གལ་ཏེ་ང་ཚོ་གཞན་ལ་ཕན་པའི་ཆེད་འཚོ་ཐབས་ཀྱི་ལས་རིགས་སྣ་ཚོགས་པར་འཇུག་འདོད་ཡོད་ན། སྤྱི་ཚོགས་ཞབས་ཞུའི་ལམ་གྱི་ནང་བཟང་སྤྱོད་ཀྱི་འགན་འཁྲི་ནི་ཧ་ཅང་གལ་གནད་ཆེ་བའི་བརྗོད་གཞི་ཞིག་རེད། དེ་ཡང་སྤྱི་ཚོགས་ཞབས་ཞུ་དངོས་ཀྱི་ནང་ཡིན་ན་འདྲ། ཤེས་ཡོན་གྱི་ནང་ཡིན་ནའང་འདྲ། འཕྲོད་བསྟེན་གཅེས་སྐྱོང་གི་ནང་ཡིན་ནའང་འདྲ་སྟེ། བཟང་སྤྱོད་ནི་ཧ་ཅང་གལ་ཆེ་བའི་རྣམ་པ་ཞིག་ཡིན། ང་ཚོས་གཞན་ལ་ཕན་འདོགས་ཐབས་བྱེད་པའི་སྐབས། གནོད་འཚེ་མི་འབྱུང་བ་དང་། ཐ་ན་སོ་སོས་ཕན་ཐོགས་བསྒྲུབ་རྒྱུའི་ཐབས་ལམ་ཡག་ཤོས་དེ་ཤེས་ཀྱི་མེད་སྲིད་ནའང་། གང་ཐུབ་ཅི་ཐུབ་ཀྱིས་ཁོང་ཚོར་ཕན་འདོགས་ཐབས་བྱེད་དགོས་ངེས་ཡིན། གང་ཡིན་ཞེ་ན། ང་ཚོས་ཕན་འདོགས་ཐབས་བྱེད་པའི་གང་ཟག་རེ་རེ་ནི་མི་སྒེར་པ་ཞིག་ཡིན་པས། མི་གཅིག་ལ་རན་འཚམས་ཡོད་པ་དེ་མི་གཞན་དག་ལ་རན་འཚམས་ཡོད་པའི་ཁྱབ་པ་མེད། བྱས་ཙང་། སྤྱི་ཚོགས་དང་འཚོ་ཐབས་ལས་རིགས་ཀྱི་རོགས་བྱེད་མཁན་གང་འདྲ་ཞིག་ཡིན་ནའང་། དེ་ལ་ཤེས་ཡོན་རྒྱ་ཆེན་པོ་ཞིག་དང་གཞན་ལ་ཚོར་བ་སྐྱེན་པོ་ཞིག་དགོས་ཀྱི་ཡོད། དེ་དག་ཐམས་ཅད་ཀྱི་གཞི་རྩ་ལྟ་བུ་ནི་བཟང་སྤྱོད་ཀྱི་རྣམ་གཞག་ཡིན།
བཟང་སྤྱོད་ཀྱི་ཁྲིམས་རང་བསྲུང་། ༼ཚུལ་ཁྲིམས།༽
ནང་ཆོས་ནས་ཚུལ་ཁྲིམས་དང་བསྟུན་ཏེ་བཟང་སྤྱོད་ཀྱི་རྣམ་གཞག་སྐོར་གསུང་གི་ཡོད། བཟང་སྤྱོད་དེ་ཉམས་ལེན་གྱི་ནང་དངོས་སུ་ལག་བསྟར་བྱེད་པར། ང་ཚོར་ཚུལ་ཁྲིམས་དགོས་པ་ནི་གསལ་པོ་རེད། བྱས་ཙང་། དེ་གཉིས་ཕན་ཚུན་ཧ་ཅང་འབྲེལ་བ་ཉེ་པོ་ཡོད། སྒྲིག་ཁྲིམས་འདི་ཡང་རྙེན་རྟོག་པ་ལྟ་བུས་གཞན་གྱི་སྟེང་ལ་སྒྲིག་ཁྲིམས་ལག་ལེན་བསྟར་བ་ཞིག་མིན། དེ་ལས་ལྡོག་སྟེ། ང་ཚོས་སྒྲིག་ཁྲིམས་དེ་སོ་སོ་རང་ཉིད་ལ་ཁ་ཕྱོགས་བསྒྱུར་གྱི་ཡོད་པ་དང་། དེ་ལ་ལེ་ལོ་དང་གཏི་མུག་དེ་བཞིན་སྒྲིག་དང་ལྡན་པ་ཞིག་ཆགས་པར་བར་ཆད་བྱེད་མཁན་གྱི་རིགས་ཚང་མ་ལས་ཐར་བ་ཞིག་དགོས་ངེས་ཡིན། དེའི་དོན་ནི་ཐ་ན་ང་ཚོས་རྗེས་སུ་འཇུག་དགོས་པའི་བཟང་སྤྱོད་ཀྱི་རྩ་དོན་རྣམས་གང་ཡིན་པ་ཤེས་ཤིང་། དེ་དག་ལ་དངོས་སུ་འཇུག་པའི་ཀུན་སློང་ཞིག་ཀྱང་ཡོད་ནའང་། ད་དུང་ང་ཚོས་དེ་ལག་ལེན་དངོས་སུ་བསྟར་བར་དཀའ་ངལ་ཡོད་སྲིད་པ་ཚང་མ་ལས་ཐར་དགོས་ཀྱི་ཡོད། བྱས་ཙང་། བཟང་སྤྱོད་ཀྱི་བརྗོད་གཞི་འདི་ནི་ཧ་ཅང་རྒྱ་ཆེན་པོ་ཞིག་ཡིན་པ་དང་། དེ་དག་ཕན་ནུས་ལྡན་པའི་སྒོ་ནས་རང་གིས་ཉམས་སུ་བླང་བར། ང་ཚོས་སྦྱོང་བརྡར་བྱེད་དགོས་པའི་རྣམ་པ་ཧ་ཅང་མང་པོ་ཡོད།
ནང་ཆོས་ནས་ཚུལ་ཁྲིམས་རིགས་གསུམ་ཁྱད་པར་འབྱེད་ཀྱི་ཡོད། དང་པོ་ནི་མི་དགེ་བའི་སྤྱོད་ལམ་སྤོང་བའི་ཚུལ་ཁྲིམས་དེ་རེད། མི་དགེ་བའི་སྤྱོད་ལམ་ནི་ལུས་ཀྱི་ལས་ཙམ་གྱི་བར་དུ་ཚད་བཀག་མིན་པར། ང་ཚོའི་ངག་གི་སྒོ་ནས་གཞན་དང་འབྲེལ་བ་བྱེད་ཚུལ་དེ་ཡང་ཡིན་ལ། ང་ཚོའི་བསམ་བློའི་ཁྱེར་སོ་དེ་ཡང་ཚུད་ཡོད། ང་ཚོས་གཞན་ཞིག་ལ་རོགས་བྱེད་པའི་རྒྱུན་ལྡན་གྱི་བྱེད་སྒོ་ནང་འགྲོ་ཆོག་ཀྱང་། སེམས་ནང་ཁོང་ཚོར་སྐོར་ལ་བསམ་བློ་སྡུག་རིགས་ངན་ཚད་འཁོར་གྱི་ཡོད། བྱས་ཙང་། དེ་སྤོང་བའི་ཆེད་དེ་ལའང་ཚུལ་ཁྲིམས་དགོས་ཀྱི་ཡོད།
ཚུལ་ཁྲིམས་ཀྱི་རིགས་གཉིས་པ་ནི། དགེ་བའི་སྤྱོད་ལམ་ལ་འཇུག་པའི་ཚུལ་ཁྲིམས་དེ་རེད། འདི་ནི་གཞན་ལ་ཕན་ཐོགས་བསྒྲུབ་ཐུབ་པའི་ཆེད་དུ་དང་རང་གི་ནུས་པ་ལ་སྦྱོང་བརྡར་སྤྲོད་པའི་ཆེད་དུ་གཙོ་བོ་སོ་སོ་རང་ཉིད་ཀྱིས་གང་བྱེད་ཀྱི་ཡོད་པར་དམིགས་ཀྱི་ཡོད། འདིའི་དོན་ནི་སློབ་སྦྱོང་བྱེད་པ་དང་སྦྱོང་བརྡར་བྱེད་པ། དེ་བཞིན་རང་གི་འཚོ་ཐབས་ལས་རིགས་ཀྱི་ནང་ཁྱད་ཆོས་ཡོངས་སུ་ཚང་བར་དགོས་གལ་ཆེ་བའི་ལས་དོན་སྣ་ཚོགས་པ་བྱེད་ཀྱི་ཡོད། དེ་ཡང་ང་ཚོས་ལོ་མང་པོའི་གོང་ནས་གང་སྦྱངས་ཡོད་སྲིད་པར་གཞི་བཅོལ་བ་ཙམ་མིན་པར། ང་ཚོས་སོ་སོའི་འདུན་ལམ་དང་བསྟུན་ནས་གནས་སྟངས་གསར་ཤོས་རྣམས་མཉམ་སྡེབ་བྱེད་དགོས་ཀྱི་ཡོད། དེ་ལ་དངོས་གནས་དྲང་གནས་ཚུལ་ཁྲིམས་ཡང་དག་པ་ཞིག་དགོས་ཤིང་། དེ་ལ་བརྟེན་ནས་མུ་མཐུད་དེ་སློབ་སྦྱོང་བྱེད་པ་དང་སོ་སོའི་ཁྱབ་ཁོངས་སུ་གོང་འཕེལ་འགྲོ་བའི་ཐབས་ལམ་གསར་པ་ཁག་ལ་མུ་མཐུད་ནས་སྦྱོང་ཐུབ། དེ་ནི་དངོས་གནས་ལས་སླ་པོ་ཞིག་མེད། གང་ཡིན་ཞེ་ན། གལ་ཏེ་ང་ཚོས་ཉིན་གང་པོར་ལས་ཀ་བྱེད་ཀྱིན་ཡོད་པ་དང་གཞན་ལ་ཕན་འདོགས་བཞིན་ཡོད་ན། དེ་ནི་གང་འཚམ་གྱི་ངལ་བ་ཆེ་བ་ཞིག་ཡོད་པས། དེ་ལྟ་བུའི་གནས་ཚུལ་གསར་ཤོས་རྣམས་མཉམ་སྡེབ་བྱ་རྒྱུའི་ལས་ཀ་ནི་ལས་ཀའི་དུས་ཚོད་ཀྱི་རྗེས་སུ་ང་ཚོས་གང་བྱེད་དགོས་པ་དེ་རེད།
ཚུལ་ཁྲིམས་ཀྱི་རིགས་གསུམ་པ་ནི། གཞན་ལ་དངོས་སུ་ཕན་འདོགས་པའི་ཚུལ་ཁྲིམས་དེ་རེད།
དེར་བརྟེན་མི་དགེ་བའི་སྤྱོད་ལམ་སྤོང་བ་དང་ཕན་བྱེད་དགེ་བ་དང་། ཤེས་ཡོན་སློབ་གསོ་སོགས་གཞན་ལ་དངོས་སུ་ཕན་འདོགས་པའི་སྤྱོད་ལམ་ལ་འཇུག་དགོས། དེ་དག་ནི་ནང་ཆོས་ནས་ནན་བརྗོད་བྱེད་པའི་ཚུལ་ཁྲིམས་ཀྱི་ཁྱབ་ཁོངས་གསུམ་ཡིན་པ་དང་། སྤྱི་ཚོགས་ཚབས་ཞུའི་ཁྱབ་ཁོངས་ཚང་མའི་ནང་འདི་དག་གང་ལ་གང་འཚམ་གྱི་འབྲེལ་བ་ཆགས་ཀྱི་ཡོད་བསམ་གྱི་འདུག །ད་ང་ཚོས་ཚུལ་ཁྲིམས་གསུམ་པོ་དེ་དག་གི་སྐོར་ལ་ཏོག་ཙམ་གཏིང་ཟབ་པ་ལྟ་ཞིབ་བྱ་རྒྱུ་ཡིན།
