བཟང་སྤྱོད་ཀྱི་ཁྱབ་ཁོངས་གཙོ་བོ་གསུམ། མི་དགེ་བའི་སྤྱོད་ལམ་སྤོང་བ་དང་། ཚུལ་ཁྲིམས། གཞན་ལ་ཕན་འདོགས་པ།
ནང་ཆོས་ནང་ང་ཚོས་བཟང་སྤྱོད་ཀྱི་རྣམ་གཞག་གམ་ཚུལ་མཐུན་གྱི་སྤྱོད་ལམ་སྐོར་ཤོད་སྐབས། ང་ཚོས་ཆ་ཤས་མི་འདྲ་བ་གསུམ་གྱི་སྐོར་ཤོད་ཀྱི་ཡོད། དང་པོ་ནི། སྡིག་པ་མི་དགེ་བའི་ལས་སྤོང་རྒྱུ་དེ་རེད། དེའི་དོན་ནི་ང་ཚོས་གནོད་འཚེ་བྱེད་འདུན་ཡོད་མེད་ལ་མ་བལྟོས་པར། ཁོང་ཁྲོ་དང་། འདོད་རྔམ། རང་འདོད་དོན་དུ་གཉེར་བའི་བསམ་བློའི་དབང་འོག་ཏུ་ཤོར་ནས་བྱ་བ་མི་བྱེད་པའི་དོན། སྐབས་རེར་ང་ཚོས་རང་དོན་ཁོ་ནར་བསམས་ནས་བྱ་སྤྱོད་སྤེལ་གྱི་ཡོད་པ་དང་། རང་དོན་ཁོ་ནར་དམིགས་ནས་བྱ་སྤྱོད་སྤེལ་བཞིན་པ་དེ་ཐ་ན་སོ་སོས་ཀྱང་ཤེས་ཀྱི་མེད། ང་ཚོས་གཞན་སུ་ལའང་གནོད་འཚེ་བྱེད་འདུན་མེད་ནའང་། དོན་ངོ་མར་དེས་གནོད་འཚེ་དང་དཀའ་ངལ་མང་དག་ཅིག་བཟོ་གི་ཡོད།
ང་ཚོ་རང་འདོད་དོན་གཉེར་ཅན་ཡིན་པའི་རྒྱུ་མཚན་གྱིས་གལ་ཏེ་སོ་སོའི་འདོད་ཕྱོགས་དེ་ཁོ་ན་འཐོབ་འདོད་དང་སོ་སོར་གང་འདོད་པ་དེ་འཐོབ་དགོས་ཀྱི་ཡོད་ན། དེ་ནི་སོ་སོ་རང་ཉིད་ཁོ་ནར་བསམ་བློ་གཏོང་གི་ཡོད་པས། གཞན་རྣམས་སྣང་མེད་དུ་བསྐྱུར་ནས་གནོད་རྒྱུའི་འདུན་སེམས་དེ་མེད་ནའང་། ད་དུང་གཞན་ལ་གནོད་འཚེ་ཆེན་པོ་བྱེད་ཀྱི་ཡོད། གལ་ཏེ་ང་ཚོ་ཁོང་ཁྲོ་ལངས་ན། སོ་སོའི་རང་ཚུགས་ཤོར་གྱི་ཡོད། རེད་དམ་མ་རེད། དེ་ལྟར་ང་ཚོས་སྐད་ཆ་སྡུག་རིགས་ངན་ཚད་བཤད་ནས་ཕྱིས་སུ་འགྱོད་པ་སྐྱེ་བ་དང་། དེ་དག་གིས་དཀའ་ངལ་ཧ་ཅང་མང་པོའི་རྒྱུ་བྱས་ཡོད། བྱས་ཙང་། ཚུལ་ཁྲིམས་ཀྱི་ཁྱབ་ཁོངས་དང་པོ་ནི་མི་དགེ་བའི་སྤྱོད་ལམ་སྤོང་རྒྱུ་དེ་རེད།
འོན་ཀྱང་བཟང་སྤྱོད་ཀྱི་སྐོར་ཤོད་དུས་ང་ཚོས་སྒྲིག་དང་ལྡན་པའི་སྐོར་ཤོད་ཀྱིན་ཡོད། སྒྲིག་དང་ལྡན་པ་ཞེས་པའི་དོན་ནི། སོ་སོའི་མི་ཚེ་ལ་སྟངས་འཛིན་བྱེད་པ་དང་། རང་ཉིད་ལེ་ལོ་ལ་སོགས་པའི་ཉོན་མོངས་པའི་གཞན་དབང་དུ་འགྲོ་མི་འཇུག་པ་དེ་ཡིན། གང་ཡིན་ཞེ་ན། དེས་སོ་སོའི་མི་ཚེའི་ནང་གང་ཡང་གྲུབ་འབྲས་ཐོན་པ་ཞིག་ཡོང་བར་འགོག་རྐྱེན་བྱེད་ཀྱི་ཡོད། ཚུལ་མཐུན་སྤྱོད་ལམ་གྱི་རིགས་གཉིས་པ་ནི་དགེ་བའི་ལས་ལ་དངོས་སུ་འཇུག་པ་དེ་རེད། དཔེར་ན། སློབ་སྦྱོང་ལ་ཧུར་བརྩོན་བྱས་ནས་ཤེས་བྱའི་རིག་པའི་གནས་མང་པོ་ཐོབ་པ་ལྟ་བུ་རེད། དེ་འདྲ་ཞིག་ཡོང་བར་ཁྲིམས་རང་བསྲུང་གིས་སློབ་སྦྱོང་བྱེད་དགོས་པ་སོགས་སྒྲིག་ཁྲིམས་ཧ་ཅང་མང་པོ་དགོས་ཀྱི་ཡོད། མ་རེད་དམ། ཡིན་ནའང་གལ་ཏེ་ང་ཚོའི་མི་ཚེའི་ནང་བཟང་ཕྱོགས་ཀྱི་འགྲུབ་འབྲས་གང་འདྲ་ཞིག་འཐོབ་འདོད་ཡོད་ནའང་། ང་ཚོར་ཤེས་ཚད་འདང་ངེས་ཤིག་དགོས། དེའི་ཆེད་དུ་སྦྱོང་བརྡར་བྱེད་དགོས། དེ་སྦྱོང་བརྡར་བྱེད་པར་སྒྲིག་ཁྲིམས་དགོས། དེ་ནི་བཟང་སྤྱོད་ཀྱི་ཁྱབ་ཁོངས་དེ་རེད།
དེ་ནི་བཟང་སྤྱོད་དང་ལྡན་པ་ཅིའི་ཕྱིར་རེད་དམ། གང་ཡིན་ཞེ་ན། ང་ཚོས་དེ་ལ་སྦྱོང་བརྡར་བྱེད་ཆོག །དཔེར་ན། རྐུ་མ་ཡག་པོ་ཞིག་དང་ནག་ཉེས་ཅན་ཡག་པོ་ཞིག་གམ་ཡང་ན་སྤྱི་ཚོགས་ནང་བཟང་ཕྱོགས་ཀྱི་མཐུན་རྐྱེན་སྦྱོར་མཁན་ཞིག་ལ་སྦྱོང་བརྡར་བྱེད་ཆོག །བྱས་ཙང་། གལ་ཏེ་ང་ཚོས་གཅིག་ལ་སྦྱོང་བརྡར་བྱེད་རྩིས་ཡོད་ན། ཕན་ཐོགས་ཡག་ཤོས་དེ་གང་ཡིན་པའི་ཐད་ལ་ང་ཚོས་དངོས་གནས་ཐག་གཅོད་བྱེད་དགོས། དེ་ཡང་སོ་སོ་རང་ཉིད་གང་ལ་ཡག་པོ་ཡོད་པ་དང་རང་ཉིད་ཀྱི་རྩལ་རྣམས་ལ་གཞི་བྱས་ནས་ཐག་གཅོད་བྱེད་དགོས། དེའི་ཆ་ཤས་སུ་སོ་སོ་གང་ལ་དགའ་བ་དང་གང་ལ་སྐྱིད་པ་དེ་ཡང་རེད། ངས་གང་ལ་སྐྱིད་པོ་གཏོང་བའི་སྐོར་ལ་བསམ་བློ་གཏོང་བའི་སྐབས། ང་རང་གློག་བརྙན་ལྟ་རྒྱུ་དང་གྲོགས་པོ་མཉམ་དུ་རྩེད་མོ་རྩེ་རྒྱུ་དེ་སྐྱིད་པོ་ཡོད་སྲིད། འོན་ཀྱང་དེ་ནི་མི་ཚེ་གང་པོར་ང་ཚོས་བྱེད་མི་ཐུབ། ཐུབ་བམ། བྱས་ཙང་། ང་ཚོས་སོ་སོ་གང་ལ་སྐྱིད་པོ་ཚོར་གྱི་ཡོད་པའི་སྐོར་བསམ་བློ་གཏོང་སྐབས། དེ་ནི་ངས་ད་ལྟ་སྐྱིད་པོ་གང་ཚོར་བ་ཙམ་དེ་མིན་པར། སོ་སོའི་མི་ཚེ་དང་བསྟུན་ནས་ཕུགས་རྒྱང་རིང་པོའི་ནང་རང་ཉིད་ལ་བདེ་སྐྱིད་དེ་གང་གིས་སྤྲོད་ཀྱི་ཡོད་པ་ལའང་བསམ་བློ་གཏོང་གི་ཡོད།
