེལ་གྱི་སྐོར་གོ་སྡུར་བྱ་རྒྱུ་དེའང་མགོ་རྙོག་ཚ་པོ་ཡོད། གལ་ཏེ་དེའི་སྐོར་ཏོག་ཙམ་ཞིབ་ཚགས་པོ་ཤེས་འདོད་ན། ཕྲན་གྱི་དྲྭ་ལྗོངས་ཐོག་དེའི་སྐོར་ལྟ་ཀློག་བྱས་ན་འགྲིགས།
གཞན་ཡང་། ང་ཚོ་ཉམས་ལེན་ཚད་མཐོན་པོར་སླེབས་པ་ཡིན་ན། “ངལ་རྩོལ་གྱི་སྒོམ་” ཟེར་བ་དེ་བྱེད་མི་དགོས། ངལ་རྩོལ་གྱི་སྒོམ་ནང་དཔྱད་སྒོམ་གྱི་ཁྱད་ཆོས་ལྡན་ཞིང་། སེམས་ཀྱི་གནས་བབས་ཤིག་རྒྱུད་ལ་སྐྱེ་བ་བརྒྱུད་རིམ་ངེས་ཅན་ཞིག་འགྲིམ་དགོས། ཚད་མཐོན་པོར་སླེབས་སྐབས། ངལ་རྩོལ་མེད་པའི་སྒོམ་སྒྲུབ་བྱེད་ཐུབ་པ་ཡོང་གི་ཡོད། བསམ་པའི་བརྒྱུད་རིམ་མམ་རྒྱུ་མཚན་ལ་བརྟེན་མི་དགོས་པར། ང་ཚོས་ཇི་ལྟར་འདོད་པ་ལྟར་སེམས་ཀྱི་གནས་བབས་ཤིག་འཕྲལ་དུ་སྐྱེད་ཐུབ། གང་ལྟར་ཡང་། ང་ཚོས་ད་དུང་ཡང་སེམས་ཀྱི་གནས་བབས་དེ་དམིགས་པའི་ཡུལ་ལ་དཔྱོད་པའི་སྐབས་ངལ་རྩོལ་གྱི་སྒོམ་སྒྲུབ་བྱེད་པ་ནང་བཞིན་བེད་སྤྱོད་གཏོང་ཐུབ།
སྒོམ་གྱི་རིགས།
རྒྱུན་དུ་ང་ཚོས་སྒོམ་གྱི་རིགས་གཉིས་ཡང་སེ་ཐོས་ཀྱི་ཡོད། ལེགས་སྦྱར་གྱི་སྐད་དུ་དེ་གཉིས་ལ་ཤ་མ་ཐ་ (shamatha) དང་ཝི་པ་ཤྱ་ནཱ་ (vipashyana) ཞེས་ཟེར་བ་དང་། བོད་སྐད་དུ་ཞི་གནས་དང་ལྷག་མཐོང་ཟེར། ཐ་སྙད་དེ་གཉིས་ནི་སྒོམ་གྱི་བརྒྱུད་རིམ་ལ་བརྟེན་ནས་དམིགས་ཡུལ་སྒྲུབ་བྱེད་ཀྱི་སེམས་ཀྱི་གནས་བབས་གཉིས་ལ་གོ་བ་ཡིན། གཡོ་བ་མེད་པའི་སེམས་ཀྱི་གནས་བབས་ཞི་ལྷིང་བརྟན་ཚུགས་པ་ཞིག་ཡིན། གཡོ་བ་མེད་པ་ནི་བྱིང་བ་དང་རྒོད་པའམ། ཡང་ན་སེམས་ཀྱི་དཀྲོག་རྐྱེན་ཐམས་ཅད་ཞི་བར་བྱས་པ་ཞིག་ཡིན། (སེམས་དེ་ཡིད་དུ་འོང་བའི་ཡུལ་གཞན་ལ་གཡོ་བ།) ཞི་གནས་ནི་དམིགས་པའི་ཡུལ་ལས་གཡོ་བ་མེད་པར་བརྟན་པོར་གནས་ཀྱི་ཡོད་པ་སོང་ཙང། གཡོ་བ་མེད་པ་ཞེས་ཟེར་བ་ཡིན། འདིར་འཇོག་སྒོམ་ལ་དོ་ནན་བྱེད་ཀྱི་ཡོད།
ང་ཚོས་དབུགས་འབྱུང་རྔུབ་དང་། སངས་རྒྱས་ཀྱི་སྣང་བརྙན་སོགས་དམིགས་རྣམ་དུ་བྱེད་པ་སོགས་དེ་ལྟ་བུའི་གཡོ་བ་མེད་པར་རྩེ་གཅིག་ཏུ་གནས་པའི་སེམས་ཀྱི་གནས་བབས་གོང་མཐོར་གཏོང་ཐུབ། འདི་ལ་སྒྲུབ་ཐབས་སྣ་ཚོགས་ཤིག་ཡོད།
ཐ་ན་ཞི་གནས་ཀྱི་སྒོམ་རྒྱག་པར་ང་ཚོས་དེའི་གདམས་ངག་རྣམས་ཐོས་དགོས་པ་དང་། དེ་ནས་སྒོམ་གྱི་རིམ་པར་བསམ་བློ་གཏོང་དགོས། དཔེར་ན། གལ་ཏེ་ང་ཚོས་སངས་རྒྱས་ཀྱི་སྐུ་དམིགས་རྣམ་དུ་བྱས་ཏེ་སྒོམ་བརྒྱབ་ན། དམིགས་རྣམ་བྱེད་ཚུལ་གྱི་རིམ་པ་བཞིན་དུ་ཐོས་ནས་ཤེས་དགོས། དེ་ནས་སྔོན་ལ་གང་བྱེད་དགོས་པ་དང་རྗེས་ལ་གང་བྱེད་དགོས་པའི་ཐད་བསམ་བློ་གཏོང་བ་སོགས་ཡོང་གི་ཡོད།
