སྟན་དང་། ཕྱག་འཚལ། འདུག་སྟངས་བཅས་མ་ནོར་བ།

སྔོན་འགྲོའི་ཉམས་ལེན་གསུམ་པ་ནི། སྟན་ནམ་སྒོམ་གདན་མ་ནོར་བ་ཞིག་བཀོད་སྒྲིག་བྱ་རྒྱུ་དང་། ལུས་རྣམ་སྣང་གི་ཆོས་བརྒྱད་ཀྱི་སྒོ་ནས་འདུག་པ། སེམས་དགེ་བའི་ངང་ནས་ཉེན་མེད་ཀྱི་ཁ་ཕྱོགས་བསྟེན་པའམ་སྐྱབས་སུ་འགྲོ་བ། དེ་བཞིན་བྱང་ཆུབ་ཀྱི་སེམས་སླར་ཡང་ངེས་བརྟན་བཟོ་རྒྱུ་བཅས་ཡིན།

སྒོམ་གདན་མ་ནོར་བ་ཞིག་གྲ་སྒྲིག་བྱེད་པ།

གཞུང་ནང་གསལ་བ་ལྟར་བྱས་ན། ཡག་ཤོས་ ༼གལ་ཏེ་ཐུབ་ན་༽ ནི། སྒོམ་གདན་དེ་ཅུང་ཟད་བཏེགས་པའི་ཤིང་གི་སྟེགས་བུ་ཞིག་དགོས། དེས་ཁྱེད་ལ་འོག་ཏུ་རླུང་ལམ་ཞིག་སྐྲུན་གྱི་ཡོད། གལ་ཏེ་ཁྱེད་ཀྱིས་རྒྱ་གར་ནང་ཡོད་པའི་བོད་མི་མང་ཆེ་བར་བལྟས་ན། ཁོང་ཚོ་མང་ཆེ་བས་སོ་སོའི་ཉལ་ཁྲིའི་སྒང་ལ་སྒོམ་རྒྱག་གི་ཡོད། བྱས་ཙང་། འོག་ཏུ་རླུང་ལམ་ཡོད་པ་རེད། ཁོང་ཚོར་སྒོམ་ཁང་ཟེར་བ་དེ་འདྲ་ལོགས་སུ་མེད། དེ་ག་ནང་བཞིན་རྟེན་འབྲེལ་རྒྱུ་མཚན་དུ་བྱས་ནས་དམིགས་བསལ་རྩྭ་ཀུ་ཤ་དང་རས་ཆ་ཞིག་ཀྱང་སྟེགས་བུའི་འོག་ཏུ་འཇོག་དགོས་ཀྱི་ཡོད། དེ་ནི་ང་ཚོ་མང་ཆེ་བར་བདེ་པོ་དེ་ཙམ་མེད།

གལ་ཏེ་ང་ཚོའི་རྐང་པ་སྐྱིལ་ཀྲུང་བསྡད་ན། སྡོད་སའི་སྒོམ་གདན་དེའི་རྒྱབ་ནས་ཅུང་ཙམ་ཞིག་བཏེགས་པ་ཞིག་དགོས་པར་ལམ་སྟོན་བྱས་ཡོད། དེ་ལྟར་བྱུང་ན། དེས་སོ་སོའི་རྐང་པའི་སྟེང་གི་གནོན་ཤུགས་དེ་སེལ་བ་དང་རྐང་པ་མྱུར་དུ་རྐང་པ་སྦིར་ནས་འགུལ་མི་ཐུབ་པ་མི་ཆགས། ༧གོང་ས་མཆོག་གཙོས་པའི་བོད་མི་སྒོམ་ཉམས་ལེན་པ་མང་པོས་སྐྱིལ་སྐྲུང་གི་ཚུལ་དུ་རྒྱབ་ཏུ་བསྙེ་ས་མེད་པར་འཁོད་སྙོམས་པོར་བཞུགས་གནང་བ་དང་། ཁོང་རྣམ་པའི་རྐང་པ་སྦིར་གྱི་མེད་པ་ནི་ངས་རྟག་ཏུ་གང་ལ་གང་འཚམས་ཀྱི་ཡིད་ཆེས་དཀའ་བ་མཐོང་གི་འདུག

ང་རང་ལ་མཚོན་ལ་དེ་དང་འབྲེལ་བའི་ཁ་སྐྱེངས་དགོས་པའི་གནས་ཚུལ་ཞིག་བྱུང་སོང་། ང་རང་༧གོང་ས་མཆོག་ལ་མཇལ་བཅར་བྱེད་མཁན་འགའ་ཞིག་གི་ཆེད་དུ་གསུང་བརྒྱུར་བྱེད་དུ་སྐད་བཏང་སོང་། ང་རང་བསྙེ་ས་མེད་པར་འཁོད་སྙོམས་པོའི་སྒོ་ནས་ཞ་ལའི་སྒང་སྡོད་དགོས་ཀྱི་ཡོད་པ་དང་། ངའི་རྐང་པ་གཉིས་ཀ་རྦད་དེ་སྦིར་སོང་། མཇལ་ཁ་གྲོལ་བ་དང་ཡར་ལངས་ནས་ཁང་པ་དེ་ནས་ཕྱིར་ཧ་ཅང་མགྱོགས་པོ་ཐོན་དགོས་ཀྱི་ཡོད། བྱས་ཙང་། ངས་དེ་མ་ཐག་ཡར་ལངས་ཐབས་བྱས་པ་ཡིན། འོན་ཀྱང་མར་རང་འཇགས་རིལ་སོང་། ངས་རྩིག་པར་ཟིན་ནས་ལངས་དགོས་ཐུག་སོང་། ༧གོང་ས་མཆོག་ནི་རྦད་དེ་བཞད་གད་ཀྱིས་ཁེངས་སོང་། སྟབས་ལེགས་པ་ཞིག་ང་རང་ཞ་ལའི་སྟེང་མར་ཟགས་ནས་ངོ་ཚ་པོ་དེ་འདྲ་ཆགས་མ་སོང་།

དེར་བརྟེན་ང་ཚོས་རྒྱབ་ཅུང་ཟད་བཏེགས་ནས་སྡོད་ཆོག་པ་དང་། དེས་རྐང་པ་མི་བརྟན་པའམ་སྦིར་བའི་ངལ་བ་མི་འབྱུང་བར་ཕན་གྱི་ཡོད།

ངས་འདིར་མཐོང་གི་མི་འདུག །ཡིན་ནའང་ཆོས་ཚོགས་མང་པོའི་ནང་ཛཻན་བསམ་གཏན་པའི་སྒོམ་གདན་ཛ་ཧྥུས྄་ zafus ཟེར་བ་ཧ་ཅང་མཁྲེགས་པོ་དང་མཐུག་པོ་ཡོད་པ་དེ་བེད་སྤྱོད་བྱེད་ཀྱི་ཡོད། དེ་དག་ནི་ང་ཚོས་ནམ་རྒྱུན་བྱེད་པའི་སྐྱིལ་ཀྲུང་ལ་དམིགས་པ་ཞིག་མིན། དེ་དག་ནི་ཉི་ཧོང་གི་འདུག་སྟངས་ ༼ཁྱེད་ཀྱི་རྐང་པ་རང་གི་རྒྱབ་ཏུ་འཇོག་པ་༽ ཤིག་སྟེ། གདན་དེ་སོ་སོའི་འོག་ཏུ་ཡོད་ཙང་། ཁྱེད་རང་མཐོ་སར་ཡོད། གལ་ཏེ་ཁྱེད་ཀྱིས་དེའི་སྟེང་སྐྱིལ་ཀྲུང་བཅས་ཏེ་སྡོད་ཐབས་བྱས་ན། ཁྱེད་ཀྱི་ཁ་ཕྱོགས་དེ་ཏག་ཏག་མེད་པས་མར་ཟག་ངེས་ཆེ། བྱས་ཙང་། གལ་ཏེ་ང་ཚོས་སོ་སོའི་སྒོམ་གདན་ལ་གཞིགས་ཏེ་བསམ་བློ་བཏང་ན། སྒོམ་གདན་མཐུག་ལོད་ཏག་ཏག་ཡོད་པ་དང་། མཐོ་དམའ་རན་པ། མཁྲེགས་ལོད་འགྲིག་ངེས་ཤིག་འདེམས་སྒྲུག་བྱེད་དགོས་རྒྱུ་གལ་ཆེ། གཙོ་བོ་ནི་ཁྱེད་ཀྱིས་སོ་སོའི་རྐང་པ་མི་བདེ་བ་ལ་སྔོན་འགོག་བྱེད་དགོས་ཤིང་། དེ་ནི་མི་ཚང་མར་ཏོག་ཙམ་མི་འདྲ་བ་ཡོང་གི་ཡོད།

ཕྱག་འཚལ་བ།

དེ་ནས་མར་མ་མསྡད་སྔོན་ལ་ཕྱགས་འཚལ་དགོས། དགེ་བཤེས་ངག་དབང་དར་རྒྱས་ལགས་ནས་དུས་རྒྱུན་ནན་བརྗོད་གནང་གསལ་ལྟར། ང་ཚོ་ཞོགས་པ་སྔ་པོ་ལངས་པ་དང་ལམ་སེང་གཉིད་ཕྱེད་ནང་འཚིག་ཇའི་ཁོག་ལྡིར་ཕྱོགས་སུ་དལ་བུར་འགྲོ་རྒྱུ་ཚབ་ལ། ཐོག་མར་མལ་ཆས་ནས་ལངས་པ་དང་སངས་རྒྱས་དང་ཡི་དམ་གང་འདྲ་ཞིག་གི་མདུན་དུ་ཕྱག་གསུམ་འཚལ་བ་དེ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་ཅེས་གསུངས། ཕྱག་འཚལ་རྒྱུ་དེ་ཉིན་རེའི་བྱེད་སྒོའི་ཐོག་མ་ཙམ་དུ་མ་ཟད། མཇུག་ཏུ་མཚན་མོར་མ་ཉལ་གོང་ལ་བྱེད་ཐུབ་ནའང་ཧ་ཅང་ཡག་པོ་ཡོད། ངས་དེ་ད་དུང་གཉིད་ཕྱེད་ཀྱི་ནང་ཛོམ་བྷི་ཞེས་ཟེར་བའི་འདས་ལོག་ལྟ་བུ་བྱེད་ཀྱི་མེད། འདིའི་དོན་དག་ནི། ཁྱེད་ཀྱིས་ཞོགས་པ་སྔ་པོ་ཕྱག་འཚལ་བའི་སྐབས། དེ་ནི་ཉིན་མོ་དེའི་ཆེད་དུ་ཀུན་སློང་བཅོས་ཕྱིར་གོ་སྐབས་ཤིག་ཏུ་བཀོལ་སྤྱོད་བྱ་རྒྱུ་དེ་ཡིན། ༧གོང་མཆོག་གིས། ཁོང་ཞོགས་པ་སྔ་པོ་སྤྱན་ཕྱེ་མ་ཐག་ཕྱག་འཚལ་གནང་བ་དང་། དེའི་ཐོག་མའི་བསམ་བློ་ནི་ཉིན་དེའི་རིང་ཀུན་སློང་བཅོས་རྒྱུ་དེ་རེད་ཅེས་གསུངས།

ང་ཚོ་ཞོགས་པ་སྔ་པོ་ལངས་པ་དང་ “ཨཱ་ད་བྱུང་མ་སོང་། དྲིལ་བརྡ་ཆུ་ཚོད་ཀྱི་སྐད་དེ་ཅ་ཟིང་བ་ལ། ཡར་ལངས་ནས་ཉིན་མོ་འདི་སྐྱེལ་དགོས་རེད་” ཅེས་ཀྱི་བསམ་བློས་ཀུན་ནས་བསླངས་ཏེ་ལངས་ན་ཕན་ཐོགས་མེད། དོན་དག་དེ་མ་རེད། དེ་ལས་ལྡོག་སྟེ། ཁྱེད་རང་ཉལ་བའི་སྐབས། “ང་རང་ཞོགས་པ་མ་ལངས་བར་དུ་སྒུག་ཐུབ་ས་མ་རེད། ཞོགས་པ་མགྱོགས་པོ་ཆགས་ནས་ཉམས་ལེན་ལ་འཇུག་ཐུབ་པའམ་ཡང་ན་གཞན་ལ་ཕན་པའི་ལས་གང་འདྲ་ཞིག་བྱེད་ཀྱི་ཡོད་ནའང་དེ་བྱེད་འདོད་ཡོད་” ཅེས་བསམ་པའི་སྒོ་ནས་ཉལ་དགོས། མཚན་མོ་དེ་རྫོགས་པའི་སྐབས། ཁྱེད་རང་ཞོགས་པ་མགྱོགས་པོ་ལང་རྒྱུ་སླེབས་ཀྱི་ཡོད་ཙང་། ཁྱེད་རང་ཧ་ཅང་སྐྱིད་པོ་ཡོང་གི་ཡོད། ངས་འདིར་གཉིད་ཁུག་མི་ཐུབ་མཁན་དེ་འདྲའི་སྐོར་ཤོད་ཀྱིན་མེད། ཡིན་ནའང་ “དཔེ་ཡག་པོ། དེ་ཚར་སོང་། དུས་ཚོད་འཕྲོ་བརླག་འགྲོ་མ་སོང་” ཞེས་ཧ་ཅང་སྐྱིད་པོ་ཡོང་གི་ཡོད། ༼དོན་ངོ་མར། ང་རང་ངའི་དྲྭ་ལྗོངས་ལ་དེ་འདྲ་ཡིན། ང་རང་དེའི་ཐོག་ལས་ཀ་བྱ་རྒྱུ་དགའ་པོ་ཡོད། དེ་ནི་ལས་ཀ་ཧ་ཅང་ཡིད་ལ་འཐད་པ་ཞིག་རེད། ང་རང་དངོས་གནས་ཞོགས་པ་ལངས་ནས་དེ་བྱ་རྒྱུ་སྒུག་བཟོད་མེད་མཁན་ཞིག་ཡིན།༽ བྱས་ཙང་། འདི་ནི་སྤྲོ་བའི་བརྩོན་འགྲུས་ཀྱི་ཉམས་ལེན་ཞིག་རེད། ཁྱེད་ཀྱིས་ལས་ཀ་གང་ཞིག་བྱེད་ནའང་། དེ་ལ་སྐྱིད་པོ་དང་སྤྲོ་བའི་ངང་ནས་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན། གང་ཡིན་ཞེ་ན། ཁྱེད་ཀྱིས་ལས་ཀ་དེ་གཞན་གྱི་ཆེད་དུ་ཇི་ཙམ་གྱི་བཟང་པོ་དང་ཕན་ཐོགས་ཅན་ཞིག་ཡིན་པ་མཐོང་བ་དང་། དེར་བརྟེན་ལས་ཀ་དེར་སྐྱིད་པོ་ཚོར་བ་དང་། དེ་བྱེད་པར་ཚོར་བ་བཟང་པོ་ཞིག་དང་ཡག་པོ་ཡོང་གི་ཡོད།

དེ་ལྟར་ང་ཚོར་སྡོད་སའི་སྒོམ་གདན་ཡག་པོ་ཞིག་ཡོད་པ་རེད། མ་བསྡད་སྔོན་ལ་ང་ཚོས་ཕྱག་འཚལ་དགོས། དེ་ནི་སྒོམ་ཐུན་གང་འདྲ་ཞིག་ཡིན་ནའང་བྱེད་དགོས། དེ་ལྟར་བྱ་རྒྱུ་ནི་གོམས་གཤིག་ཡག་པོ་ཞིག་ཡིན།

བསྐུམ་ཕྱག

ཕྱག་འཚལ་སྟངས་མི་འདྲ་བ་མང་པོ་ཡོད། ཕྱག་འཚལ་སྟངས་མདོར་བསྡུས་པ་ ༼བསྐུམ་ཕྱག༽ དེ་ནི། ལག་གཉིས་ཐལ་མོ་སྦྱར་བ་དང་། མཐེ་བོང་གཉིས་ནང་དུ་བླུགས་དགོས། དེ་ལ་ཐབས་དང་ཤེས་རབ་ཅེས་ཟེར་གྱི་ཡོད། དེ་ནས་ཁྱེད་ཀྱིས་སོ་སོའི་ལུས་པོར་ཡོད་པའི་གནས་བཞི་ལ་རེག་པར་བྱེད་དགོས། འོན་ཀྱང་འདི་ལ་ཕྱག་འཚལ་སྟངས་མི་འདྲ་བ་ཡོད་པ་ཞུ་འདོད་བྱུང་། སྤྱིར་བཏང་ནང་ཆོས་ནང་བྱེད་ལུགས་བྱེད་སྟངས་མི་འདྲ་བ་ཡོད་པ་རེད། འོན་ཀྱང་སྐབས་འདིར་ལམ་རིམ་ནས་གསུངས་པ་ལྟར་རེད། ཁྱེད་ཀྱིས་གནས་བཞིར་རེག་པ་ནི།

༡༽ སྤྱི་བོ། འདི་ནི་སངས་རྒྱས་ཀྱི་གཙུག་ཏོར་སྐྱེད་པའི་འདུན་པ་དེ་ཡིན། ལུས་ཀྱི་རྟགས་ནང་གི་གཅིག་སྟེ། སངས་རྒྱས་ཀྱི་དབུའི་སྟེང་དུ་ཡོད་པའི་རྡོག་རྡོག་ཅན་ཞིག་ཡོད་པ་དེ་རེད། བོད་པའི་བླ་མ་ཞིག་གི་དབུའི་སྟེང་དེ་འདྲ་ཞིག་ཡོད་པ་ངས་མཇལ་བ་དྲན་གྱི་འདུག །དེ་ནི་གང་འཚམས་ཀྱི་ཧང་སངས་བའི་གནས་རེད་འདུག ༼དེ་ནི་སྐྲན་རྡོག་དེ་འདྲ་རེད་བསམ་གྱི་མི་འདུག༽ བྱས་ཙང་། ང་རང་སངས་རྒྱས་ཀྱི་ཡོན་ཏན་དེ་སྐྱེད་འདོད་འདུག

༢༽ ཐོད་པ། དེ་ནས་ཁྱེད་ཀྱིས་ཐོད་པའི་སྟེང་རེག་པ་ནི་མཛོད་སྤུ་འགྲུབ་པའི་ཆེད་དུ་ཡིན། ང་ཚོའི་སྨིན་མའི་བར་ལ་མཛོད་སྤུ་ཆུང་ཆུང་ཞིག་སྐྱེ་གི་ཡོད་པ་དང་དེ་ནི་སུ་ལུ་ཆགས་པ་ཞིག་ཡོད། དཔེར་ན། དེ་ནི་མུ་མཐའ་མེད་པའི་ཚད་འཇལ་བྱེད་ཀྱི་ཡོ་བྱད་རིང་པོ་ཞིག་ལྟ་བུ་ཡོད། ཁྱེད་ཀྱིས་དེ་འཕེན་ན་འཛད་མཐའ་མེད་པ་འཐེན་ཐུབ་པ་དང་། དེ་ནས་ཚུར་རང་འཇགས་ཁྱིལ་གྱི་ཡོད།

ཁྱེད་ཀྱིས་འདི་དག་ཁྱད་མཚར་པོ་འདྲ་མཐོང་སྲིད། འོན་ཀྱང་སངས་རྒྱས་ཀྱི་སྐུའི་ཁྱད་ཆོས་སམ་ཡོན་ཏན་དང་རྟགས་མཚན་སྣ་ཚོགས་པའི་སྐོར་གྱི་ཆོས་ཚུལ་སྣ་ཚོགས་ཡོད་པ་དང་། དེ་དག་རེ་རེ་ནི་རྒྱུ་ཞིག་གི་བརྡ་རྟགས་ཡིན། རང་གི་དགེ་བའི་བཤེས་གཉེན་ལ་རྟག་ཏུ་གུས་ཞབས་བྱེད་པ་དང་རང་གི་སྤྱི་བོའི་སྟེང་དུ་སྒོམ་པ་ལས། ཁྱེད་ལ་བླ་མ་བཞུགས་པའི་སྟེགས་བུ་ཆུང་ཆུང་འདི་ཡོད་པ་རེད། སྨིན་མའི་བར་དེ་ནི་ཡེ་ཤེས་ཀྱི་སྤྱན་ནམ་སྤྱན་གསུམ་པ་རེད། དེ་ནི་བློ་བཟང་རམ་པའི་དོན་མེད་ཀྱི་སྐད་ཆ་འདྲ་པོ་ཞིག་མིན་པར། འདི་ནི་རྩ་དབུ་མའི་སྟོད་ཀྱི་མཐའ་རུ་དུས་འཁོར་ལུགས་ལྟར་བྱས་ན། ཁྱེད་ཀྱིས་ཐོག་མར་སྟོང་པའི་གཟུགས་སྐྲུན་ས་དེ་རེད།

༣༽ མགྲིན་པ། དེ་ནས་ང་ཚོས་ལག་པ་མགྲིན་པར་རེག་པ་ནི། སངས་རྒྱས་ཀྱི་གསུང་གི་ཡོན་ཏན་སྐྱེད་ཕྱིར་ཡིན།

༤༽ སྙིང་ཁ། དེ་ནས་ང་ཚོས་ལག་པ་སྙིང་ཁར་རེག་པ་ནི། སངས་རྒྱས་ཀྱི་ཐུགས་ཀྱི་ཡོན་ཏན་སྐྱེད་ཕྱིར་ཡིན།

དེ་ནས་ཁྱེད་ཀྱིས་ལུས་ཀྱི་གནས་བདུན་ཞ་ལའི་སྟེང་དུ་རེག་པ་ནི། ལག་པ་གཉིས་དང་། པུས་མོ་གཉིས། རྐང་པ་གཉིས། ཐོད་པ་བཅས་བདུན་ཡིན། བྱས་ཙང་། ཐོད་པ་དེ་ཞ་ལའི་སྒང་ལ་རེག་པར་བྱེད་དགོས་ཞེས་གསུང་གི་ཡོད།

ལུས་གནས་བདུན་པོ་ཞ་ལའི་སྒང་རེག་པ་མ་ཐག་ལམ་སེང་ཡར་ལངས་དགོས་རྒྱུ་གལ་ཆེ་ཞེས་གསུངས་ཡོད། ཞ་ལའི་སྒང་ལ་ལྷོད་པོར་སྡོད་རྒྱུའི་གོམས་གཤིས་དེ་འཇགས་རྒྱུ་མེད། དེ་ནི་ངན་སོང་དུ་སྐྱེ་བའི་སྣང་བརྙན་ལྟ་བུ་ཆགས་ཀྱི་ཡོད། བྱས་ཙང་། མགྱོགས་པོ་ཡར་ལངས་དགོས།

ཡར་ལངས་སྐབས་ལུས་པོ་ཁ་ཐུག་དྲང་པོར་སྲང་དགོས། ངའི་ཨ་མས། “ལུས་པོ་ཁ་ཐུག་སྲང་པོར་ལོངས། སྟོད་སྒུར་ཆགས་ཀྱི་རེད།” ཅེས་གསུང་བ་ངས་གོ་ཐུབ་ཀྱི་འདུག །བྱས་ཙང་། ཁྱེད་སྟོད་སྒུར་ཆགས་འདོད་མེད། ལུས་སྲང་པོར་ལངས་དགོས། ཕྱོགས་གཅིག་ནས་བཤད་ན། འདི་ནི་གུས་ཞབས་ཆེ་བ་ཡོད། དེས་ཁྱེད་རང་ཁ་ཐུག་སྲང་པོར་ལངས་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་བྱེད་དགོས། ལུས་གུག་གུག་བྱ་རྒྱུ་མེད།

ཕྱག་གསུམ་འཚལ་བའི་མཐའ་མཇུག་ཏུ་ཁྱེད་ཀྱིས་སླར་ཡང་ལུས་ཀྱི་གནས་དེ་དག་ལ་རེག་དགོས།

ལུས་ཀྱི་གནས་བདུན་དང་འཕགས་པའི་ནོར་བདུན།

ཁྱེད་ཀྱིས་ལུས་ཀྱི་གནས་བདུན་པོ་ཞ་ལའི་སྒང་ངམ་སའི་སྟེང་རེག་དགོས་ཤིང་། དེ་དག་གིས་གང་མཚོན་པར་བྱེད་དམ་ཞེ་ན། དེས་མཚོན་པར་བྱེད་པའི་བདུན་ཚན་མང་པོ་ཡོད། ནམ་རྒྱུན་ང་ཚོས་འཕགས་པའི་ནོར་བདུན་གྱི་སྐོར་གོ་མྱོང་ཡོད། དེ་དག་ནི་རྟོག་མེད་ཀྱི་སྒོ་ནས་བདེན་པ་བཞི་རྟོགས་པའི་འཕགས་པའི་གང་ཟག་རྣམས་ཀྱིས་ཧ་ཅང་རིན་ཐང་ཅན་དུ་གཟིགས་པའི་རྩ་ཆེན་གྱི་ནོར་བུ་བདུན་ཡིན། དེ་དག་ནི་ཁོང་རྣམས་ལ་ནོར་བུ་ལྟར་བརྒྱན་པ་ཡིན། ང་ཚོར་རྩ་ཆེ་ཤོས་ཀྱི་དངོས་པོ་གང་ཞིག་དགོས་པའི་ཐོག་ལ་བསམ་བློ་གཏོང་བའི་སྐབས། འདི་ནི་དངོས་གནས་དྲང་གནས་དོ་སྣང་བྱེད་འོས་པའི་གྲངས་འདྲེན་ཞིག་ཡིན།

༡༽ བདེན་དོན་ལ་ཡིད་ཆེས། སྐབས་རེར་དད་པ་ཞེས་བསྒྱུར་ཡོད། འོན་ཀྱང་དེའི་མཚན་ཉིད་ལ་ཡག་པོ་བྱས་ནས་བལྟས་ན། དེ་ནི་དངོས་དོན་གང་བདེན་པ་དང་དངོས་གནས་ཡིན་པར་ལྟ་བའི་སྒོ་ནས་དེ་བདེན་པར་ཡིད་ཆེས་པ་དེ་ཡིན། ང་ཚོས་རྟོག་འཆར་གང་ཞིག་ལ་ཡིད་ཆེས་བྱེད་ཀྱིན་མེད། ང་ཚོས་ཡེ་ཤུ་མ་ཤི་ཀའི་འཁྲུངས་སྐར་གྱི་པཱ་ལགས་དང་ཨིས྄་ཊར་དུས་སྟོན་གྱི་ཨ་ཕོ་རི་བོང་སྐོར་ཤོད་ཀྱིན་མེད། ང་ཚོས་རྒྱུ་ཆ་དང་མ་ཤེར་ཚོང་ར་འཕར་ཆ་འགྲོ་རྒྱུ་ཡིན་པ་དང་སང་ཉིན་ཆར་པ་གཏོང་སྲིད་པའི་སྐོར་ཤོད་ཀྱིན་མེད། ང་ཚོས་དངོས་པོའི་གནས་ལུགས་ཁས་ལེན་པའི་སྐོར་ཤོད་ཀྱིན་ཡོད། དེ་ཡང་། “འདི་ནི་དངོས་པོའི་གནས་ལུགས་དེ་ཡིན་པ་དང་། འདི་ནི་བདེན་དོན་ཞིག་ཡིན་པས། ངས་ཁས་ལེན་བྱེད། ངས་གདེང་ཚོད་ཆེན་པོའི་སྒོ་ནས་དངོས་པོའི་གནས་ལུགས་དེ་མ་ནོར་བ་ཡང་དག་པ་ཞིག་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད།” ཅེས་པ་དེ་རེད། ཡིན་ནའང་ང་ཚོར་དངོས་པོའི་གནས་ལུགས་གང་ཡིན་པའི་ཐད་བསམ་བློ་ཁྱད་མཚར་དེ་འདྲ་ཡོད་ཆོག །འོན་ཀྱང་དེ་ནི་དངོས་གནས་དྲང་གནས་བདེན་པ་དེ་གང་ཡིན་པའི་སྐོར་ཤོད་ཀྱིན་ཡོད།

ཁྱེད་ཀྱིས་བདེན་དོན་ལ་ཡིད་ཆེས་ཡོད་དགོས་པའི་སྐོར་གྱི་བརྗོད་གཞི་གང་དག་ཡིན་པའི་ཐོག་བསམ་བློ་གཏོང་བའི་སྐབས། དེ་ནི་དོན་ངོ་མར་ལས་སླ་པོ་ཞིག་མེད། དཔེར་ན། རྒྱུ་འབྲས་ཏེ་སྤྱོད་ལམ་གྱི་རྒྱུ་དང་འབྲས་བུ་ལྟ་བུར་མཚོན་ན། ཁྱེད་ཀྱིས་མི་དགེ་བའི་ལས་བརྩམས་པ་ལས་སྡུག་བསྔལ་འབྱུང་གི་ཡོད། དེ་ནི་དངོས་གནས་ཁས་ལེན་རྒྱུ་ཡང་དཀའ་ལས་ཁག་པོ་ཆགས་ཀྱི་ཡོད། གང་ཡིན་ཟེར་ན། “ངའི་བླ་མའམ་དགེ་བའི་བཤེས་གཉེན་གྱིས་དེ་ལྟར་གསུང་གི་རེད་ཅེས་དང་། དཔེ་ཆའི་ནང་དེ་ལྟར་གསལ་ཡོད་” ཅེས་རྒྱུ་མཚན་ཤོད་ཀྱི་ཡོད། འོན་ཀྱང་དེ་བདེན་པ་ཡིན་པའི་ཡིད་ཆེས་པའི་དད་པ་ངོ་མ་ཞིག་ཁྱེད་ལ་ཡོད་པ་རེད། འཕགས་པའི་གང་ཟག་རྣམས་ལ་ནི་རྟོག་མེད་ཀྱི་ཡོན་ཏན་ཡོད་པ་སྟེ། འཕགས་པའི་བདེན་པ་བཞིའི་སྤྱིར་བཏང་གི་སྡེ་ཚན་ཙམ་ལ་བསམ་བློ་བཏང་ནས་དེ་ ༼རྟོག་པ་དང་བཅས་༽ མཚོན་པར་བྱེད་པ་་ཙམ་མིན་པར། ཁོང་རྣམ་པས་རྟོག་མེད་ཀྱི་སྒོ་ནས་རྒྱུ་འབྲས་དང་བདེན་པ་མངོན་སུམ་དུ་གཟིགས་ཀྱི་ཡོད། དེ་ནི་འཕགས་པའི་བདེན་པ་བཞིའི་སྒྲོམ་གཞི་ཆ་ཚང་བ་དེ་ཡིན།