མི་དགེ་བའི་སྤྱོད་ལམ་སྤོང་བ་དང་དགེ་བའི་སྤྱོད་ལམ་ལ་འཇུག་པ།
མི་དགེ་བའི་སྤྱོད་ལམ་སྤོང་དགོས། མི་དགེ་བའི་སྤྱོད་ལམ་ཟེར་བ་དེ་གང་རེད་དམ། མི་དགེ་བའི་སྤྱོད་ལམ་དེ་ནང་པའི་ཆོས་ཀྱི་ནང་། ལས་ཀྱི་རིགས་ཤིག་ལ་འགྲེལ་བརྗོད་བྱས་ཡོད་པ་དང་། ལས་དེ་ཡང་ལུས་ངག་ཡིད་གསུམ་གང་ཡིན་རུང་དེ་ཉོན་མོངས་པས་ཀུན་ནས་བསླངས་པ་ཞིག་ཡིན། དེས་གཞན་རྣམས་ལ་ཇི་ལྟར་ཕན་གནོད་བྱེད་དམ་ཞེ་ན། ང་ཚོས་ཏག་ཏག་ངེས་པ་ཞིག་བརྗོད་དཀའ། གང་ཡིན་ཟེར་ན། མཚམས་རེར་ང་ཚོས་ཀུན་སློང་བཟང་པོའི་སྒོ་ནས་བྱ་བ་བྱེད་སྐབས་ཀྱང་གཞན་ལ་གནོད་སྲིད་པ་རེད། དེའི་རྒྱུ་མཚན་ནི་ང་ཚོས་ནོར་འཁྲུལ་ཞིག་བཟོ་གི་ཡོད། དཔེར་ན། ང་ཚོས་ཁོང་ཚོར་ཕན་འདོགས་ཐབས་བྱེད་ཀྱང་། ཁོང་ཚོས་ང་ཚོའི་བསླབ་བྱར་རྩ་ནས་མི་ཉན་པ་ལྟ་བུ་རེད།
ཁོང་ཁྲོའི་དབང་གིས་བྱ་སྤྱོད་སྤེལ་བ།
དེར་བརྟེན་ང་ཚོས་ཏག་ཏག་ངེས་པ་ཞིག་གང་བརྗོད་ཐུབ་ཅེ་ན། གལ་ཏེ་ང་ཚོའི་ཀུན་སློང་དེ་ཉོན་མོངས་པ་ཞིག་ཡིན་ན། དེ་ནི་སྡིག་པ་མི་དགེ་བ་ཆགས་ཀྱི་ཡོད། དཔེ་ཆ་བཞག་ན། ང་ཚོས་ཁོང་ཁྲོའི་དབང་གིས་བྱ་སྤྱོད་སྤེལ་སྲིད་དེ། མི་གཞན་ཞིག་གི་སྤྱོད་ཚུལ་དང་མི་ཚེ་སྐྱེལ་སྟངས་ལ་ང་ཚོ་ཁོང་ཁྲོ་ཟ་གི་ཡོད་པ་དང་། སྤྱི་ཚོགས་ཞབས་ཞུ་བ་ཞིག་ཡིན་པའི་ཆ་ནས་ཁོང་ཚོར་ཕན་འདོགས་ཐབས་བྱེད་པའི་སྐབས། ང་ཚོས་ “བྱ་སྤྱོད་དེ་འདྲ་མ་སྤེལ། བཟི་སྨན་རིགས་བཟའ་མི་རུང་” ཞེས་ཁོང་ཚོར་སྐད་ལོག་རྒྱག་པ་སོགས་བྱེད་སྲིད། འོན་ཀྱང་ང་ཚོས་ཁོང་ཚོར་གདོང་ལེན་དང་འབྲེལ་བ་ཇི་ལྟར་བྱེད་པའི་རྒྱབ་ལ་ཁོང་ཁྲོ་ཡོད་པ་རེད། ཁོང་ཁྲོ་འདིས་གཞན་ལ་ཕན་འདོགས་ཐབས་ཡག་ཤོས་དེ་ཡིན་པའི་ཐད་བསམ་བློ་གསལ་པོར་གཏོང་བར་འགོག་རྐྱེན་བྱེད་པ་ཙམ་དུ་མ་ཟད། མི་གཞན་རྣམས་ཀྱི་ཚོར་བ་སྐྱེན་པོ་ཡིན་པ་དང་ཁོང་ཚོས་ང་ཚོའི་ཁོང་ཁྲོ་དེ་ཚོར་ཐུབ། གལ་ཏེ་ང་ཚོས་ཁོང་ཁྲོ་བྱས་ན། ཁོང་ཚོས་ནམ་རྒྱུན་ཡ་ལན་ཧ་ཅང་སྐྱོ་པོའི་སྒོ་ནས་སྤྲོད་ཀྱི་རེད། འདི་ནི་དེ་ཙམ་ལས་སླ་པོ་ཞིག་མིན། གང་ཡིན་ཞེ་ན། སྤྱི་ཚོགས་ཞབས་ཞུ་ལ་བཟོད་བསྲན་ཧ་ཅང་ཆེད་པོ་དགོས་ཀྱི་ཡོད། ང་ཚོས་གཞན་རྣམས་ལ་ཕན་འདོགས་ཐབས་བྱེད་པ་དང་ཁོང་ཚོར་བསླབ་བྱ་ཡག་པོ་སོགས་རྒྱག་གི་ཡོད། ཁོང་ཚོས་བསླབ་བྱར་ཉན་གྱི་མེད། དེར་བརྟེན་ང་ཚོ་སུན་གཙེར་ཅན་དང་སྤྲོ་ཐུང་ཆགས་ངེས་རེད། གང་ཡིན་ཟེར་ན། ང་ཚོར་བཟོད་སྒོམ་མེད་པ་དང་། བཟོད་སྒོམ་མེད་པའི་ནང་ང་ཚོས་ཕ་རོལ་པོ་རྣམས་ལ་ཁོང་ཁྲོ་བྱེད་པ་དང་། གཤེ་གཤེ་གཏོང་བ། སྐད་ལོག་རྒྱག་པ་བཅས་ཧ་ཅང་ལས་སླ་པོ་ཆགས་ཀྱི་ཡོད། ཡང་ན་གལ་ཏེ་ང་ཚོ་འཕྲོད་བསྟེན་གྱི་ཞབས་ཞུའི་ནང་ཡོད་ན། “ཁྱེད་ཀྱིས་སྨན་ཅིའི་ཕྱིར་བཟའ་གི་མེད་དམ། ཁྱེད་ལ་མི་འགྲིག་པ་གང་འདུག་” ཅེས་ཟེར་བ་ལྟ་བུ་ཧ་ཅང་ལས་སླ་པོའི་སྒོ་ནས་ཁོང་ཁྲོ་ཟ་གི་ཡོད།
གཞན་དོན་དུ་སྙིང་རྗེ་སྐྱེད་པ།
གནས་སྟངས་དེ་འདྲའི་ནང་ང་ཚོས་སྙིང་རྗེ་ངེས་པར་དུ་སྐྱེད་དགོས་ཤིང་། དེ་ཡང་ཡ་ང་བའི་མི་འདི་དག་རྨོངས་བཞིན་འདུག །ཁོང་ཚོ་ནི་ཧ་ཅང་གནས་སྟངས་དཀའ་ངལ་ཅན་གྱི་ནང་འདུག །ཐ་ན་ཁོང་ཚོས་བསླབ་བྱ་ཡག་པོ་ལེན་ཐུབ་ཀྱི་མི་འདུག །ང་ཚོས་གཞན་རྣམས་ལ་སོ་སོའི་བསླབ་བྱ་དང་ལེན་བྱེད་དགོས་ཞེས་བཙན་སྐུལ་བྱེད་མི་ཐུབ། ཡིན་ནའང་ང་ཚོས་འབད་བརྩོན་བྱེད་ཐུབ་པ་གཅིག་རང་ཡོད་པ་ནི། སོ་སོ་རང་ཉིད་ཀྱིས་སྔར་ལས་རྩལ་དང་ལྡན་པའི་ཐབས་ཤིག་འཚོལ་དགོས་པ་དང་། གང་ཟག་དེའི་བྱ་སྤྱོད་སྤེལ་སྟངས་ལ་དངོས་སུ་འགྱུར་བ་གཏོང་ཚུལ་ཐད་ཡིད་ཆེས་རྙེད་པ་ཞིག་ཇི་ལྟར་བཟོ་ཐུབ་མིན་བལྟ་རྒྱུ་དེ་རེད། འོན་ཀྱང་། གལ་ཏེ་ང་ཚོ་ཁོང་ཁྲོ་དང་། སུན་གཙེར། བཟོད་སྒོམ་བྲལ་བ་བཅས་ཀྱི་དབང་ཤུགས་འོག་ཏུ་ཡོད་ན། དེ་ནི་མི་དེ་ལ་འབྲེལ་བ་བྱེད་སྟངས་ཡག་ཤོས་གང་ཡིན་ནམ་ཞེས་པའི་ཐད་བསམ་བློ་གསལ་པོ་ཞིག་གཏོང་བར་གང་ལ་གང་འཚམས་ཀྱི་བར་ཆད་ཆེན་པོ་ཆགས་ཀྱི་ཡོད།
འདོད་ཆགས་དབང་གིས་བྱ་སྤྱོད་སྤེལ་བ།
ཉོན་མོངས་ཀྱི་རིགས་གཉིས་པ་ནི་འདོད་པ་དང་ཆགས་སེམས་དེ་རེད། གང་ལྟར་ཡང་། ང་ཚོ་ཚང་མ་ནི་འགྲོ་བ་མི་རེད། ང་ཚོར་འདོད་པ་ཡོད། ང་ཚོ་མི་འགའ་ཞིག་ལ་ཡིད་དབང་མེད་དུ་འཕྲོག་འགྲོ་གི་ཡོད། དེ་ཡང་ཕ་རོལ་པོ་དེ་སོ་སོའི་འཛད་སྤྱོད་པ་ཡིན་པའི་ཆ་ནས་ང་ཚོས་ཕན་འདོགས་ཐབས་བྱེད་པའི་མི་འགའ་ཞིག་ལ་འཁྲིག་སྦྱོར་གྱི་ཡིད་དབང་འཕྲོག་པ་ཞིག་ཡིན་སྲིད། ཡང་ན་དེ་ནི་ “ཨོ། སྙིང་རྗེ་བ་ལ། ཤ་ཚ་བ་ལ་” ཞེས་ཟེར་བ་སོགས་ཕྲུ་གུ་ཆུང་ངུ་ཞིག་ལ་དེའི་ཨ་ཕའམ་ཨ་མས་ཡིད་དབང་འཕྲོག་པ་ཞིག་ཀྱང་ཡིན་སྲིད། དེ་གཉིས་གང་ཡིན་རུང་ང་ཚོས་ཁོང་ཚོར་ཕན་འདོགས་ཐབས་བྱེད་པའི་སྐབས། མི་དེ་དག་ལ་ང་ཚོས་སྐབས་རེར་དམ་བསྒྲགས་ཆེ་བ་བྱེད་དགོས་པ་ལ་འགོག་རྐྱེན་བྱེད་སྲིད། ཡང་ན་ང་ཚོ་མི་དེ་ལ་ཧ་ཅང་ཡིད་དབང་འཕྲོག་གི་ཡོད། དེའི་དོན་ནི་ང་ཚོས་བསམ་བཞིན་དུ་དང་བསམ་བཞིན་དུ་མ་ཡིན་པར་ཁོང་ཚོ་དང་མཉམ་དུ་དུས་ཚོད་མང་བ་སྐྱེལ་ཕྱིར། ཁོང་ཚོ་ང་ཚོ་ལ་བརྟེན་དགོས་པ་བཟོ་གི་ཡོད། འདི་ནི་སྤོང་དགོས། དེ་ནི་ལས་སླ་པོ་ཞིག་མེད་པ་གསལ་པོ་རེད། གང་ཡིན་ཞེ་ན། ངས་གོང་དུ་ཞུས་པ་ལྟར། ང་ཚོ་འགྲོ་བ་མི་རེད། ང་ཚོ་ཁོང་ཁྲོ་ཟ་བ་ནང་བཞིན་ང་ཚོས་མི་འགའ་ཤས་ཡིད་དུ་འོང་བ་མཐོང་གི་ཡོད།