ལྷག་མཐོང་ནི་དམིགས་བསལ་གྱི་མཐོང་བའམ་ཤེས་པའི་སེམས་ཀྱི་གནས་བབས་ཤིག་ཡིན། དེ་ནི་ཆོས་རྣམས་རྟོགས་ཚུལ་དམིགས་བསལ་དང་ལྡན་པའི་སེམས་ཤིག་ཡིན། ལྷག་མཐོང་གིས་དཔྱད་སྒོམ་ལ་ནན་བཤད་བྱེད་ཀྱི་ཡོད། ང་ཚོས་ལྷག་མཐོང་ཐོབ་པའི་ཤོད་སྐབས། དེ་ནི་མི་རྟག་པའམ་སྟོང་ཉིད་ལ་དཔྱོད་པའི་ཤེས་རབ་ཁྱད་པར་ཅན་ཞིག་སྒྲུབ་ཐུབ། འོན་ཀྱང་དེ་གཉིས་གཅིག་པུར་དཔྱོད་པའི་ཤེས་རབ་མ་ཡིན། རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེའི་ནང་། ལྷག་མཐོང་རྒྱུད་ལ་སྐྱེ་བའི་ཐབས་གཅིག་ནི་སྣ་ཡི་རྩེ་མོར་ཐིག་ལེ་ཆུང་ཆུང་དམིགས་རྣམ་དུ་བྱེད་པ་གསུངས་ཡོད། དེ་རྗེས་དམིགས་རྣམ་དེ་བཟུང་བ་དང་ཆབས་ཅིག་རིམ་པ་གཉིས་པར་ཐིག་ལེ་གཉིས་དང་། དེ་ནས་བཞི། བརྒྱད། བཅུ་དྲུག །སོ་གཉིས་སོགས་ཀྱི་རྣམ་པ་ཤར་བ་བྱེད་དགོས། དེ་དག་ཡུལ་དུ་བྱེད་པའི་སྐབས་རིམ་པ་མ་མ་ནོར་བར་སྒྲིག་དགོས་པ་དང་། དམིགས་རྣམ་དེ་དག་ལམ་གྱི་རིམ་པར་འཐིམ་པ་འཇུག་དགོས། དེ་ལྟར་བྱས་ཏེ་རང་རྒྱུད་དུ་ཧ་ཅང་རྣོ་བ་དང་གོ་རྟོགས་སྐྱེན་པའི་སེམས་ཀྱི་གནས་བབབས་ཤིག་སྐྱེད་ཐུབ། གལ་ཏེ་རང་ངོས་ནས་སེམས་ཀྱི་གནས་བབས་ཧ་ཅང་མཐོ་པོ་ཞིག་སྐྱེད་པར་བྱེད་འདོད་ན། དམིགས་རྣམ་སྐྱོང་བའི་སྒོམ་གྱི་ཉམས་ལེན་གཞན་ཡང་ཡོད། དེའི་སྐབས་སུ་ཐིག་ལེ་རེ་རེའི་ནང་ཡི་དམ་ལྷ་ཚོགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཞིག་དང་དེའང་ཡི་དམ་ལྷ་ཚོགས་ཚང་མ་བཞུགས་ཤིང་། དེ་དག་གི་ཁྱད་ཆོས་ཡོངས་སུ་རྫོགས་པ་ཞིག་སྒོམ་དགོས། དེ་ལེགས་གྲུབ་བྱུང་ན། རང་ལ་སེམས་ཀྱི་གནས་སྟངས་ཧ་ཅང་ཚད་མཐོན་པོ་དང་ཁྱད་པར་ཅན་ཞིག་ཡོང་གི་ཡོད།
སྒོམ་གྱི་རིགས་དེ་གཉིས་ནི་ནང་པའི་སྲོལ་རྒྱུན་ཚང་མའི་ནང་ཡོད་པ་མ་ཟད། ནང་པ་མིན་པའི་རྒྱ་གར་གྱི་སྲོལ་རྒྱུན་མང་པོའི་ནང་དུའང་ཡོད། གནས་བརྟན་སྡེ་པའི་སྲོལ་རྒྱུན་ནང་། དེ་དག་ལ་པཱ་ལི་ (Pali) ཐ་སྙད་ས་མ་ཐ་ (samatha) དང་ཝི་པ་ས་ན་ (vipassana) ཞེས་པ་འདུག །དེ་བཞིན་དེ་གཉིས་ཛེན་ (Zen, བསམ་གཏན་པའི་) ཆོས་ལུགས་ནང་དུའང་གསལ། དཔེར་ན། ཀོ་རི་ཡའི་ (Korea) ཛེན་ཆོས་ལུགས་ཀྱི་རིགས་ཤིག་སྟེ། སོན་ (Son Buddhism) ནང་ཆོས་ཀྱི་ནང་། གཏམ་དཔེའམ་ཀོ་ཨཱན་ (koan) ཞེས་པ་ཞིག་ཡོད། “དེ་ག་རེ་རེད།” ང་ཚོས་ “དེ་ག་རེ་རེད་” ལ་དོ་སྣང་བྱས་ན། དེ་ལ་ལན་ཞིག་ཡོད་པའི་གནད་དོན་མ་རེད། དཔེར་ན། “འདི་ལྕོག་ཙེ་རེད། འདི་ཤེལ་ཕོར་རེད།” ཟེར་བ་ལྟ་བུ་རེད། དེ་ལས་ལྡོག་སྟེ། ང་ཚོས་ “དྭོགས་པ་གཏིང་ཟབ་” ཡོད་པའི་སོ་སོའི་སེམས་ཀྱི་གནས་བབས་ཤིག་གོང་འཕེལ་གཏོང་གི་ཡོད། དེས་རྟག་ཏུ་ “དེ་ག་རེ་རེད་” ཅེས་པའི་དངོས་པོའི་གནས་ལུགས་ལ་དྲི་བ་གཏོང་བ་དང་། དེ་ནས་ང་ཚོའི་སེམས་ཀྱི་གནས་བབས་དེ་དམིགས་བསལ་གྱི་ཤེས་པའམ་ཤེས་རབ་ཁྱད་པར་ཅན་དང་ལྡན་པར་ཆགས་ཀྱི་ཡོད།