བཟང་སྤྱོད་ཀྱི་རིགས་གསུམ་པ་ནི། གཞན་ལ་དངོས་སུ་ཕན་པའི་ལས་བྱེད་པ་དེ་རེད། རང་ཉིད་ལ་འཇོན་ནུས་ཡག་པོ་ཡོང་ཕྱིར་སྦྱོང་བརྡར་བྱེད་པ་ཙམ་མིན་པར། ང་ཚོ་སྤྱི་ཚོགས་ནང་མི་གཞན་དང་མཉམ་དུ་གནས་ཀྱི་ཡོད་པས། སོ་སོའི་ཁྱད་ཆོས་བཟང་པོ་དང་རིག་རྩལ་རྣམས་གཞན་དང་མཉམ་སྤྱོད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོར་ནུས་པ་གང་ཡོད་པ་དེ་དག་གཞན་ལ་ཕན་ཕྱིར་བེད་སྤྱོད་བྱེད་ཆོག །གང་ལྟར་ཡང་། སྤྱི་ཚོགས་ཤིག་གི་ནང་གནས་པའི་ཚེ་ང་ཚོའི་བདེ་སྐྱིད་ནི་སྤྱི་ཚོགས་མི་སྡེ་ཡོངས་ཀྱི་བདེ་སྐྱིད་ལ་ཧ་ཅང་རག་ལུས་ཡོད། བྱས་ཙང་། ང་ཚོས་བཟང་སྤྱོད་ཀྱི་སྐོར་གོ་བསྡུར་བྱེད་པའི་སྐབས། སེམས་གུ་དོག་པོ་དང་བསམ་བློ་རྒྱ་ཆུང་ཆུང་མིན་པར་བློ་རྒྱ་ཆེ་ལ་གུ་ཡངས་པོ་དགོས་རྒྱུ་ཧ་ཅང་གལ་ཆེ། དེའི་དོན་ནི་ང་དང་ངའི་ནང་མི་ཙམ་གྱི་དོན་དུ་མི་བསམ་པར། དེ་ལས་རྒྱ་ཆེ་བའི་སྤྱི་ཚོགས་ལ་བསམ་བློ་གཏོང་དགོས། དེ་བཞིན་ད་ལྟ་ཙམ་གྱི་དོན་དུ་མི་བསམ་པར། མ་འོངས་པ་དང་སོ་སོས་གང་བྱེད་ཀྱི་ཡོད་པའི་རྗེས་འབྲས་རྣམས་ལའང་བསམ་བློ་གཏོང་དགོས།
ཚུལ་མཐུན་སྤྱོད་ལམ་གྱི་གཞི་རྟེན། གཅེས་སྐྱོང་གི་བསམ་ཕྱོགས་ ༼བག་ཡོད།༽
ང་ཚོས་ཚུལ་མཐུན་སྤྱོད་ལམ་གྱི་གཞི་རྟེན་དེ་གང་རེད་ཅེས་དྲིས་ན། གཞི་རྟེན་གཙོ་བོ་ནན་བརྗོད་བྱེད་པ་ནི་གཅེས་སྐྱོང་གི་བསམ་ཕྱོགས་སམ་བག་ཡོད་ཅེས་སུ་གྲགས་པ་དེ་རེད། གཅེས་སྐྱོང་གི་བསམ་ཕྱོགས་ཟེར་བ་འདི་ནི། ངས་གང་བྱེད་བཞིན་པའི་ཐད་རང་གིས་རང་ལ་གཅེས་སྐྱོང་བྱེད་ཀྱི་ཡོད། ངས་སེམས་ནང་སྐུལ་ཤུགས་དང་ངར་ཤུགས་གང་བྱུང་ནའང་དྲན་ཤེས་དང་མི་ལྡན་པའི་སྒོ་ནས་བྱ་བ་བྱེད་ཀྱི་མིན། འོན་ཀྱང་ངས་གང་བྱེད་པའི་འབྲས་བུ་དང་། ངའི་མི་ཚེ་ཇི་ལྟར་སྐྱེལ་དགོས་པ། ང་ལ་དེའི་ཕན་གནོད་གང་ཡོང་བ། གཞན་ལ་དེའི་ཕན་གནོད་གང་ཡོང་བ་བཅས་ཀྱི་ཐད་ལ་གཅེས་སྐྱོང་དང་གཟབ་ནན་བྱེད་ཀྱི་ཡོད།
གལ་ཏེ་ད་ལྟ་ངས་མི་ཚེ་འདི་མི་དགེ་བའི་ལས་བྱས་ནས་བསྐྱལ་བའམ། ཡང་ན་རང་ཉིད་ཧ་ཅང་ལེ་ལོ་ཅན་ཡིན་པ་དང་སོ་སོའི་མི་ཚེའི་ཆེད་དུ་གང་ཡང་བྱེད་ཀྱི་མེད་ན། ངའི་མ་འོངས་པ་དེ་ཇི་ལྟར་ཆགས་ཀྱི་རེད་དམ། དམིགས་བསལ་ང་ཚོ་འདིར་ཡོད་པའི་ཁྱེད་རང་ཚོ་མང་པོ་ནང་བཞིན་ན་གཞོན་ཞིག་ཡིན་པ་དང་། གལ་ཏེ་ངས་ད་ལྟ་ནས་སྦྱོང་བརྡར་མ་བྱས་ན། ངས་འཚོ་བ་ཇི་ལྟར་སྐྱེལ་བ་དང་ངས་མི་ཚེ་ལ་གདོང་ལེན་ཇི་ལྟར་བྱེད་དམ། གལ་ཏེ་ང་ཚོ་ལ་ “ཁྱད་པར་མི་འདུག །ག་རེ་ཡིན་ནའང་ཡིན་” ཞེས་པའི་བསམ་ཕྱོགས་ཤིག་ཡོད་པའམ། ཡང་ན་ “རེ་བ་མི་འདུག །སློབ་སྦྱོང་ཡག་པོ་ཞིག་འཐོབ་པའམ་ཡང་ན་ཚོང་ལས་སྦྱོང་བ། ཡང་མིན་ན་འཚོ་ཐབས་ལས་རིགས་ཤིག་སྦྱངས་ནས་ག་རེ་བྱེད་དགོས་སམ་” ཞེས་ཚོར་གྱི་ཡོད། དེ་ནས་མི་ཚེའི་དུས་ཕྱིས་ཙམ་ལ་ང་ཚོས་གོ་སྐབས་ཡོད་པ་དེ་ཆུད་ཟོས་སུ་བཏང་བ་སོང་ཙང་། ང་ཚོ་འགྱོད་པ་སྐྱེ་གི་ཡོད།
བྱས་ཙང་། ད་ལྟ་རང་གི་མི་ཚེ་སྐྱེལ་ཚུལ་དེའི་མ་འོངས་པའི་རྗེས་འབྲས་ཀྱི་ཐད་ལ་དོ་གལ་ཆེན་པོ་བྱེད་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་སོ་སོའི་མ་འོངས་པའི་མི་ཚེ་དེ་གང་འདྲ་ཞིག་ཆགས་ན་བསམ་པའི་ཚོར་བ་དེ་སྐྱེད་དགོས་ཤིང་། ཚོར་བ་དེ་སྐྱེད་རྒྱུ་ནི་སོ་སོ་རང་ཉིད་ལ་གལ་ཆེན་པོ་ཡིན། རང་གིས་རང་ལ་གཅེས་སྐྱོང་དང་སེམས་ཁུར་མ་བྱས་ན། སུས་བྱེད་དམ།
སེམས་ལ་ཡོད་པའི་རྟའི་སྲབ་མདའ་དེ་སོ་སོ་རང་ཉིད་ཀྱི་ལག་ཏུ་ལེན་པ།