བཏང་སྙོམས་སྐྱེད་པ།
ནང་པའི་ཆོས་ཉམས་ལེན་གྱི་ནང་། རྟག་ཏུ་ནན་བརྗོད་བྱེད་པ་ཞིག་ནི་བཏང་སྙོམས་སྐྱེད་རྒྱུ་དེ་རེད། དེ་ནི་ང་ཚོས་ཕན་འདོགས་ཐབས་བྱེད་ས་སུ་དང་གང་ཡིན་ནའང་། དེ་དག་ལ་ཡིད་དབང་འཕྲོག་པའམ་ཡང་ན་ཞེན་པ་ལོག་པའི་དབང་དུ་མི་ཤོར་བ་དང་། ཡང་ན་མི་འགའ་ཞིག་ལ་རོགས་པ་དགོས་ཀྱི་ཡོད་ནའང་དེ་དག་ལ་སྣང་མེད་གཏོང་བ་༼དེ་ནི་སྐབས་འདིར་རིགས་མི་འདྲ་བ་གསུམ་པ་དེ་རེད་༽ལྟ་བུ་མིན་པར། དེ་ལས་ལྡོག་སྟེ། ཚང་མར་གུ་ཡངས་ཀྱི་བསམ་བློ་དང་བསམ་ཕྱོགས་གཅིག་པ་ཞིག་ཡོད་པའི་དོན་ཡིན། དེ་ནི་ཕན་འདོགས་སླ་བ་དང་། ཕན་འདོགས་དཀའ་བ། འགྲོ་འདུག་བྱས་ན་གང་འཚམ་གྱི་ཡག་པོ་ཡོད་མཁན། དེ་བཞིན་འགྲོ་འདུག་བྱེད་བདེ་པོ་མེད་པའམ་སྣང་བར་མི་འགྲོ་བ་རྣམས་ལ་གུ་ཡངས་དང་གཅིག་མཚུངས་ཀྱི་བསམ་ཕྱོགས་ཡོད་པ་ཞིག་ལ་ཟེར། དེ་སྐྱེད་ཐུབ་པའི་ཐབས་ནི་ང་ཚོ་ཚང་མ་གཅིག་ཡིན་པར་བལྟ་རྒྱུ་དེ་རེད། དེ་ཡང་སོ་སོ་རང་ཉིད་ནང་བཞིན་གཞན་ཚང་མར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཡིན། མི་ཚང་མས་སོ་སོ་རང་ཉིད་ལ་འདོད་པ་ཡོད་པ་ནང་བཞིན་གཞན་གྱིས་དོ་སྣང་བྱེད་ན་བསམ་པའི་འདོད་པ་དེ་ཡོད་པ་དང་གཞན་གྱིས་གཅེས་སྐྱོང་བྱེད་ན་བསམ་པའི་འདོད་པ་དེ་ཡོད། མི་སུ་གཅིག་ཀྱང་སྣང་མེད་གཏོང་བར་འདོད་མོས་མེད།
དོན་ངོ་མར་ངའི་སེམས་ནང་གང་སླེབས་ཀྱི་འདུག་ཅེ་ན། མི་འགའ་ཞིག་རང་ཉིད་གཅིག་པུ་ཁེར་རྐྱང་སྡོད་འདོད་ཡོད། ཁོང་ཚོར་ང་ཚོའི་རོགས་དགོས་ཀྱི་མེད། དེ་དག་ནི་དཀའ་ལས་ཁག་ཤོས་དེ་རེད། དེ་ལྟར་ངོས་ལེན་མི་བྱེད་པ་དེ་མི་ཚོར་ཞིང་། གནད་དོན་དེ་སྒེར་ལ་ཕོག་ཐུག་མི་འགྲོ་བ་དེ་ནི་ཧ་ཅང་དཀའ་ལས་ཁག་པོ་རེད། ཁྱད་པར་དུ་ནད་གསོ་ཁང་གི་རྒས་གོག་རྣམས་ལ་བསམ་བློ་བཏང་ན། ཁོང་ཚོ་སྨན་བཟའ་བ་དང་གཞན་ཁོང་ཚོས་བྱེད་དགོས་ངེས་ཀྱི་བྱ་བ་སྣ་ཚོགས་པར་མཉམ་མཐུན་ངང་ནས་བྱེད་ཀྱི་མེད། འོན་ཀྱང་ཐ་ན་ཁོང་ཚོར་ང་ཚོའི་རོགས་མི་འདོད་པར་རང་ཉིད་ཁེར་རྐྱང་དུ་སྡོད་འདོད་ཡོད་ནའང་། ད་དུང་ཡང་ཁོང་ཚོ་ཚང་མ་ལ་བསམ་ཕྱོགས་གཅིག་མཚུངས་ཤིག་ང་ཚོར་ཡོད་དགོས་ཤིང་། ཁོང་ཚོར་སྣང་མེད་གཏོང་མི་ཉན།
“ཚང་མར་བདེ་བ་འདོད་ཀྱི་ཡོད་པ་དང་སྡུག་བསྔལ་འདོད་མཁན་སུ་གཅིག་ཀྱང་མེད་” ཅེས་བསམ་བློ་གཏོང་བ་ཙམ་ལས་ཤུགས་ཆེ་བ་ཞིག་ནི། མི་ཚང་མ་སོ་སོའི་སྤུན་ཉེ་དང་གྲོགས་པོ་ཉེ་ཤོས་རྣམས་ཡིན་པར་བལྟ་དགོས། ནད་གསོ་ཁང་དུ་ཡོད་པའི་མི་དེ་ངའི་ཨ་མ་དང་ཨ་ཕ་ཡིན་སྲིད་པས། ངས་ཁོང་ཚོ་ལ་སྣང་མེད་གཏོང་བ་དང་ལྟ་ཚུལ་སྡུག་ཅག་འཛིན་རྒྱུ་མེད། ང་ཚོས་ད་དུང་ཡང་། “ཉིན་གཅིག་ང་རང་ནད་གསོ་ཁང་དུ་འགྲོ་རྒྱུ་ཡིན་པ་དང་། དེའི་སྐབས་སུ་རང་ཉིད་ལ་གཞན་གྱིས་སྣང་མེད་གཏོང་བ་དང་ལྟ་ཚུལ་སྡུག་ཅག་འཛིན་པ་དེ་འདོད་ངེས་མིན་” ཞེས་པའི་སྒོ་ནས་ང་ཚོས་བསམ་བློ་གཏོང་ཆོག །ཡང་མིན་ན་གལ་ཏེ་སོ་སོའི་ཕྲུ་གུ་ཚོར་འབྲེལ་བ་བྱེད་བཞིན་ཡོད་ན། “འདི་ནི་ངའི་ཕྲུ་གུ་ཡིན་སྲིད་” ཅེས་བརྗོད་པ་དང་། ཡང་སོ་སོ་རང་ཉིད་ཀྱི་ལོ་ཚད་དང་མཉམ་པ་ཡིན་ན། “འདི་ནི་ངའི་གཅེན་པོ་དང་གཅེན་མོ་ཡང་ན་གྲོགས་པོ་ཉེ་པོ་རེད་” ཅེས་བརྗོད་ཆོག །འདི་ལྟར་བསམ་བློ་གཏོང་བ་ལ་བརྟེན་ནས་མི་ཚང་མ་གཅིག་མཚུངས་སུ་གལ་ཆེན་པོ་ཡིན་པའི་གུ་ཡངས་དང་ཕན་ཚུན་མཉམ་པའི་འདུ་ཤེས་སྐྱེད་པར་ཕན་གྱི་ཡོད།
གཏི་མུག་དབང་གིས་བྱ་སྤྱོད་སྤེལ་བ།
སེམས་ཀྱི་གནས་བབས་ཉོན་མོངས་པ་གཞན་ཞིག་ནི་གཏི་མུག་རེད། གཏི་མུག་བྱིས་བློའི་རང་བཞིན་ཞེས་པའི་དོན་ནི་དཔེར་ན། ང་ཚོ་ལས་ཀ་མཉམ་དུ་བྱེད་སའི་མི་ཞིག་གི་སྐོར་ལ་ཞིབ་ཅིང་ཕྲ་བ་འཚོལ་ཞིབ་བྱ་རྒྱུའི་ཐད་ང་ཚོ་ཧ་ཅང་བྲེལ་བ་ཚ་པོ་རེད། བྱས་ཙང་། ང་ཚོའི་མ་རིག་པ་དང་ཁོང་ཚོའི་གནས་སྟངས་ལ་རྨོངས་པའི་རྐྱེན་གྱིས་ང་ཚོས་སྟངས་འཛིན་ཡག་པོ་བྱེད་ཀྱི་མེད། མི་ཚང་མ་སྒེར་སོ་སོ་བ་ཡིན་པ་དང་རང་སོ་སོ་ལ་སྒྲུང་རེ་རེ་དང་རྒྱབ་ལྗོངས་རེར་ཡོད་པ་སོང་ཙང་། ཉིན་མོའི་གུང་ལ་འཛད་སྤྱོད་པའམ་ལམ་སྟོན་ཞུ་མི་མང་པོ་ལ་སྟངས་འཛིན་བྱེད་དགོས་པའི་སྐབས། དེ་ནི་ལས་སླ་པོ་ཞིག་མེད་པ་དང་ཁོང་ཚོའི་ནང་ནས་གཅིག་ལའང་དོ་སྣང་བྱ་རྒྱུའི་དུས་ཚོད་ང་ཚོར་མེད། གང་ལྟར་ཡང་། ལས་ཀའི་གནས་སྟངས་ཀྱི་རིགས་ག་འདྲ་ཞིག་གི་ནང་ང་ཚོ་ཡོད་ནའང་། མི་སྒེར་རེ་རེར་གདོང་ལེན་བྱེད་དགོས་པའི་དུས་ཚོད་ཕལ་མོ་ཆེ་ནི་མི་དེའི་སྐོར་ཤེས་ཐབས་གང་ཐུབ་ཅི་ཐུབ་བྱ་རྒྱུ་དེ་གལ་ཆེན་པོ་རེད། ང་ཚོས་མི་ཞིག་གི་སྐོར་ལ་ཇི་ཙམ་མང་བ་སྦྱངས་པ་དེའི་ཚོད་ཀྱིས་ང་ཚོས་ཁོང་ཚོར་ཕན་ཡག་ག་འདོགས་ཐུབ། འོན་ཀྱང་ང་ཚོས་སྣང་མེད་བྱེད་པ་དང་ཡང་ན་ཧ་ཅང་ཐང་ཆད་ཡོད་པའམ། ཡང་ན་ལེ་ལོ་ཅན་ཆགས་ཡོད་ན། གཞན་ལ་ཕན་འདོགས་ཐུབ་པའི་ནུས་པ་དེ་ཧ་ཅང་གི་ཚད་བཀག་ཅན་རེད། དེའི་དོན་ནི་ལས་ཀ་བྱེད་བཞིན་པའི་སྐབས། ང་ཚོས་ང་དང་སོ་སོ་རང་ཉིད་སྒེར་གྱི་དཀའ་ངལ་དང་འབྲེལ་བའི་སྐོར་རྟག་ཏུ་བསམ་བློ་མི་གཏོང་བར། མི་གཞན་དེ་ལ་དངོས་གནས་སེམས་ཁུར་བྱེད་དགོས། དེའི་ནང་ང་ཚོའི་ལས་ཀ་དེ་ནུས་མེད་བཟོ་རྒྱུ་ཡིན་པའི་ཚུལ་གྱིས་བསམ་པ་ལ་སོགས་པ་སྤོང་བ་དེ་ཚུད་ཡོད། དེའི་དོན་ནི་ལས་གང་ཞིག་མི་དགེ་བ་དང་ང་ཚོའི་ལས་དོན་ལ་གནོད་གཞི་ཅན་ཡིན་པ་དེ་རེད། གལ་ཏེ་ངས་ “ཨོ། ནང་ལ་འདི་དང་དེའི་དཀའ་ངལ་ཞིག་ང་ལ་ཡོད་” ཅེས་བསམ་པ་ཙམ་ཡིན་ན། ཁྱེད་ཀྱིས་སོ་སོའི་འཛད་སྤྱོད་པའམ་ལམ་སྟོན་ཞུ་མི་དེ་ལ་དོ་སྣང་སྤྲོད་ཀྱི་མེད།
ཚད་བརྒལ་གྱི་སེམས་ཚོར་དང་ཚོར་བ་ཆེ་ཆེར་འཕེལ་བའི་སྐབས་བྱ་སྤྱོད་སྤེལ་བ།
སེམས་ཀྱི་གནས་བབས་དང་སེམས་ཚོར་གྱི་རིགས་མང་པོ་ཡོད་པ་དང་དེ་དག་གིས་ང་ཚོའི་ལས་དོན་རྣམས་ནུས་པ་ཆུང་ངུ་གཏོང་ཐུབ། ངས་གོང་དུ་ཞུས་པའི་ཉོན་མོངས་དེ་དག་ལས་གཞན་པའི་མི་འགའ་ཞིག་ཚད་བརྒལ་གྱི་སེམས་ཚོར་ཅན་ཆགས་པའི་གནས་སྟངས་ཤིག་ཀྱང་ཡོད། གལ་ཏེ་ང་ཚོ་ཚད་བརྒལ་གྱི་སེམས་ཚོར་ཅན་ཆགས་པ་དང་ཚོར་བ་ཤུགས་ཆེན་གྱིས་དབང་དུ་སོང་བ་ཡིན་ན། དཔེར་ན། ང་ཚོས་མོ་ཊ་བརྡབ་ལྷུང་སོགས་ཀྱི་སྐབས་རྨས་སྐྱོན་བྱུང་བའི་མི་རྣམས་ལ་གདོང་ལེན་བྱེད་ཀྱིན་ཡོད་པ་དང་། ང་རང་ཚོ་ཡང་སེམས་སྐྱོ་ནས་ངུ་བ་སོགས་བྱས་ན། མི་དེ་ལ་ང་ཚོས་རོགས་བྱེད་མི་ཐུབ། དེ་ལ་མཐའ་གཉིས་ཀྱི་ནང་དུ་མི་ལྷུང་བའི་གལ་འགངས་ཤིན་ཏུ་ཆེ་བའི་ཆ་སྙོམ་ཞིག་དགོས་ཀྱི་ཡོད། གཅིག་ནི་སེམས་ཚོར་གྱི་སྒོ་ནས་བློ་ཞུམ་པ་དང་ཅི་གང་ཡང་ཚོར་གྱི་མེད། གཞན་དེ་ནི་ཚད་བརྒལ་གྱི་སེམས་ཚོར་ཅན་ཆགས་ནས་གནད་དོན་ལ་ཡ་ལན་སྤྲོད་ཀྱི་ཡོད་པས། དོན་ངོ་མར་ང་ཚོས་སོ་སོའི་ལས་ཀ་དེ་བྱེད་ཐུབ་ཀྱི་མེད།
བློ་ཞུམ་ནས་ཅི་གང་མི་ཚོར་བའི་མཐའ་རུ་མི་ལྷུང་བའི་ཆེད་ང་ཚོས་འགྲོ་བ་མིའི་འབྲེལ་བ་ལ་ཚང་མས་སྙིང་ཐག་པ་ནས་ཡ་ལན་སྤྲོད་དགོས་པ་དེ་དྲན་དགོས། ཁོང་ཚོ་མི་ཞིག་གིས་འཕྲུལ་ཆས་ནང་བཞིན་ལྟ་ཚུལ་འཛིན་འདོད་མེད། དེ་ནི་འཛུམ་དམུལ་དམུལ་དང་ཁོང་ཚོའི་ལག་པ་བཟུང་ནས་སྨན་ཁང་གི་ཉལ་ཁྲིའི་སྒང་ལ་ཡོད་པ་ལྟར། གནད་དོན་འདིའི་རིགས་ཀྱིས་འགྲོ་བ་མི་དང་སྙིང་ཐག་པའི་འབྲེལ་བ་ཞིག་ཁ་སྣོན་བྱེད་ཀྱི་ཡོད། དེ་ནི་གཞན་དག་ལ་ཕན་པའི་ཆེད་ཧ་ཅང་གལ་ཆེན་པོ་རེད།
ཕྱོགས་གཞན་ཞིག་ནས་གལ་ཏེ་ང་ཚོ་ཚད་བརྒལ་གྱི་སེམས་ཚོར་ཅན་ཆགས་ན། ཚད་བརྒལ་གྱི་སེམས་ཚོར་ཅན་ཆགས་པ་དེ་ནི་སོ་སོ་རང་ཉིད་ཁོ་ནའི་དོན་དུ་སེམས་ཁུར་བྱེད་པ་དེ་ཡིན་པ་ང་ཚོས་རྟོགས་དགོས། དེ་ཡང་ “ཨོ། ངས་འདི་བཟོད་ཐུབ་ཀྱི་མི་འདུག །ཧ་ཅང་མང་དྲགས་སོང་། འདི་ནི་འཇིགས་སུ་རུང་བ་ཞིག་འདུག་” ཅེས་བརྗོད་པ་ལྟ་བུ་རེད། གཞི་རྩའི་ཆ་ནས་ང་ཚོས་ང་ཟེར་བ་དེ་དང་བསྟུན་ནས་བསམ་བློ་གཏོང་བཞིན་ཡོད་པ་ལས། གཞན་གྱི་དོན་དུ་བསམ་བློ་གཏོང་གི་མེད། ང་ཚོས་འདིའི་ལན་དུ་རང་ཉིད་ཀྱིས་ཇི་ལྟར་ཚོར་བའི་སྐོར་བསམ་གྱི་ཡོད། གལ་ཏེ་ང་ཚོའི་ཕྲུ་གུ་ཚོར་གནོད་འཚེ་བྱུང་བ་དང་ང་ཚོ་དངངས་འཚབ་ཅན་ཆགས་ནས་ངུས་ན། ང་ཚོས་ཕྲུ་གུར་རོགས་བྱེད་མི་ཐུབ་ལ། ད་དུང་ང་ཚོས་ཕྲུ་གུར་ཞེད་སྣང་སྐུལ་གྱི་ཡོད། ང་ཚོས་སོ་སོའི་ཕྲུ་གུ་ཞི་བདེ་ལྷིང་འཇགས་བཟོ་བར་སོ་སོ་རང་ཉིད་ཞི་ལྷིང་དགོས་ཤིང་། ཕྲུ་གུར་ཕན་ཕྱིར་ང་ཚོས་གང་བྱེད་དགོས་པའི་ཐད་བསམ་བློ་གསལ་པོ་གཏོང་དགོས། ༼དཔེར་ན། ཕྲུ་གུས་རང་གིས་རང་གཏུབས་ནས་ཁྲག་ཧ་ཅང་མང་པོ་འདོན་བཞིན་པའི་སྐབས་ལྟ་བུ།༽
ད་ལྟ་ངས་ཞུ་བཞིན་པའི་གནད་དོན་དེ་དག་ཐམས་ཅད་དགེ་བའི་སྤྱོད་ལམ་ལ་འཇུག་པའི་ཆེད་ཚུལ་ཁྲིམས་ཀྱི་སྡེ་ཚན་དེའི་ཁོངས་སུ་རན་པོ་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོས་ཀྱང་རང་ངོས་ནས་ཐབས་ལམ་དེ་དག་ལ་སྦྱོང་བརྡར་བྱེད་དགོས་ཤིང་། དེ་ལ་བརྟེན་ནས་གོང་དུ་ཞུས་པའི་མཐའ་རུ་མི་ལྷུང་བའི་ཕན་ཐོགས་ཡོད། དགེ་བའི་སྤྱོད་ལམ་ནི་ཤེས་ཡོན་ལ་མུ་མཐུད་ནས་འཇུག་པ་ཙམ་མིན་པར། སེམས་ཚོར་གྱི་རྩལ་རྣམས་གོང་འཕེལ་གཏོང་བ་དང་། གཞན་ཚང་མར་ནུས་པ་དང་ལྡན་ཞིང་ཆ་སྙོམ་པའི་སྒོ་ནས་ཕན་འདོགས་ཐུབ་པའི་ཆེད་རང་གིས་རང་ལ་ཡར་རྒྱས་གཏོང་རྒྱུ་དེ་རེད། འདིའི་ཁྱབ་ཁོངས་སུ་ང་ཚོར་ཕན་འདོགས་ཐུབ་པའི་ཐབས་རྒྱ་ཆེ་ལ་སྣ་ཚོགས་པ་ཞིག་ནང་ཆོས་ནས་གསུང་གི་ཡོད།
གཞན་དོན་ལ་འཇུག་པ།
ལེ་ལོ་ལས་ཐར་བ།