བོད་པའི་སློབ་དཔོན་མང་ཆེ་བས་ཛཻན་བསམ་གཏན་པའི་ཆོས་ལུགས་ལ་སློབ་སྦྱོང་གནང་མེད་ཅིང་། དེར་ཐུགས་རྒྱུས་དེ་ཙམ་མེད། བྱས་ཙང་། དེ་དང་འབྲེལ་བའི་སྒྲུང་ཆོབ་ཚ་པོ་ཞིག་ཡོད། ཐེངས་ཤིག་ཛཻན་སློབ་དཔོན་ཞིག་དང་ཀ་ལུ་རིན་པོ་ཆེ་གཉིས་དབར་སྙན་གྲགས་ཆེ་བའི་ཚོགས་འདུ་ཞིག་བྱུང་བ་རེད། སྐབས་དེར་ཛཻན་སློབ་དཔོན་དེས་ལག་པར་ཚ་ལུ་མ་ཞིག་བཟུང་ནས་ཀ་ལུ་རིན་པོ་ཆེར། “འདི་གང་རེད།” ཅེས་དྲིས་པས། ཀ་ལུ་རིན་པོ་ཆེ་དགོད་བྲོ་ནས་ཁོང་གི་གསུང་སྒྱུར་བ་ལ་གཟིགས་ཏེ། “ག་རེ་བྱས་པ་རེད། ཁོང་ཚོའི་ལུང་པའི་ནང་ཚ་ལུ་མ་ཡོད་མ་རེད་དམ།” ཞེས་གསུངས།
དེར་བརྟེན་ང་ཚོར་ཞི་གནས་དང་ལྷག་མཐོང་ཡོད། ཞི་གནས་ནི་སེམས་གནས་དགུ་ལ་བརྟེན་ནས་རིམ་གྱིས་དམིགས་གཏད་འདྲ་མིན་བེད་སྤྱོད་བྱས་ཏེ། ཏིང་ངེ་འཛིན་ཁྱད་དུ་འཕགས་པ་སྐྱེད་པ་ཙམ་ཞིག་མིན་པར། ཞི་གནས་ནི་ཏིང་ངེ་འཛིན་ཁྱད་པར་དུ་འཕགས་པ་དེའི་སྒང་ལ་ལུས་སེམས་གཉིས་ཀ་སྤྲོ་སེམས་རབ་ཏུ་འཁོལ་བ་དང་བདེ་ཐང་གི་ཚོར་བ་ཞིག་དགོས་ཤིང། དེ་ལ་ཐུན་མིན་གྱི་ཐ་སྙད་དུ་ལུས་སེམས་ཤིན་སྦྱངས་ཀྱི་གནས་བབས་ཞེས་ཟེར་བ་ཡིན། ལུས་བདེ་ཐང་གི་ཚོར་བ་ནི་སྦྱོང་བརྡར་མཐར་ཕྱིན་པ་ཡོད་པའི་གྱད་རྩལ་འགྲན་མཁན་ཞིག་གི་གནས་སྟངས་དང་འདྲ་པོ་ཡོད།
ངའི་དགེ་བའི་བཤེས་གཉེན་སེར་ཀོང་མཚན་ཞབས་རིན་པོ་ཆེས་ཞི་གནས་དང་ལྡན་པ་ནི་སྟོབས་ཆེན་མཁའ་སྐྱོད་འཕྲུལ་འཁོར་ཞིག་དང་འདྲ་ཚུལ་འགྲེལ་བཤད་གནང་ཡོད། དེ་ས་ལ་བཞག་ན་སྡོད་ཚུགས་པ་དང་གནམ་ལ་བཏང་ན་མཁའ་ལ་འཕུར་འགྲོ་གི་ཡོད། ཞི་གནས་ཐོབ་ན་དུས་ངེས་མེད་དུ་རང་གིས་ཡུལ་ཞིག་གི་ཐོག་སེམས་རྩེ་གཅིག་ཏུ་གནས་ཐུབ་ཅིང་ལུས་ཐང་མི་ཆད་པ་དང་། སེམས་ལ་དཀའ་ལས་མེད་པ། རྦད་དེ་བདེ་ཐང་ཚོར་ཏེ། སྤྲོ་སེམས་སྟེར་བ་ཡིན། ཞི་གནས་ཐོབ་ན་སྤྲོ་སེམས་འཁོལ་བ། བློ་སྤོབས་ཆེ་བ། བདེ་བའི་གནས་བབས་ཤིག་ཡོང་གི་ཡོད། འོན་ཀྱང་དེ་ནི་གློག་བརྙན་ལྟད་མོའི་ནང་། སྲང་ལམ་ཁྲོད་རྒྱུགས་ཕྱིན་ཏེ་གཞས་གཏོང་བ་དང་བྲོ་འཁྲབ་པའི་དགའ་བདེའི་ཚོར་བ་ནང་བཞིན་མེད། དེ་ལྟར་མ་ཡིན། སྦྱོང་བརྡར་ཧ་ཅང་ཡག་པོ་ཡོད་པའི་གྱད་རྩལ་འགྲན་མཁན་དང་འདྲ་བར། ཞི་གནས་ཀྱིས་སེམས་རྦད་དེ་རྣོ་ངར་ལྡན་པ་བཟོ་གི་ཡོད།
གསལ་པོ་བཟོ་དགོས་པ་ཞིག་ལ། ཞི་གནས་ཀྱི་གནས་བབས་སྟེང་ལ་དེ་ལས་ལྷག་པ་ཞིག་ཡོད་པ་ནི་ལྷག་མཐོང་གི་སེམས་ཀྱི་གནས་བབས་ཤིག་ད་ང། ཡང་དག་པའི་ཏིང་ངེ་འཛིན་དང་ཞི་གནས་ཀྱི་བདེ་ཐང་གི་ཚོར་བའམ་ལུས་ཤིན་སྦྱངས་ཀྱི་སྟེང་དུ་ཡོད་པ་དེ་ཡིན། ལྷག་མཐོང་གིས་དེའི་སྟེང་ད་དུང་བདེ་ཐང་གི་ཚོར་བ་གཉིས་པ་ཞིག་ཁ་སྣོན་བྱེད་ཀྱི་ཡོད། དེ་ནི་ཆོས་གང་ཞིག་ཡིན་རུང་དེ་ཏག་ཏག་རྟོགས་པ་དང་དཔྱད་པའི་སེམས་ཀྱི་ཚོར་བ་ཤིག་ཡིན།
ཡང་སྒོམ་ལ་རིགས་གཞན་ཞིག་ཡོད་པ་དེ་ལ་ནམ་རྒྱུན་ “ཤར་སྒོམ་” ཞེས་ཟེར་གྱི་ཡོད། ང་ཚོས་སྒོམ་བྱེ་བྲག་པ་ཞིག་རྒྱག་པའི་སྐབས། སྒོམ་གྱི་ཐོག་མཐའ་བར་གསུམ་དུ་ང་ཚོས་ནང་པའི་ལམ་ཆ་ཚང་བསྐྱར་ཞིབ་བྱེད་དགོས། དེའི་དམིགས་ཡུལ་ནི་སོ་སོའི་སྒོམ་དེ་ཁྱོན་ཡོངས་ནས་བརྗོད་གཞི་གང་ཞིག་དང་འཚམ་པོ་ཡོད་མེད་དྲན་སྐུལ་བྱེད་ཆེད་ཡིན། དེར་བརྟེན་ང་ཚོས་བརྗོད་གཞི་གཅིག་གི་སྟེང་དོ་སྣང་ཤུགས་ཆེན་པོ་བྱས་ཏེ་གཞན་རྣམས་སྐྱུར་བའམ་སྣང་མེད་དུ་འཇོག་གི་མ་རེད། བྱས་ཙང་། ཤར་སྒོམ་ཟེར་བ་ནི་ལམ་གྱི་ཆ་ཐམས་ཅད་བསྐྱར་ཞིབ་བྱེད་པའི་བསྐྱར་སྦྱོང་གི་རིགས་ཤིག་ཡིན།