ང་ཚོས་ནང་ཆོས་ནང་བཀོལ་སྤྱོད་བྱེད་པའི་ཐ་སྙད་ཅིག་ཡོད་པ་ནི། སོ་སོའི་མི་ཚེ་དེ་སོ་སོ་རང་གི་ལག་ཏུ་ལེན་རྒྱུ་དེ་རེད། ཕྱོགས་གཞན་ཞིག་ནས་སོ་སོ་རང་ཉིད་ཀྱི་མི་ཚེ་དེ་སོ་སོས་སྟངས་འཛིན་བྱེད་དགོས། དེ་ཡང་རྟ་ཞིག་ལ་དཔེ་བཞག་ནས་འགྲེལ་བརྗོད་བྱས་ཡོད། རྟ་ལ་སྲབ་མདའ་ཡོད་པ་སྟེ། རྟ་འཁྲིད་བྱེད་ཀྱི་ཐག་པ་རྟ་བཞོན་མཁན་ཚོས་བཀོལ་སྤྱོད་བྱེད་ཀྱི་ཡོད། ང་ཚོས་སེམས་ལ་ཡོད་པའི་རྟའི་སྲབ་མདའ་དེ་སོ་སོ་རང་ཉིད་ཀྱི་ལག་ཏུ་ལེན་དགོས་པ་ལས། རྟ་དེ་རྒོད་པོར་རྒྱུག་པའམ་གཞན་ཞིག་གིས་སྟངས་འཛིན་བྱེད་དུ་འཇུག་རྒྱུ་མེད་ཅེས་བརྗོད་སྲོལ་ཡོད། སོ་སོའི་མི་ཚེའི་ནང་ག་རེ་བྱེད་རྩིས་ཡོད་པ་དང་སོ་སོ་མི་གང་འདྲ་ཞིག་ཆགས་རྒྱུ་ཡིན་པའི་ཐད་ལ་སྟངས་འཛིན་བྱེད་ཐབས་དགོས་གལ་ཤིན་ཏུ་ཆེ། རང་ཉིད་མི་ཚེའི་ནང་གང་ཡང་མི་བྱེད་མཁན་གྱི་མི་ལེ་ལོ་ཅན་ཞིག་ཆགས་ཀྱི་རེད་དམ། ཡང་ན་མི་ཚེ་དོན་དང་ལྡན་ཞིང་དོན་གོ་ཆོད་པ་ཞིག་སྐྱེལ་མཁན་གྱི་མི་ཞིག་ཆགས་རྒྱུ་ཡིན་ནམ། མི་ཚེ་དོན་དང་ལྡན་ཞིང་དོན་གོ་ཆོད་པ་ཞིག་སྐྱེལ་རྒྱུ་དེ་སོ་སོས་གཞན་ཐམས་ཅད་དང་མཉམ་དུ་འབྲེལ་བ་བྱེད་ཕྱོགས་ལ་ཧ་ཅང་རག་ལུས་ཡོད། ངས་མི་བཟང་པོ་དང་ཕན་ཐོགས་ཅན་ནང་བཞིན་བྱ་སྤྱོད་སྤེལ་གྱིན་འདུག་གམ་ཡང་ན་ངས་བྱ་སྤྱོད་སྤེལ་སྟངས་དེ་རྦད་དེ་རང་འདོད་དོན་གཉེར་དང་རྟག་ཏུ་གཞན་ཚང་མ་ལ་ཁོང་ཁྲོ་བྱེད་མཁན་ཞིག་དང་འདྲ་བ་འདུག་གམ།
ག་དུས་ཡིན་ནའང་སྤྲོ་ཐུང་ཅན་དང་ཁོང་ཁྲོ་ཟ་མཁན་གྱི་མི་ཞིག་ལ་སུས་ཀྱང་དགའ་པོ་བྱེད་ཀྱི་མེད་པ་དང་། དེ་དག་ནི་ནམ་རྒྱུན་མི་དེ་འདྲ་ལ་གང་འཚམ་གྱི་ཞེད་སྣང་བྱེད་ཀྱི་ཡོད། མི་དེ་འདྲ་མཉམ་དུ་འགྲོ་འདུག་བྱེད་འདོད་མེད། གང་ཡིན་ཞེ་ན། ཁོང་ཚོས་རང་ཉིད་ལ་ཁོང་ཁྲོ་བྱེད་སྲིད། དཔེར་ན། “ང་རང་མི་འདི་དང་མཉམ་དུ་འགྲོ་འདུག་བྱེད་འདོད་མི་འདུག་” ཅེས་ཟེར་བ་ལྟ་བུའམ། ཡང་ན་རྟག་ཏུ་རྙོག་དྲ་ཤོད་མཁན་དང་སྐྱོན་བརྗོད་བྱེད་མཁན་སོགས་དང་མཉམ་དུ་འགྲོ་འདུག་བྱེད་འདོད་མེད། དེ་འདྲའི་མཉམ་དུ་སྐྱིད་པོ་ཞིག་མེད། ཡོད་དམ། འོན་ཀྱང་གལ་ཏེ་ང་ཚོ་ནི་གཞན་གྱི་དོན་དུ་བསམ་མཁན་གྱི་མི་ཞིག་ཡིན་ན། དེ་ནི་གཞན་གྱི་ཕྱོགས་སུ་སེམས་ཚོར་སྐྱེན་པོ་དང་དོན་ངོ་མར་གཞན་ལ་དོ་དབྱིངས་ཡོད་པ་ཡིན། མི་དེས་གཞན་གྱི་སྐྱོན་དང་ནོར་འཁྲུལ་ལ་སྐྱོན་འཛུགས་བྱ་རྒྱུའི་ཚབ་ལ་དེ་དག་ཡར་རྒྱས་གོང་འཕེལ་ཡོང་ཕྱིར་རོགས་བྱེད་ཀྱི་ཡོད། དེ་ལྟར་བྱེད་པ་ལ་བརྟེན་ནས་མི་ཚང་མས་རང་ཉིད་ལ་དགའ་པོ་བྱེད་པ་དང་ཚང་མ་ང་ཚོའི་མཉམ་དུ་འགྲོ་འདུག་བྱེད་འདོད་སྐྱེ་གི་རེད།
བྱས་ཙང་། ང་ཚོ་མི་གང་འདྲ་ཞིག་ཡིན་པ་དང་གང་འདྲ་ཞིག་ཆགས་ཀྱི་ཡོད་པ་དེ་བཟང་སྤྱོད་ལ་ཧ་ཅང་རག་ལུས་ཡོད། ང་ཚོས་སོ་སོའི་སྤྱོད་ལམ་གྱི་ཤུགས་རྐྱེན་དང་། རང་གིས་རང་ལ་གང་བྱེད་ཀྱི་ཡོད་པ། དེ་བཞིན་མ་འོངས་པར་ང་ཚོ་མི་གང་འདྲ་ཞིག་ཆགས་རྒྱུ་ཡིན་པའི་ཐད་གཟབ་ནན་བྱེད་ཀྱི་ཡོད། ངས་གཞན་དང་མཉམ་དུ་འབྲེལ་བ་བྱེད་པ་དེས་གཞན་དག་ལ་ཕན་གནོད་ཇི་ལྟར་འགྲོ་གི་ཡོད་པའི་ཐད་གཟབ་ནན་བྱེད་ཀྱི་ཡོད། འདི་ནི་གཅེས་སྐྱོང་གི་བསམ་ཕྱོགས་སམ་བག་ཡོད་ཟེར་བ་དེ་རེད།
ལེགས་སྦྱར་སྐད་དུ་ཨ་པྲ་མཱད་ཅེས་དང་བོད་སྐད་ནང་གི་ཚིག་བག་ཡོད་ཅེས་པ་དེ་ཨིན་སྐད་དུ་གཅེས་སྐྱོང་གི་བསམ་ཕྱོགས་ (caring attitude) ཞེས་བསྒྱུར་ཡོད་པ་དང་། དེའི་དོན་དག་ཅིག་ནི་གཟབ་ནན་བྱེད་པར་གོ་བ་ཡིན། བྱས་ཙང་། ང་ཚོས་གང་བྱེད་པ་དང་གང་བསམ་པའི་ཐད་ལ་གཟབ་ནན་བྱེད་དགོས། གང་ཡིན་ཞེ་ན། གལ་ཏེ་ང་ཚོ་གོམས་གཤིས་ངན་པའི་ལང་དུ་ཤོར་ན། གོམས་གཤིས་དེ་གཏིང་ཇེ་ཟབ་ཏུ་ཕྱིན་ཏེ། ང་ཚོས་རང་ཤུགས་ཀྱིས་བྱ་བ་བྱེད་ཀྱི་ཡོད།
ངས་དཔེ་མཚོན་ཞིག་ཞུས་ན། མི་མང་པོ་ཞིག་གིས་སྐད་ཆ་ཤོད་པའི་སྐབས། མནའ་ཚིག་ཧ་ཅང་མང་པོ་བཀོལ་སྤྱོད་བྱེད་ཀྱིན་ཡོད། དེ་ནི་སྐད་ཡིག་སྤྱོད་སྟངས་ཧ་ཅང་རྩུབ་པོ་རེད། འདི་ནི་ཨིན་སྐད་ནང་དུའང་གནས་སྟངས་དེ་ག་རང་ཆགས་ཀྱི་ཡོད་ལ། ཨུ་རུ་སུའི་སྐད་དུའང་ཕལ་ཆེར་དེ་ག་རང་རེད་བསམ་གྱི་འདུག །ངས་ཁྱེད་རང་ཚོའི་ནམ་རྒྱུན་ཐུན་མོང་གི་སྐད་ཡིག་མི་ཤེས་ནའང་། སྐད་རིགས་མང་ཆེ་བའི་ནང་མནའ་ཚིག་དང་ཚིག་རྩུབ་ཀྱི་རིགས་ཡོད། གཞོན་སྐྱེས་ཚོ་ཡང་སེ་ཚིག་རྩུབ་རིགས་བེད་སྤྱོད་བྱ་རྒྱུའི་གོམས་གཤིས་འཇགས་ནས་དེ་ཁོང་ཚོའི་མི་ཚེའི་སྨད་ཙམ་ལའང་གནས་སྟངས་དང་འཕྲད་སྐབས། ཚིག་རྩུབ་བེད་སྤྱོད་བྱེད་ཀྱི་ཡོད། བསམ་བློ་ཙམ་ཡང་མི་གཏོང་བར་རང་ཤུགས་ཀྱིས་ཚིག་རྩུབ་ཀྱི་རིགས་དེ་དག་ཕྱིར་འདོན་གྱི་ཡོད་པས། དེ་ནི་ཧ་ཅང་ཁ་སྐྱེངས་དགོས་པ་ཞིག་ཆགས་སྲིད་པ་ཡིན།
དེ་ལྟར་མི་ཡོང་བའི་སྔོན་འགོག་ཆེད་ང་ཚོས་ངེས་པར་དུ་གཟབ་ནན་བྱེད་དགོས་ཤིང་། གོམས་གཤིས་གང་ལ་འདྲིས་སུ་འཇུག་པ་དེ་དག་གི་སྐོར་ལ་ད་ལྟ་ནས་གཟབ་ནན་ཅན་བྱེད་དགོས། གཟབ་ནན་བྱེད་དགོས་པའི་རྒྱུ་མཚན་ནི། ང་ཚོས་ད་ལྟ་མི་ཚེ་སྐྱེལ་སྟངས་འདིའི་འབྲས་བུ་ག་རེ་ཡོང་རྒྱུ་ཡིན་པའི་ཐད་སེམས་ཁུར་ཡོད། བྱས་ཙང་། ཚུལ་ཁྲིམས་ལ་བརྟེན་ནས་ང་ཚོས་དྲན་པ་དང་ལྡན་པ་དང་ཡང་ན་རང་ཉིད་ཀྱི་སྐད་ཆ་ཇི་ལྟར་ཤོད་ཀྱི་ཡོད་པ་དང་། བསམ་བློ་ཇི་ལྟར་གཏོང་གི་ཡོད་པ། བྱ་བ་ཇི་ལྟར་བརྩམ་གྱི་ཡོད་པ་བཅས་ཤེས་ཐབས་བྱེད་དགོས་ཤིང་། གལ་ཏེ་ངས་འགྲོས་དེའི་ནང་ཚུད་ནས་སྤྱོད་ཚུལ་ངན་པའི་སྒོ་ནས་གོམས་གཤིས་སུ་འཇགས་བཅུག་ན། དེ་དག་ཕྱིས་སུ་འགྱུར་བ་གཏོང་རྒྱུ་ནི་ཤིན་ཏུ་དཀའ་མོ་ཆགས་ཀྱི་ཡོད་པ་རྟོགས་དགོས།
ད་ལྟ་ཁྱེད་རང་ཚོ་ཉན་མཁན་མང་པོ་གཞོན་གཞོན་ཡིན་པའི་སྐབས། འདི་ནི་གོམས་གཤིས་འཇགས་པའི་དུས་ཚོད་དེ་རེད། དེར་བརྟེན་ཁྱེད་རང་ཚོའི་སེམས་དང་སྤྱོད་ལམ་གྱི་རྟའི་སྲབ་མདའ་དེ་སོ་སོ་རང་གི་ལག་ཏུ་ལེན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སོ་སོ་རང་ཉིད་མི་གང་འདྲ་ཞིག་ཆགས་རྒྱུ་ཡིན་པའི་ཐད་སྟངས་འཛིན་བྱེད་དགོས། རང་ཉིད་ཁ་ཕྱོགས་ངན་པ་ཞིག་གི་ནང་འགྲོ་འདོད་ཡོད་དམ་ཡང་ན་ཁ་ཕྱོགས་བཟང་པོ་ཞིག་གི་ནང་འགྲོ་འདོད་ཡོད། “ངས་ངའི་མི་ཚེ་ལ་སྟངས་འཛིན་བྱེད་ཐུབ་ཀྱི་མི་འདུག །སྤྱི་ཚོགས་འདི་འདྲ་ཞིག་དང་དཔལ་འབྱོར་རིག་གནས་དེ་འདྲ་ཞིག་རེད་”ཅེས་རྙོག་དྲ་བཤད་ན་ཕན་ཐོགས་མེད། གང་ཡིན་ཟེར་ན། ང་ཚོའི་གནས་སྟངས་ག་རེ་ཡིན་མིན་ལ་མ་བལྟོས་པར། ང་ཚོ་མི་གང་འདྲ་ཞིག་ཡིན་པ་དེ་ནི་ད་དུང་ཡང་སོ་སོ་རང་ཉིད་ལ་རག་ལུས་ཡོད། ཐ་ན་ང་ཚོ་གནས་སྟངས་སྡུག་ཤོས་ནང་གནས་ཀྱི་ཡོད་ནའང་། ང་ཚོ་མི་བཟང་པོ་ཞིག་བྱེད་ཆོག་ལ། མི་ཧ་ཅང་སྤྱོད་རྩུབ་དང་གདུག་རྩུབ་ཅན་ཞིག་ཀྱང་བྱེད་ཆོག །ང་ཚོ་མི་ཧ་ཅང་ལེ་ལོ་ཅན་ཞིག་བྱེད་ཆོག་ལ། ང་ཚོ་མི་གཞན་ཚང་མ་དང་མཉམ་དུ་ཞི་མཐུན་ངང་གནས་ཐབས་ཀྱང་བྱེད་ཆོག
ཚུལ་མཐུན་གྱི་སྤྱོད་ལམ་ལ་ཤེས་རབ་དགོས། དེ་ནི་གང་ཞིག་གནོད་གཞི་ཅན་ཡིན་པ་དང་གང་ཕན་ཐོགས་ཅན་ཡིན་པ་ཤེས་རྒྱུ་དེ་རེད།
དེར་བརྟེན་ང་ཚོས་ནང་ཆོས་ནང་གི་བཟང་སྤྱོད་ཀྱི་སྐོར་ཤོད་པའི་སྐབས། ང་ཚོས་ “ཁྲིམས་ནི་འདི་དག་རེད། སྒྲིག་གཞི་ནི་འདི་དག་རེད། ང་རང་བཀའ་བརྩི་དང་ལེན་དང་བཅས་དེ་དག་གི་རྗེས་སུ་འཇུག་དགོས་” ཞེས་པའི་སྐོར་ཤོད་ཀྱིན་མེད། དེ་ནི་ནང་པའི་ཐབས་ཚུལ་དེ་མིན། ང་ཚོས་ “ལགས་སོ། ངས་སྒྲིག་གཞི་འདིའི་རྗེས་སུ་འབྲང་གི་ཡོད་” ཟེར་བ་ལྟ་བུ་དམག་སར་ཡོད་པ་ནང་བཞིན་མི་ཚེ་སྐྱེལ་གྱི་མེད། དེ་འདྲ་མ་རེད། དེ་ལས་ལྡོག་སྟེ། ནང་ཆོས་ནང་གི་བཟང་སྤྱོད་ཀྱི་རྣམ་གཞག་དེ་ཆོས་རྣམ་འབྱེད་ཀྱི་ཤེས་རབ་ལ་གཞི་རྟེན་བྱས་ཡོད། ང་ཚོས་གང་ཕན་ཐོགས་ཅན་དང་གང་གནོད་གཞི་ཅན་ཡིན་རྣམ་པར་འབྱེད་དགོས། མི་ཚང་མ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་སོང་ཙང་། གལ་ཏེ་ང་རང་སྡུག་བསྔལ་སྤོང་འདོད་ཡོད་ན། ངས་གང་གནོད་གཞི་ཅན་ཡིན་པ་དང་གང་ཞིག་གིས་ང་དང་ངའི་བདེ་སྐྱིད་མེད་པ་བཟོ་གི་ཡོད་པ་དེ་སྤོང་དགོས་ཀྱི་ཡོད། གལ་ཏེ་རང་ཉིད་ལ་བདེ་སྐྱིད་འདོད་ན། གང་ཕན་ཐོགས་ཅན་ཡིན་པ་དང་གང་ཞིག་གིས་བདེ་སྐྱིད་སྐྲུན་པའི་ལས་ལ་འཇུག་དགོས།
དངོས་ཡོད་གནས་སྟངས་དེ་ནི་ང་ཚོ་ཚང་མ་སྤྱི་ཚོགས་ཤིག་གི་ནང་གནས་ཀྱི་ཡོད་པ་དང་། གོ་ལ་འདིའི་སྟེང་ལ་འགྲོ་བ་མི་ནི་ང་ཚོ་གཅིག་པུ་མ་རེད། བྱས་ཙང་། ང་ཚོས་བདེ་སྐྱིད་ཀྱི་ཁྱབ་ཚད་གང་ལ་དམིགས་དགོས་པའི་ཐོག་བསམ་བློ་གཏོང་བའི་སྐབས། སེམས་ཅན་ཐམས་ཅད་ཀྱི་བདེ་སྐྱིད་ཀྱི་ཁྱབ་ཚད་ལ་དམིགས་དགོས་ཀྱི་ཡོད། ད་ང་ཚོས་ “ངས་མི་ཚང་མ་བདེ་སྐྱིད་དང་ལྡན་པའམ་སྐྱིད་པོ་གང་འདྲ་བྱས་ནས་བཟོ་ཐུབ་བམ་” ཞེས་འདྲི་ཆོག །དེ་ལ་སོ་སོ་རང་ཉིད་ཀྱི་བརྩོན་འགྲུས་ཁོ་ན་ལ་བརྟེན་ནས་གཞན་ཚང་མར་བདེ་སྐྱིད་སྐྲུན་མི་ཐུབ་པ་གསལ་པོ་རེད། འོན་ཀྱང་སངས་རྒྱས་ཀྱིས། སྣོད་ནང་ཆུ་གང་བ་དེ་ཆུ་ཐིགས་རེ་རེ་ལ་བརྟེན་ནས་གང་ཡོད་པས། ང་ཚོས་སོ་སོའི་ཐིགས་པ་དེ་སྣོད་ནང་ཁ་སྣོན་བྱེད་ཆོག །སྣོད་དེའི་ནང་ཐིགས་པ་གང་འདྲ་ཞིག་ཁ་སྣོན་བྱེད་འདོད་ཡོད་དམ། ངས་དཀའ་ངལ་གྱི་ཐིགས་པ་ཞིག་སྣོད་ཀྱི་ནང་བླུགས་ནས་དེས་གཞན་དག་ལའང་དཀའ་ངལ་གྱི་རྒྱུ་ཞིག་ཆགས་ཀྱི་རེད་དམ། ཡང་ན་ཕན་ཐོགས་གང་འདྲ་ཞིག་ཡིན་ནའང་། ཕན་ཐོགས་ཅུང་ཟད་ཡོད་པའི་ཐིགས་པ་ཞིག་བླུག་འདོད་ཡོད་དམ། ཐ་ན་ཕན་པ་དེས་ཕྲུ་གུ་མང་པོ་དང་ལྡན་པའི་ནང་མི་ཞིག་གསོ་སྐྱོང་བྱེད་པ་དང་དེ་ལའང་མི་ཚེའི་ནང་རིན་ཐང་ཡོད་པ་ཆགས་ན། དེ་ནི་ཕན་ཐོགས་ཅན་གྱི་ཐིགས་པ་རེད། དེ་ནི་ཧ་ཅང་འཁྲུག་ཆ་དོད་པོ་ཞིག་མི་དགོས། དགོས་སམ། བྱས་ཙང་། དེ་དག་ཐམས་ཅད་སོ་སོ་རང་ཉིད་ཀྱི་ལག་ཏུ་ཡོད།
ང་ཚོར་ཡོད་པའི་རིན་ཐང་གི་འདུ་ཤེས།
བཟང་སྤྱོད་ཀྱི་གཞི་རྩ་གཞན་ཞིག་ནི་རིན་ཐང་གི་ཚོར་བ་དེ་རེད། ང་ཚོས་བཟང་པོ་དང་ཡོན་ཏན་དེ་བཞིན་ཁྱད་ཆོས་དེ་དག་དང་ལྡན་པའི་མི་རྣམས་ལ་གུས་ཞབས་བྱེད་དགོས། ང་ཚོས་སུ་ལ་མིག་དཔེ་བལྟ་དགོས་སམ། ངས་ནག་ཉེས་ཅན་ཆེན་པོ་ཞིག་ལ་བལྟ་དགོས་སམ། ཡང་ན་གཞན་ལ་ཕན་ཐོགས་བྱེད་མཁན་གྱི་འགོ་ཁྲིད་ཁྱད་དུ་འཕགས་པ་ཞིག་ལ་བལྟ་དགོས་སམ། དེ་ནི་དོ་སྣང་བྱེད་འོས་པའི་དྲི་བ་ཞིག་རེད། མ་རེད་དམ། ངས་རོལ་དབྱངས་ཞབས་བྲོའི་འདྲེན་པའམ་འདྲེན་མ་དེ་དག་ལ་མིག་དཔེ་བལྟ་དགོས་སམ། ངས་གློག་བརྙན་འཁྲབ་མཁན་དེ་དག་ལ་མིག་དཔེ་བལྟ་དགོས་སམ། རྩེད་མོ་བ་གྲགས་ཅན་དེ་འདྲ་ལ་མིག་དཔེ་བལྟ་དགོས་སམ། མི་དེ་དག་ལས་འགའ་ཞིག་གིས་མི་ཚེའི་ནང་ལས་དོན་བཟང་པོ་བྱེད་ཀྱི་ཡོད་པ་གསལ་པོ་རེད། བྱས་ཙང་། འགྲིག་པ་རེད། ཡིན་ནའང་འགའ་ཤས་ཀྱིས་བྱེད་ཀྱི་མེད། ཡང་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྟ་བུ་ངས་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཆེན་པོ་ཞིག་ལ་མིག་དཔེ་བལྟ་དགོས་སམ།
ངས་མི་ཚེའི་ནང་གལ་ཆེ་ཤོས་སུ་འཛིན་པའི་རིན་ཐང་དེ་དག་གང་རེད་དམ། དེ་ནི་སྤོ་ལོར་རྡོག་རྒྱག་གཞུས་ནས་དྲྭ་བའི་ནང་བླུགས་པ་ཙམ་དེ་རེད་དམ། ཡང་མིན་ན་མི་རྣམས་དང་དེ་དག་གི་མི་ཚེ་ལ་ཕན་པའི་ཆེད་དུ་བྱ་བ་ཞིག་དངོས་སུ་བྱེད་ཀྱིན་ཡོད་དམ། ང་ཚོས་སྤོ་ལོ་ཞིག་དྲྭ་བའི་ནང་རྡོག་རྒྱག་གཞུ་སྟངས་སྦྱོང་ཆོག་པ་དང་། དེ་ནི་ཧ་ཅང་ཡག་པོ་དང་མི་མང་པོ་ཞིག་ལ་སྤྲོ་སྣང་སྦྱིན་གྱི་ཡོད། འོན་ཀྱང་ཁྱེད་ཀྱིས་དུད་འགྲོ་སེམས་ཅན་ཞིག་ལའང་ཕལ་ཆེར་སྤོ་ལོར་རྡོག་རྒྱག་གཞུས་ནས་དྲྭ་བའི་ནང་བླུགས་སྟངས་སྦྱོང་བརྡར་སྤྲོད་ཆོག །བྱས་ཙང་། འདི་འདྲའི་དམིགས་ཡུལ་ཞིག་ཡོད་དགོས་རྒྱུ་དེ་ཡག་པོ་ཞིག་ཡིན་སྲིད་ནའང་། རྩེད་མོ་བ་གྲགས་ཅན་རྩེ་ཕུད་ཅིག་ཆགས་པར། དུད་འགྲོ་སེམས་ཅན་གྱིས་བྱེད་མི་ཐུབ་པར་ངས་བྱེད་ཐུབ་པའི་སྦྱོང་བརྡར་དེ་ལས་ལྷག་པ་ཞིག་ཡོད་དམ། ཡོད་དང་ཡོད། ང་ཚོ་ནི་འགྲོ་བ་མི་རེད་ལ་ང་ཚོས་ལས་ཀ་ཧ་ཅང་ཕོན་ཆེན་པོ་བྱེད་ཐུབ། གང་ཡིན་ཞེ་ན། ང་ཚོར་རྣམ་དཔྱོད་དེ་ཡོད། ང་ཚོ་ལ་ཚོར་བ་ཡོད། ང་ཚོར་གཞན་རྣམས་ལ་སྤྲོ་བ་སྦྱིན་ཐུབ་པའི་ནུས་པ་དེ་ཡོད་པ་མ་ཟད། དེ་དག་ལ་ཕན་པའི་ཐབས་གཞན་མང་པོ་ཡོད།
གཞན་དག་ལ་སྤྲོ་སྣང་སྦྱིན་པ་ནི་གཞན་རྣམས་ལ་ངལ་གསོ་བ་དང་སེམས་ཞི་ལྷིང་ངང་གནས་པར་ཕན་ངེས་ཡིན་པས། དེ་ལ་དགེ་མཚན་མེད་པ་དེ་འདྲ་གང་ཡང་མིན། འོན་ཀྱང་ང་ཚོ་ལ་དེ་ལས་ལྷག་པའི་ནུས་པ་ཡོད་ན། ཅིའི་ཕྱིར་མི་བྱེད་དམ། ང་ཚོས་གཞན་ལ་སྤྲོ་སྣང་སྦྱིན་མཁན་དང་རྩེད་མོ་བ་ཕུལ་དུ་བྱུང་བ་གཉིས་ཀ་བྱེད་ཐུབ་ལ། ད་དུང་ཐབས་ལམ་གཞན་གྱི་སྒོ་ནས་སྤྱི་ཚོགས་ལ་ཕན་པ་གང་ཐུབ་བསྒྲུབ་མཁན་ཞིག་བྱེད་ཆོག །དེ་དག་ཐམས་ཅད་ནི་རིན་ཐང་གི་འདུ་ཤེས་ཤིག་ལ་ཐུག་ཡོད། གཞན་རྣམས་ལ་གང་གིས་ཕན་ཐོགས་སམ། སྤྲོ་སྣང་དང་ལྡན་པ་དེ་ནི་གཞན་ལ་ཕན་པའི་ལས་ནང་ནས་གཅིག་རེད། གལ་ཏེ་གཞན་དག་ནད་པ་ཡིན་ན། དེ་དག་ལ་གཅེས་སྐྱོང་བྱེད་པ་ནི་གཞན་ལ་གང་གིས་ཕན་པའི་རིམ་པ་གཞན་ཞིག་རེད། དེ་བཞིན་གཞན་ལ་ཤེས་ཡོན་སྤྲོད་པ་དེ་ཡང་གཞན་ལ་ཕན་པའི་ཐབས་གཞན་ཞིག་རེད། གལ་ཏེ་ང་རང་ལམ་ལྷོང་ལྡན་པའི་སྤྲོ་སྣང་སྦྱིན་མཁན་དང་རྩེད་མོ་བ་ཞིག་ཡིན་ན། དེས་འགྲིག་གི་རེད། འོན་ཀྱང་ངས་སོ་སོའི་དངུལ་དང་གྲགས་པ་དེ་གང་གི་ཆེད་དུ་བེད་སྤྱོད་བྱེད་རྩིས་ཡོད་དམ། ངས་དངུལ་དེ་དག་བེད་སྤྱོད་བྱས་ནས་སོ་སོ་རང་ཉིད་ཀྱི་ཆེད་དུ་སྡོད་སའི་ཕོ་བྲང་ཞིག་བཞེངས་ཆོག་ལ། ངས་དངུལ་དེ་དག་བེད་སྤྱོད་བྱས་ནས་སྨན་ཁང་རྒྱག་པ་དང་གཞན་གྱི་དོན་དུ་དངུལ་འདུ་འགོད་ཀྱང་བྱེད་ཆོག །དེར་བརྟེན་རིན་ཐང་གི་འདུ་ཤེས་དེ་རེད། སོ་སོ་རང་ཉིད་ཀྱི་དོན་དུ་ཕོ་བྲང་ཞིག་གི་ནང་གནས་པ་དང་གཞན་དག་ལ་ཕན་ཐོགས་བྱ་རྒྱུ་གཉིས་གང་གལ་ཆེ་བ་རེད་དམ།