༢༽ བཟང་སྤྱོད་ཀྱི་ཚུལ་ཁྲིམས། གལ་ཏེ་སྤྱོད་ལམ་གྱི་ཆ་ནས་རྒྱུ་དང་འབྲས་བུ་ནི་བདེན་དོན་ཞིག་ཡིན་པའི་དོན་དམ་གྱི་ཡིད་ཆེས་དང་དད་པ་ངོ་མ་ཤིག་ཡོད་ན། དེ་ནས་ཁྱེད་ལ་རང་བཞིན་གྱིས་བཟང་སྤྱོད་ཀྱི་ཚུལ་ཁྲིམས་དང་ལྡན་པར་འགྱུར་གྱི་ཡོད། ཁྱེད་ཀྱིས་ཉོན་མོངས་དང་གཏི་མུག་དབང་དུ་ཤོར་ནས་གནོད་བྱེད་མི་དགེ་བའི་ལས་བརྩམ་རྒྱུ་སྤོང་གི་རེད།

༣༽ གཏོང་བ། ང་ཚོས་གང་སྦྱངས་པ་དང་། ང་ཚོར་གང་ཡོད་པ་རྣམས་གཞན་དང་མཉམ་སྤྱོད་བྱེད་པ་སོགས།

༤༽ ཐོས་པ། ང་ཚོས་དངོས་གནས་ཆོས་ལ་གོ་རྟོགས་སྐྱེ་ཕྱིར། ཐོས་བསམ་སློབ་གཉེར་བྱེད་པ་དང་རྒྱ་ཆེ་བའི་ཤེས་བྱའི་གནས་ལ་ཐོས་རྒྱ་དང་ལྡན་པར་གོ་བ་ཡིན།

༥༽ ངོ་ཚ་ཤེས་པ་སྟེ། ང་ཚོའི་བྱ་སྤྱོད་ཀྱིས་གཞན་ལ་ཇི་ལྟར་ཕན་གནོད་བྱེད་མིན་ཐོག་གཟབ་ནན། ཕྱོགས་གཞན་ཞིག་ནས་གལ་ཏེ་ངས་སྤྱོད་པ་རྩུབ་པོ་དང་ངན་པའམ་སྡིག་པའི་ལས་ཤིག་བྱས་ན། དེས་ངའི་དགེ་བའི་བཤེས་གཉེན་ལ་མཐོང་སྣང་ངན་པ་ཞིག་ཡོང་གི་རེད། དེས་ནང་ཆོས་ལ་མཐོང་སྣང་ངན་པ་ཞིག་སྦྱིན་གྱི་རེད། དེས་ང་རང་དང་འབྲེལ་བ་ཡོད་པའི་ནང་མི་ལ་སོགས་པའི་ཚོགས་སྡེ་ཆེ་ཁག་གང་འདྲ་ཞིག་ཡིན་པ་ཚང་མར་མཐོང་སྣང་ངན་པ་སྦྱིན་གྱི་རེད། འཕགས་པའི་ནོར་འདི་དང་རྗེས་མ་གཉིས་ནི་བཟང་པོའི་སྤྱོད་ལམ་ཡང་ན་ཚུལ་ཁྲིམས་ཀྱི་གཞི་རྟེན་ཡིན།

ང་ཚོས་འདི་ནི་ཨེ་ཤི་ཡའི་བསམ་བློ་གཏོང་ཕྱོགས་རེད་ཅེས་བརྗོད་སྲིད། དཔེར་ན། “ངས་བྱ་སྤྱོད་འདི་འདྲ་ཞིག་སྤེལ་ནས་ནང་མི་ལ་ཞབས་འདྲེན་དང་ངོ་ཚ་པོ་བཟོ་གི་ཡོད།” ཅེས་ཟེར་བ་དེ་ང་ཚོ་ཚང་མ་ལའང་འབྲེལ་བ་ཆགས་ཀྱི་ཡོད་བསམ་གྱི་འདུག །གལ་ཏེ་ང་ཚོས་གང་སར་ཕྱིན་ནས་ར་བཟི་བ་དང་། ཆང་ཁང་ནང་དྲག་སྤྱོད་རིགས་བྱེད་པ་དང་། མི་རྣམས་ཀྱིས་ང་ཚོ་ནང་པ་ཡིན་པ་ཤེས་ན། ང་ཚོས་ནང་ཆོས་ལ་མཚན་ཤད་ཆེན་པོ་བཟོ་གི་ཡོད།

༦༽ བཟང་སྤྱོད་ཀྱི་རང་མཐོང་སྟེ། ཁྲེལ་ཡོད་པ། “ངས་སོ་སོ་རང་ཉིད་ལ་གུས་ཞབས་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་སོང་ཙང་། ངས་མི་དགེ་བའི་བྱ་སྤྱོད་རིགས་སྤེལ་རྩིས་མེད།” ཅེས་ཟེར་བ་ལྟ་བུ་རེད། བྷར་ལཱིན་ལ་འཛིན་གྲྭའི་ནང་གནོད་བྱེད་ཀྱི་ལས་ཅིའི་ཕྱིར་བརྩམ་གྱི་མེད་དམ་ཞེས་པའི་སྐོར་བཤད་སྐབས། ཁྱེད་ཀྱིས་མགོ་སྐོར་ཅིའི་ཕྱིར་གཏོང་གི་མེད་དམ། ཁྱེད་ཀྱིས་རྫུན་མི་བཤད་པ་དང་རྐུ་མ་མི་རྐུ་བ་སོགས་ཅིའི་ཕྱིར་བྱེད་ཀྱི་མེད་དམ་ཞེས་ངས་རྩོད་གླེང་བྱས་ཡིན། དེ་ལ་མི་མང་པོས། “དེ་ནི་འགྲིག་པ་ཞིག་དང་འོས་པ་ཞིག་ཚོར་གྱི་མི་འདུག་” ཅེས་བརྗོད་ཀྱི་འདུག །བྱས་ཙང་། དེ་ནི་འགྲིག་གི་མེད་པ་ཚོར་བ་ཙམ་རེད། ང་ཚོས་ “ཁྲིམས་འདི་འདྲ་ཞིག་ཡོད། ངས་ཁྲིམས་འགལ་བྱེད་འདོད་མེད་” ཅེས་ཆོས་ཕྱོགས་དང་འབྲེལ་བའི་ཁྲིམས་ཡིན་ན་འདྲ། སྲིད་ཕྱོགས་དང་འབྲེལ་བའི་ཁྲིམས་ཡིན་ནའང་འདྲ་སྟེ། སྐབས་འདིར་ང་ཚོས་དེའི་སྐོར་ཤོད་ཀྱིན་མེད། དེ་ལས་ལྡོག་སྟེ། དེ་ནི་རང་གིས་རང་ལ་ཆེ་མཐོང་གི་སེམས་བྱུང་ཞིག་སྟེ། ཁྲེལ་ཡོད་པ་དེ་རེད། དཔེར་ན། “ངས་རང་གིས་རང་ལ་ཧ་ཅང་གུས་ཞབས་དང་ཆེ་མཐོང་བྱེད་ཀྱི་ཡོད་པས། ངས་བྱ་སྤྱོད་འདི་འདྲ་སྤེལ་ངེས་མིན། དེ་ནི་འགྲིག་པ་ཞིག་ཚོར་གྱི་མི་འདུག་” ཅེས་ཟེར་བ་ལྟ་བུ་རེད། བྱས་ཙང་། ཞེད་སྣང་འདྲ་པོ་རྒྱུ་མཚན་དུ་བྱས་ནས་ང་ཚོས་བྱ་སྤྱོད་སྤེལ་རྒྱུ་སྤོང་བའི་སྐོར་ཤོད་ཀྱིན་མེད། དཔེར་ན། “ང་རང་ཉག་ཉེས་ཅན་ཚོར་ངེས་རེད་” ཅེས་བསམ་པའམ། ཡང་ན་ “ང་རང་སྡུག་ཅག་ཆགས་འདོད་མེད། ཡག་པོ་ཆགས་འདོད་ཡོད་” ཟེར་བའི་བསམ་ཕྱོགས་ལྟ་བུ་རེད། འདི་ནི་རང་གིས་རང་ལ་ཆེ་མཐོང་དང་གུས་ཞབས་ཀྱི་བསམ་ཕྱོགས་བཟང་པོ་ཞིག་ཡིན།

རང་གིས་རང་ལ་ཆེ་མཐོང་གི་ནང་ནས་ཁྱད་ཆོས་འདི་ནི། ནང་པའི་ཐབས་ཚུལ་མཚོན་པར་བྱེད་པའི་ཁྱད་ཆོས་གཙོ་བོ་ཞིག་ཡིན། དེ་ནི་སངས་རྒྱས་ཀྱི་རིགས་ལ་གོ་བསྡུར་ཆ་ཚང་བ་བྱེད་པའི་སྒོ་ནས་འགོ་འཛུགས་བྱེད་ཀྱི་ཡོད། དེ་ནི་ “ང་ནི་སྡིག་ཅན་ཞིག་ཡིན། ང་རང་མི་སྡུག་ཅག་ཡིན་” ཞེས་རང་གིས་རང་ལ་སྣང་བརྙན་གཙོ་བོ་ལྟ་བུ་སྐྱེད་པ་དེ་འདྲ་མ་རེད། དེ་ལས་ལྡོག་སྟེ། དེ་ནི་རང་གིས་རང་ལ་གུས་ཞབས་དང་རང་ཉིད་ཡར་རྒྱས་གཏོང་བར་རང་གི་འཇོན་ཐང་ལ་གུས་ཞབས་དང་ཆེ་མཐོང་གི་ཚོར་བའི་ནང་ནས་གཅིག་རེད། ང་ཚོའི་སྐྱོན་གྱི་ཆ་ལ་སྙིང་རྗེ་ཡོད་པ་དང་། ང་ཚོས་དེ་དག་ལས་ཐར་འདོད་ཡོད། གང་ཡིན་ཞེ་ན། དེ་དག་ནི་རྨོངས་པའམ་མ་རིག་པ་ལ་གཞི་བྱས་ཡོད། དེ་ནི་སྡུག་ཅག་ཡིན་པ་དང་ཁྲིམས་ལ་བརྩི་བཀུར་མེད་པར་གཞི་བྱས་མེད།

༧༽ ཤེས་རབ། ༧གོང་ས་སྐྱབས་མགོན་ཆེན་པོས་དུས་རྟག་ཏུ་གསུང་གི་ཡོད་པ་ནང་བཞིན་ང་ཚོ་འགྲོ་བ་མི་རྣམས་ལ་ཡོད་པའི་ཁྱད་པར་དུ་འཕགས་པའི་རྣམ་དཔྱོད་བེད་སྤྱོད་བྱས་ནས། ཕན་ཡོན་གང་ཡིན་པ་དང་གནོད་གཞི་གང་ཡིན་པ། དངོས་པོའི་གནས་ལུགས་གང་ཡིན་པ་དང་རྟོག་པའི་འཆར་སྣང་གང་ཡིན་པ་རྣམ་པར་འབྱེད་དགོས། ང་ཚོས་དེ་ངེས་པར་དུ་སྦྱོང་བརྡར་བྱེད་དགོས། ང་ཚོར་མི་གཞན་ཞིག་གིས་གང་ཕན་ཐོགས་ཅན་ཡིན་པ་དང་གང་ཞིག་གནོད་གཞི་ཅན་ཡིན་སྐོར་ཤོད་མཁན་ཞིག་དགོས་པའི་ཕྲུ་གུ་ཆུང་ཆུང་ཞིག་མ་རེད། ང་ཚོས་སོ་སོའི་རྒྱུད་ལ་ནུས་པ་དེ་སྐྱེད་པར་བྱེད་དགོས་ཤིང་། ནུས་པ་དེ་རྒྱུན་སྲིང་བར་བྱེད་དགོས། གང་ཡིན་ཞེ་ན། ང་ཚོར་རྣམ་པར་འབྱེད་པའི་རྣམ་དཔྱོད་དེ་ཡོད་པ་རེད།

བརྐྱངས་ཕྱག

དེ་ནས་བརྐྱངས་ཕྱག་གི་སྐོར་ལ། ཁྱེད་ཀྱིས་གོང་དུ་མདོར་བསྡུས་སུ་བསྐུམ་ཕྱག་འཚལ་བ་དང་གཅིག་པ་བྱེད་དགོས། འོན་ཀྱང་སྐབས་འདིར་ཁྱེད་རང་ལུས་ཀྱི་གནས་བདུན་པོ་སའི་སྒང་ལ་རེག་པའི་རྗེས་སུ་ཁྱེད་ཀྱིས་ལག་པ་མདུན་དུ་ཅུང་ཟད་ལོགས་སུ་ཕྱེས་ནས་བརྐྱང་དགོས་པ་དང་ལག་མཐིལ་སའི་སྟེང་དུ་འཇོག་དགོས། ཕྱག་འཚལ་སྟངས་འདི་ནི་ང་ཚོས་ནམ་རྒྱུན་ཕྱག་འབུམ་འཚལ་བ་ལྟ་བུ་རིམ་པ་ཆ་ཚང་སྐབས་སུ་བྱེད་ཀྱི་ཡོད། མི་འགའ་ཞིག་ལུས་ཀྱི་གནས་དེའི་སྒང་ལ་ཡོད་དུས་ཁོང་ཚོས་ལག་གཉིས་མཉམ་སྦྱོར་དང་མཐེ་བོང་ནང་དུ་བཅུག་ནས་སྤྱིར་བོར་རེག་ཙམ་གྱིས་ལག་པ་རང་འཇགས་འཇོག་གི་ཡོད། གཞུང་ནང་དང་༧གོང་ས་མཆོག་གིས་རྟག་ཏུ་གསུང་དོན་ལྟར་བྱས་ན། དེ་ནི་དགོས་གལ་མེད་པ་ཞིག་ཡིན། དེ་ལས་གང་མགྱོགས་ཡར་ལངས་ན་ཡག་ག་ཡོད། མི་མང་པོ་ཞིག་གིས་དེ་ལྟར་བྱེད་ཀྱི་ཡོད་ཀྱང་། དེ་ནི་དགོས་གལ་མེད་པ་ཞིག་རེད།

མདོ་འགའ་ཞིག་གི་ནང་། ཁྱེད་ཀྱིས་ཕྱག་འཚལ་བའི་སྐབས། ཁྱེད་ཀྱིས་གསོག་པའི་དགེ་བའི་ནུས་པའམ་བསོད་ནམས་ཀྱི་ཚོགས་དེ་སའི་སྟེང་གི་རྡུལ་ཕྲན་ཇི་ཙམ་ཞིག་ཁྱེད་ཀྱི་ལུས་པོས་གཏུམས་པ་དེ་གྲངས་ཧ་ཅང་མང་པོར་བསྒྱུར་བ་དང་མཉམ་པར་གསུངས། དེ་ལྟར་ཡིན་ན། གལ་ཏེ་ཁྱེད་རང་གཟུགས་པོ་རིང་པོ་དང་ཆེན་པོ་ཡིན་ན། ཁྱེད་ཀྱིས་མི་ཆུང་བ་དང་གཟུགས་པོ་ཐུང་བ་ལས་ཀྱང་རྦད་དེ་མང་བའི་དགེ་བའི་ནུས་པ་གསོག་གི་ཡོད་པ་ལྟར་སྣང་། འོན་ཀྱང་སྐབས་འདིར་བསྟན་པའི་དོན་ནི་དེ་འདྲ་ཞིག་ལ་གོ་གི་ཡོད་བསམ་གྱི་མི་འདུག