ལོ་མང་སྔོན་ང་རང་༧གོང་ས་མཆོག་གི་བླ་སྨན་བསྟན་འཛིན་ཆོས་གྲགས་དང་མཉམ་དུ་མོ་སི་ཁོ་ (Moscow) དུ་ཕྱིན་པ་ཡིན། ངེད་གཉིས་ “Chernobyl radiation” ཟེར་དུག་ ༼འགྱེད་འཕྲོའི་འོད་ཟེར་ཚད་ལས་བརྒལ་བ་ཕོག་པའི་ནད་༽ མྱོང་མཁན་རྣམས་ཀྱི་ནད་སེལ་ཆེད་བོད་སྨན་བེད་སྤྱོད་བྱེད་ཕྱོགས་ཀྱི་ལས་གཞི་ཐད་ལས་ཀ་བྱེད་བཞིན་པའི་སྒང་ཡིན། ངེད་གཉིས་མགྲོན་ཁང་ཡག་པོ་དེ་འདྲའི་ནང་བསྡད་པ་དང་། འཕྲོད་བསྟེན་ལྷན་ཁང་གི་ལས་བྱེད་རྣམས་ནས་ལམ་ལུགས་ལྟར་སྐྱེལ་མ་བྱས་བྱུང་། དེར་མ་ཟད། ངེད་གཉིས་ཡང་སེ་སྙན་གྲགས་ཆེ་བའི་ཨུ་རུ་སུའི་སྣ་བདུན་གསོལ་སྟོན་ཤོམ་སྒྲིག་ཁ་ལག་བཟའ་བར་འཁྲིད་ཀྱི་འདུག །བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་ནི་བོད་ནས་རྒྱ་གར་དུ་མ་ཕེབས་སྔོན་རྒྱ་མིའི་བཙོན་པའི་གསོག་སྒར་དུ་མི་ལོ་ཉི་ཤུ་སྡོད་དགོས་བྱུང་། གསོལ་སྟོན་ཤོམ་སྒྲིག་གི་ཁ་ལག་སྣ་ཁ་བདུན་ལས་དང་པོ་འདྲེན་སྐབས། ང་ཚོས་ག་ཚོད་ཞུས་ཀྱང་མ་གསན་པར། སྣ་ཁ་དང་པོ་དེ་ནས་ག་ཚོད་ཐུབ་ཐུབ་མཆོད་སོང་། ཧ་ལམ་བདུན་ཕྲག་རྗེས་མའི་བར་ཁ་ལག་དེ་ལས་མཆོད་རྒྱུ་མེད་པ་ལྟ་བུ་མཆོད་སོང་། དེར་བརྟེན་གསོལ་གྲོད་ཁེངས་པ་དང་། ཁ་ལག་གཞན་དྲུག་པོ་སླེབས་སྐབས་གཅིག་ཀྱང་མཆོད་ཐུབ་མེད། དེ་ནི་ཤེ་སྒོམ་ཉམས་སུ་བླངས་ཏེ་ང་ཚོས་གཡོལ་དགོས་པའི་གནས་སྟངས་ཤིག་གི་དཔེ་ཡིན། ང་ཚོས་ཁ་ལག་སྣ་ཁ་བདུན་པོ་ཆ་ཚང་གི་ཟས་ཐོ་ལ་བསྐྱར་ཞིབ་དང་སེམས་ནང་ཉར་འདོད་ཡོད་པ་དགོས། དེ་ལྟར་བྱས་ན། ཟ་ཡག་མང་མི་དྲགས་པ་དང་བརྗོད་གཞི་གཅིག་གི་སྒང་ལ་སྒོམ་རྒྱག་ཡག་མང་དྲགས་ཀྱི་མ་རེད། དེ་མིན་ཁ་ཟས་སྣ་ཁ་དང་པོ་ལ་ཧབ་ཟ་བྱེད་པ་དང་ཟས་སྣ་ལྷག་མ་རྣམས་ཟ་རྒྱུ་གོ་སྐབས་ཡོང་གི་མེད། དེ་ག་ནང་བཞིན་ཡུལ་གཅིག་གི་ཐོག་སྒོམ་ཚད་ལས་འདས་པ་རྒྱག་རྒྱུ་མེད། དེ་ནི་ཁ་ལག་དང་པོ་དེ་ག་རང་གིས་འདོད་པ་ཁེངས་ཏེ་གཞན་རྣམས་བཟའ་མི་ཐུབ་པ་ལྟར་ཆགས་རྒྱུ་རེད།
ད་ལྟ་ངས་སྒོམ་གྱི་རིགས་འགའ་ཞིག་ལ་བརྟེན་ནས་སེམས་ཀྱི་གནས་བབས་ངེས་ཅན་ཞིག་རྒྱུད་ལ་སྦྱོང་རྒྱུའི་སྐོར་འགྲེལ་བརྗོད་བྱས་ཡོད། འོན་ཀྱང་ནང་ཆོས་ནང་ཉམས་ལེན་བྱེད་པའི་སྒོམ་གྱི་རིགས་དེ་གཅིག་པུ་མ་རེད། སྒོམ་གྱི་ཉམས་ལེན་ཁ་ཤས་ཀྱི་ནང་། དཔེར་ན། སེམས་ཀྱི་རང་བཞིན་ཐོག་བཀའ་རྒྱུད་ཀྱི་སྒོམ་མམ་ཛཻན་བསམ་གཏན་པའི་ཆོས་ལུགས་ཀྱི་ཉམས་ལེན་ལ་ཐབས་ཚུལ་མི་འདྲ་བ་ཡོད། སེམས་ཀྱི་གནས་བབས་ཤིག་རྒྱུད་ལ་སྦྱོང་རྒྱུའི་ཚབ་ཏུ་ང་ཚོའི་སེམས་རྒྱུད་ལ་རང་བཞིན་ལྷན་སྐྱེས་སུ་ཁྱད་ཆོས་འགའ་ཡོད་པར་རྟོགས་པའི་ཆེད་དུ་ང་ཚོས་བྱམས་བརྩེའམ་སེམས་ཀྱི་གསལ་ཆ་ལྟ་བུ་སེམས་ཀྱི་གནས་བབས་ཤིག་ལ་ཞི་འཇམ་བཟོས་ཏེ་དེ་དག་ལ་སྙོབ་པར་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོས་སྒོམ་དེའི་རིགས་རྒྱག་པའི་སྐབས། དང་པོ་ང་ཚོས་དེའི་སྐོར་གྱི་གདམས་ངག་རྣམས་ཐོས་ཡོད་པ་ཞིག་དང་། དེ་ནས་དེའི་དོན་མ་རྟོགས་བར་དུ་བསམ་བློ་བཏང་ཡོད་པ་ཞིག་དགོས། དེ་བཞིན་ང་ཚོས་ཞི་འཇམ་བཟོ་བཞིན་པའི་སེམས་ཀྱི་གནས་བབས་དེ་གང་ལ་གཞི་རྟེན་བྱས་ཡོད་པ་དང་། ང་ཚོར་ག་རེ་འཐོབ་རྒྱུ་ཡིན་པ། ང་ཚོའི་ངོས་ནས་དང་པོ་ག་རེ་བྱེད་དགོས་པ། དེའི་རྗེས་སུ་གང་བྱེད་པ་སོགས་ཤེས་དགོས་ཀྱི་ཡོད། སེམས་ “ཞི་འཇམ་དུ་བཟོ་བའི་” སྒོམ་དང་སེམས་ཀྱི་གནས་བབས་ “རྒྱུད་ལ་སྐྱེད་པའི་” སྒོམ་གྱི་རིགས་གཉིས་པོའི་སྒྲོམ་གཞི་གཅིག་པ་རེད།
སྒོམ་རྒྱག་སའི་མཐུན་པའི་གནས་ཡག་ཤོས།
སྒོམ་གྱི་ཐུན་ཇི་ལྟར་བཀོད་སྒྲིག་བྱེད་དགོས་པ་དང་། སྒོམ་རྒྱག་ས་གྲ་སྒྲིག་ཇི་ལྟར་བྱེད་དགོས་པ། ཞ་ལར་གད་ཕྱིས་རྒྱག་པ། གནས་ཁང་གཙང་མ་བཟོ་བ། ཕྱག་འཚལ་བ་དང་མཆོད་པ་འབུལ་བ་སོགས་ཀྱི་སྐོར་རྒྱ་ཆེ་བའི་གདམས་ངག་སྣ་ཚོགས་ཡོད། དེ་དག་ཚང་མ་སྒོམ་རྒྱག་སའི་མཐུན་པའི་གནས་བཟང་པོ་ཞིག་ཡོང་བར་གལ་ཆེན་པོ་ཡིན། མ་གཞི་སྒོམ་རྒྱག་པ་ལ་མཐུན་རྐྱེན་ཡག་པོ་དང་རན་ཞིང་འཚམས་པའི་འཁོར་ཡུག་དགོས་རྒྱུ་གལ་ཆེ་བ་དང། དམིགས་བསལ་གདུག་སའི་གདན་ཡག་པོ་ཞིག་དང་། འཁོར་ཡུག་ཁ་ཁུ་སིམ་པོ་དང་གཙང་མ་ཞིག་དགོས་པ་ཡིན། ཡིན་ནའང་ཉེ་འཁོར་དུ་རྒྱས་སྤྲོས་ཆེན་པོ་དགོས་ངེས་ཤིག་མ་ཡིན། གནས་ཀྱི་ལོགས་སུ་གསེར་གྱི་ཡོ་ཆས་དང་། དྲི་ཞིམ་བདུག་སྤོས། རྒྱབ་ལྗོངས་སུ་དེང་རབས་ཀྱི་རོལ་དབྱངས་སོགས་བསྒྲིགས་ནས་གནས་ཡག་པོ་ཡོང་བར་དངུལ་གྱི་འགྲོ་སོང་མང་པོ་བཏང་ནས་རྒྱས་སྤྲོས་བྱེད་མི་དགོས། རྗེ་བཙུན་མི་ལ་རས་པར་དེ་འདྲའི་ཆ་རྐྱེན་གང་ཡང་མེད་པ་གསལ་པོ་རེད། འོན་ཀྱང་ཁོང་གིས་སྒོམ་སྒྲུབ་ཉམས་ལེན་མཐར་ཕྱིན་པ་མཛད་ཡོད། ང་ཚོས་སོ་སོའི་སྒོམ་རྒྱག་སའི་གནས་གང་ཐུབ་ཅི་ཐུབ་གཙང་མ་སོགས་བཟོ་དགོས། འོན་ཀྱང་འགྲོ་སོང་སོགས་ཚད་ལས་བརྒལ་བ་མི་གཏོང་ཞིང་། ངོམ་སོའི་ཆེད་རྒྱས་སྤྲོས་ཀྱི་རིགས་བྱ་རྒྱུ་སྤོང་དགོས།
དེ་བཞིན་སྒོམ་རྒྱག་སའི་གནས་ལ་ཁྱད་པར་མེད་པར་ང་ཚོས་གང་དུ་སླེབས་ཀྱང་སྒོམ་ཉམས་ལེན་བྱེད་ཐུབ་པ་དགོས། གལ་ཏེ་ང་ཚོ་མེ་འཁོར་ནང་ཐག་རིང་པོར་འགྲུལ་བཞུད་བྱེད་་ཀྱི་ཡོད་ན། ང་ཚོས། “མེ་འཁོར་ནང་ངས་སྒོམ་ཡག་པོ་རྒྱག་མི་ཐུབ། གང་ཡིན་ཟེར་ན། ངས་ཡོན་ཆབ་འབུལ་སྣོད་ཀྱི་ཏིང་ཁྱེར་མེད་ཅེས་དང་། བདུག་སྤོས་སྤར་མི་ཐུབ། ཕྱག་འཚལ་མི་ཐུབ།” ཅེས་ལ་སོགས་པ་ཟེར་རྒྱུ་མེད། ང་ཚོས་གནས་གང་དུའང་སྒོམ་སྒྲུབ་བྱེད་ཐུབ། སྒོམ་ལ་གང་ལ་གང་འཚམ་མཐར་ཕྱིན་པའི་གོམས་འདྲིས་ཆགས་ན། མེ་འཁོར་དང་བང་བསྒྲིགས་ནས་སྡོད་པ་སོགས་ས་ཆ་གང་དུ་སླེབས་ཀྱང་ཉམས་ལེན་བྱེད་ཐུབ། ང་ཚོའི་ཉིན་རེའི་མི་ཚེའི་ནང་འགྲོ་ལུགས་འགྲོ་སྟངས་དང་མཐུན་པའི་སྒོམ་གྱི་ཐུན་མཚམས་སུ་ང་ཚོས་གཞན་ལ་བརྩེ་བ་དང་སྙིང་རྗེའི་ཐོག་ནས་ལྟ་ཚུལ་དེ་དྲན་ཐུབ། དེ་སྒོམ་རེད། མ་རེད་དམ།