གལ་ཏེ་ང་ཚོས་སོ་སོ་རང་ཉིད་ལ་བལྟས་ན། ང་ཚོར་འཇོན་ཐང་དང་ནུས་པ་ཧ་ཅང་མང་པོ་ཡོད་པ་དང་འཇོན་ནུས་དེ་དག་ཐམས་ཅད་བེད་སྤྱོད་བྱེད་ཆོག །གལ་ཆེན་པོ་དེ་གང་རེད་ཅེ་ན། སོ་སོ་རང་ཉིད་ཤེས་ཐབས་བྱེད་དགོས་ཏེ། ངའི་ནུས་པ་རྣམས་གང་རེད་དམ། ངའི་རིག་རྩལ་རྣམས་གང་རེད་དམ། རེད་དམ་མ་རེད། མི་ཚང་མར་འཇོན་ཐང་དང་ནུས་པ་རེར་ཡོད། ང་རང་མ་བྱན་ཡག་པོ་ཞིག་ཡིན་སྲིད། དེ་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་དགོས་དོན་མེད། དེ་ནས་ང་ཚོས་ “ངས་འདི་ཇི་ལྟར་བཀོལ་ཐུབ་བམ། གཞན་ལ་ཕན་པའི་ཕྱིར། རིག་རྩལ་འདི་དང་རང་ཉིད་ལ་ཡོད་པའི་འཇོན་ཐང་འདི་ལ་ངས་ཕན་ཐོགས་གང་བྱེད་ཐུབ་བམ་” ཞེས་བསམ་བློ་གཏོང་དགོས། དེ་ག་ནང་བཞིན་གལ་ཏེ་ང་ཚོས་ད་ལྟར་རང་གནས་སྟངས་འདིའི་ནང་ལམ་སེང་གཞན་ལ་རོགས་བྱེད་ཐུབ་ཀྱི་འདུག་ན། ང་ཚོས་ངེས་པར་དུ་བྱེད་དགོས། དཔེར་ན། ཁོང་ཚོའི་ཆེད་དུ་ཟས་ཞིམ་པོ་ཞིག་བཟོ་བའམ་སྤྲོ་སྣང་སྦྱིན་པ་སོགས་བྱེད་ནའང་འགྲིགས། དེ་ལྟར་བྱེད་པས་མི་འགྲིག་པ་གང་ཡང་མེད། འོན་ཀྱང་ཟས་ཞིམ་པོ་བཟོ་བ་ནང་བཞིན་ད་ལྟ་གནས་སྐབས་ཙམ་མིན་པར། གལ་ཏེ་ངས་ཁོང་ཚོར་ཕུགས་རྒྱང་རིང་པོ་རོགས་བྱེད་ཐུབ་ན། དེ་ནི་ད་དུང་དེ་ལས་ཀྱང་བཟང་བ་ཞིག་མིན་ནམ།
དེར་བརྟེན་དེ་དག་ཐམས་ཅད་ནི་ང་རང་ཚོ་སོ་སོ་རང་ཉིད་ཀྱི་ལག་ཏུ་ཡོད་དེ། “ད་ང་ལ་སྒྲིག་ཁྲིམས་ཀྱི་རིགས་གང་འདྲ་ཞིག་དགོས་ཀྱི་ཡོད་དམ། ང་ལ་སྒྲིག་ཁྲིམས་མེད་པ་ཆགས་ཀྱི་རེད་དམ། སྒྲིག་ཁྲིམས་ཞན་པོ་ཡོད་པ་ཆགས་སམ། ཡང་ན་ང་ལ་བཟང་སྤྱོད་ལ་གཞི་བྱས་པའི་ཚུལ་ཁྲིམས་ཤིག་དངོས་གནས་ཡོད་པ་ཆགས་ཀྱི་རེད་དམ་” ཞེས་གནད་དོན་དེ་དག་གི་ཐོག་ནས་བསམ་ཞིབ་བྱས་ན། ཚང་མ་སོ་སོའི་ལག་ཏུ་ཡོད། ངས་གོང་དུ་ཞུས་པ་ལྟར། དེ་དག་ཐམས་ཅད་ནི་གཅེས་སྐྱོང་གི་བསམ་ཕྱོགས་སམ་བག་ཡོད་ལ་གཞི་རྩ་བྱས་ཡོད། དེ་ནས་གཟབ་ནན་བྱེད་པ་དང་། སོ་སོའི་མི་ཚེ་ལ་སྟངས་འཛིན་བྱེད་པ། གང་ཞིག་ཕན་ཐོགས་ཅན་དང་གང་ཞིག་གནོད་གཞི་ཅན་ཆགས་རྒྱུ་ཡིན་པའི་ཐད་རྣམ་པར་ཕྱེས་ནས་བྱེད་དགོས་ཏེ། རང་གིས་རང་ལ་སྦྱོང་བརྡར་སྤྲོད་པ་དང་། དགེ་བའི་གོམས་གཤིས་སྐྱེད་པ། མི་དགེ་བའི་གོམས་གཤིས་ལས་ཐར་བ་བྱེད་དགོས། དེ་ག་ནང་བཞིན་ “ངས་བྱ་སྤྱོད་ཇི་ལྟར་སྤེལ་གྱི་ཡོད་པ་དང་། ངས་འབྲེལ་ལམ་ཇི་ལྟར་བྱེད་ཀྱི་ཡོད། ངས་བསམ་བློ་ཇི་ལྟར་གཏོང་གིན་ཡོད་” པའི་ཐད་དྲན་ཤེས་ལྡན་པ་དང་ཤེས་རྟོགས་ཡོང་ཐབས་བྱེད་དགོས། དེ་དག་གི་གནས་ཚད་འགའ་ཞིག་ལ་བརྟེན་ནས་འདོད་བློ་ཚིམ་རྒྱུ་མེད། དེས་སོ་སོའི་མི་ཚེ་ཧ་ཅང་སྐྱིད་པོ་བཟོ་གི་མེད། ང་ཚོས་རྟག་ཏུ་ཡར་རྒྱས་གཏོང་ཐུབ།
མི་ཚེ་བཟང་སྤྱོད་དང་ལྡན་པ་ཞིག་སྐྱེལ་བ་དེ་བདེ་སྐྱིད་ཆེ་བ་ཡོང་བའི་ཐབས་ཤིག་རེད།
འོན་ཀྱང་། ང་ཚོས་གང་ལེགས་བྱེད་པའི་སྐོར་ཤོད་སྐབས། དེ་ནི་ “ང་ཡག་པོ་མི་འདུག་” ཅེས་རང་གིས་རང་ལ་རྡུང་རྡེག་གཏོང་བ་དང་རང་གིས་རང་ལ་ངན་ཕྱོགས་ཀྱི་ཚོར་བ་སྐྱེ་དགོས་པའི་དོན་མིན། དེ་ལྟ་ཡིན་ན་བཟང་སྤྱོད་དང་ལྡན་པའི་མི་ཚེ་སྐྱེལ་བ་དེ་ཉེས་ཆད་འདྲ་པོ་ཆགས་ཀྱི་ཡོད། དེ་ནི་ཉེས་ཆད་ཅིག་མིན། བཟང་སྤྱོད་དང་ལྡན་པའི་མི་ཚེའི་རྗེས་སུ་འབྲང་བའམ་མི་ཚེ་སྐྱེལ་བ་ཞེས་པའི་དོན་ནི་མི་ཚེ་སྐྱིད་དུ་གཏོང་བའི་ཐབས་ཤིག་ཡིན་པ་ང་ཚོས་ངོས་འཛིན་དགོས། འདིས་ང་ཚོས་གཞན་ལ་བདེ་སྐྱིད་མང་བ་སྐྲུན་པར་རོགས་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་ང་ཚོའི་བདེ་སྐྱིད་ཁ་སྣོན་བྱེད་ཀྱི་ཡོད།