ང་ཚོས་བསམ་ཡུལ་ནས་འདས་པའི་དགེ་བའི་ནུས་པ་རླབས་པོ་ཆེ་གསོག་པར་གཞིགས་ན། ནམ་རྒྱུན་དཔེ་མཚོན་དུ་གངྒཱའི་རླུང་གི་བྱེ་མའི་སྙེད་ལས་མང་བའི་བསོད་ནམས་གསོག་ཚུལ་སྐོར་ཤོད་ཀྱི་ཡོད། བྱས་ཙང་། ཧ་ཅང་རྒྱ་ཆེ་བའམ་གྲངས་མང་བའི་བསོད་ནམས་མཚོན་པའི་སྣང་བརྙན་ཞིག་ཡོད་པ་རེད། ཡིན་ནའང་གཞུང་ནང་གྲངས་ངེས་ཅན་ཞིག་གསུང་གི་ཡོད། དེ་ཇི་ལྟར་ཡིན་འབྲེལ་བ་མཐུད་དཀའ་ཞེས་ངས་ཤོད་དགོས་ཀྱི་འདུག །ཁྱེད་ཀྱིས་སངས་རྒྱས་འདི་ལ་ཕྱག་འཚལ་བ་དང་ཕྱག་འཚལ་བའི་གྲངས་དེ་བསྒྱུར་བ་དང་། སངས་རྒྱས་ལ་གྲངས་མི་འདྲ་བ་ཞིག་ཡོད། སངས་རྒྱས་དེ་ལ་ཡང་གྲངས་ཀ་མི་འདྲ་བ་གཞན་ཞིག་ཡོད། དེ་ནི་གོ་བ་ཆགས་རྒྱུ་དངོས་གནས་དཀའ་ལས་ཁག་པོ་རེད་ཅེས་ཤོད་དགོས་ཀྱི་འདུག

འོན་ཀྱང་བསོད་ནམས་ཞེས་བྱ་བ་དེའི་གྲངས་ཀ་མང་ལོད་ལ་རྗེས་འདེད་བཏང་ནས་ཨང་ཀི་གང་མང་འཐོབ་པའི་བསམ་བློ་དེ་འདྲ་ཞིག་ཡོད་ཙང་། ཨིན་སྐད་ནང་གི་ merit ཞེས་པའི་ཚིག་དེ་ལ་ང་རང་དགའ་པོ་མེད། གང་ཡིན་ཞེ་ན། དེས་ཁྱེད་ཀྱིས་ཨང་ཀི་གསོག་གི་ཡོད་པའི་གོ་དོན་ཞིག་སྦྱིན་གྱི་ཡོད། དེ་ལྟར་ན་ཁྱེད་ཀྱིས། “ང་རང་ལྟུང་བཤགས་ཀྱི་སངས་རྒྱས་སོ་ལྔའི་ནང་གི་སངས་རྒྱས་འདི་ལ་ཕྱག་འཚལ་འདོད་མི་འདུག །གང་ཡིན་ཟེར་ན། དེ་ནི་གོང་ཚད་སྒྲིག་སྟངས་ཡག་པོ་ཞིག་མ་རེད། ཁྱེད་ལ་ཉུང་བ་རག་གི་རེད། བྱས་ཙང་། ངས་ངའི་དངུལ་ལ་དཔག་པའི་མང་ཤོས་སྦྱིན་མཁན་དེ་འདེམས་སྒྲུག་བྱེད་ཀྱི་ཡིན། དེ་ནི་ངས་ཕྱག་འཚལ་ན། ཨང་ཀི་མང་བ་འཐོབ་ཕྱིར། ངས་ཕྱག་མང་པོ་འཚལ་མི་དགོས།” ཞེས་བརྗོད་ངེས་རེད། དེ་འདྲ་སོང་ཙང་། ཁྱེད་ཀྱིས་གོང་ཚད་སྒྲིག་པ་ལྟ་བུ་ཞིག་ལ་བལྟ་བཞིན་ཡོད་པས། ངའི་བསམ་པར། དེ་ནི་ཕྱག་འཚལ་བའི་ཀུན་སློང་དང་དགོས་དོན་ངོ་མ་དེ་མ་རེད།

གནད་དོན་དེ་འདྲའི་ཐོག་ལ་དཔྱད་ཞིབ་བྱ་རྒྱུ་དེ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་བསམ་གྱི་འདུག །ཁྱེད་ཀྱིས་གཞུང་ལུགས་དག་ལས་གང་རྙེད་པ་དེར་དྲི་རྩད་དང་ཐེ་ཚོམ་མེད་པར་ངོས་ལེན་བྱེད་མི་ཉན། སངས་རྒྱས་ཉིད་ནས་ཀྱང་ཚང་མར་དྲི་བ་གཏོང་དགོས་པ་དང་དཔྱད་ཞིབ་བྱེད་དགོས་ཞེས་གསུངས་ཡོད། ནང་པའི་ཐབས་ལམ་ནི་ཁྱེད་རང་བརྟག་པ་མཐར་བཟུང་གི་ནང་ཡོད་དགོས་པ་དང་། དེ་ནས་ཁྱེད་ཀྱིས་དེ་ལ་དགག་པ་ཡོད་མེད་ལྟ་ཐབས་བྱེད་དགོས། དེ་ནི་ཁྱེད་ཀྱིས་གཞུང་ཚང་མའི་ནང་མཇལ་གྱི་རེད། “མི་ཁ་ཤས་ཀྱིས་བརྗོད་པ་་་” དང་དེ་ནས་ཁོང་ཚོས་བརྟག་པ་མཐར་བཟུང་བའི་ཚོད་དཔག་གི་གཞི་ཞིག་སྟེར་གྱི་ཡོད། “འོན་ཀྱང་ཁྱེད་ཀྱིས་དེ་ལྟར་བསམ་གྱི་ཡོད་ན། འདི་དང་འདི། དེ་ཞེས་སོགས་ཁུངས་མེད་ལུང་མེད་ཀྱི་མཇུག་སྡོམ་དེ་སླེབ་ཀྱི་ཡོད།” བྱས་ཙང་། དེ་ནི་བརྟག་ཞིབ་བྱེད་པའི་ཐབས་ལམ་དེ་རེད། དེ་ནི་རྟགས་གསལ་ལམ་བགྲོ་གླེང་གི་འགྲོ་སྟངས་ཤིག་རེད། མི་ཞིག་གིས་བརྟག་པ་མཐར་བཟུང་གི་ཚོད་དཔག་དེ་བཟོ་བ་དང་། མི་གཞན་གྱིས་དེ་ལ་ཁ་གཏད་དུ་ལངས་ཏེ། ཁོང་ཚོའི་བསམ་བློ་གཏོང་སྟངས་ལ་མི་མཐུན་པ་དང་དགག་པ་རྒྱག་དགོས་པ་དེ་འདྲ་ཡོད་མེད་འཚོལ་ཐབས་བྱེད་ཀྱི་ཡོད།

དཔེར་ན། ཐེག་པ་ཆེན་པོའི་མདོ་མང་པོའི་ནང་། སངས་རྒྱས་ཀྱི་སྐུའི་བ་སྤུའི་བུ་ག་ཡོངས་སུ་རྫོགས་པའི་ནང་སངས་རྒྱས་ཤིག་ཡོད་པའམ། ཡང་ན་འཇིག་རྟེན་གྱི་ལུགས་མུ་མཐའ་མེད་པ་ཡོད་པ་དང་། འཇིག་རྟེན་དེ་དག་ནང་ཡོད་པའི་སངས་རྒྱས་ཀྱི་བ་སྤུའི་བུ་གའི་ནང་ད་དུང་དེ་ལས་མང་བ་ཡོད་ཅེས་གསུངས་ཡོད། བྱས་ཙང་། གལ་ཏེ་ཁྱེད་ཀྱིས་ཐེག་པ་ཆེན་པོའི་གོ་བ་ལྟར་རང་གི་བསམ་བློ་རྒྱ་ཆེ་རུང་བཏང་ན། ང་ཚོའི་བསམ་བློ་དེ་ཧང་སངས་པའི་རྒྱ་སྐྱེད་དུ་གཏོང་རྒྱུ་ཡོད། གལ་ཏེ་ཁྱེད་ཀྱིས་དེའི་སྐོར་བསམ་བློ་བཏང་ན། དེ་ནི་ཁྱད་མཚར་བ་གང་ཡང་མིན། ཁྱེད་ཀྱིས་དེ་སྔ་འཇིག་རྟེན་གྱི་ཚད་དང་ཁྱེད་ཀྱི་མིག་གིས་མཐོང་མི་ཐུབ་ཅིང་ཆེ་མཐོང་ཕྲ་ཤེལ་ཤུགས་ཆེ་ཤོས་རིགས་བེད་སྤྱོད་བཏང་ནས་བལྟ་དགོས་པའི་ཤིན་ཏུ་ཕྲ་ལ་རྒྱང་ཐག་རིང་བའི་ཐིག་ལེ་དེ་དག་གི་ཐད་དོ་གལ་ཆེན་པོའི་སྒོ་ནས་བསམ་བློ་གཏོང་མྱོང་ཡོད་དམ། དེར་དགུ་ཚིགས་སྐྱ་མོའི་སྐར་མ་ཁྲག་ཁྲིག་ཆེན་པོ་ཞིག་ཡོད་པ་དང་དེ་ལས་མང་བའི་སྒྱུ་སྐར་གྲངས་ལས་འདས་པ་ཡོད། གལ་ཏེ་ཁྱེད་ཀྱིས་འཇིག་རྟེན་ཁྱོན་ཡོངས་ཀྱི་ཁྱབ་ཚད་ལ་བསམ་བློ་བཏང་ན། དེ་ནི་ཡིད་ཆེས་ཐུབ་དཀའ་བ་ཞིག་ཡིན། གནའ་བོའི་ནང་པའི་གཞུང་ནང་དུའང་སྣང་བརྙན་དེ་དང་གཅིག་པ་ཡོད། སངས་རྒྱས་ཀྱི་སྐུའི་བ་སྤུའི་བུ་ག་ཡོངས་སུ་རྫོགས་པའི་ནང་འཇིག་རྟེན་ཆ་ཚང་བ་ཞིག་ཡོད། དེ་ནི་ནང་ཆོས་ནང་མཇལ་རྒྱུ་ཡོད་པའི་ཧ་ཅང་ནུས་སྟོབས་ཆེ་བའི་འཆར་སྣང་ཞིག་ཡིན། ཡིན་ནའང་ཕྱག་འཚལ་བའི་སྐབས། དེ་ཁྱེད་ཀྱི་གཟུགས་པོའི་འོག་ཏུ་ཡོད་པའི་རྡུལ་གྱི་གྲངས་དང་འབྲེལ་བ་ཇི་ལྟར་ཡོད་ངས་ཤེས་ཀྱི་མེད།

གནད་དོན་འདིའི་སྐོར་མ་དག་པའམ་བཙོག་པ་དང་འབྲེལ་བའི་ངའི་བསམ་ཚུལ་ནི། ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་བསམ་བློ་གཏོང་སྐབས། དེ་ནི་ཕྱག་འཚལ་བའི་སྐབས་ཀྱི་བར་ཆད་ཅིག་རེད་དམ། དཔེར་ན། དམིགས་བསལ་ཁྱེད་རང་གནས་མཆོག་རྡོ་རྗེ་གདན་ལྟ་བུར་ཡོད་པ་དང་། ཆོས་ཀྱི་ཆོ་ག་རྒྱས་པོ་འགྲོ་བཞིན་པ་དང་སོ་སོ་ཡོད་ས་དེ་ཧ་ཅང་བཙོག་པ་དང་འདམ་ཉོག་ཅན་སོགས་ཡིན་པའི་དབང་དུ་བཏང་ན། ཁྱེད་ཀྱིས་ “ཨོ་ཧོ། ང་རང་དངོས་གནས་ཕྱག་འཚལ་འདོད་མི་འདུག །ང་རང་བཙོག་པ་ཆགས་ཀྱི་རེད་” ཅེས་བསམ་གྱི་ཡོད། དེ་ནི་ཕྱག་འཚལ་བར་འགོག་རྐྱེན་ཞིག་ཆགས་ཀྱི་ཡོད། གལ་ཏེ་ཁྱེད་རང་སའི་སྒང་ལ་རེག་རྒྱུ་དེ་དངོས་གནས་དགེ་བའི་ལས་ཤིག་ཡིན་པ་དང་། དེས་དགེ་བའི་ནུས་པ་རླབས་པོ་ཆེ་གསོག་གི་ཡོད་པ། ཁྱེད་ཀྱིས་ལུས་པོ་དངོས་སུ་བཙོག་པའི་སྒང་ལ་རེག་པའི་གྲངས་ཚད་ལ་བསམ་བློ་གཏོང་བ་དེས། “ང་རང་གི་གྱོན་ཆས་བཙོག་པ་བཟོ་འདོད་མེད། ངའི་ལག་པ་སའི་སྒང་ལ་བཞག་ནས་བཙོག་པ་བཟོ་འདོད་མེད།” ཅེས་བསམ་པ་དེས་ཁྱེད་རང་མཛངས་སྤྱོད་དེ་ལས་ཐར་བར་ཕན་གྱི་ཡོད་པ་དང་། དེའི་རྗེས་ཁྱེད་ཀྱིས་ལག་པ་གཙང་མ་བཟོ་བ་དང་གྱོན་ཆས་བཀྲུ་བ་སོགས་བྱེད་ཀྱི་རེད། ངས་དེ་ལ་འབྲེལ་བ་བྱེད་སྟངས་དེ་གལ་ཆེན་མིན་པ་ཞིག་ཡིན་ནའང་། ངས་དེ་ནི་དོན་མེད་གཡོ་སྒྱུའི་རྫུ་འཕྲུལ་འདྲ་པོ་མ་ཡིན་པར། ཁ་ཡོད་ལག་ཡོད་ཀྱིས་གོ་བ་ལེན་གྱི་ཡོད།