དྲན་དགོས་པ་ཞིག་ལ། སྒོམ་གྱི་དམིགས་ཡུལ་གཙོ་བོ་ནི་ཆོས་ཀྱི་གནད་འགག་དེ་སོ་སོའི་རྒྱུད་ལ་སྒྲིལ་ནས་སོ་སོའི་ཆ་ཤས་སུ་བཟོ་དགོས། དེ་ལྟར་བྱུང་ན། ང་རང་ཚོའི་ཉིན་རེའི་མི་ཚེའི་ནང་ལག་བསྟར་ཐུབ་པ་ཡོང་གི་ཡོད། འོན་ཀྱང་སྒོམ་དེ་སོ་སོའི་མི་ཚེ་དང་འབྲེལ་བ་རྩ་ནས་མེད་པ་ལྟ་བུ་ཆགས་པའི་སྐབས། དེ་ནས་དབྱིངས་ལས་ཙམ་དང་ནམ་རྒྱུན་དགའ་མོས་བྱ་ཡུལ་ཙམ་དུ་འགྱུར་བ་ཡིན། དམིགས་བསལ་ང་ཚོའི་སྒོམ་ནང་ཡ་མཚན་ཅན་གྱི་སྔགས་ཀྱི་དམིགས་རྣམ་སྒོམ་པ་ལྟ་བུའི་སྐབས་སོ་སོའི་ཉིན་རེའི་མི་ཚེ་དང་འབྲེལ་བ་རྩ་ནས་མེད་པར་སྣང་བ་སྐྱིད་སྐྱིད་ཀྱི་ཆེད་དུ་རྩེད་མོ་རྩེ་སའི་རྟོག་པའི་ཞིང་ཁམས་ལྟ་བུར་འགྲུལ་བཞུད་བྱེད་པ་འདྲ་པོ་ཆགས་ཀྱི་ཡོད། གལ་སྲིད་ང་ཚོས་ལམ་དེ་བརྒྱུད་ནས་གཏིང་རིང་པོ་ཕྱིན་ན། དེ་ལ་བརྟེན་ནས་སོ་སོའི་སེམས་བརྟན་པོ་མེད་པ་དང་སོ་སོའི་ཉིན་རེའི་མི་ཚེར་སྒོམ་གྱི་ཤུགས་རྐྱེན་ཆུང་ངུ་ལས་སྦྱིན་མི་ཐུབ། སྒོམ་གྱི་དགོས་དོན་གཙོ་བོ་ནི་སོ་སོའི་མི་ཚེའི་ནང་ཉམས་སུ་ལེན་པའམ་ལག་བསྟར་བྱ་རྒྱུ་དེ་ཡིན་པ་དྲན་དགོས།
ང་ཚོ་གང་དུ་ཡོད་ཀྱང་ཁྱད་པར་མེད། སྒོམ་རྒྱག་པའི་སྐབས་དང་པོ་ཀུན་སློང་བཅོས་དགོས། ཀུན་སློང་ངེས་གཏན་བཟོ་དགོས་པ་དང་། དེ་ནས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སྒོམ་ཉམས་ལེན་བྱེད་རྒྱུའི་འདུན་པ་དགོས། གལ་ཏེ་ང་ཚོའི་སེམས་གཡེང་འགྲོ་གི་འདུག་ན། ནང་དུ་འགུག་ཐབས་བྱེད་དགོས། གལ་ཏེ་གཉིད་བྲོ་གི་འདུག་ན། སོ་སོ་གཉིད་ལས་སད་པར་བྱས་ནས་གྲུང་པོ་བཟོ་དགོས། མཐར་རང་གིས་བསགས་པའི་དགེ་བའི་ལས་རྣམས་བསྔོ་བ་བྱེད་དགོས། གལ་སྲིད་ང་ཚོས་སྒོམ་བརྒྱབ་པ་ལ་བརྟེན་ནས་བསགས་པའི་དགེ་བའི་ལས་རྣམས་བསྔོ་བ་མ་བྱས་ན། ང་ཚོའི་འབད་བརྩོན་དེ་འཁོར་བའི་གནས་སྟངས་བཟང་དུ་གཏོང་བ་ཙམ་ལས་གཞན་གང་ཡང་མི་ཕན། གཞན་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཆེད་སངས་རྒྱས་ཀྱི་གོ་འཕང་འཐོབ་ཆེད་དགེ་བའི་ལས་རྣམས་བསྔོ་བ་བྱེད་དགོས།
སྒེར་དང་ཚོགས་དབུས་ཀྱི་སྒོམ།
མི་འགའ་ཞིག་གིས་སོ་སོ་སྒེར་གྱི་ངོས་ནས་ཁེར་རྐྱང་དུ་སྒོམ་རྒྱག་གི་ཡོད། དོན་དངོས་སུ་བོད་རིགས་མང་ཆེ་བས་ཁེར་རྐྱང་དུ་སྒོམ་རྒྱག་པ་ལས་ཚོགས་དབུས་ཀྱི་སྒོམ་རྒྱག་གི་མེད། འོན་ཀྱང་དགོན་སྡེ་ཁག་ནང་དགེ་འདུན་ཕོ་མོ་རྣམས་ཀྱིས་མཉམ་འཛོམས་ཐོག་ཞལ་འདོན་ཆོ་ག་སོགས་མཉམ་དུ་གསུང་གི་ཡོད། འོན་ཀྱང་ནུབ་ཕྱོགས་སུ་ང་ཚོས་ཚོགས་པའི་ནང་སྒོམ་རྒྱག་རྒྱུའི་སྲོལ་བཙུགས་ཡོད། མི་མང་ཆེ་བར་ཚོགས་དབུས་སུ་སྒོམ་ཉམས་ལེན་བྱེད་པའི་ཁེ་ཕན་ཆེ་ཤོས་ནི་སྒྲིག་འཛུགས་དེ་རེད། གལ་ཏེ་སོ་སོ་གཅིག་པུ་ཡིན་ན། སྒྲིག་ལམ་གང་ཡང་མེད་པར་མར་བསྡད་དེ་སྒོམ་ཉམས་ལེན་བྱེད་ཀྱི་ཡོད། སྒོམ་ཐུན་མཇུག་མ་རྫོགས་གོང་ནས་ཡར་ལངས་ཏེ་མཇུག་བསྡུ་འདོད་ཡོང་གི་ཡོད། འོན་ཀྱང་མི་གཞན་དང་མཉམ་དུ་ཡོད་ན། སྒྲིག་ལམ་ལེགས་པ་སྲུང་ཐུབ། སྡོད་མ་ཚུགས་པ་ཉུང་བ་ཡོད། རྒྱུ་མཚན་ནི་གཞན་གྱི་མདུན་དུ་སྤྱོད་པ་ཡ་མ་ཟུང་དང་སྒྲིག་འགལ་བྱས་ན་ཁ་སྐྱེངས་པོ་ཡོད་ཙང་། ང་ཚོས་འཛེམས་ཟོན་བྱེད་ཀྱི་ཡོད།
མི་འགའ་ཞིག་གིས་ཚོགས་དབུས་སུ་སྒོམ་རྒྱག་རྒྱུ་ནི་མཐའ་གཅིག་ཏུ་ཞེད་སྣང་ཚོ་པོ་ཞིག་ཏུ་མཐོང་། གང་ཡིན་ཟེར་ན། མི་གཞན་གྱིས་སོ་སོའི་སེམས་གཡེང་འཇུག་གི་ཡོད། དམིགས་བསལ་གཞན་ཞིག་གློ་རྒྱག་པའམ་སྡོད་མི་ཚུགས་པའི་སྐབས། རང་གི་སྒོམ་ལ་གནོད་ཀྱི་ཡོད། དེར་བརྟེན་ཁོང་ཚོས་ཁེར་རྐྱང་དུ་སྒེར་གྱི་ཁང་པའི་ནང་སྒོམ་རྒྱག་རྒྱུར་འདོད་མོས་བྱེད་ཀྱི་ཡོད། དེ་བཞིན་དམིགས་བསལ་ཚོགས་དབུས་སུ་མི་ཚང་མ་མཉམ་དུ་ཞལ་འདོན་སྐད་ཤུགས་ཆེན་པོ་འདོན་སྐབས་ཁ་ཤས་ཀྱིས་ནམ་རྒྱུན་ལས་ཧ་ཅང་དལ་ཞིང་ལྷོད་པ་འདོན་པ་སོང་ཙང་། སོ་སོ་ཉོབ་ཏོ་ཆགས་པ་དང་ཁོང་ཁྲོ་བཟའ་གི་ཡོད། དེ་ག་ནང་བཞིན་ཧ་ཅང་མགྱོགས་པོ་འདོན་ན་དེ་ལའང་རླུང་ལང་གི་ཡོད།
ཁེར་རྐྱང་ངམ་ཚོགས་དབུས་སུ་སྒོམ་རྒྱག་རྒྱུ་གང་ཞིག་རང་ལ་འཚམ་མིན་སོ་སོས་ཐག་གཅོད་བྱེད་དགོས། འོན་ཀྱང་ང་རང་ཚོགས་པ་ཆུང་ངུའི་སྒོམ་སྒྲུབ་ནང་མཉམ་ཞུགས་བྱེད་སྐབས་བློ་ལ་འཐད་པའི་ཁྱད་ཆོས་ཤིག་དོ་སྣང་བྱུང་། དེ་ཡང་མི་གཅིག་གམ་གཉིས་མཉམ་དུ་སྒོམ་རྒྱག་སྐབས་ལ་ཟེར་གྱི་ཡོད། ལྷག་པར་དུ་སོ་སོ་དང་འབྲེལ་བ་དམ་པོ་ཡོད་པའི་མི་གཞན་དང་མཉམ་དུ་སྒོབ་བརྒྱབ་ན་སྒོམ་གནད་ལ་སྨིན་པོ་དང་ལམ་ལྷོང་ཆེན་པོ་ཡོང་ཐུབ། དེར་བརྟེན་གཞན་དང་མཉམ་དུ་ཧ་ཅང་མཛའ་མཐུན་གྱི་ཚོར་བ་ཞིག་ཡོང་གི་ཡོད། དེ་ནི་རང་གི་ནུས་པས་རང་གཞན་གཉིས་ཀའི་སྟོབས་ཤུགས་སྤེལ་བ་འདྲ་པོ་ཡོད། གཞན་དང་མཉམ་དུ་སྒོམ་ཉམས་ལེན་བྱེད་པས་རང་ལ་ནུས་ཤུགས་དང་སེམས་ལ་དྭངས་ཆ་ཧ་ཅང་གི་མང་བ་སྦྱིན་གྱི་ཡོད། འོན་ཀྱང་སྡེ་ཚན་ཆུང་ཆུང་ནང་སྒོམ་རྒྱག་པའི་སྐབས་གང་ཟག་སྒེར་སོ་སོའི་ནུས་པ་རྣམས་ཕན་ཚུན་མི་མཐུན་པ་བྱུང་ན། ལྡོག་ཕྱོགས་ཀྱི་འབྲས་བུ་སྦྱིན་གྱི་ཡོད། དེས་བསུན་གཙེར་བཟོ་བ་དང་རང་གི་སེམས་ཉོབ་ཏོ་ཚ་རུ་གཏོང་གི་ཡོད། དེར་བརྟེན་གཞན་དང་མཉམ་དུ་སྒོམ་རྒྱག་བརྩིས་ཡོད་ན། རོགས་པ་དེར་བརྟག་དཔྱད་བྱེད་དགོས།
བརྩོན་འགྲུས་ཀྱི་གལ་གནད།
