ང་ཚོས་ཆོས་མ་ཞུས་གོང་མཎྜལ་ཕུལ་ནས་ཆོས་གསུང་བར་བསྐུལ་དགོས་པ་ནི་གལ་ཆེན་པོ་ཡིན། དེ་ལྟར་བྱེད་པའི་སྐབས། ང་ཚོས་མཆོད་པ་འདི་དང་མཉམ་དུ་འདོན་བྱའི་ཚིགས་བཅད་ཀྱི་གལ་གནད་དེ་ཤེས་རྒྱུ་གལ་ཆེ། ༼མཎྜལ་ཞེས་པ་དེ་གང་རེད་དམ་ཞེས་པར་གཟིགས།༽
ས་གཞི་སྤོས་ཆུ་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་དང་། །སངས་རྒྱས་ཞིང་དུ་དམིགས་ཏེ་འབུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྐྱེ་བར་ཤོག །ཨོཾ་ཨི་དཾ་གུ་རུ་རཏྣ་མཎྜལ་ཀཾ་ནིར་ཡཏཡ་མི། མཎྜལ་འདི་བཞིན་བླ་མ་རིན་པོ་ཆེ་ལ་འབུལ།
ཚིགས་སུ་བཅད་པ་འདིའི་ནང་ང་ཚོས་སངས་རྒྱས་ཀྱི་ཞིང་ངམ་དག་པའི་ཞིང་ཞིག་ལ་བསམ་བློ་གཏོང་བ་དང་། མི་ཚང་མས་དེའི་ནང་མཉམ་སྤྱོད་བྱེད་ཐུབ་པར་སྨོན་ལམ་འདེབས་ཀྱི་ཡོད་པ་དེ་ཏོག་ཙམ་གོ་ཚོད་དཀའ་མོ་ཡོད། མ་རེད་དམ། ཐོག་མར་ང་ཚོས་སངས་རྒྱས་ཀྱི་ཞིང་ངམ་དག་པའི་ཞིང་ཟེར་བ་དེ་གང་ཡིན་ཤེས་དགོས། དེ་ནི་ཉིན་གཅིག་གི་ཚུ་ཆོད་ཉེར་བཞིའི་རིང་བསླབ་པ་སློབ་གཉེར་དང་ཆོས་ཉམས་ལེན་བྱེད་ཐུབ་པ་བཅས་ཚང་མ་མཐུན་པའི་ཆ་རྐྱེན་དུ་འགྱུར་བའི་གནས་ཤིག་ཡིན། ཞིང་ཁམས་དེར་ཁྱེད་རང་ལས་ཀ་བྱེད་མི་དགོས། ཟས་བཟའ་མི་དགོས། གཉིད་ཁུག་མི་དགོས། ཁང་གླ་སྤྲོད་མི་དགོས། གསང་སྤྱོད་འགྲོ་མི་དགོས། མདོར་ན་ཁྱེད་བསླབ་པ་སློབ་གཉེར་དང་ཆོས་ཉམས་ལེན་ཁོ་ན་ལས་གཞན་ཅི་གང་བྱེད་མི་དགོས། དག་པ་སངས་རྒྱས་ཀྱི་ཞིང་དེ་ནི། ཤོག་སྦག་རྩེ་བ་དང་རྐྱལ་རྫིང་ནང་རྐྱལ་རྒྱག་པ་སོགས་སྤྲོ་སྐྱིད་གཏོང་སའི་གནས་ཤིག་མ་ཡིན།
སངས་རྒྱས་ཀྱི་ཞིང་ནི་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱིས་ཁེངས་ཤིང་། བྱང་ཆུབ་སེམས་དཔའ་དེ་དག་ནི་རྟོག་མེད་ཀྱི་སྒོ་ནས་སྟོང་ཉིད་ཀྱི་དོན་རྟོགས་པའི་གང་ཟག་རྣམས་ཡིན་པ་དང་། ལོངས་སྤྱོད་རྫོགས་པའི་སྐུས་ཁོང་ཚོར་ཆོས་གསུངས་པ་དང་། སངས་རྒྱས་ཀྱིས་སྤྲུལ་བའི་གཟུགས་སྐུའི་རྣམ་པ་ཅན་དེས་ཐེག་པ་ཆེན་པོའི་ཆོས་ཡོངས་སུ་ལོངས་སུ་སྤྱོད་པ་ཡིན། དེ་ནི་དག་པ་སངས་རྒྱས་ཀྱི་ཞིང་ཁམས་སུ་གང་འབྱུང་གི་ཡོད་པ་དེ་རེད། འོན་ཀྱང་གཏིང་ཟབ་ཤོས་སམ་དོན་དམ་གྱི་དབང་དུ་བྱས་ན། དག