ཁྱེད་ཀྱིས་བོད་ནང་གི་གནས་སྐོར་བ་རྣམས་སྤྱི་ལེ་སྟོང་ཕྲག་གི་བར་དུ་ཕྱག་འཚལ་ནས་གོམ་པ་རེ་རེ་སྤོས་ཏེ་འགྲོ་གི་ཡོད་པས། ཁོང་ཚོ་བཙོག་པ་ག་ཚོད་ཆགས་ཀྱི་ཡོད་པར་བསམ་བློ་གཏོང་དགོས། ཁོང་ཚོ་གལ་ཏེ་བཙོག་པ་ཆགས་ཀྱི་རེད་བསམས་ནས་ཞེད་སྣང་ཡོད་ན། དེ་ལྟར་མི་བྱེད་པ་གསལ་པོ་རེད། གལ་ཏེ་ཁྱེད་ཀྱིས་དེ་ལ། “ཨ་ལ་ལ། ང་ལ་བཙོག་པ་ག་ཚོད་ཆགས་པ་དེ་ཚོད་ཀྱིས་དགེ་བའི་ནུས་པ་གསོག་གིན་ཡོད།” ཅེས་བསམས་ནས་བལྟས་ན། དེས་ཁྱེད་ཀྱི་གང་བྱེད་ཀྱིན་ཡོད་པའི་བསམ་ཕྱོགས་ཡོངས་རྫོགས་འགྱུར་བ་གཏོང་གི་ཡོད། མ་རེད་དམ། གང་ལྟར་ཡང་། དེ་ནི་ངའི་བསམ་བློ་གཏོང་སྟངས་དེ་རེད།

ཕྱག་རྒྱའི་རིགས་ཀྱི་ཕྱག་འཚལ་བ།

ཕྱག་རྒྱའི་རིགས་ཀྱི་ཕྱག་འཚལ་བ་ནི།

  • ལག་གཉིས་སྦྱོར། མཐེ་བོང་ནང་འཇུག །སྙིང་ཁར་རེག་དགོས།
  • ཡང་ན་ལག་གཡས་ཡར་བཏེགས་པ་དང་། མཐེ་བོང་ནང་འཇུག །མཛུབ་མོ་རྣམས་རང་གི་སྣའི་བར་དུ་ཆེས་ཆེར་བརྐྱངས་ཏེ། མགོ་བོ་འདུད་པ།
  • ཡང་མིན་ན་མི་འདྲའི་རིགས་གསུམ་པ་ནི། མཛུབ་མོ་གཅིག་ཆེས་ཆེར་བརྐྱངས་ནས་མགོ་བོ་འདུད་པ། འོན་ཀྱང་དེ་ནི་ནམ་རྒྱུན་བྱེད་སྲོལ་མེད།

དེ་འདྲ་སོང་ཙང་། ང་ཚོ་གནས་སྟངས་ཁྱད་མཚར་ཞིག་གི་ནང་ཡོད་པ་དང་། གལ་ཏེ་ང་ཚོས་བརྐྱངས་ཕྱག་དེའི་རིགས་གང་རུང་ཞིག་སའི་སྟེང་དུ་བྱེད་དགོས་ན། དཔེར་ན། གལ་ཏེ་ཁྱེད་རང་མེ་འཁོར་ནང་དུའམ། གནམ་གྲུ་ནང་མཚན་གཅིག་འགྲུལ་བཞུད་བྱེད་པའི་སྐབས། ཁྱེད་ཀྱིས་ཕྱག་རྒྱའི་ཕྱག་འཚལ་དགོས། ཡང་ཁྱེད་རང་ནད་པ་ཡིན་པའི་སྐབས་ལྟ་བུར་བརྐྱངས་ཕྱག་འཚལ་ཐུབ་ཀྱི་མེད་ན། ཁྱེད་རང་ཉལ་ཁྲིའི་སྒང་ཉལ་ནས་ཡོད་ནའང་ཕྱག་རྒྱའི་ཕྱག་འཚལ་ཆོག་པ་ཡིན། བྱས་ཙང་། ཐབས་ཚུལ་མི་འདྲ་བ་མང་པོ་ཡོད་པ་རེད། དེ་དག་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད།

སྟབས་བསྟུན་བདེ་པོ་དགོས་པ་དང་རིགས་མི་འདྲ་བ་གང་ཞིག་གནས་སྟངས་གང་ལ་རན་འཚམས་ཡོད་པ་དེར་བེད་སྤྱོད་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན། སྟབས་བསྟུན་མི་བདེ་བ་མེད་པ་དང་ཉམས་ལེན་དམ་པོ་བྱེད་པའི་གལ་གནད་ཀྱི་ཐོག་ལ་ག་ཚོད་བཤད་ཀྱང་ཉུང་ཉུང་རེད་བསམ་གྱི་འདུག །འོན་ཀྱང་ཧ་ཅང་སྟབས་བསྟུན་བདེ་པོ་དང་དལ་ལྷོད་ཀྱི་ཐོག་ནན་པོ་བཟོ་ཐུབ། ཁྱེད་ཀྱིས་མཁྱེན་གསལ་ལྟར། བོད་པ་ཚོས་ཉམས་ལེན་ཇི་ལྟར་བྱེད་མིན་ཐད་ལ་མཐའ་གཅིག་ཏུ་དལ་ལྷོད་དང་ལྡན་པ་རེད། ཁོང་ཚོས་མ་ནོར་བར་བྱེད་པ་དང་གནས་སྟངས་ལ་རན་འཚམས་བཟོ་བར་སྟབས་བསྟུན་བདེ་པོ་ཡོད།

ངས་དཔེ་མཚོན་ཡག་པོ་ཞིག་ཞུ་རྒྱུ་ཡིན། འདིར་སླར་ཡང་ངའི་མིག་དཔེ་ལྟ་འོས་པ་ནི་མཚན་ཞབས་སེར་ཀོང་རིན་པོ་ཆེ་ཡིན། ངས་ཁོང་དང་མཉམ་དུ་ལོ་དགུ་བསྐྱལ་བ་ཡིན། བྱས་ཙང་། ཁོང་དང་མཉམ་དུ་ཉིན་ལྟར་འབྲེལ་གཏུགས་ཧ་ཅང་ཆེན་པོ་བྱུང་ཡོད། ཁྱེད་ལ་རྡོ་རྗེ་རྣལ་འབྱོར་མ་དང་སྐབས་རེར་དུས་འཁོར་གྱི་དབང་འཐོབ་པའི་སྐབས། ཁྱེད་ཀྱིས་ཟླ་བ་གཅིག་གི་ཚེས་པ་བཅུ་དང་ཉེར་ལྔའི་ཉིན་ཚོགས་མཆོད་ཐེངས་གཉིས་འབུལ་དགོས་པའི་ཆོད་སེམས་ཤིག་ཡོད། ནུབ་ཕྱོགས་ཀྱི་མི་ཞིག་གིས་རིན་པོ་ཆེ་ལ། “གལ་ཏེ་ང་ཚོར་བོད་ཀྱི་ལོ་ཐོ་མེད་པ་དང་། ང་ཚོས་ཚེས་བཅུ་དང་ཉེར་ལྔ་ག་དུས་འཁེལ་མིན་ཤེས་ཀྱི་མེད་ན། ག་རེ་ཆགས་ཀྱི་རེད་དམ་” ཞེས་བཀའ་འདྲི་ཞུས་སོང་། དེ་ལ་རིན་པོ་ཆེས། “ཁྱེད་རང་ཚོ་ནུབ་ཕྱོགས་པའི་ལོ་ཐོའི་ནང་ཚེས་བཅུ་དང་ཉེར་ལྔ་མེད་དམ་” ཞེས་གསུངས་སོང་། བྱས་ཙང་། ང་ཚོས་ཧ་ཅང་བསྟུན་མཁས་པོ་བྱེད་ཆོག་པ་གསལ་པོ་རེད། དེ་ནི་ “གལ་ཏེ་ཁྱེད་ཀྱིས་དེ་ཉིན་མོ་དེ་ག་རང་ལ་མ་བྱས་ན། ཁྱེད་རང་དམྱལ་བར་འགྲོ་གི་རེད་” ཟེར་གྱི་མེད། དེ་འདྲ་མ་རེད། མཞན་ཞབས་སེར་ཀོང་རིན་པོ་ཆེ་ནི་དངོས་གནས་སྟབས་བསྟུན་མཁས་པ་ཞིག་རེད། ངས་གོང་དུ་ཞུས་པ་ལྟར། དབང་གནང་བའི་སྐབས་རྒྱས་པའི་ནོར་བུའི་བུམ་པའི་ཚབ་ཏུ་འོ་མ་བླུགས་སའི་ཤེལ་དམ་བེད་སྤྱོད་བཏང་གནང་གི་རེད། ཁོང་ནི་ཧ་ཅང་དམའ་ས་འཛིན་མཁན་ཞིག་ཡིན་པའི་རྒྱུ་མཚན་དེ་ལ་བརྟེན་ནས་མི་ཚང་མས་ཁོང་ལ་ཧ་ཅང་དགའ་པོ་བྱེད་ཀྱི་རེད། ཁོང་གི་ཞལ་རས་ནི་སྐར་མའི་དམག་འཁྲུག་གི་གློག་བརྙན་ནང་གི་འཁྲབ་སྟོན་པ་ཡོ་དྷའི་དཔེ་རུ་འོས་པ་ཞིག་ཡོད། དེས་ཁོང་གང་འདྲ་ཡོད་པའི་མཐོང་སྣང་ཞིག་སྦྱིན་གྱི་ཡོད།

ལུས་ངག་ཡིད་གསུམ་གྱི་ཕྱག

གང་ལྟར་ཡང་། ང་ཚོས་ཕྱག་འཚལ་བའི་སྐབས། ང་ཚོས་ལུས་དང་། ངག །ཡིད་བཅས་ཀྱི་སྒོ་ནས་ཕྱག་འཚལ་དགོས།

ལུས་ཀྱི་ཕྱག

ལུས་ཀྱི་ཕྱག་ནི་ངས་གོང་དུ་གང་འགྲེལ་བརྗོད་བྱས་པ་ཙམ་མིན་པར། དེ་ནི་ཆོས་ཀྱི་དཔེ་ཆ་ཞིག་གམ་སྐུ་འདྲ་གང་རུང་རང་གི་མགོ་བོའི་སྟེང་དུ་བཞག་ནས་དཀོན་མཆོག་གསུམ་ལ་གུས་ཞབས་སྟོན་སྟངས་ཤིག་ཀྱང་ཡིན། བོད་མི་ཚོས་དེ་འདྲ་རྟག་ཏུ་བྱེད་སྲོལ་ཡོད་པ་ཁྱེད་ཀྱིས་ཤེས་ཀྱི་རེད། གལ་ཏེ་ཁོང་ཚོས་རང་ངོས་ནས་མ་བྱས་ན། ཁོང་ཚོ་སྐབས་རེ་རང་གི་བླ་མའམ་དགེ་བའི་བཤེས་གཉེན་གྱིས་ཕྱག་དཔེ་དེ་རང་གི་མགོ་བོའི་སྟེང་དུ་རེག་ཙམ་བྱེད་ན་འདོད་ཀྱི་ཡོད།

ངས་དཔེ་མཚོན་ཞིག་ལ་བསམ་བློ་གཏོང་བཞིན་ཡོད། ཕྱི་ལོ་ ༡༩༧༡ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གསང་བ་འདུས་པའི་འགྲེལ་བ་གཅེས་བཏུས་ཀྱི་བཀའ་ལུང་གནང་བའི་སྐབས་ང་རང་དེ་གར་ཡོད། དེའི་སྐབས་༧གོང་ས་མཆོག་དགུང་ལོ་ག་ཚོད་གཞོན་གཞོན་ཡིན་པ་དང་། གསང་བ་འདུས་པ་དེ་ཅི་འདྲའི་གཏིང་ཟབ་པོ་ཡོད་པའི་ཐད་མི་ཚང་མ་རྦད་དེ་ཧང་སངས་ཡོད། ངས་དགེ་འདུན་པའི་ཞལ་གྲངས་ཏག་ཏག་ཅིག་མི་ཤེས་ཀྱང་། ཕལ་ཆེར་དགེ་འདུན་པ་ལྔ་སྟོང་ངམ་བརྒྱད་སྟོང་ཙམ་འཛོམས་ཡོད། གང་ལྟར་ཡང་། གསུང་ཆོས་དེའི་མཇུག་ཏུ་༧གོང་ས་མཆོག་བཞུགས་ཁྲིའི་སྟེང་ ༼བཞུགས་ཁྲི་དེ་གང་ལ་གང་འཚམས་ཀྱི་མཐོ་པོ་འདུག༽ སྐྱིལ་ཀྲུང་བཅས་ཏེ་བཞུགས་ཡོད་པ་དང་། ཁོང་གི་སྐུ་གཟུགས་གུག་གུག་བྱས་ནས་ཧ་ཅང་མི་བདེ་བའི་འདུག་སྟངས་ཤིག་འདུག །རྦད་དེ་མར་གུག་གནང་ནས་ཕྱག་དཔེ་ལྗིད་ཅན་རྣམས་མ་འགུལ་བ་དང་། བར་སེང་མེད་པའི་སྒོ་ནས་བཟུང་གནང་བ་དང་། མི་ཚང་མ་བང་རིམ་བཞིན་ཕྱག་དཔེ་མགོ་བོའི་སྟེང་ལ་རེག་ཙམ་འཐོབ་པར་བྱེད་ཀྱི་ཡོད། དེ་ནི་ཆེས་ཡིད་ཆེས་དཀའ་བ་ཞིག་རེད། བྱས་ཙང་། ཁྱེད་ཀྱིས་༧གོང་མཆོག་གི་ཡོན་ཏན་ལ་བསམ་བློ་གཏོང་བའི་སྐབས། ཁོང་གི་གསུང་དང་ཐུགས་ཀྱི་ཡོན་ཏན་ཙམ་མིན་པར། ཁོང་ལ་མངའ་བའི་སྐུའི་ཡོན་ཏན་རྣམས་ཀྱང་དངོས་གནས་ཡིད་ཆེས་དཀའ་བ་ཡོད།

༧སྐྱབས་རྗེ་སེར་ཀོང་རིན་པོ་ཆེས། ཁོང་༧གོང་ས་མཆོག་དང་ལྷན་དུ་རྒྱ་གར་ནང་སྣུམ་འཁོར་བརྒྱུད་བོད་མིའི་གཞིས་ཆགས་འདྲ་མིན་དེ་འདྲའི་ནང་ཕེབས་པའི་སྐབས། ཁོང་གིས་ཕལ་ཆེར་ཆུ་ཚོད་བཅུ་གཉིས་སམ་བཅུ་གསུམ་རིང་སྣུམ་འཁོར་ནང་ཕེབས་ཀྱི་ཡོད་སྐོར་གསུངས་སོང་། དེ་ཡང་ཧི་མ་ལ་ཡའི་རི་རྒྱུད་གྱི་ལམ་དོག་པོ་ནས་ཕེབས་ཡོད་འདུག །མཐའ་མ་དེར་ཁོང་གིས་གསུངས་དོན་ལ། ༧གོང་མཆོག་སྣུམ་འཁོར་ནས་ཕྱིར་ཕེབས་ནས་ཧ་ཅང་གྲུང་པོ་དང་ནུས་པ་དང་ལྡན་པ་སོགས་ཡོད་ཅེས་དང་། སེར་ཀོང་རིན་པོ་ཁོང་ནི་སྣུམ་འཁོར་ནང་སྙུང་གཞི་བཞེས་ནས་གོམ་པའང་ཡག་པོ་སྤོ་ཐུབ་ལ་མི་ཐུབ་པ་ཆགས་ཀྱི་ཡོད་ཅེས་གསུངས།

གང་ལྟར་ཡང་། ལུས་ཀྱི་ཕྱག་འཚལ་བ། དཔེར་ན། གུས་ཞབས་སྟོན་པ་དང་། ཕྱག་དཔེ་དང་སྐུ་འདྲ་ལ་རེག་པ་སོགས་ཡིན་ནའང་། སླར་ཡང་དེའི་ཐད་ངོམ་སོ་ཅན་བྱ་མི་ཉན། གལ་ཏེ་ཁྱེད་རང་སོ་སོའི་ནང་མི་དང་ཕ་མ་སོགས་དང་མཉམ་དུ་ཡོད་པ་དང་། ཁོང་ཚོས་དེ་ནི་ཧ་ཅང་ཁྱད་མཚར་པོ་བསམས་ན། ཁོང་ཚོའི་མདུན་དུ་བྱ་མི་ཉན། ངས་གང་ཞུ་གི་ཡོད་ཅེ་ན། འདི་ནི་ཚུལ་ཁྱིམས་ཀྱི་རྣམ་པ་དེའི་རིགས་ཀྱི་དགོས་དོན་གཙོ་བོ་དེ་ཡིན། དེ་ཡང་ཁྱེད་ཀྱི་བྱ་སྤྱོད་སྟོན་ཚུལ་དེ་རེད། ཁྱེད་ཀྱིས་ནང་ཆོས་ནི་གསོལ་མཆོད་བྱེད་སྲོལ་ཞིག་རེད་ཅེས་དང་། འདི་ནི་ངའི་ཕྲུ་གུ་ཚོས་དོ་སྣང་བྱེད་ས་ཞིག་རེད་ཅེས་དམིགས་བསལ་རང་གི་ཕ་མར་མཐོང་སྣང་ཁྱད་མཚར་ཞིག་སྤྲོད་རྒྱུ་མེད། བྱས་ཙང་། ལྷོད་ལྷོད་བྱེད་དགོས་ཞེས་ཁོང་ཚོས་ཤོད་ངེས་པ་རེད།

ང་ཚོས་གསང་སྔགས་ཀྱི་སྐོར་ཤོད་སྐབས། དེ་དང་འབྲེལ་བའི་ཚིག་གསང་བའམ་ཨིན་སྐད་དུ་ secret ཟེར་བ་དེ་ཡང་སེ་ཐོས་ཀྱི་ཡོད། ངའི་བསམ་པར། སྐབས་དོན་མང་པོ་ཞིག་གི་ནང་ཚིག་དེ་ལས་ཡག་ག་ཞིག་ནི་ཁེ་གཙང་ངམ་སྒེར་རམ་ཨིན་སྐད་དུ་ private ཟེར་བ་དེ་རེད་འདུག །དེ་ནི་གཞན་ཚང་མས་མཐོང་ཐབས་སུ་ངོམ་སོ་བྱེད་པ་མ་ཡིན་པར། ཁེ་གཙང་དུའམ་སྒེར་གྱི་ངོས་ནས་ཉམས་ལེན་བྱེད་དགོས་པ་ཞིག་རེད། གལ་ཏེ་ཁོང་ཚོ་དེའི་ནང་དུ་མེད་པའམ་དེའི་ཆ་ཤས་སུ་ཡིན་པའི་སྤྱི་ཚོགས་ཤིག་གི་ནང་མེད་ན། ཁོང་ཚོར་བསམ་བློ་ཁྱད་མཚར་དེ་འདྲ་འཁོར་ངེས་རེད། རྒྱུ་མཚན་དེ་ལ་བརྟེན་ནས་མགྲོན་པོ་ཡོང་ས་དང་། རང་གི་ཕྲུ་གུ་ཡོད་ས་དང་མགྲོན་པོའི་ཕྲུ་གུ་ཡོད་ས་སོགས་ཀྱི་ཁང་པའི་ནང་གསང་སྔགས་དང་འབྲེལ་བའི་ལྷ་དང་ལྷ་མོ་གཅེར་བུར་བཞེངས་ནས་འཁྱུད་པ་སོགས་ཀྱི་སྐུ་འདྲ་དང་རི་མོ་སྟོན་རྒྱུ་མེད་ཅེས་ལམ་སྟོན་བྱས་ཡོད། གང་ཡིན་ཞེ་ན། མི་རྣམས་ཀྱིས། “འདི་ནི་དངོས་གནས་འཆལ་བའི་འཁྲིག་སྤྱོད་ཁྱད་མཚར་རེད།” ཅེས་བསམ་གྱི་ཡོད། ཡང་ན་གདོན་ལ་གསོལ་མཆོད་བྱེད་པ་སྟེ། གཤིན་རྗེ་གཤེད་ར་ཅོ་ཅན་དང་མ་ཧེ་མགོ་ཅན་དང་མེ་ལྕེ་ཅན་སོགས་ལ། “འདི་ནི་གདོན་ལ་གསོལ་མཆོད་རེད་” བསམ་པ་ལྟ་བུ་རེད། བྱས་ཙང་། མི་རྣམས་ཁྱེད་ཀྱི་ནང་དུ་འཛུལ་བའི་སྐབས་བསམ་བློ་ཁྱད་མཚར་པོ་འཁོར་གྱི་ཡོད་ཙང་། ཁྱེད་ཀྱིས་རྩིག་ངོས་སྟེང་དེའི་རིགས་དཔྱང་རྒྱུ་མེད།

བོད་ཀྱི་ཐང་གའི་རིགས་ལ་ནམ་རྒྱུན་མདུན་ངོས་སུ་ཡོལ་བ་ཞིག་ཡོད་པས། གལ་ཏེ་ཁྱེད་ཀྱིས་ཐང་ག་དེའི་རིགས་རྩིག་ངོས་སུ་བཤམས་ཡོད་པ་དང་གསང་བའམ་སྒེར་གྱི་ཉམས་ལེན་བྱེད་ཀྱིན་མེད་ན། ཡོལ་བ་དེས་འགེབས་དགོས། གལ་ཏེ་ཁྱེད་རང་ཐང་གའི་རིགས་གཤོམ་རྩིས་ཡོད་ན། སངས་རྒྱས་ཀྱི་སྐུ་ཐང་ཡག་པོ་དང་ཞི་བ་སྟེ། འཕགས་མཆོག་སྤྱན་རས་གཟིགས་དང་། འཇམ་དཔལ་དབྱངས། རྗེ་བཙུན་སྒྲོལ་མ་སོགས་གཤོམ་དགོས། དེ་བཞིན་ཁྲུས་ཁང་དང་གསང་སྤྱོད་ནང་དེའི་རིགས་གཤོམ་མི་རུང་། དེ་ནི་གུས་ཞབས་མེད་པ་བརྩི་གི་ཡོད།

ངག་གི་ཕྱག

ངག་གི་ཕྱག་འཚལ་སྟངས་དེ་གཞུང་ཁག་གི་ནང་། སོ་སོའི་ལུས་པོར་མགོ་བོ་མང་པོ་ཡོད་པ་དང་། མདོང་པ་རེ་རེར་ཁ་མང་པོ་ཡོད་པ། དེ་དག་ཐམས་ཅད་ཀྱང་ཁྱེད་ཀྱིས་དཀོན་མཆོག་གསུམ་ལ་མཆོད་བསྟོད་ཡིན་པར་དམིགས་རྣམ་དུ་བྱེད་དགོས་ཞེས་འགྲེལ་བརྗོད་བྱེད་ཀྱི་ཡོད།

དེ་ལྟར་ངས་བརྗོད་དགོས་ངེས་ཤིག་ནི། བསྟོད་པའི་བསམ་བློའི་ཐོག་ང་རང་ནམ་རྒྱུན་ཏོག་ཙམ་ཁྱད་མཚར་ཞིག་མཐོང་གི་འདུག །དཔེར་ན། “ཨོ། སངས་རྒྱས་ཁྱེད་ནི་ཧ་ཅང་རླབས་ཆེན་ཞིག་རེད། ཁྱད་པར་དུ་འཕགས་པ་ཞིག་རེད།” ཅེས་སོགས་བརྗོད་པ་ལྟ་བུ་བསྟོད་པའི་རིགས་དེ་དག་ནི། ཆོས་ལུགས་གཞན་གྱི་ནང་དུའང་ཡོད། “ཨོ། སངས་རྒྱས། ཁྱེད་ནི་ཧ་ཅང་ཐག་རིང་དུ་བཞུགས་འདུག” །ཞེས་བརྗོད་པ་ལྟ་བུ་མ་རེད། ངའི་བསམ་པར། འདིར་གང་ཞིག་ཚུད་ཡོད་པ་ལ་ཡི་རངས་བྱེད་དགོས། གལ་ཏེ་ཁྱེད་ཀྱིས་འཇིག་རྟེན་ཆོས་བརྒྱད་དམ་རྟག་བརྟན་མེད་པའི་ཆོས་བརྒྱད་ལ་བལྟས་ན། བསྟོད་པ་ཡོད་ལ་སྨད་པའང་ཡོད། དེའི་ཕྱོགས་སུ་མཐའ་གཅིག་ཏུ་བཏང་སྙོམས་སམ་མཉམ་པའི་བསམ་བློའི་ཁྱེར་སོ་ཡོད། དེར་བརྟེན་སངས་རྒྱས་ལ་ང་ཚོའི་བསྟོད་པ་དེ་མི་དགོས་ཤིང་། ཁོང་ནི་ “ཨོ། ཁྱེད་ཀྱིས་ང་ལ་བསྟོད་པ་སོང་ཙང་། ང་རང་ཧ་ཅང་དགའ་པོ་བྱུང་། ང་རང་དེ་འདྲའི་རླབས་ཆེན་ཞིག་རེད་འདུག་” ཅེས་ནམ་ཡང་མི་དགོངས་བ་ཡིན། ང་ཚོས་བསྟོད་པ་དེ་སོ་སོ་རང་གི་དོན་དུ་བྱེད་པ་ལས་སངས་རྒྱས་ཀྱི་དོན་དུ་མ་ཡིན། འདིར་གནད་དོན་གཙོ་བོ་ནི་ཁྱད་ཆོས་བཟང་པོའམ་ཡོན་ཏན་རྣམས་དྲན་དགོས་པ་དང་། གུས་ཞབས་དང་། རྗེས་སུ་ཡི་རངས། དགའ་བ་དཔག་མེད་སྐྱེད་དགོས་པ་ནི་ང་ཚོས་སོ་སོའི་རྒྱུད་ལ་སྦྱོང་དགོས་རྒྱུ་དེ་རེད། དེ་ནི་བསྟོད་པའི་གནད་འགགས་དེ་ཡིན།

ཡིད་ཀྱི་ཕྱག

ཡིད་ཀྱི་སྒོ་ནས་ཕྱག་འཚལ་བར། ང་ཚོས་ག་རེ་བྱེད་དགོས་སམ་ཞེ་ན། སངས་རྒྱས་ཆོས་དང་དགེ་འདུན་བཅས་དཀོན་མཆོག་རྣམ་པ་གསུམ་གྱི་ཡོན་ཏན་ལ་བསམ་དགོས། དེ་དག་གི་ཞལ་ངོ་ལ་སོགས་པ་ཐམས་ཅད་ཀྱིས་ང་ཚོར་ཡོན་ཏན་དེ་དག་ལ་ཡི་རངས་བྱ་རྒྱུ་དེ་ཇེ་ཆེར་དུ་བཏང་ནས་དེ་དག་དྲན་པར་རོགས་བྱེད་ཀྱི་ཡོད། ཁོང་ཚོས་ཀྱང་བསྟོད་པ་བྱེད་ཀྱི་ཡོད། དེ་ནི་ཁྱད་པར་དུ་འཕགས་པའི་ཡོན་ཏན་དེ་དག་ལའང་དགའ་བ་སྒོམ་པ་ལྟ་བུའི་དོན་ཡིན།

འདུག་སྟངས་སམ་ལུས་ཀྱི་གནས། རྣམ་སྣང་ཆོས་བརྒྱད།

འདུག་སྟངས་ལ་གཞིགས་ན། ཁྱེད་རང་མར་བསྡད་པའི་སྐབས། ལུས་རྣམ་སྣང་གི་ཆོས་བརྒྱད་ཡོད་དེ། དེ་ཡང་སློབ་དཔོན་པདྨའི་ངང་ཚུལ་གྱིས་མཛད་པའི་སྒོམ་རིམ་བར་མ་དང་མཐའ་མའི་ནང་གསུངས་པ་ལྟར།

༡༽ རྐང་པ། རྡོ་རྗེ་སྐྱིལ་ཀྲུང་། ཧིནྡུ་ཆོས་ལུགས་ཀྱི་ཡོ་གའི་ནང་། དེ་ལ་པདྨ་སྐྱིལ་ཀྲུང་ཟེར། ནང་པའི་རྒྱུན་སྲོལ་གྱི་ནང་། དེ་ལ་རྡོ་རྗེ་སྐྱིལ་ཀྲུང་ཟེར། ཁྱེད་ཀྱི་རྐང་པ་གཉིས་བརླ་ཤ་གཉིས་ཀྱི་སྒང་ལ་ཡར་ཁ་སློགས་ནས་དལ་ལྷོད་ངང་འཇོག་དགོས། དེས་རྡོ་རྗེ་ལྟ་བུའི་བཟོ་ལྟ་ཆགས་ཀྱི་ཡོད།

ང་ཚོ་མང་ཆེ་བར་དེ་ནི་ལས་སླ་པོ་ཞིག་མིན། ང་ཚོ་ནི་སྟབས་བསྟུན་བདེ་རུ་བདེ་རུ་འགྲོ་གི་ཡོད་པ་སོང་ཙང་། གཞོན་པ་ཚོར་སྦྱོང་བརྡར་སྤྲོད་རྒྱུ་གལ་ཆེ། དེ་དངོས་གནས་དགོས་གལ་ཡོད་པའི་སྐབས་ནི། ཁྱེད་ཀྱིས་ལུས་ནང་གི་རླུང་ལ་བརྟེན་ནས་རྫོགས་རིམ་གྱི་ཉམས་ལེན་སྣ་ཚོགས་པ་བྱེད་པའི་སྐབས། ཁྱེད་རང་རྡོ་རྗེ་སྐྱིལ་ཀྲུང་བཅས་སྡོད་ཐུབ་པ་དགོས། དེ་མིན་གདམ་ཀ་རེད། ཁྱེད་རང་པདྨ་ཕྱེད་ཀྱི་འདུག་སྟངས་ལྟར་བསྡད་ན་འགྲིགས། དེ་ནི་རྐང་པ་གཅིག་བརླ་ཤའི་སྒང་ལ་འཇོག་པ་དེ་རེད།