མཐའ་མའི་བསླབ་བྱ་དུམ་ཚན་འདི་ནི་གལ་ཆེ་ཤོས་ཤིག་ཡིན། དེ་གང་ཡིན་ཟེར་ན། སྐྱིད་སྡུག་འདྲེས་མའམ་སྐྱིད་སྡུག་ཡར་མར་འཕེལ་འགྲིབ་འགྲོ་བ་ནི་འཁོར་བའི་རང་བཞིན་ཡིན་པའི་སྐོར་དེ་རེད། དེར་བརྟེན་ང་ཚོའི་སྒོམ་ཡང་རང་བཞིན་གྱིས་སྐྱིད་སྡུག་འདྲེས་མ་ལྟ་བུར་ཡར་མར་འཕེལ་འགྲིབ་འགྲོ་བཞིན་ཡོད་རེད་མ་གཏོགས། ཉི་མ་རྟག་པར་ཡར་རྒྱས་རྐྱང་རྐྱང་འགྲོ་བའི་གོ་རིམ་ངེས་པ་ཞིག་ནམ་ཡང་མེད། སྐབས་རེ་ང་ཚོའི་སྒོམ་ཉམས་ལེན་ཚགས་ཚུད་པོ་དང་ཡག་པོ་ཡོང་བ་དང་། སྐབས་རེ་ཡག་པོ་ཡོང་གི་མེད། དེ་བཞིན་མཚམས་རེ་སྒོམ་རྒྱག་འདོད་ཡོད་པ་དང་། མཚམས་རེ་རྒྱག་འདོད་རྩ་བ་ནས་ཡོང་གི་མེད། དེ་ནི་རྒྱུན་ལྡན་དང་སྤྱིར་བཏང་འཁོར་བའི་རང་བཞིན་ཡིན། གནད་འགག་ནི་ང་ཚོས་གང་ཚོར་ཡང་ཁྱད་པར་མེད། གཙོ་བོ་བརྩོན་འགྲུས་ལ་བསྟེན་ནས་རྒྱུན་མཐུད་དེ་འགྲོ་དགོས། གལ་ཏེ་ཁྱེད་རང་ལ། “ང་རང་སྒོམ་རྒྱག་སྙིང་བྲོ་གི་མི་འདུག་” ཅེས་པའི་བསམ་བློ་འཁོར་བ་ཡིན་ན། དེ་ལ་གང་ཡང་མེད། སྒོམ་རྒྱག་དགོས། རྒྱུན་མཐུད་དེ་ཉི་མ་རྟག་པར་སྐར་མ་གཉིས་གསུམ་ཙམ་ལས་མ་བྱུང་ནའང་ཉམས་ལེན་བྱེད་དགོས། ལམ་དུ་ཞུགས་པའི་སྐབས་རང་གི་སེམས་ལ་བརྟན་ཆ་ཡོང་བའི་ཆེད་དུ་དེ་ལྟར་རྒྱུན་མཐུད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན།
དེ་བཞིན་འགོ་སྟོད་དུ་སྒོམ་གྱི་ཐུན་ཧ་ཅང་རིང་པོ་རྒྱག་མི་ཉན། སྐར་མ་གསུམ་ནས་ལྔ་བར་བརྒྱབ་ན་འགྲིག་ངེས་ཡིན། དེ་མིན། “སྒོམ་ཐུན་ག་དུས་རྫོགས་མི་ཡོང་ངམ།” སྙམ་པའི་བསམ་བློ་འཁོར་བ་དང་། དེ་ནས་བསྐྱར་དུ་སྒོམ་ཉམས་ལེན་བྱེད་མི་འདོད་པ་ཡོང་གི་ཡོད། གལ་ཏེ་སྒོམ་རྒྱག་འདོད་ཀྱི་བསམ་པ་ཡོད་པའི་ཐོག་ནས་ཐུན་ཞིག་མཚམས་འཇོག་བྱས་ན། སླར་ཡང་སྒོམ་རྒྱག་འདོད་སྐྱེ་གི་ཡོད། དེ་ནི་རང་གིས་མི་ཞིག་དང་མཉམ་དུ་ད་དུང་འདུག་འདོད་ཀྱི་བསམ་པ་ཡོད་པའི་སྐབས་གློ་བུར་ཁ་བྲལ་བ་ལྟ་བུ་རེད། མི་རིང་བར་ཡང་བསྐྱར་ཐུག་སྙིང་འདོད། འོན་ཀྱང་མི་དེས་རྒྱུན་ཧ་ཅང་རིང་པོ་བསྡད་དེ་ད་འགྲོ་རོགས་བྱས་ན་བསམ་ཀྱང་མི་འགྲོ་ན། ཕྱིན་ཆད་ཡང་བསྐྱར་མི་དེ་ཐུག་སྙིང་མི་འདོད་པ་ཡོང་གི་ཡོད།
མཐའ་དོན། རང་གིས་སྒོམ་ཉམས་ལེན་བྱེད་པའི་སྐབས་ག་ལེར་ག་ལེར་རིམ་པས་སྒོམ་གྱི་དུས་ཡུན་རིང་དུ་གཏོང་རྒྱུ་གལ་ཆེ། གུ་དོག་པོ་མ་བྱས་པར་སྟབས་བསྟུན་བདེ་པོ་བྱེད་དགོས། ངས་གོང་དུ་བརྗོད་པ་བཞིན་ཉི་མ་གཅིག་ལ་སྒོམ་ཐུན་གཅིག་ཉམས་ལེན་བྱ་རྒྱུ་མ་བརྗེད་པ་བྱེད་དགོས། ཉིན་ལྟར་སྒོམ་ཉམས་ལེན་བྱས་ན་རང་གི་སེམས་ལ་བརྟན་ཆ་དང་ཡིད་རྟོན་རུང་བ། གདེང་ཚོད་སོགས་སླེབས་ཀྱི་ཡོད། འོན་ཀྱང་སྟབས་བསྟུན་བདེ་པོ་དགོས། སྐབས་རེ་རང་གིས་འདོད་པ་བཞིན་སྒོམ་ཐུན་ཆ་ཚང་ཉམས་ལེན་བྱེད་ཐུབ་པ་དང་། ཡང་སྐབས་འགར་དུས་ཚོད་ཀྱི་མ་འདང་བ་སོང་ཙང། སྒོམ་ཐུན་ཐུང་དུ་གཏོང་དགོས་པ་ཡོང་སྲིད། འོན་ཀྱང་ཉུང་མཐར་ཉིན་རེར་ཐེངས་རེ་ཉམས་ལེན་བྱེད་དགོས། ལྐུགས་རྟགས་དང་རྨོངས་ཞེན་ཅན་བྱས་ནས་རང་གིས་རང་ལ་ཨུ་ཚུགས་རྒྱག་མི་ཉན། ངས་དགའ་ཤོས་ཀྱི་ཛཻན་བསམ་གཏན་པའི་ཆོས་ལུགས་ཀྱི་གཏམ་དཔེ་ནི། “འཆི་བ་ནི་ག་དུས་ཡིན་ན་ཡོང་སྲིད་པས། སེམས་ལྷོད་ལྷོད་བྱོས།” ཟེར་བ་དེ་ཡིན།།