གཞན་ལ་དངོས་སུ་ཕན་འདོགས་པའི་ཆེད་ཚུལ་ཁྲིམས་ཀྱི་རིགས་གསུམ་པ་ལ་འཇུག་པར། ང་ཚོས་ལེ་ལོ་ལས་ཐར་བར་བྱེད་དགོས་ངེས་རེད། ལེ་ལོ་ལ་རྣམ་པ་མང་པོ་ཡོད། གཅིག་ནི་གཞན་གྱིས་རྣམ་པར་གཡེང་བར་བྱེད་པ་དེ་རེད། དཔེ་ཆ་བཞག་ན། “ངའི་གློག་བརྙན་གྱི་ལེ་ཚན་དགའ་ཤོས་དེ་སླེབས་འདུག །བྱས་ཙང་། ངས་དེ་བལྟ་དགོས་ཀྱི་འདུག །གང་ཡིན་ཟེར་ན། ང་རང་ཡར་ལངས་ནས་ཁྱེད་ལ་རོགས་བྱེད་པ་ལས་ཀྱང་དེ་བལྟ་རྒྱུར་དགའ་བ་ཡོད་” ཅེས་ཟེར་བ་ལྟ་བུ་རེད། ཡང་ན་ལེ་ལོའི་རྣམ་པ་ཞིག་གི་ནང་གལ་གནད་ཧ་ཅང་ཆུང་བའི་གནད་དོན་གྱིས་སེམས་གཡེངས་ཏེ། “ང་རང་ཡར་ལངས་ནས་ལས་ཀར་འགྲོ་རྒྱུའི་ཚབ་ལ་ཉལ་ཁྲིའི་སྒང་ལ་མར་ཉལ་ནས་ཏོག་ཙམ་དུས་ཡུན་རིང་བ་སྡོད་ས་རེད་” ཅེས་སྒྱིད་ལུག་པའི་བསམ་བློ་ནི་ལེ་ལོ་རེད། མ་རེད་དམ།
ལེ་ལོའི་རྣམ་པ་གཞན་ཞིག་ནི་ཕྱི་བཤོལ་རེད། དེ་ཡང་ལས་དོན་གང་རུང་ཕྱིས་སུ་བྱེད་དགོས་བསམས་ནས་འཇོག་པ་དང་ད་ལྟ་རང་མི་བྱེད་པ་དེ་རེད། གལ་ཏེ་ང་ཚོ་ལས་དོན་གང་ཞིག་གི་ནང་ཞུགས་ཡོད་ན། ངའི་བསམ་པར། ལས་དོན་དེ་གཅིག་གི་སྟེང་ལ་གཅིག་སྤུང་རྒྱུ་རེད། ལས་དོན་ཇེ་མང་འབྱུང་གི་ཡོད་པ་དང་མཚམས་འཇོག་མི་བྱེད་པ་ཡིན། གལ་ཏེ་ལས་དོན་དེ་དག་འབྱུང་བའི་སྐབས། ང་ཚོས་གཟབ་ནན་མ་བྱས་ན། དཔེར་ན། སོ་སོའི་གློག་ཀླད་ལྟ་བུར་མཚོན་ན། ང་ཚོའི་གློག་འཕྲིན་ (email) ཡིན་ན་འདྲ། ཡིག་ལྕོག་ (desk) སྒང་ལ་ཡོད་ནའང་འདྲ་སྟེ། གང་ལྟར་ཡང་གཅིག་གི་སྟེང་ལ་གཅིག་ཇེ་མང་ནས་ཇེ་མང་སྤུང་གི་ཡོད། དེ་ནས་གང་འཚམས་ཤིག་ནས་ཚུ་ནཱ་མིའམ་རྒྱ་མཚོ་འཁྱོམ་རླབས་ལྟ་བུའི་ལས་ཀ་ང་ཚོའི་སྒང་ལ་འདེད་ནས་དབང་དུ་བསྡུ་གི་ཡོད། གང་ཡིན་ཞེ་ན། ལས་དོན་ཧ་ཅང་མང་པོ་བྱ་རྒྱུ་ལྷག་ཡོད་པ་རེད། གལ་ཏེ་ང་ཚོ་བྲེལ་ཟིང་དང་དགོས་འདུན་ཆེ་བའི་འཚོ་ཐབས་ལས་རིགས་ཤིག་ལ་འཇུག་རྩིས་ཡོད་ན། ང་ཚོས་སང་ཉིན་བར་དུ་ལས་ཀ་དེ་འཇོག་མི་ཐུབ། ང་ཚོས་གནད་དོན་རྣམས་ཉིན་མ་ནས་ཉིན་མར་གཟབ་ནན་དང་བཅས་ཚར་བར་བྱེད་དགོས་ཀྱི་ཡོད།
ད་འདི་ལ་ང་ཚོས་ནམ་རྒྱུན་བརྗོད་པའི་སྤྲོ་སེམས་ཆེ་བའི་བརྩོན་འགྲུས་དགོས་ཀྱི་ཡོད། བརྩོན་འགྲུས་ཞེས་བྱ་བ་ནི་ཐ་ན་ང་ཚོ་ཐང་ཆད་ནའང་། ད་དུང་ཡང་མུ་མཐུད་དེ་འབད་བརྩོན་བསྟེན་ནས་ལས་དོན་དེ་ཚར་བ་བྱ་རྒྱུ་དེ་རེད། འོན་ཀྱང་ང་ཚོས་དངོས་གནས་ངལ་གསོ་དགོས་པའི་དུས་སྐབས་ངེས་ཅན་ཞིག་ཡོད། གང་ཡིན་ཞེ་ན། ང་ཚོས་སོ་སོའི་ལས་ཀའམ་ཡང་ན་གཞན་དང་མཉམ་དུ་ནུས་པ་དང་ལྡན་པའི་འབྲེལ་བ་བྱེད་ཀྱི་མེད། ང་ཚོ་ཐང་ཆད་དྲགས་ཡོད། ང་ཚོའི་བརྩོན་འགྲུས་དེ་དུས་ཡུན་རིང་པོའི་ནང་རྒྱུན་སྐྱོང་ཐུབ་པའི་རྩ་དོན་གལ་ཆེན་ནང་གི་གཅིག་ནི། ང་ཚོས་ངལ་གསོ་ག་དུས་རྒྱག་དགོས་མིན་ཤེས་རྒྱུ་དང་ནག་ཉེས་མི་ཚོར་བའི་སྒོ་ནས་ངག་གསོ་རྒྱག་དགོས། དེ་ནི་རང་གིས་རང་ལ་ཕྲུ་གུ་མ་འབྱར་ནང་བཞིན་ལྟ་ཚུལ་འཛིན་པ་དང་ངལ་གསོ་མང་ཐལ་རྒྱག་པའི་མཐའ་རུ་མི་ལྷུང་བའི་དོན་ཡིན། དེ་ནི་ལེ་ལོའི་རྣམ་པ་ཞིག་ཡིན་ཏེ། ལས་ཀ་བྱེད་པ་ལས་སྤྲོ་སྣང་ཆེ་བ་ཡོད་པ་སོང་ཙང་། ངལ་གསོ་རྒྱག་གི་ཡོད་པའི་ཕྱིར།
ངལ་གསོ་རྒྱག་པར་རང་གིས་རང་འགྲིག་ངེས་ཤིག་ཤེས་དགོས་ཤིང་། དེ་ལ་བརྟེན་ནས་ཞི་ལྷོད་ངང་གནས་པ་དང་རང་གི་ནུས་པ་བསྐྱར་དུ་སྐྱེད་པར་གང་གིས་ཕན་ཐོགས་མིན་ཤེས་ཐུབ། མི་འགའ་ཞིག་ལ་དེ་ནི་གཉིད་ཐུང་ཞིག་ཁུག་པའམ་ཉལ་བར་འགྲོ་བ་ལྟ་བུ་ཡིན་སྲིད། གཞན་དག་ལ་ནི་ཕྱི་ལོགས་སུ་ཕྱིན་ནས་མཁའ་རླུང་གཙང་མ་ཅུང་ཟད་རག་རྒྱུ་དང་གོམ་པ་ཏོག་ཙམ་སྤོ་རྒྱུ་དེ་ཡིན་སྲིད། ཡང་གཞན་དག་ལ་དེ་ནི་གློག་བརྙན་ཞིག་བལྟ་བའམ་གཟུགས་མཐོང་བརྙན་འཕྲིན་བལྟ་བ་ལྟ་བུ་ཡིན་སྲིད། མི་འགའ་ཞིག་ལ་དེ་ནི་ཁ་ལག་བཟོ་བ་ཡིན་སྲིད། བྱས་ཙང་། ང་ཚོ་རེ་རེ་ནས་ཀྱང་གནད་དོན་མང་པོ་ཞིག་ནས་སོས་དལ་དང་ཞི་ལྷིང་ཐོབ་སྲིད། དཔེ་དེབ་ཀློག་པ་སོགས་ག་རེ་ཡིན་ནའང་ཡིན་ཆོག །ཁྱད་པར་མེད། གནད་དོན་གཙོ་བོ་ནི་སོ་སོ་རང་ཉིད་ཤེས་རྟོགས་དགོས་རྒྱུ་དང་། ངལ་གསོ་ག་དུས་རྒྱག་དགོས་མིན། ཞི་ལྷོད་ཡོང་བར་གང་གིས་ཕན་ཐོགས་པ་བཅས་ཤེས་དགོས་རྒྱུ་དེ་རེད། དེའི་སྒང་ལ་ང་ཚོས་ངལ་གསོ་འདང་ངེས་བཞིན་པ་རྒྱག་པའི་རྗེས་སུ་དེ་ལ་རྒྱབ་རྟེན་དང་ལས་དོན་ལ་རང་འཇགས་འཇུག་པའི་ཆེད་ཚུལ་ཁྲིམས་དགོས།
ལས་དོན་ལ་སླར་ཡང་འཇུག་པར་འགོག་རྐྱེན་བྱེད་མཁན་ནང་ནས་གཅིག་ནི། “ང་རང་འདོད་པ་མི་འདུག་” ཅེས་པའི་ཚོར་བ་དེ་རེད། དེ་ལ་ང་ཚོས་ཀུན་སློང་ཡར་རྒྱས་གཏོང་དགོས། ང་ཚོས་གཞན་ལ་ཕན་འདོགས་ཐབས་བྱེད་ཀྱིན་ཡོད། གང་བྱེད་བཞིན་པ་ནི་གཞན་ལ་ཕན་འདོགས་ཐབས་བྱེད་ཀྱིན་ཡོད། གལ་ཏེ་ང་ཚོར་རོགས་དགོས་ཀྱི་ཡོད་པ་དང་ང་ཚོའི་བསྟེན་སའི་མི་དེ་ཧ་ཅང་བྲེལ་བ་ཚ་པོ་དང་ཐང་ཆད་ནས་ཡོད་པའམ། ཡང་ན་ཁོང་ཚོ་རོགས་བྱེད་ཆེད་མ་ཡོང་གོང་ནས་བརྙན་འཕྲིན་ནང་གི་ལྟད་མོའི་ལེ་ཚན་དེ་བལྟ་ཚར་བ་དགོས་ན། ང་ཚོ་དེ་ལ་དགའ་ངེས་མ་རེད། དེ་ག་ནང་བཞིན་ང་ཚོས་མི་གཞན་ཞིག་ལ་བསྟེན་ནས་ཡོད་པ་དེ་ལས་རོགས་པ་འཚོལ་སྐབས་དེ་འདྲ་བྱས་ན། ང་ཚོ་དགའ་ངེས་མ་རེད། གལ་ཏེ་ཁོང་ཚོ་ང་ཚོར་བརྟེན་ནས་ཡོད་ན། ཚང་མ་ང་ཚོ་དང་བསྟུན་ནས་གཅིག་པ་གཅིག་རྐྱང་ཚོར་གྱི་ཡོད། འདི་ནི་ནང་པའི་ཐབས་ལམ་ཧ་ཅང་གལ་ཆེན་པོ་ཞིག་རེད། དེ་ཡང་གལ་ཏེ་མི་ཞིག་གིས་ང་ཚོས་ཁོང་ཚོར་ལྟ་ཚུལ་ཇི་ལྟར་འཛིན་པ་ནང་བཞིན་ཁོང་ཚོས་འཛིན་ཡོད་ན། སོ་སོ་རང་ཉིད་གཞན་གྱི་གནས་སྟངས་སྒང་ལ་བཞག་ནས་དེ་ལ་ཇི་ལྟར་དགའ་མིན་བལྟ་རྒྱུ་དེ་རེད།