ཁྱེད་ཀྱིས་བླ་མ་དང་སྒོམ་ཉམས་ལེན་པ་མང་པོས་དེ་ལྟར་དུས་ཚོད་རིང་པོར་སྐྱིལ་ཀྲུང་བཅས་ནས་བཞུགས་པར་བལྟ་བའི་སྐབས། དེ་ནི་དངོས་གནས་དགོད་བྲོ་པོ་ཡོད། གལ་ཏེ་ཁྱེད་ཀྱིས་རྐང་པ་གཅིག་ཡར་བཞག་མ་ཐུབ་ན། དེ་ནས་ཁྱེད་རང་ནམ་རྒྱུན་འཆར་ཅན་གྱི་སྐྱིལ་ཀྲུང་ནང་སྡོད་དགོས། འོན་ཀྱང་གལ་ཏེ་ཁོང་ཚོས་མི་ཚེ་ཕལ་ཆེ་བ་དེ་ལྟར་བསྡད་ཡོད་ན། ཁོང་ཚོའི་རྐང་པ་བཟོ་ལྟ་ཉམས་པ་ལྟ་བུ་ཁྱེད་ཀྱིས་དོ་སྣང་ཡོང་གི་རེད། དེ་ཡང་ཁོང་ཚོས་རྐང་པ་མར་འཇོག་པའི་སྐབས། ཁོང་ཚོའི་རྐང་པ་འཁོད་སྙོམས་པོ་ཞིག་ཆགས་ཀྱི་མེད། ཉི་ཧོང་གི་འདུག་སྟངས་ལྟར་ན། ཁོང་ཚོའི་རྐང་པ་བསྐུམས་ནས་འོག་ཏུ་འཇོག་གི་ཡོད། ཁྱེད་ཀྱིས་ཉི་ཧོང་པ་ཞིག་ལ་ཡར་ལངས་པའི་སྐབས་སུ་རྐང་པ་ནང་དུ་བསྐུམས་ཀྱི་ཡོད་ཅེས་རྐང་པའི་བཟོ་ལྟ་ཉམས་ཚུལ་བརྗོད་ཐུབ།

ངས་ཞུ་དགོས་པ་ཞིག་ལ། དེས་ཁྱེད་ཀྱི་འདུག་སྟངས་དང་གོམ་པ་སྤོ་སྟངས་ལ་གཞིགས་ན་ཏོག་ཙམ་དཀའ་ངལ་བཟོ་གི་ཡོད། དཔེར་ན། ངའི་རྐང་པ་དེ་ལྟར་ཕྱི་རུ་ཕྱིན་པ་དེ་རྐང་པ་ཐད་ཀར་འཇོག་རྒྱུ་ཧ་ཅང་ཁག་པོ་དང་མི་བདེ་བ་ཡོད། དེས་ཚེ་སྨད་ཙམ་ལ་སོ་སོར་དཀའ་ངལ་གྱི་རྒྱུ་བྱེད་སྲིད། ཚེ་སྨད་ཙམ་ལ་མི་མང་པོར་པུས་མོ་ལ་དཀའ་ངལ་ཡོད་པ་ཉམས་སུ་མྱོང་གི་ཡོད། འོན་ཀྱང་བོད་མི་རྣམས་ནི་དེ་ལྟར་སྡོད་ཀྱི་རེད། ༧གོང་ས་མཆོག་ལྟ་བུར་མཚོན་ན། དེ་ག་རང་བཞུགས་གནང་གི་ཡོད་པ་དང་ཁོང་པུས་མོར་དཀའ་ངལ་ཡང་ཡོད་པ་རེད། ཡིན་ནའང་ནུབ་ཕྱོགས་པ་རྒས་གོག་རྣམས་དང་། སྒོམ་ལ་ཉམས་མྱོང་ཡོད་མཁན། དགེ་རྒན་རྣམ་པ་སོགས་མི་ཚེའི་ནང་དེ་ལྟར་མང་པོ་བསྡད་པ་དེས་ཁོང་ཚོ་རྒས་འགྲོ་དུས་སྐྱིལ་ཀྲུང་བཅས་ཏེ་རྒྱུན་རིང་སྡོད་ཐུབ་ཀྱི་མེད་པ་ཤེས་ཀྱི་ཡོད། དཔེར་ན། དེ་ལ་བརྟེན་ནས་རྒྱ་གར་ནང་བཀའ་ཆོས་དང་བཀའ་དབང་སོགས་ཞུ་བར་འགྲོ་དཀའ་མོ་ཆགས་ཀྱི་ཡོད། ང་རང་ལ་ཉམས་མྱོང་དེ་འདྲ་བྱུང་།  བོད་མི་ཚོས་འདི་ཐད་རྩ་ནས་ནན་བརྗོད་བྱེད་ཀྱི་མེད་ནའང་། གལ་ཏེ་ང་ཚོས་སྒོམ་མང་པོ་རྒྱག་པ་དང་མང་པོ་སྡོད་ཀྱི་ཡོད་ན། འདི་ལུས་སྦྱོང་དང་མཉམ་དུ་ཆ་སྙོམས་བཟོ་དགོས་རྒྱུ་དེ་གལ་ཆེན་རེད་བསམ་གྱི་འདུག

ད་དུང་ཁྱེད་ཀྱིས་འདུག་སྟངས་འདི་འདྲ་ཞིག་ཡོད་པ་དང་དེ་ཡང་སྐྱིལ་ཀྲུང་བཅས་ནས་སྡོད་ཡོད་ནའང་། ཉི་ཧོང་པ་ཚོས་དེ་ལྟར་མི་བྱེད་པར། ཁོང་ཚོའི་རྐང་པ་རྒྱབ་ཏུ་བཞག་ནས་སྡོད་ཀྱི་ཡོད་པ་དང་། ཐེ་ལེནྜིའི་མི་རྣམས་རྐང་པ་ཟུར་དུ་བཞག་ནས་སྡོད་སྲོལ་ཡོད། བྱས་ཙང་། འདུག་སྟངས་མི་འདྲ་བ་མང་པོ་ཡོད།

༢༽ ལག་པ། ལག་པ་གཉིས་རང་གི་པང་དུ་གཡོན་པའི་སྒང་ལ་གཡས་པ་བཞག་ནས་བོང་གཉིས་རེག་དགོས། མི་འགའ་ཞིག་གིས་ལག་པ་གཉིས་དེ་ལྟར་པང་ནས་ཡར་བཏེགས་ཏེ་འཇོག་པའང་ཡོད། དེས་ཁྱེད་ཀྱི་དཔུང་པའི་ཤ་གནད་རྣམས་དམ་པོ་ཆགས་རྐྱེན་བྱེད་པ་དང་དུས་ཡུན་ཏོག་ཙམ་རྗེས་སུ་ན་ཟུག་རྒྱག་གི་རེད། དེ་བས་ན་རང་གི་ལག་སོ་སོའི་པང་སྟེང་དུ་དལ་ལྷོད་ངང་བཞག་ན་ལེགས།

༣༽ སྒལ་ཚིགས། སྒལ་ཚིགས་དྲང་པོར་བསྲང་དགོས། གལ་ཏེ་ཁྱེད་རང་པདྨའི་སྐྱིལ་ཀྲུང་ཆ་ཚང་ཞིག་བཅས་ཏེ་བསྡད་ན། ཁྱེད་ཀྱི་སྒལ་ཚིགས་དེ་རང་བཞིན་གྱིས་དྲང་པོར་བསྲང་དགོས། གལ་སྲིད་འཁོད་སྙོམས་པོ་བསྡད་ན། སྒལ་ཚིགས་དྲང་པོར་བསྲང་རྒྱུ་དེ་དཀའ་ལས་ཆེ་བ་ཡོད་པ་ངས་ཤེས།

༤༽ སོ་དང་། མཆུ། ལྕེ། ཁྱེད་ཀྱི་སོ་རྣམས་ད་ལྟ་རང་ཨེས྄་པྲེ་སོ་ espresso ཟེར་བའི་འཚིག་ཇ་ནག་པོ་ཕོར་པ་བཞི་འཐུང་བ་ནང་བཞིན་སོ་དམ་པོར་མི་བཙིར་བར་ཐ་མལ་བར་འཇོག་དགོས། དེ་ག་ནང་བཞིན་མཆུ་ཡང་དམ་པོར་མ་བཙིར་བར། ལྷོད་ལྷོད་དགོས། ཁྱེད་ཀྱི་ལྕེ་དེ་སོའི་རྒྱབ་ཀྱི་ཡ་རྐན་ནམ་ཡ་སོའི་དྲུང་དུ་གཞར་བའམ་རེག་ནས་གུག་ཆ་བཟོ་དགོས། དེའི་དགོས་དོན་ནི་མཆིལ་མ་ཉུང་དུ་གཏོང་ཕྱིར་ཡིན། དེ་མིན་ཁྱེད་རང་སྒོམ་རྒྱག་བཞིན་པའི་སྐབས་ཁ་ཆུ་འཛར་བ་ནི་ཡག་པོ་ཞིག་མེད། ཁྱེད་ཀྱིས་ཡང་ནས་ཡང་དུ་མཆིལ་མ་ཁྱུར་མིད་གཏོང་དགོས་པས། དེ་ནི་རྣམ་གཡེང་ཆགས་ཀྱི་ཡོད། གང་ཡིན་ཟེར་ན། ཁའི་ནང་ཁ་ཆུ་མང་དུ་མང་དུ་གསོག་གི་ཡོད། ལྕེ་ཡ་རྐན་བཞག་ནས་སྒོམ་པ་དེས་ང་ཚོས་གསོག་པའི་མཆིལ་མ་ཉུང་དུ་གཏོང་གི་ཡོད། བྱས་ཙང་། དེ་ལ་བརྟེན་ནས་ཁྱེད་ཀྱིས་ཁྱུར་མིད་ག་ཚོད་གཏོང་དགོས་པ་དེ་ཡང་ཉུང་དུ་གཏོང་གི་ཡོད།

༥༽ མགོ་བོ། མགོ་བོ་ནི་ཅུང་ཟད་གུག་དགོས། རྦད་དེ་མར་གུག་མི་དགོས་ཤིང་རྦད་དེ་ཡར་མི་འདེགས་པར་གུག་རན་པ་ཞིག་དགོས། གལ་ཏེ་མར་གུག་ཆེ་དྲགས་ན། ཁྱེད་རང་མགོ་ཡོམ་ཡོམ་ཆགས་ཀྱི་རེད། བྱས་ཙང་། མི་མཐོ་མི་དམའ་ཞིང་ཕྱོགས་གཅིག་ཏུ་མི་ཡོ་བ་འཇོག་དགོས།

༦༽ མིག །མིག་ནི་ཕྱེད་ཀ་ལྡངས་ཏེ་སྣ་རྩེར་བལྟ་དགོས་པ་སྟེ། ཧ་ཅང་མི་དབྱེ། ཧ་ཅང་ཡང་མི་གཟུམ་པར་སྣའི་རྩེ་མོར་གཏད་དགོས་ཞེས་རྟག་ཏུ་ལམ་སྟོན་བྱེད་ཀྱི་ཡོད། མི་འགའ་ཞིག་གིས་དེའི་དོན་ནི་རང་གི་སྣ་རྩེར་བལྟ་བའི་མིག་གཟི་ལོག་ཡིན་པར་བསམ་གྱི་ཡོད། དེའི་དོན་དེ་འདྲ་མ་རེད། དེའི་ཕྱོགས་སུ་བལྟ་བ་ནི་སའི་སྒང་ལ་མར་བལྟ་བའི་དོན་ཡིན།

ཁྱེད་ཀྱི་མིག་བཙུམས་ནས་སྒོམ་མི་རྒྱག་པའི་རྒྱུ་མཚན་མང་པོ་ཡོད། སྤྱིར་བཏང་རྒྱུ་མཚན་ནི་མིག་བཙུམས་ནས་སྒོམ་རྒྱག་པ་ཡིན་ན། དེས་རྣམ་གཡེང་གི་འབྱུང་ཁུངས་དེ་ཕྱི་རོལ་གྱི་ཡུལ་ལ་མི་ཆགས་པར་ཕན་ནའང་། གཉིད་ཡུར་རྒྱུ་ཧ་ཅང་ལས་སླ་མོ་ཆགས་ཀྱི་ཡོད་པ་དེ་ཤོད་མི་དགོས་པ་ཞིག་རེད།

༧གོང་ས་མཆོག་གིས། མིག་བཙུམས་ནས་སྒོམ་རྒྱག་པ་ལ་བརྟེན་ནས་རྣམ་གཡེང་གི་འབྱུང་ཁུངས་དེ་ནང་ཆགས་ཀྱི་ཡོད་ཅེས་གསུང་གནང་གི་ཡོད། དེ་ནི་དོ་སྣང་བྱེད་འོས་པ་ཞིག་རེད། གལ་ཏེ་ཁྱེད་ཀྱིས་དོ་སྣང་བྱས་ཡོད་ན། ཁྱེད་རང་གང་འཚམས་ཀྱི་དོ་སྣང་དང་ཞིབ་རྟོགས་ཅན་དགོས། ཁྱེད་ཀྱི་མིག་བཙུམ་པའི་སྐབས། འོད་ཀྱི་མདངས་འཚེར་བ་ཆུང་ངུ་དེ་འདྲ་ཡོད་པ་རེད། ༧གོང་ས་མཆོག་གིས། དེ་ནི་ནང་གི་རྣམ་གཡེང་གི་འབྱུང་ཁུངས་ཡིན་པ་དང་། ཁྱེད་རང་སྒོམ་རྒྱག་བཞིན་པའི་སྐབས་དང་། ལྷག་པར་དུ་ཏིང་ངེ་འཛིན་འཐོབ་ཐབས་བྱེད་པའི་སྐབས། མིག་ལྕིབས་མ་བཙུམ་པའི་སྒོ་ནས་གང་སྤོང་དགོས་པ་དེ་ཡིན་ཞེས་གསུང་གི་ཡོད།

ངས་ནན་བརྗོད་བྱེད་འདོད་པའི་སྤྱིར་བཏང་གི་གནད་དོན་ཞིག་ནི། གལ་ཏེ་ཞི་འཇམ་བཟོ་བ་དང་དགེ་བའི་སེམས་ཀྱི་གནས་བབས་ཤིག་སྐྱེད་ཕྱིར། ཁྱེད་ཀྱི་མིག་བཙུམ་དགོས་ན། དེ་ནི་མི་ཚེ་དཀྱུས་མའི་ནང་བྱེད་ཐུབ་པར་འགོག་རྐྱེན་ཆེན་པོ་ཞིག་ཡིན། གལ་ཏེ་ཁྱེད་རང་ཞི་འཇམ་བཟོ་བའམ་ཡང་ན་མི་གཞན་ཞིག་ལ་སྙིང་རྗེ་སྐྱེ་བའི་ཕྱིར། ཁྱེད་རང་མིག་བཙུམ་དགོས་པའི་གོམས་གཤིས་དེ་འཇགས་པ་ཡིན་ན། དེ་ནི་མི་ཚེ་དངོས་ཀྱི་ནང་གོ་ཆོད་པ་ཞིག་མི་ཡོང་བ་ཡིན། ངས་དེ་འདྲ་ཞིག་གཞུང་ལུགས་ནང་མཇལ་མྱོང་མེད་ཞུ་རྒྱུ་ཡིན། འོན་ཀྱང་དེས་ང་རང་ལ་དོན་དག་གང་ལ་གང་འཚམས་ཀྱི་ཆེན་པོ་ཞིག་སྟོན་གྱི་འདུག