་པ་སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་ནི། སེམས་ཀྱི་རང་བཞིན་འོད་གསལ་བའི་རིམ་པར་གོ་ཞིང་། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱིས་མངོན་དུ་བྱེད་པའི་སྐབས། དེ་ནི་སེམས་ཀྱི་རིམ་པ་ཕྲ་ཤོས་དེ་ཡིན། གལ་ཏེ་ང་ཚོས་སློབ་གཉེར་དང་ཉམས་ལེན་ཁོ་ན་ལས་གཞན་ཅི་གང་བྱེད་མི་དགོས་ན། དེ་ནི་ཅི་འདྲའིི་ངོ་མཚར་བ་ཞིག་དང་དངོས་གནས་ཡག་པོ་ཞིག་མ་རེད་དམ། དེ་བཞིན་དེ་དང་མཐུན་ཆེ་ཤོས་ཀྱི་སེམས་ཀྱི་གནས་བབས་དང་གནས་སྟངས་དེ་ང་ཚོར་ཡོད་པ་རེད།
ང་ཚོས་མཎྜལ་འབུལ་བའི་སྐབས། སེམས་ནང་གང་བསམ་དགོས་ཀྱི་ཡོད་ཅེ་ན། འདི་ནི་ང་ཚོར་འཕྲད་བཞིན་པའི་གནས་སྟངས་ཀྱི་རིགས་ཤིག་ཡིན་པ་དང་། ང་ཚོའི་སེམས་ནི་མཐུན་ཆེ་ཤོས་ཀྱི་གནས་བབས་སུ་ཡོད། མི་ཚང་མས་སློབ་སྦྱོང་བྱེད་ཐུབ་པའི་ཆེད་དུ་དེ་ལྟ་བུའི་གནས་སྟངས་མཉམ་སྤྱོད་བྱེད་ཐུབ་པར་ཤོག་ཅེས་སེམས་ནང་དྲན་དགོས། སྐབས་དོན་འདིར་ང་ཚོས་ཚང་མ་ཡང་དག་པ་དང་མཐུན་པའི་རྐྱེན་དང་ལྡན་པར་བསམ་བཞིན་དུ་ཆོས་གསུང་བར་བསྐུལ་གྱི་ཡོད། དོན་ངོ་མར་ང་ཚོས་ཚིགས་སུ་བཅད་པ་འདི་དང་མཉམ་དུ་ “ང་རང་ཆོས་ཉན་པར་མཐའ་གཅིག་ཏུ་གྲ་སྒྲིག་ཨང་བསར་ཡོད། མི་ཚང་མ་དེ་འདྲ་ཡོང་བར་ཤོག་” ཅེས་བརྗོད་ཀྱིན་ཡོད། དེ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་ཆེད་དུ་མཎྜལ་འབུལ་བའི་སྙིང་པོ་དེ་ཡིན།
གལ་ཏེ་ཚ་བ་ཆེ་དྲགས་པ་དང་གྲོད་ཁོག་ལྟོགས་པ་སོགས་བྱུང་ན། ང་ཚོས་དེ་སྤོང་འདོད་ཤུགས་དྲག་དང་བཅས་དེ་ལ་སྣང་མེད་བྱ་རྒྱུའི་ཐབས་ཤེས་བྱེད་དགོས། དེ་ལྟར་བྱས་ན་ང་ཚོས་དངོས་གནས་ཆོས་ཡང་དག་པ་ཉན་ཐུབ་པ་དང་གནད་དོན་དེའི་རིགས་ཀྱིས་སེམས་གཡེང་བར་བྱེད་ཀྱི་མ་རེད། མཎྜལ་འབུལ་བའི་ཚིགས་སུ་བཅད་པའི་ནང་། ང་ཚོས་རིའི་རྒྱལ་པོ་རི་རབ་དང་གླིང་བཞི་སོགས་འབུལ་གྱི་ཡོད། དེ་དག་གིས་ཚ་བ་ཆེ་དྲགས་པ་དང་གྲང་དྲགས་པ་ལྟ་བུ་ང་ཚོའི་ད་ལྟའི་འཛམ་གླིང་དཀྱུས་མ་དང་གནས་སྟངས་དཀྱུས་མ་དེ་མཚོན་གྱི་ཡོད། དེ་དག་མཆོད་པ་འབུལ་བའི་ནང་། ཆོས་འཐོབ་པའི་ཕྱིར་འཛམ་གླིང་ནང་གང་ཡོད་པ་ཚང་མ་འབུལ་རྒྱུའི་ང་ཚོའི་འདོད་འདུན་དེ་སྟོན་པ་ཙམ་མིན་པར། དེ་ལས་གཏིང་ཟབ་པའི་སངས་རྒྱས་ཀྱི་བར་དུ་འཛམ་གླིང་དཀྱུས་མ་ཡོངས་སུ་རྫོགས་པ་འབུལ་བ་དང་། འཛམ་གླིང་དཀྱུས་མ་འདི་དག་པའི་ཞིང་ཞིག་ཏུ་བསྒྱུར་རོགས་ཞེས་འབོད་བསྐུལ་ཞུ་གིན་ཡོད། བྱས་ཙང་། དོན་ངོ་མར་མཎྜལ་འབུལ་རྒྱུ་དེ་བློའི་ཁྱེར་སོ་དག་སྦྱོང་བྱེད་པའི་རིགས་ཀྱི་ཉམས་ལེན་ཞིག་ཡིན། དེ་ཡང་རྐྱེན་ངན་པ་དེ་རྐྱེན་བཟང་པོར་བསྒྱུར་བ་ཞིག་ཡིན། ང་ཚོའི་ཆོས་ཚོགས་དང་། ཆོས་ཁྲིད་ཁང་། དེ་བཞིན་སྤྱིར་བཏང་ང་ཚོའི་མི་ཚེའི་ནང་དཀའ་ངལ་ཅན་གྱི་གནས་སྟངས་གང་འདྲ་ཞིག་ཡོད་སྲིད་ནའང་། དེ་དག་ང་ཚོའི་སེམས་ནང་བསྒྱུར་བཅོས་གཏོང་དགོས། ང་ཚོས་ད་ལྟ་སོ་སོ་དག་པ་སངས་རྒྱས་ཀྱི་ཞིང་དུ་ཡོད་པ་དང་། ང་ཚོར་ཆོས་འཐོབ་གྲབས་ཡོད་པར་བསམ་དགོས། སྐབས་དོན་འདིར་དག་པ་སངས་རྒྱས་ཀྱི་ཞིང་ཟེར་བ་ནི། དངོས་གནས་བྱས་ན་ནམ་རྒྱུན་སེམས་ཀྱི་གནས་བབས་ཤིག་རེད། ང་ཚོས་དེ་དགུ་ཚིགས་སྐྱ་མོའི་སྐར་ཚོགས་གཞན་ཞིག་ཏུ་ཡོད་པའི་ལྷ་ཡུལ་ཞིག་ལ་བསམ་གྱི་མེད།
བྱས་ཙང་། ཆོས་ཞུ་བའི་ཆེད་མཎྜལ་འབུལ་བ་ནི་གལ་གནད་མེད་པའི་གནད་དོན་ཞིག་མིན་པར། དེ་ནི་ཧ་ཅང་གཏིང་ཟབ་པའི་ཉམས་ལེན་ཞིག་ཡིན། དེ་ཡང་ཇི་ལྟར་ཚིགས་སུ་བཅད་པའི་ནང་གསལ་བའི་འགྲོ་ལུགས་ལྟར་མཎྜལ་ཚོམ་བུ་སོགས་བཟོས་ནས་འབུལ་ཆོག་ལ། ང་ཚོས་ད་དུང་ཕྱག་རྒྱ་རན་འཚམས་ཤིག་གམ་ཡང་ན་རི་རྒྱལ་ལྷུན་པོ་དང་གླིང་བཞིའི་མཚོན་དོན་མེད་པའི་སྒོ་ནས་ཀྱང་མཎྜལ་འབུལ་ཆོག
འོན་ཀྱང་ང་ཚོས་མཎྜལ་འབུལ་སྟངས་གང་འདྲ་ཞིག་ཡིན་ནའང་། སོ་སོའི་སེམས་ནང་གང་ཡོད་པ་ཚང་མ་གཙང་མ་བཟོ་ཐབས་དང་དག་པ་སངས་རྒྱས་ཀྱི་ཞིང་དུ་ཡོད་པར་བསམ་བློ་གཏོང་ཐབས་ཀྱི་ཆེད་སྔོན་ཚུད་ནས་དུས་ཚོད་ཏོག་ཙམ་ཞིག་ལེན་དགོས་རྒྱུ་གལ་ཆེ་ཞིང་། གནས་བབས་དེའི་ནང་མཎྜལ་འབུལ་དགོས། སངས་རྒྱས་ཀྱི་ཞིང་ངམ་སེམས་ཀྱི་འོད་གསལ་ནང་ང་ཚོ་གཅིག་པུ་གནས་པའི་ཡིད་སྨོན་བྱེད་པ་དེ་འདྲ་མ་ཡིན་ལ། ང་ཚོ་ནི་ཧ་ཅང་གལ་ཆེན་པོ་དང་དམིགས་བསལ་ཅན་ཡིན་པས་སྒེར་གྱི་ཆོས་དང་གདམས་པ་འཐོབ་ཀྱི་ཡོད་པ་དེ་འདྲའང་མ་ཡིན། འོན་ཀྱང་ཡིད་སྨོན་ཤུགས་དྲག་དང་བཅས་ཚང་མ་ཞིང་ཁམས་ཀྱི་གནས་དེར་སླེབས་པ་དང་ཆོས་འཐོབ་པའི་ཆེད་མཆོད་པ་འབུལ་དགོས།།