ང་ཚོས་ལེ་ལོའི་རྣམ་པ་གཉིས་དང་འབྲེལ་བ་བྱས་ཡོད་དེ། གལ་གནད་ཆུང་བའི་གནད་དོན་གྱིས་གཡེངས་བར་བརྟེན་པའི་སྒྱིད་ལུག་པའི་ལེ་ལོ་དང་ཕྱི་བཤོལ་གྱི་ལེ་ལོ་སྟེ། ལས་དོན་གང་ཞིག་ཕྱིས་སུ་བྱ་རྒྱུའི་ཆེད་དུ་འཇོག་པ་དེ་གཉིས་རེད། ལེ་ལོའི་རིགས་གསུམ་པ་དེ་ནི་འདང་གི་མེད་པའི་ཚོར་བ་སྟེ། བདག་ཉིད་ལ་བརྙས་པའི་ལེ་ལོ་དེ་རེད། དེ་ཡང་། “ང་རང་འགྲིག་ངེས་ཀྱི་ཡག་པོ་མེད། ངས་འདི་བྱེད་ཐུབ་ཀྱི་མི་འདུག །ཧ་ཅང་མང་དྲགས་སོང་” ཞེས་ཟེར་བ་ལྟ་བུ་རེད། འདི་ནི་བར་ཆད་ཆེན་པོ་ཞིག་རེད། ད་ང་ཚོས་མི་ཞིག་ལ་རོགས་བྱེད་པར་གང་བྱེད་དགོས་མིན་ཤེས་ཀྱི་མེད་སྲིད། འོན་ཀྱང་། “ང་རང་འགྲིག་ངེས་མིན། ཡག་པོ་མིན་” ཞེས་ཚོར་བ་དང་རང་གིས་རང་ལ་སེམས་ཁམས་དང་སེམས་ཚོར་གྱི་སྒོ་ནས་རྡུང་རྡེག་གཏོང་བས་ཕན་ཐོགས་རྩ་ནས་མེད། གང་ཡིན་ཞེ་ན། འདི་ནི་དོན་ངོ་མར་ལེ་ལོའི་རྣམ་པ་ཞིག་རེད། འདི་ལེ་ལོ་ཡིན་པའི་དོན་ནི་ང་ཚོས་ཐ་ན་འབད་བརྩོན་ཤུགས་ཆེ་བ་མི་བྱེད་པར། “ང་རང་འགྲིག་ངེས་ཀྱི་ཡག་པོ་མིན་” ཞེས་མཇུག་སྡོམ་བྱེད་ཀྱི་ཡོད།
ང་ཚོ་སངས་རྒྱས་མིན། མ་མཐར་ཡང་ད་ལྟ་ང་ཚོ་སངས་རྒྱས་མེད། བྱས་ཙང་། ང་ཚོས་གཞན་དོན་བསྒྲུབ་པའི་ཐབས་ཡག་ཤོས་དེ་གང་ཡིན་ཤེས་ཀྱི་མེད། ང་ཚོས་ནོར་འཁྲུལ་བཟོ་གི་ཡོད། ང་ཚོ་འགྲོ་བ་མི་རེད། ཡིན་ནའང་དོན་དག་གཙོ་བོ་ནི་མུ་མཐུད་དེ་འབད་བརྩོན་བྱ་རྒྱུ་དང་ལེ་ལོའི་དབང་གིས་བློས་གཏོང་བྱ་མི་ཉན། དེ་ག་ནང་བཞིན་གལ་ཏེ་གཞན་དག་དུས་ཚོད་སྟོང་པ་ཡོད་ན། དེ་དག་ལ་གྲོས་འདྲི་བྱེད་དགོས། གལ་ཏེ་ང་ཚོས་ནུས་པ་དང་ལྡན་པའི་འགྲུབ་འབྲས་ཐོན་ཐུབ་ཀྱི་མེད་ན། ཕན་འདོགས་ཚུལ་ཐད་སློབ་སྟོན་ཞུ་དགོས། ང་ཚོས་གཟབ་ནན་གྱིས་གཞན་དག་ལ་ཕན་པའི་ཆེད་འགན་འཁྲི་ལེན་དགོས་ནའང་། ང་ཚོས་ད་དུང་ཡང་ “ང་ནི་རྩ་ཆེ་བའི་སྐྱབས་མགོན་དེ་ཡིན་པ་དང་ངས་ཚང་མ་སྐྱོབ་རྩིས་ཡོད་” ཅེས་ཚོར་བའི་མཐའ་དེ་སྤོང་དགོས། གང་ཡིན་ཟེར་ན། དེ་ལྟར་ཚོར་བ་ལ་བརྟེན་ནས་ངས་ཁོང་ཚོ་བསྐྱབས་པ་སོང་ཙང་། མི་ཚང་མ་རང་ཉིད་ལ་བརྟེན་དགོས་པ་དང་རང་ཉིད་བཀའ་དྲིན་ཅན་ཡིན་པའི་དྲན་མེད་ཀྱི་སྐུལ་ཤུགས་ཤིག་གི་ནང་ལས་སླ་པོའི་ངང་ནས་འཆོལ་འགྲོ་གི་ཡོད། དེ་ནས་མི་གཞན་ཞིག་གིས་ཁོང་ཚོར་རོགས་བྱེད་པ་དང་བྱེད་མཁན་དེ་སོ་སོ་རང་ཉིད་མིན་ན། ང་ཚོ་ཕྲག་དོག་དང་མིག་སེར་སྐྱེ་གི་ཡོད། འོན་ཀྱང་ང་ཚོའི་ཀུན་སློང་དེ་མི་གཞན་དེ་ལ་ཕན་པ་དང་རོགས་བྱེད་པ་ཞིག་ཡིན་ན། དེ་ནས་སུས་ཁོང་ཚོར་རོགས་བྱེད་ནའང་ཁྱད་པར་མེད། དོན་དག་གཙོ་བོ་ནི་ཁོང་ཚོའི་དཀའ་ངལ་སེལ་དགོས་ཀྱི་ཡོད། གལ་ཏེ་ང་ཚོས་དཀའ་ངལ་སེལ་གྱི་མེད་པ་ཤེས་ན། ཕྱི་ཡུལ་གྱི་སྒོ་ནས་ང་ཚོས་དཀའ་ངལ་སེལ་གྱི་མེད་ན། ཁེངས་དྲེགས་མི་སྐྱེ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ང་ཚོ་ལས་ལྷག་པའི་རོགས་བྱེད་ཐུབ་བསམ་པའི་མི་གཞན་ཞིག་སར་འགྲོ་དགོས་ཞེས་བསམ་ཚུལ་སྟོན་པར་འགོག་རྐྱེན་བྱེད་དུ་འཇུག་གི་ཡོད།
དེར་བརྟེན་ནང་ཆོས་ནང་ང་ཚོའི་ཀུན་སློང་སླར་ཡང་ངེས་བརྟན་བཟོ་རྒྱུ་དེ་ཧ་ཅང་གལ་ཆེ་བའི་ཐབས་ལམ་ཞིག་ཡིན་པ་ཡང་ནས་ཡང་དུ་ནན་བརྗོད་བྱས་ཡོད། སྤྱི་ཚོགས་ཀྱི་ཞབས་ཞུ་དང་འབྲེལ་བའི་རིགས་གང་འདྲ་ཞིག་ཡིན་ནའང་ང་ཚོའི་ཀུན་སློང་ནི། མི་གཞན་དེ་ཁོང་ཚོའི་དཀའ་ངལ་སེལ་ཕྱིར་རོགས་བྱས་པ་དང་ཁོང་ཚོར་དཀའ་ངལ་གྱི་རིགས་གང་འདྲ་ཞིག་ཡོད་ནའང་དེ་དག་ལས་ཐར་བར་བྱ་རྒྱུ་དེ་རེད། ངས་གོང་དུ་ང་ཚོས་འགན་འཁྲི་ལེན་གྱི་ཡིན། “ངས་གང་ཐུབ་ཅི་ཐུབ་ཀྱིས་ཕན་འདོགས་བསྒྲུབ་ཀྱི་ཡིན་” ཞེས་བརྗོད་ཡོད་ཀྱང་། དེ་བྱེད་མཁན་དེ་ང་ཡིན་དགོས་པའི་ངེས་པ་མེད་ལ་དོན་དག་དེ་མ་རེད།
བག་ཡོད་དམ་གཅེས་སྐྱོང་གི་བསམ་ཕྱོགས་སྐྱེད་པ།
བཟང་སྤྱོད་ཀྱི་རྣམ་གཞག་ནི་གཅེས་སྐྱོང་གི་བསམ་ཕྱོགས་སམ་བག་ཡོད་ལ་ཧ་ཅང་རག་ལུས་ཡོད། དེ་ཡང་། “ངའི་སྤྱོད་ལམ་གྱིས་གཞན་ལ་ཕན་གནོད་འབྲེལ་བའི་ཐད་གཟབ་ནན་བྱེད་ཀྱི་ཡོད་” ཟེར་བ་ལྟ་བུ་རེད། དེ་ནི་ངས་ལས་ཀ་ཞིག་བྱེད་པ་དང་གླ་གསོག་གིན་ཡོད་པས། ངས་གཞན་གྱི་སྐོར་དང་གཞན་ལ་ཕན་གནོད་འགྲོ་མིན་ཁྱད་པར་གང་ཡང་མི་འདུག་ཟེར་བ་ལྟ་བུ་མ་རེད། ང་ཚོས་སོ་སོའི་སྤྱོད་ལམ་གྱིས་སོ་སོ་རང་ཉིད་ལ་ཕན་གནོད་གང་འགྲོ་གི་ཡོད་མེད་གཟབ་ནན་བྱེད་ཀྱི་ཡོད། གཅེས་སྐྱོང་གི་བསམ་ཕྱོགས་འདི་བསམ་ཤེས་དང་རྒྱུ་དང་འབྲས་བུ་ལ་གལ་ཆེན་དུ་འཛིན་པར་དངོས་གནས་རག་ལུས་ཡོད། ང་ཚོས་ཀུན་སློང་བྱེ་བྲག་ཅིག་གི་ཐོག་ནས་བྱ་སྤྱོད་སྤེལ་གྱི་ཡོད། དེ་ལ་འབྲས་བུ་ངེས་ཅན་ཞིག་ཡོང་གི་ཡོད་པ་དང་། འབྲས་བུ་སྨིན་ངེས་ཡིན་པ་ང་ཚོས་ཡིད་ཆེས་ཆ་ཚང་ཡོད། དེ་ནི་དེའི་ཐད་དོ་གལ་ཆེན་པོ་ཡིན་པ་དང་གཟབ་ནན་བྱེད་པའི་དོན་དག་གང་ཡིན་པ་དེ་རེད། ང་ཚོས་དོན་ངོ་མར་གང་བྱེད་པ་དེས་གཞན་ལ་ཤུགས་རྐྱེན་སྤྲོད་པ་མ་ཟད་སོ་སོ་རང་ཉིད་ལའང་ཤུགས་རྐྱེན་སྤྲོད་ཀྱི་ཡོད།