༧༽ དཔུང་པའམ་ཕྲག་པ། དཔུང་པ་མར་ལྷོད་པོར་འཇོག་དགོས་པ་སྟེ། མཉམ་པར་གཞག་དགོས། དེ་ནི་ཉིན་རེའི་མི་ཚེའི་ནང་དངོས་གནས་གལ་ཆེ། ང་ཚོ་ཧ་ཅང་སེམས་འཁྲལ་དང་དངང་འཚབ་ཆགས་དུས་དཔུང་པ་དེ་དོ་སྣང་བྱེད་སའི་བར་དུ་ཡར་འདེགས་པ་འདྲ་པོ་ཡོད་པ་དང་། སོ་སོའི་སྐེའི་སྟེང་ལ་སེམས་འཁྲལ་ཆ་ཚང་སླེབས་པ་སོགས་ཡོང་གི་ཡོད། གལ་ཏེ་ཁྱེད་ཀྱིས་ཉིན་མོའི་གུང་དཔུང་པ་ཇི་ལྟར་འཇོག་གི་ཡོད་པའམ། ཡང་ན་མི་གཞན་ཞིག་དང་མཉམ་དུ་ཁ་བརྡ་བྱེད་པའི་སྐབས་དཔུང་པ་ཇི་ལྟར་འཇོག་གི་ཡོད་མེད་ཐོག་ཧ་གོ་ཐུབ་པ་བྱུང་ན། དཔུང་པ་དེ་མར་འཇོག་དགོས།

ཁྱེད་ཀྱི་གདོང་གི་རྣམ་འགྱུར་ལ་མཚོན་ནའང་གཅིག་པ་རེད། མི་འགའ་ཞིག་ནི་གདོང་པར་རྣམ་འགྱུར་རྩ་ནས་མེད་མཁན་དེ་འདྲ་ཡོད། དེ་ནི་ཁྱེད་རང་མི་ཞིག་དང་མཉམ་དུ་ཁ་བརྡ་བྱེད་པའི་སྐབས་ཧ་ཅང་འགོ་རྐྱེན་བྱེད་ཀྱི་ཡོད། མི་ལ་ལས་ཁྱེད་ལ་ཁ་བརྡ་བྱེད་ཀྱི་མེད་ནའང་། ཁྱེད་ཀྱི་ཐོད་པ་དང་། མིག་ཟུང་། ཁ་སོགས་དངངས་འཚབ་དང་བཅས་ཁྲོ་བའི་རྣམ་འགྱུར་བསྟན་ནས་སྡོད་ཀྱི་རེད། ཤ་གནད་རྣམས་ལྷོད་དུ་གཏོང་ཐབས་བྱེད་དགོས། ཁྱེད་ཀྱི་ཤ་གནད་རྣམས་ཇི་ཙམ་གྱིས་དལ་ལྷོད་ཆགས་པ་དེའི་ཚོད་ཀྱིས་སེམས་ཀྱང་དལ་ལྷོད་ཆགས་ཀྱི་རེད། དཔུང་པ་མར་འཇོག་དགོས། གལ་ཏེ་ཁྱེད་ལ་ཁྲོ་བའི་ངོ་གདོང་ཡོད་ན། ད་ཁྱེད་རང་སྒྱུ་རྩལ་འཁྲབ་སྟོན་ནང་གི་ལད་ཟློས་བྱེད་མཁན་འདྲ་པོ་ཞིག་ཆགས་པ་དང་། རྣམ་འགྱུར་རྫུས་པ་དང་བཅོས་མ་འདྲ་མིན་སྟོན་མཁན་ཆགས་པའི་དོན་མ་ཡིན། འོན་ཀྱང་ཏོག་ཙམ་ཞིག་འགྲོ་བ་མི་ཞིག་ལྟར་བྱེད་ཐབས་བྱེད་དགོས།

ད་དུང་ངས་ཁྱེད་རང་ངོ་མི་ཤེས་ཀྱང་། གལ་ཏེ་ཁྱེད་ཀྱིས་གློག་ཀླད་སྟེང་སྦར་ཙི་བེད་སྤྱོད་བྱེད་པ་དང་། ཁྱེད་ཀྱི་ལག་པ་ཡར་བཏེགས་པ། དམིགས་བསལ་ཁྱེད་ཀྱི་གདན་དེ་དམའ་བོ་ཡོད་པ་དང་ཅོག་རྩེ་མཐོ་པོ་ཡོད་ན། དེས་རང་གི་དཔུང་པ་དང་སྐེ་ལ་ཧ་ཅང་མི་བདེ་བ་དང་གནོན་ཤུགས་སྤྲོད་ཀྱི་རེད། དེ་ལ་ངས་ཐབས་ཤེས་ཡག་ཤོས་ཤིག་རྙེད་པ་ནི། ཁྱེད་ཀྱི་རྐུབ་སྟེགས་དེ་མཐོ་ཙམ་དགོས། དེ་ལྟར་བྱུང་ན། ཁྱེད་ཀྱི་ལག་པ་ཡར་བཏེགས་ནས་སྦར་ཙི་བེད་སྤྱོད་བྱ་རྒྱུའི་ཚབ་ལ་ལག་པ་མར་འཇོག་ཐུབ།

༨༽ དབུགས། ཚད་བརྒལ་གྱི་དབུགས་གཏོང་ལེན་བྱ་རྒྱུ་མེད། ཡིན་ནའང་ནམ་རྒྱུན་འཆར་ཅན་ལྟར་དལ་བུ་དལ་བུས་ལྷུན་གྱིས་གྲུབ་པའི་ཚུལ་གྱུས་སྣ་ཁུང་བརྒྱུད་མགྱོགས་མ་དྲགས་པ་དང་དལ་མ་དྲགས་པར་དབུགས་གཏོང་ལེན་བྱེད་དགོས།

དེའི་རྗེས་སུ་ཁྱེད་ཀྱིས་དབུགས་གཏོང་ལེན་གྱི་སྦྱོང་བརྡར་བྱེད་དགོས། ཁྱེད་ཀྱིས་བྱེད་སྟངས་མི་འདྲ་བ་དུ་མའི་སྒོ་ནས་བྱེད་ཐུབ། དེ་ཡང་དབུགས་ལ་དམིགས་པ་གཏད་ཙམ་བྱེད་པའམ། ཡང་ན།

  • གལ་ཏེ་ཁྱེད་རང་ཅུང་ཟད་ཉོབ་སྣང་སྐྱེ་བ་དང་ཁྱེད་རང་དབུགས་ཀྱི་སྟེང་ལ་ཏོག་ཚམ་དོ་སྣང་ཆེ་ཙམ་བྱེད་དགོས་ན། སྣ་ནས་དབུགས་ལ་དམིགས་པ་གཏད་དགོས།
  • ཡང་ན་ལྟེ་བའི་མཚམས་སུ་དམིགས་དགོས། དེ་ཡང་གྲོད་ཁོག་ཕྱི་ནང་དུ་འགུལ་བར་དམིགས་དགོས། གལ་ཏེ་ཁྱེད་རང་ཏོག་ཙམ་སེམས་ངལ་དང་གནོན་ཤུགས་བྱུང་ན། དེས་རྩེ་གཅིག་ཏུ་དམིགས་ཐུབ་པར་བྱེད་ཀྱི་ཡོད།

དབུགས་གཅིག་པའི་ཐོག་དམིགས་པ་གཏད་ཚུལ་འདྲ་མིན་ཡོད། དེ་ནས་དབུགས་ལ་གྲངས་ཀ་བརྩི་སྟངས་ཤིག་ཡོད། གྲངས་ཀ་བརྩི་བ་ཙམ་དེ་ལུས་སྦྱོང་ཞིག་མིན་པའི་གནད་དོན་དེ་རེད། འོན་ཀྱང་ནམ་རྒྱུན་དབུགས་ཀྱི་གྲངས་ཀ་དེ་བཅུ་གཅིག་དང་། བདུན། ཉེར་གཅིག་བར་དུ་བརྩི་གི་ཡོད། ༼གྲངས་ག་ཚོད་བརྩི་མིན་ཁྱད་པར་མེད་༽ དེའི་རྗེས་ཁྱེད་ཀྱིས་བསྐྱར་ཟློས་བྱེད་ཆོག

དེ་ནས་རླུང་རོ་དགུ་ཕྲུགས་ཟེར་བ་ཞིག་ཡོད་པ་དང་། དེ་དང་མཉམ་དུ་ཉམས་སུ་བླང་རྒྱུའི་དམིགས་རྣམ་བསྟེན་ཚུལ་རྙོག་འཛིངས་ཅན་ཞིག་ཡོད། ༧གོང་ས་༧སྐྱབས་མགོན་ཆེན་པོས་མང་ཚོགས་འདུས་སྡེ་ཆེན་པོར་དེའི་སྐོར་གསུང་ཆོས་གནང་སྐབས། ཁོང་གིས་དམིགས་རྣམ་བསྟེན་ཚུལ་དེ་ཟུར་དུ་སྐྱུར་གནང་གི་ཡོད། དེ་ག་རེ་སྟོན་གྱི་ཡོད་དམ། དེས་གལ་ཏེ་ཁྱེད་ཀྱིས་དམིགས་རྣམ་གྱི་ཐོག་ནན་བརྗོད་མང་དྲགས་ན། དགོས་དོན་ངོ་མ་དེ་ཕམ་པའམ་བརླག་པར་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། ཁྱེད་ཀྱིས། “ཨོ། ངས་དམིགས་རྣམ་གྱི་སྐོར་དེ་ཏག་ཏག་ཤེས་ཐུབ་ཀྱི་མི་འདུག །རླུང་འདི་དེ་ལ་འགྲོ་གི་ཡོད་དམ། རླུང་དེ་ཕ་གིར་འགྲོ་གི་ཡོད་དམ་” ཞེས་སེམས་འཁྲལ་བྱེད་ཀྱིན་ཡོད། དེ་ནས་ཁྱེད་རང་དངོས་གནས་ཚ་གི་ཚི་གེ་ཆགས་པ་དང་བློ་ཕམ་གྱི་ཡོད།

ང་ཚོར་གསང་སྔགས་ཉམས་ལེན་སྐབས་འཆི་རིམ་ལ་དམིགས་རྣམ་བསྟེན་པ་སོགས་མང་པོ་ཡོད། ༼ཡི་དམ་གྱི་ལྷ་ཞིག་ལ་བསྟེན་ནས་འགོ་བཙུག་དགོས་པ་སོགས་ཡོད།༽ ༧གོང་མཆོག་གིས། ཁྱེད་རང་ཉམས་ལེན་པ་ཧ་ཅང་ཚད་མཐོ་ལ་ཁྱད་དུ་འཕགས་པ་ཞིག་མིན་ན། ཁྱེད་རང་ག་དུས་ཤི་མིན་སྐོར་དེ་དྲན་པ་བརྗེད་དགོས། གང་ཡིན་ཞེ་ན། ཁྱེད་ཀྱིས་དམིགས་རྣམ་ཡང་དག་པ་བསྟེན་ཐུབ་ཀྱི་མི་འདུག་ཅེས་བསམས་ནས་ཧ་ཅང་ཚ་གི་ཚི་གེ་དང་བློ་ཕམ་ཡོང་གི་ཡོད། དཔེར་ན། “ངས་དམིགས་རྣམ་དེ་གང་འདྲ་བརྟེན་གྱིན་འདུག་གམ། དེ་འདི་འདྲ་ཞིག་འདུག་གམ། ཡང་ན་རིམ་པ་འདི་འདྲ་ཞིག་འདུག་གམ།” ཞེས་བསམས་ནས་ཁྱེད་རང་སེམས་ཀྱི་གནས་བབས་ཧ་ཅང་ཞི་ལྷིང་བརྟན་ཚུགས་མེད་པའི་སྒང་ལ་ཤི་གི་རེད། ཁོང་གིས། ཁྱེད་རང་འཆི་བའི་སྐབས་སུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དམིགས་རྣམ་དུ་བྱས་ན། ཕན་ཐོགས་ཆེ་བ་ཡོད་ཅེས་གསུངས། དཔེར་ན། “ངས་མུ་མཐུད་དེ་ལམ་འགྲིམ་ཐུབ་པར་ཤོག །ངས་གཞན་དོན་མུ་མཐུད་བསྒྲུབ་ཐུབ་པར་ཤོག །ང་རང་མུ་མཐུད་དགེ་བའི་བཤེས་གཉེན་དང་མཉམ་དུ་གནས་པར་ཤོག་” ཅེས་སོགས་ཡིད་སྨོན་བྱེད་པ་ལྟ་བུ་རེད། སེམས་འཁྲལ་མ་བྱོས། ཡི་དམ་གྱི་ལྷ་སོགས་དམིགས་རྣམ་བསྟེན་ཕྱོགས་ཐད་དོ་གལ་ཧ་ཅང་ཆེན་པོ་བྱ་རྒྱུ་མེད། གང་ཡིན་ཟེར་ན། དེ་ནི་དཀའ་ལས་ཁག་པོ་ཡོད། དམིགས་རྣམ་བསྟེན་རྒྱུ་མཐའ་གཅིག་ཏུ་གལ་ཆེན་མ་རེད་ཅེས་པའི་དོན་མིན། དེ་ནི་ནན་བརྗོད་གཙོ་བོ་དེ་མ་ཡིན་ཞེས་པའི་དོན་ཡིན།

བྱས་ཙང་། རླུང་རོ་དགུ་ཕྲུགས་འདིའི་སྐོར་༧གོང་ས་མཆོག་གི་འགྲེལ་བརྗོད་བྱེད་སྟངས་ནི། ཁྱེད་ཀྱིས་ལག་པ་པུས་པོའི་སྒང་ནས་ཡར་བཀྱག་སྟེ་དགོས་པ་དང་། དེ་ནས་མུར་རྫོག་བཟོས་ཏེ་མཆན་ཁུང་ནང་གཞུ་དགོས། དེ་ནས་མཛུབ་མོ་གཅིག་གིས་སྣ་ཁུང་བཀག་ནས་དབུགས་ནང་དུ་དལ་པོའི་ངང་རྔུབ་དགོས། དེ་ནས་སྣ་ཁུང་གཞན་དེ་ནས་དབུགས་ཕྱིར་གཏོང་དགོས། ཁྱེད་ཀྱིས་ལག་པ་གཉིས་བརྗེ་པོ་རྒྱག་མི་དགོས། དེ་ནི་རྣམ་གཡེང་ཆེན་པོ་རེད། དེ་ལྟར་ཐེངས་མ་གསུམ་བྱེད་དགོས་པ་དང་ཕྱོགས་གཞན་དེའང་ཐེངས་གསུམ་བྱེད་དགོས། དེ་ནས་ཁྱེད་ཀྱི་ལག་པ་མུར་རྫོག་བཟོས་ཏེ་རང་གི་པུས་མོའི་སྒང་ལ་འཇོག་དགོས་པ་དང་། མུར་རྫོག་ཁ་ཕྱེ་བ་དང་བཙུམ་པའི་སྐབས་སྣ་ཁུང་ནས་དབུགས་དབྱུང་རྔུབ་བྱེད་དགོས། དེས་འགྲིག་པ་རེད། རང་གི་སེམས་བར་མའམ་བཏང་སྙོམས་ཀྱི་གནས་བབས་ཏེ། སྐབས་འདིར་དོན་དག་གཙོ་བོ་དེ་རང་རེད། དེ་ནས་དགེ་བའི་སེམས་ཀྱི་གནས་བབས་ཤིག་སྐྲུན་ཐུབ་པའི་ཕྱིར། དམིགས་རྣམ་བསྟེན་ཚུལ་མགོ་རྙོག་ཚ་པོ་དེའི་རིགས་བྱེད་དགོས་ངེས་ཤིག་མ་ཡིན།།

Top