བྱས་ཙང་། གཞན་ལ་ཕན་པའི་ཆེད་དུ་ང་ཚོས་ཚུལ་ཁྲིམས་ཀྱི་རིགས་གསུམ་པ་འདི་ལ་འཇུག་པའི་སྐབས། འདིར་གལ་ཆེ་ཤོས་ཤིག་ནི་ང་ཚོར་གཅེས་སྐྱོང་གི་བསམ་ཕྱོགས་སམ་བག་ཡོད་འདི་དགོས་ཀྱི་ཡོད། འོན་ཀྱང་གཅེས་སྐྱོང་གི་བསམ་ཕྱོགས་འདི་ཡང་དགེ་བའི་སྤྱོད་ལམ་ལ་འཇུག་པ་སྟེ། ཚུལ་ཁྲིམས་ཀྱི་རིགས་འདིའི་རྒྱབ་ཏུ་ཡོད། དཔེར་ན། “ང་རང་སོ་སོའི་ལས་ཀར་ནུས་པ་དང་ལྡན་པ་ཞིག་ཡོང་བར་གཟབ་ནན་བྱེད་ཀྱི་ཡོད། དེར་བརྟེན་ངའི་ཤེས་ཡོན་དང་སྦྱོང་བརྡར་མུ་མཐུད་དེ་བྱ་རྒྱུའི་ཚུལ་ཁྲིམས་དེ་ང་ལ་ཡོད་པ་རེད་” ཅེས་ཟེར་བ་ལྟ་བུ་རེད། དེ་ག་ནང་བཞིན་གཅེས་སྐྱོང་གི་བསམ་ཕྱོགས་འདི་མི་དགེ་བའི་སྤྱོད་ལམ་སྤོང་བའི་ཚུལ་ཁྲིམས་ཀྱི་རྒྱབ་ཏུའང་ཡོད། དཔེར་ན། “ངས་སོ་སོའི་སྤྱོད་ལམ་གྱིས་གཞན་དང་སོ་སོ་རང་ཉིད་ལ་ཕན་གནོད་གང་འགྲོ་གི་ཡོད་པར་གཟབ་ནན་བྱེད་ཀྱི་ཡོད་པ་སོང་ཙང་། ངས་གནོད་སྐྱེལ་འདོད་མི་འདུག་” ཟེར་བ་ལྟ་བུ་རེད། ད་དུང་དམིགས་སུ་བཀར་ནས་བཤད་ན། “ངས་ཁོང་ཁྲོ་དང་། ཆགས་སེམས། གཏི་མུག །ཕྲག་དོག་བཅས་ཀྱི་དབང་དུ་ཤོར་ནས་བྱ་སྤྱོད་སྤེལ་འདོད་མི་འདུག་” ཅེས་ཟེར་བ་ལྟ་བུ་དང་། དེ་ལྟ་བུའི་གནད་ཡོངས་སུ་རྫོགས་པའམ་ང་རྒྱལ་སོགས་ཡོང་གི་ཡོད། “ཐ་ན་ངས་རོགས་བྱེད་སྟངས་ཤེས་ཀྱི་མེད་ནའང་། ཤེས་ཀྱི་ཡོད་མདོག་བྱེད་ཀྱི་ཡོད།”
གཅེས་སྐྱོང་གི་བསམ་ཕྱོགས་སམ་བག་ཡོད་འདི་དང་ལྡན་པར། ང་ཚོར་གཞི་རྩའི་བཟང་སྤྱོད་རིན་ཐང་གི་ཚོར་བ་ཞིག་དགོས་པ་དང་། དེ་ག་ནང་བཞིན་ཡོན་ཏན་བཟང་པོ་རྣམས་དང་དེ་དག་དང་ལྡན་པའི་གང་ཟག་རྣམས་ལ་གུས་ཞབས་ཀྱི་ཚོར་བ་ཞིག་དགོས། ཕྱོགས་གཞན་ཞིག་ནས་ང་ཚོས་གཞན་དོན་བསྒྲུབ་པའི་བྱ་གཞག་ཕུལ་དུ་བྱུང་བའི་མི་རྣམས་ལ་མིག་དཔེ་ཡར་བལྟ་བྱེད་ཀྱི་ཡོད། དེ་ཡང་ཨ་མ་ཊེ་རེ་ས་སོགས་པ་སུ་ཡིན་ནའང་འདྲ་སྟེ། གང་ཟག་དེ་འདྲ་ལ་ང་ཚོས་བསྔགས་བརྗོད་ཡི་རང་དང་གུས་ཞབས་ཆེན་པོ་བྱེད་དགོས་ཤིང་། དེ་ནི་ང་ཚོའི་མིག་དཔེ་བལྟ་ས་དེ་རེད། ང་ཚོའི་བྱ་གཞག་ལ་སེམས་སྐུལ་སྦྱིན་པའི་གང་ཟག་ཅིག་ཡོད་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་ལ་ང་ཚོས་མིག་དཔེ་བལྟས་ནས་བྱ་སྤྱོད་སྤེལ་ཆོག །ང་ཚོས་གང་ཟག་དེ་དང་དངོས་སུ་ཐུག་ཡོད་མེད་ཁྱད་པར་མེད། འོན་ཀྱང་ང་ཚོས་གང་ཟག་དེ་ལ་མིག་དཔེ་ཡར་བལྟ་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། ང་ཚོར་རིན་ཐང་གི་ཚོར་བ་ཞིག་ཡོད། ཁོང་ཚོའི་མི་ཚེ་ཇི་ལྟར་བསྐྱལ་ཡོད་པ་དེ་ང་ཚོས་རིན་ཐང་ཅན་ཞིག་ཏུ་བསམ་པ་དང་དེ་ལ་གུས་ཞབས་བྱེད་ཀྱི་ཡོད། དེའི་སྟེང་ལ་ང་ཚོ་དེ་འདྲ་ཞིག་ཆགས་པར་གཞི་རྩའི་བྱ་བའི་རྒྱུ་ཆ་ཚང་མ་ང་ཚོར་ཡོད་པ་རྟོགས་ཀྱི་ཡོད། དེ་ལ་ནང་ཆོས་ནང་སངས་རྒྱས་ཀྱི་རིགས་ཞེས་བརྗོད་ཀྱི་ཡོད། དེ་ཡང་། “ང་ལ་ལུས་པོ་ཞིག་ཡོད། གཞན་དང་འབྲེལ་བ་བྱེད་ཐུབ་པའི་འཇོན་ཐང་དང་ནུས་པ་དེ་ང་ལ་ཡོད། ང་ལ་སེམས་ཡོད་ལ་ཚོར་བ་ཡོད། ང་ལ་རྣམ་དཔྱོད་ཡོད་དེ། ངས་གནད་དོན་རྣམས་རྟོགས་ཐུབ་པ་དང་དཀའ་ངལ་རྣམས་སེལ་ཐུབ། ང་ལ་ནུས་པ་ཡོད། ངས་སྦྱོང་ཐུབ་” པ་བཅས་ཀྱི་རྣམ་དཔྱོད་དང་ལྡན་པ་ཡིན། ཡོན་ཏན་དེ་དག་ཐམས་ཅད་ང་རང་ཚོ་སོ་སོའི་རྒྱུད་ལ་ཡོད། དེ་དག་ནི་ང་ཚོའི་བྱ་བའི་རྒྱུ་ཆ་རྣམས་རེད། བྱས་ཙང་། ང་ཚོའང་སེམས་སྐུལ་ཐེབས་འོས་པའི་རྣམ་པ་དེ་དག་དང་འདྲ་པོ་ཆགས་ཐུབ་པ་ཤེས་ཀྱི་ཡོད། དེར་བརྟེན་ང་ཚོས་སོ་སོ་རང་ཉིད་ལ་གུས་ཞབས་དང་རང་གིས་རང་ལ་ཆེ་མཐོང་དེ་ཡོད་པ་དང་། དེ་ལ་བརྟེན་ནས་ང་ཚོས་བྱ་སྤྱོད་ཇི་ལྟར་སྤེལ་བ་དང་བཟང་སྤྱོད་ཀྱི་ཚུལ་ཁྲིམས་ལག་བསྟར་བྱེད་པར་དངོས་གནས་གཅེས་སྐྱོང་དང་གཟབ་ནན་བྱེད་ནུས་པ་བཟོ་གི་ཡོད། དེ་ཡང་ “ངས་རྟག་ཏུ་གང་ལེགས་ལེགས་དང་བཟང་བཟང་བྱེད་ཐུབ་ངེས་རེད། ངས་རོགས་བྱེད་ཐུབ་ངེས་རེད་” ཅེས་པའི་ཚོར་བ་དེ་རེད། ང་ཚོས་དེ་ནི་བཟང་ཕྱོགས་དགེ་བའི་རིན་ཐང་ཞིག་ཡིན་པར་ཆ་འཇོག་བྱེད་ཀྱི་ཡོད།
དེར་བརྟེན་དེ་དག་ནི་ནང་པའི་ཆོས་ལ་གཞི་བྱས་པའི་སྤྱི་ཚོགས་ཞབས་ཞུའི་ལམ་གྱི་བཟང་སྤྱོད་ཀྱི་འགན་འཁྲི་ལ་ཡོད་པའི་ངའི་བསམ་ཚུལ་འགའ་ཞིག་ཡིན། གལ་ཏེ་འདི་ནི་ཁྱེད་རང་གི་བསླབ་པ་སློབ་གཉེར་གྱི་ནང་འབད་བརྩོན་བྱེད་རྩིས་ཡོད་པའི་ཁྱབ་ཁོངས་ཀྱི་རིགས་ཤིག་ཡིན་ན། དེ་ནི་སོ་སོའི་མི་ཚེ་ལ་མཐུན་རྐྱེན་ཆེན་པོ་ཞིག་སྦྱོར་བའི་དགེ་བའི་ལས་ཤིག་བྱེད་པའི་གོ་སྐབས་ཧ་ཅང་ཡག་པོ་ཞིག་རེད། ལས་འདི་འདྲའི་རིགས་བྱེད་པ་དེས་མི་ཚེ་ཧ་ཅང་དོན་དང་ལྡན་པ་དང་རིན་ཐང་ཅན་བཟོ་གི་ཡོད། གང་ཡིན་ཞེ་ན། ང་ཚོས་དོན་ངོ་མར་གཞན་དག་ལ་ཕན་འདོགས་ཀྱིན་ཡོད། སྔོན་ང་རང་སྡོད་ས་འཇར་མི་ནིའི་རྒྱལ་ས་བྷར་ལཱིན་ལ་ངའི་སློབ་མ་འགའ་ཞིག་ཡོད་པ་དང་། ཁོང་ཚོས་ལས་ཀ་འདི་འདྲའི་རིགས་ལ་འཇུག་གི་ཡོད།
ངའི་སློབ་མ་ཞིག་དབང་པོ་སྐྱོན་ཅན་གྱི་ཕྲུ་གུའི་རིགས་སེམས་ཁམས་ཀྱི་སྒོ་ནས་ཚབས་ཆེན་ནུས་པ་མེད་པའི་མི་རྣམས་ལ་མཐུན་རྐྱེན་སྦྱོར་སའི་གནས་ཁང་ནང་། ཕྲུ་གུ་དེ་དག་ལ་གཅེས་སྐྱོང་དང་ཁོ་ཚོའི་མི་ཚེའི་འདུན་ལམ་ལ་རོགས་རམ་བྱེད་ས་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད། ངའི་སློབ་མ་གཞན་ཞིག་ནི་སྨན་ཞབས་པ་ཡིན་པ་དང་ཁོང་གིས་རྒས་གོག་ནུས་མེད་དབང་པོ་སྐྱོན་ཅན་གཅེས་སྐྱོང་བྱེད་ཀྱི་ཡོད། དེ་དག་ནི་འཚོ་ཐབས་ལས་ཀ་ཧ་ཅང་ཡག་པོ་རེད། དེ་དག་ལ་བཟོད་སྒོམ་དང་ཚུལ་ཁྲིམས་ཧ་ཅང་ཆེན་པོ་དགོས་ངེས་ཡིན་ནའང་། ཧ་ཅང་དགེ་མཚན་ལྡན་པ་རེད། དེར་མ་ཟད། བཟང་སྤྱོད་ཀྱི་ཚོར་བ་ཤུགས་ཆེན་ཞིག་ཡོད། བྱས་ཙང་། གལ་ཏེ་ཁྱེད་ཀྱི་མི་ཚེའི་ནང་འགྲོ་སའི་ཁ་ཕྱོགས་དེ་འདི་འདྲ་ཞིག་ཡིན་ན། ངས་ཁྱེད་ལ་ཧ་ཅང་ཡི་རང་བྱེད་ཀྱི་ཡོད།
དྲི་བ་ཁག
ཉོན་མོངས་པའི་སེམས་ཀྱི་གནས་བབས་དེ་དོགས་ཟོན་གྱི་རང་བཞིན་ཡིན་པ་ལྟ་བུར་གདོང་ལེན་བྱེད་པར་ཕན་ཐུབ་པའི་ནང་པའི་ཐབས་ལམ་དེ་འདྲ་ཡོད་དམ།
གཞན་གྱི་དྭོགས་ཟོན་དེ་ནི་འཁྲུལ་སྣང་ཅན་གྱི་སྨྱོ་ནད་དང་འདྲ་པོ་རེད། དེ་ཡང་ “མི་རྣམས་ངའི་རྒྱབ་འགལ་རེད་འདུག །ངས་ཁོང་ཚོའི་ཀུན་སློང་གང་ཡིན་ན་བསམ་གྱི་འདུག་” ཅེས་པ་ལྟ་བུ་རེད། འདིར་རྣམ་པ་གཉིས་ཡོད་དེ། གཅིག་ནི་མི་ཞིག་སོ་སོའི་རྒྱབ་འགལ་ཁ་གཏད་དུ་ལང་གི་ཡོད་པ་དང་མི་ཞིག་གིས་རང་ཉིད་ལ་གནོད་རྩིས་ཡོད་པའི་ཐད་ལ་རྟག་ཏུ་སེམས་འཁྲལ་བྱེད་དུ་འཇུག་མཁན་གྱི་ཉེན་སྲུང་མེད་པའི་རང་བཞིན་དེ་རེད། དེ་ནི་ཉེན་སྲུང་མེད་པའི་རང་བཞིན་ལ་གཞི་རྩ་བྱས་ཡོད། རྣམ་པ་གཞན་དེ་ནི་ཚད་བརྒལ་གྱི་ཚོར་བ་སྐྱེན་པོའམ་ཚད་བརྒལ་གྱི་ཡ་ལན་དེ་རེད།
ད་ཉེན་སྲུང་མེད་པའི་རང་བཞིན་ལས་ཐར་བར། ང་ཚོས་རིམ་པ་མང་པོ་ཞིག་ལ་གདོང་ལེན་བྱེད་ཆོག །གཅིག་ནི་སྤྱིར་བཏང་ང་ཚོའི་མི་ཚེའི་ནང་ག་རེ་བྱུང་ནའང་དེ་ལ་གདོང་ལེན་བྱེད་ཐུབ་པའི་གདེང་ཚོད་ཡོད་པ་དེ་ཡིན་ངེས་རེད། ངས་སངས་རྒྱས་ཤཱཀྱ་ཐུབ་པའི་དཔེ་མཚོན་དེ་ཧ་ཅང་ཕན་ཐོགས་ཅན་ཞིག་ཏུ་མཐོང་གི་འདུག །དེ་ཡང་། “མི་ཚང་མས་སངས་རྒྱས་ལ་དགའ་གི་མེད། བྱས་ཙང་། ངས་སོ་སོ་རང་ཉིད་ལ་རེ་བ་གང་བྱེད་དམ། ངས་མི་ཚང་མས་ང་ལ་དགའ་པོ་བྱེད་ཀྱི་རེད་ཅེས་རེ་བ་བྱེད་དམ།” དེ་ནི་མཐའ་གཅིག་ཏུ་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་ཞིག་རེད། གཞན་ཐམས་ཅད་མགུ་བར་བྱ་རྒྱུ་ནི་མི་སྲིད་པ་ཞིག་རེད། སངས་རྒྱས་ཀྱིས་ཀྱང་དེ་ལྟར་གནང་ཐུབ་མེད་པས། ངས་ཚང་མ་མགུ་བར་བྱེད་ཐུབ་པ་དང་ཚང་མས་རང་ཉིད་ལ་དགའ་པོ་བྱེད་ཀྱི་རེད་ཅེས་རེ་བ་བྱ་རྒྱུ་མེད། ངས་གང་ཐུབ་བྱ་རྒྱུ་དང་རང་གི་སེམས་ནང་ཀུན་སློང་བཟང་པོ་ཞིག་ཡོད། དེ་ལ་ཁོང་ཚོ་དགའ་དང་མི་དགའ་ནི་ཁོ་རང་ཚོའི་དཀའ་ངལ་རེད། ངས་དེ་ནི་ཧ་ཅང་ཕན་ཐོགས་ཅན་ཞིག་ཏུ་མཐོང་གི་འདུག །ད་དུང་ང་ཚོས་ཇི་ཙམ་གྱིས་སྦྱོང་བརྡར་བྱེད་པ་དེའི་ཚོད་ཀྱིས་ཁྱེད་རང་རྒས་པའི་སྐབས་ཉམས་མྱོང་མང་བ་གསོག་གི་ཡོད་པ་དང་། སྤྱིར་བཏང་གི་ཆ་ནས་ཁྱེད་རང་ཏོག་ཙམ་ཉེན་སྲུང་ཆེ་བ་ཚོར་གྱི་རེད། ཁྱེད་རང་བཅུ་ཐོག་ན་གཞོན་ཡིན་པའི་སྐབས། ངོས་ལེན་ཐོབ་འདོད་དང་མི་རྣམས་ཀྱིས་རང་ཉིད་ལ་དགའ་བ་སོགས་དང་བསྟུན་ནས་སྔར་ལས་ཤུགས་ཆེ་བ་ཉེན་སྲུང་མེད་པ་ཆགས་རྒྱུ་དེ་གང་ལ་གང་འཚམ་གྱི་རང་བཞིན་རེད།
ང་ཚོས་སོ་སོ་རང་ཉིད་ལ་ཡོད་པའི་ཡོན་ཏན་རྣམས་སླར་ཡང་ངེས་བརྟན་བཟོ་དགོས། དེ་ནི་སོ་སོར་ཡོད་པའི་སྐྱོན་གྱི་ཆ་རྣམས་ལ་ངོས་ལེན་མི་བྱེད་པའམ་སྣང་མེད་གཏོང་བའི་དོན་མིན་པར། གལ་ཏེ་ང་ཚོས་སྐྱོན་གྱི་ཆ་དེ་དག་ལ་ཚད་བརྒལ་གྱི་ནན་བརྗོད་བྱས་ན། དེ་ནས་ང་ཚོ་ཧ་ཅང་ཉེན་སྲུང་མེད་པ་ཆགས་ཀྱི་རེད། འོན་ཀྱང་མི་སུ་གཅིག་ལའང་སྐྱོན་གྱི་ཆ་ཁོ་ན་མེད་པར། ང་ཚོ་ཚང་མར་ཁྱད་ཆོས་བཟང་པོ་འགའ་ཞིག་ཀྱང་ཡོད་པས། དེ་དག་ལ་ང་ཚོས་རྟག་ཏུ་དྲན་གསོ་གཏོང་དགོས་རྒྱུ་གལ་ཆེན་པོ་རེད། དེ་དག་ཡོད་པར་ང་རྒྱལ་དང་ཁེངས་དྲེགས་བྱེད་དགོས་པའི་དོན་མིན་པར། རང་གིས་རང་ལ་གདེང་ཚོད་ཡོད་པའི་དོན་ཡིན།
ཚད་བརྒལ་གྱི་ཚོར་བ་སྐྱེན་པོའམ་ཚད་བརྒལ་གྱི་ཡ་ལན་དེ་བཞིན་གནད་དོན་འདི་དང་དེ་ལ་ཧ་ཅང་བློ་ཕམ་བྱེད་པ་སོགས་ཀྱི་ཐད་སླར་ཡང་ “འདིས་སུ་གཅིག་ལ་མི་ཕན་” ཞེས་པ་དང་བསྟུན་ནས་ང་ཚོས་བསམ་བློ་གཏོང་དགོས། དེས་ང་ཚོས་མི་ཚེ་ལ་གདོང་ལེན་བྱེད་ཐུབ་པ་དེ་ནུས་མེད་བཟོ་གི་ཡོད་པ་དང་ང་ཚོའི་ཉེ་འཁོར་དུ་ཡོད་པ་ཚང་མར་ཧ་ཅང་མི་བདེ་བ་བཟོ་གི་ཡོད། ང་ཚོས་གཞན་གྱི་དོན་དུ་ག་ཚོད་མང་བ་བསམ་པ་དེའི་ཚོད་ཀྱིས་ང་ཚོ་གནས་སྟངས་གང་འདྲ་ཞིག་གི་ནང་ཡོད་ནའང་། གནད་དོན་རྣམས་ལ་སེམས་ཚོར་གྱི་སྒོ་ནས་ཡ་ལན་སྤྲོད་སྟངས་དང་བསྟུན་ནས་བསམ་ཤེས་ཆེ་བ་དང་ཞི་འཇམ་ཆེ་བ་ཆགས་ཀྱི་རེད། འདི་ལ་ནམ་རྒྱུན་ཡང་སེ་དཔེ་མཚོན་ཞིག་བེད་སྤྱོད་བྱས་ཡོད་པ་ནི་ཨ་མ་རེད། ཨ་མས་གནད་དོན་ཞིག་གི་ཐད་ལ་ཧ་ཅང་བློ་ཕམ་བྱེད་སྲིད་ཀྱང་། གལ་ཏེ་རང་གི་ཕྲུ་གི་ཚོར་གཅེས་སྐྱོང་བྱེད་དགོས་ཀྱི་ཡོད་ན། ཁྱེད་ཀྱིས་ཁོང་ཚོའི་ཆེད་དུ་དགོང་ཟས་བཟོ་དགོས། ཁྱེད་རང་ཧ་ཅང་བློ་ཕམ་ནང་ཡོད་པ་དེ་ལས་ཐར་ནས་ཕྲུ་གུ་ཚོར་ཕན་པའི་ཆེད་རང་གི་ངོས་ནས་གང་བྱེད་དགོས་པ་དེ་དངོས་སུ་ལག་བསྟར་བྱེད་པ་ལྟ་བུ་རེད།།