དེ་འདྲ་སོང་ཙང་། ང་ཚོའི་མ་འོངས་པ་ནི་ང་ཚོའི་ལག་ཏུ་ཡོད། ང་ཚོ་ད་ལྟ་དང་མ་འོངས་པར་མི་གང་འདྲ་ཞིག་ཆགས་རྒྱུ་ཡིན་པ་དེ་དག་ཚང་མ་སོ་སོ་རང་ཉིད་ཀྱི་ལག་ཏུ་ཡོད། བྱས་ཙང་། ང་ཚོ་ད་ལྟ་སློབ་གྲྭར་བསྐྱོད་བཞིན་པའི་གཞོན་སྐྱེས་ཡིན་ན་འདྲ། ང་ཚོ་ནར་སོན་པའི་དར་མ་ཡིན་ནའང་འདྲ། ཡང་ན་ང་ཚོ་རྒན་གོག་ཡིན་ནའང་འདྲ་སྟེ། ང་ཚོ་ཚང་མས་ཁ་ཕྱོགས་འདིའི་རྗེས་སུ་འབྲང་ཆོག
དྲི་བ་ཁག
རིན་ཐང་གི་འདུ་ཤེས་ཤིག་སྐྱེད་པར། ང་ཚོས་གང་བྱེད་དགོས་སམ།
རིན་ཐང་གི་འདུ་ཤེས་ཤིག་སྐྱེད་པར། ང་ཚོས་སོ་སོའི་སེམས་ནང་དགེ་བའི་ཡོན་ཏན་བཟང་པོ་རྣམས་ཡོད་པར་ངོས་འཛིན་དགོས། དཔེར་ན། ང་ཚོ་ཚང་མར་ལུས་པོ་ཞིག་ཡོད་པ་སོང་ཙང་། གཞན་དང་མཉམ་དུ་བྱ་སྤྱོད་སྤེལ་ཐུབ་ཀྱི་ཡོད། ང་ཚོ་ཚང་མར་ཕན་ཚུན་འབྲེལ་བ་བྱེད་པའི་འཇོན་ཐང་དེ་ཡོད། ང་ཚོ་ཚང་མ་སེམས་ཡོད་པས། གནད་དོན་རྣམས་རྟོགས་ཐུབ་པ་དང་སྦྱོང་ཐུབ། ང་ཚོ་ཚང་མར་སྙིང་ཞིག་ཡོད་པ་དང་། ཚོར་བ་ཡོད། ང་ཚོ་ཚང་མ་ཕན་སེམས་དང་བརྩེ་སེམས་ལྡན་པའི་ཚོར་བ་སྟོན་ནུས་མཁན་ཡིན། བྱས་ཙང་། ང་ཚོ་སུ་ཡིན་མིན་ལ་མ་བལྟོས་པར། མི་ཚང་མར་ཁྱད་ཆོས་རེར་ཡོད། དེ་དག་ནི་སོ་སོའི་བྱ་བའི་རྟེན་གཞི་ཡིན་པ་ཤེས་ཀྱི་ཡོད། དེ་དག་ལ་གང་བྱེད་དགོས་མིན་ནི་སོ་སོའི་ལག་ཏུ་ཡོད། ང་ཚོར་བྱ་བའི་རྟེན་གཞི་དེ་དག་ཡོད་པ་ཤེས་རྟོགས་བྱུང་ན། དེ་ནས་ང་ཚོར་རང་མཐོང་དང་རིན་ཐང་ཡོད་པ་རེད། “ང་རང་ལ་མི་འགྲིག་པ་གང་ཡང་མེད། ངའི་བྱ་བའི་རྟེན་གཞི་ལ་བརྟེན་ནས་ངས་དགེ་བའི་ལས་ཤིག་བྱེད་ཐུབ་” ཅེས་དེས་ང་ཚོར་རིན་ཐང་གི་འདུ་ཤེས་སྦྱིན་གྱི་ཡོད།
ང་ཚོའི་ཁྱད་ཆོས་བཟང་པོ་རྣམས་ལ་ཚོད་དཔག་བྱས་ནས་དེ་དག་གཞན་དོན་དུ་ཇི་ལྟར་ལག་བསྟར་བྱེད་ཚུལ།
ང་ཚོས་སོ་སོའི་ཁྱད་ཆོས་བཟང་པོ་རྣམས་ཇི་ལྟར་རྟོག་ཞིབ་བྱེད་ཚུལ་དེ་ནི་དངོས་གནས་རང་སོ་སོའི་སེམས་ལ་བལྟ་བའི་ལས་ཀ་ཞིག་ཡིན། གཞི་རྩའི་བྱ་བའི་རྒྱུ་ཆ་དེ་དག་རང་ཉིད་ལ་ཡོད་པ་དང་། རང་ལ་སེམས་ཡོད་པ། རང་ལ་ལུས་པོ་ཡོད་པ། དེ་བཞིན་རང་གིས་སྐད་ཆ་ཤོད་ཐུབ་པ་སོགས་རྟོགས་པར་ཧ་ཅང་རྒྱང་ཐག་རིང་པོར་བལྟ་མི་དགོས། དེ་དག་ནི་ངོས་འཛིན་བྱ་རྒྱུ་ཁག་པོ་ཞིག་མིན། ང་ཚོས་ “ངའི་མི་ཚེའི་ནང་ངས་གང་ཡང་རུང་བ་ཞིག་སྦྱངས་ཡོད་དམ་” ཞེས་བརྟག་དཔྱད་བྱེད་དགོས། ང་ཚོ་ག་ཚོད་གཞོན་གཞོན་ཡིན་ནའང་། སོ་སོའི་མི་ཚེའི་ནང་། སྐད་ཆ་ཤོད་སྟངས་དང་། གོམ་པ་སྤོ་སྟངས་སོགས་གཞི་རྩའི་གནད་དོན་མང་པོ་ཞིག་ང་ཚོས་སྦྱངས་ཡོད། རང་ཉིད་ཁ་ཕྱོགས་གང་དུ་འགྲོ་གི་ཡོད་པ་བལྟ་བའི་ཕྱིར། རང་ཉིད་ཀྱི་གཞི་རྩའི་ཁྱད་ཆོས་རྣམས་བེད་སྤྱོད་གཏོང་བ་དང་བསྟུན་ནས་ཁྱེད་ཀྱིས་ “ང་ལ་ལས་སླ་པོ་དེ་གང་ཐོབ་ཡོད་དམ། ང་ལ་སྦྱོང་རྒྱུ་ལས་སླ་པོ་གང་རེད་དམ་” ཞེས་ཁྱེད་ཀྱིས་ལྟོས་དང་། ང་ཚོ་འགའ་ཞིག་ནི་སྐད་ཡིག་ལ་ཧ་ཅང་བྱང་ཆ་ཡོད་པ་དང་ཨང་རྩིས་ལ་བྱང་ཆ་དེ་ཙམ་མེད། མི་ཁ་ཤས་ཨང་རྩིས་དང་ཚན་རིག་ཡག་པོ་ཡོད་པ་དང་རྩོམ་བྲིས་ལ་ཡག་པོ་དེ་ཙམ་མེད། དེ་འདྲའི་རིགས་སྣ་ཚོགས་ཡོད།
བྱས་ཙང་། ང་ཚོས་རང་གིས་རང་ལ་བརྟག་དཔྱད་བྱས་ནས་ “རང་ཉིད་གང་ལ་བྱང་ཆ་ཡོད་པ་དང་ཡག་པོ་ཡོད་པ་” བལྟ་དགོས། འདིའི་ཆ་ཤས་སུ་ད་དུང་ “སོ་སོས་གང་ལ་སྐྱིད་པོ་གཏོང་གི་ཡོད་པ་དང་གང་ལ་དགའ་པོ་བྱེད་ཀྱི་ཡོད་” བཅས་ཚུད་ཡོད། བྱས་ཙང་། ང་ཚོས་སོ་སོའི་མི་ཚེ་སོ་སོས་ཉམས་སུ་མྱོང་དགོས། ངས་སོ་སོའི་མི་ཚེ་དང་མཉམ་དུ་གང་བྱེད་དམ། སོ་སོའི་མི་ཚེ་ཉམས་སུ་མྱོང་མཁན་ནི་ང་རང་རེད། ང་རང་སྐྱིད་པོ་ཞིག་ཡོང་གི་རེད་དམ། ང་རང་སྐྱིད་པོ་མེད་པ་ཆགས་ཀྱི་རེད་དམ། སྤྱིར་བཏང་བྱས་ན། ང་ཚོའི་མི་ཚེ་དང་མཉམ་དུ་རང་ཉིད་དགའ་མོས་ཡོད་པ་ཞིག་བྱེད་ཐབས་བྱེད་ཀྱི་ཡོད་པ་དང་། དེ་དོན་དང་ལྡན་པ་ཡིན་པ་ང་ཚོས་ཚོར་གྱི་ཡོད། གལ་ཏེ་དེས་གཞན་དག་ལ་ཕན་གྱི་ཡོད་ན། དེ་ནི་དོན་དང་ལྡན་པ་ཆགས་ཀྱི་ཡོད། དེ་ནི་གོ་ལའི་རིམ་པའི་དབང་དུ་བྱས་ན། འཁྲུག་ཆ་དོད་པོ་དང་ཆེན་པོ་དེ་འདྲ་ཞིག་མི་དགོས།
དེར་བརྟེན་ང་ཚོའི་ཁྱད་ཆོས་བཟང་པོ་རྣམས་ལ་རྟོག་ཞིབ་བྱེད་པ་ནི། “ད་ལྟ་བར་དུ་ངས་གང་བྱས་ཡོད་དམ། ད་ལྟ་ང་ལ་གང་ལས་སླ་པོ་ཡོད་པ་དང་བྱེད་འདོད་ཡོད་དམ་” ཞེས་པ་དེ་མཐོང་བ་ལ་རག་ལུས་ཡོད། མི་འགའ་ཤིག་གིས་སྣང་མེད་བྱེད་སྲིད་པའི་དཔེ་ཞིག་ཞུས་ན། མི་འགའ་ཤས་ཀྱི་ཁྱད་ཆོས་བཟང་པོ་ནི། ཁོང་ཚོས་མི་གཞན་དག་ལ་སྐད་ཆ་ཤོད་རྒྱུ་དགའ་པོ་ཡོད། ཁོང་ཚོ་ངོ་ཚ་གི་མེད་ལ་ལས་སླ་པོའི་སྒོ་ནས་མི་ཚང་མ་དང་མཉམ་དུ་སྐད་ཆ་ཤོད་ཐུབ་ཀྱི་ཡོད། ཁོང་ཚོ་གཞན་དང་མཉམ་དུ་བདེ་པོ་ཚོར་གྱི་ཡོད། ད་ང་ཚོས་དེ་ནི་ཧ་ཅང་གི་ཁྱད་ཆོས་བཟང་པོ་ཞིག་གམ་ཡང་ན་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་ཤིག་ཡིན་ཞེས་མི་བསམ་སྲིད་ནའང་། དོན་ངོ་མར་དེ་ནི་ཁྱད་ཆོས་བཟང་པོ་ཞིག་རེད། གང་ཡིན་ཞེ་ན། དཔེར་ན། ཁྱེད་རང་ཚོང་ཁང་ཞིག་གི་ནང་ལས་ཀ་བྱེད་ཀྱི་ཡོད་པའི་དབང་དུ་བཏང་ནས་ཁྱེད་ཀྱིས། “ཨོ། འདི་ནི་ཧ་ཅང་འཁྲུག་ཆ་དོད་པོའི་འཚོ་ཐབས་ལས་རིགས་ཤིག་རེད་མི་འདུག་” ཅེས་བསམ་སྲིད། ཡིན་ནའང་གལ་ཏེ་ཁྱེད་ཀྱིས་ཚོང་ཁང་ནང་སླེབས་མཁན་གྱི་མི་རྣམས་ལ་སྐད་ཆ་ཡག་པོ་ཤོད་ཐུབ་པ་དང་། ཞི་མཐུན་ངང་ནས་ཁོང་ཚོར་འབྲེལ་བ་བྱེད་ཐུབ་པ་སྟེ། ཁྱེད་རང་ངོ་ཚ་བྱེད་པ་དང་ཉོབ་ཏོ་ (ཁྱེད་རང་ཚོང་ཁང་དུ་ལས་ཀ་བྱེད་བཞིན་པའི་མི་གཟུགས་འཕྲུལ་ཆས་ཤིག་ཀྱང་ཡིན་སྲིད་) མིན་ན། མི་རྣམས་ཀྱིས་ཁྱེད་རང་ལ་དགའ་པོ་བྱེད་པ་དང་། ཚོང་ཁང་དུ་ཡོང་འདོད་བྱེད་པ། ཚོང་ཁང་ནས་ཁོང་ཚོ་འཛུམ་བག་དང་བཅས་ཕྱིར་ལོག་གི་རེད། དེ་ནི་ཁྱད་ཆོས་བཟང་པོ་ཞིག་རེད། རིན་ཐང་རྩི་དགོས་པ་ཞིག་རེད། དེས་མི་རྣམས་ལ་ཕན་གྱི་ཡོད།
ཧ་ཅང་རང་འདོད་དོན་གཉེར་ཅན་གྱི་མི་ཞིག་དང་མཉམ་དུ་ང་ཚོ་ཡོད་སྐབས་གང་བྱེད་དགོས་སམ།
ཚང་མ་གང་ཟག་བྱེ་བྲག་པ་དེ་རོགས་ཕན་གང་འདྲ་ཞིག་ལ་གོ་ཤེས་ཅན་ཡིན་མིན་ལ་རག་ལུས་ཡོད། འདིའི་དཔེ་རུ་ངས་བྷར་ལཱིན་ལ་ང་རང་སྡོད་ས་དེར་ངོ་ཤེས་ཀྱི་མི་ཞིག་གི་སྐོར་བསམ་བློ་གཏོང་བཞིན་ཡོད། ཁོ་མོས་རྟག་ཏུ་སོ་སོ་རང་ཉིད་ཀྱི་སྐོར་བསམ་བློ་གཏོང་གི་ཡོད། གང་ལ་གང་འཚམ་གྱི་རང་གཅེས་འཛིན་གྱི་བློ་དེ་ཡོད། མཚམས་མེད་པར་ཁོ་མོ་རང་ཉིད་ཀྱི་སྐོར་ཁོ་ན་ཤོད་པ་དང་། དེ་ཡང་ཕལ་ཆེ་བ་རྙོག་དྲ་དང་སྐྱོན་བརྗོད་རྐྱང་རྐྱང་རེད། ཁོ་མོ་མཉམ་དུ་གུང་ཚིགས་ལྟ་བུ་ཞིག་བཟའ་རུ་ཕྱིན་ན། དེའི་རིང་གི་དུས་ཚོད་ཕལ་ཆེ་བ་མོའི་ཉལ་ཁང་ནང་སྒེའུ་ཁུང་གི་ཡོལ་བ་གསར་པ་ཞིག་བཟོ་ཕྱིར་ཁོ་མོས་རས་ཆ་ཏག་ཏག་དེ་མ་རག་པའི་ཚུལ་གྱི་རྙོག་དྲ་རྐྱང་ཤོད་ཀྱི་རེད། བྱས་ཙང་། དེ་འདྲ་བའི་མི་ཞིག་ལ་ཁྱེད་ཀྱིས་གདོང་ལེན་ཇི་ལྟར་བྱེད་དམ། གང་ཟག་དེ་འདྲ་ལ་ཡོད་དགོས་པའི་གཞི་རྩའི་གོ་རྟོགས་ནི། ཁོང་ཚོ་ཧ་ཅང་སྐྱིད་པོ་མེད་པ་དང་ཁེར་རྐྱང་ཡིན་པ་རེད། ཁོ་མོ་སུ་དང་ཐུག་འཕྲད་སྐབས། སྐད་ཆ་རྒྱུན་ཆད་མེད་པ་ཤོད་ཀྱི་ཡོད། དེ་ནི་གཞི་རྩའི་ཆ་ནས་དོ་སྣང་ཞིག་སྤྲོད་ཕྱིར་ཡིན་པ་རེད། ཁོ་མོའི་ཀུན་སློང་ནི་ང་དང་མཉམ་དུ་གུང་ཚིགས་བཟའ་རྒྱུ་དེ་ཧ་ཅང་མི་སྡུག་པ་དང་ཉོབ་སྣང་ཅན་བཟོ་ཕྱིར་མིན་པར། ཁོང་གི་ཀུན་སློང་ནི་དོ་སྣང་དང་ཤ་ཚ་སྙིང་རྗེ་ཞིག་རག་ཕྱིར་ཡིན། བྱས་ཙང་། གནས་སྟངས་དེ་འདྲའི་ནང་། ངས་ཁོ་མོར་ “རྙོག་དྲ་ཤོད་རྒྱུ་ཞོག །ཡོལ་བ་དེ་ལས་དོན་དག་ཆེ་བའི་སྐོར་ལ་སྐད་ཆ་ཤོད་པ་དང་” ཞེས་སྐད་ཆ་ངར་པོ་ཤོད་མི་ཐུབ། (ཁོ་མོར་ཧ་ཅང་གནོད་སྲིད།) ངས་ཁོ་མོ་མཉམ་དུ་གང་བྱེད་ཐུབ་ཟེར་ན། བཟོད་སྒོམ་བྱེད་པ་དང་སེམས་གུ་ཡངས་པོའི་སྒོ་ནས་ཁོ་མོར་ཉན་པ། ཤ་ཚ་སྙིང་རྗེ་ཅུང་ཟད་སྤྲོད་ཐུབ། དེས་ཁོ་མོ་ཞི་ལྷོད་ཡོང་བར་ཕན་ཐུབ། གང་ཡིན་ཞེ་ན། བྱ་སྤྱོད་དེ་འདྲ་སྤེལ་བ་དང་སྐྱོན་བརྗོད་བྱས་ན། ཁོ་མོ་ཧ་ཅང་དངངས་འཚབ་སྐྱེ་གི་རེད།
དེར་བརྟེན་ངའི་བསམ་པར། དེ་དག་ནི་རང་འདོད་དོན་གཉེར་དང་རང་གཅེས་འཛིན་ཆེ་ཤོས་ཡོད་མཁན་གྱི་མི་རྣམས་ཀྱི་ཐུན་མིན་ཁྱད་ཆོས་རེད། ཁོང་ཚོ་ནི་སྐྱིད་པོ་མེད་པ་དང་ཧ་ཅང་དངང་འཚབ་ནང་ཡོད། ཁོང་ཚོས་རྒྱུན་ཆད་མེད་པར་སྐད་ཆ་བཤད་ནས་གཞན་ནས་དོ་སྣང་རག་འདོད་བྱེད་ཀྱི་ཡོད། བྱས་ཙང་། ཁོང་ཚོ་ཞི་ལྷིང་བཟོ་རྒྱུ་ཙམ་དང་། ཏོག་ཙམ་ཤ་ཚ་ཅན། བཟོད་མི་ཐུབ་མཁན་ཙམ་ཞིག་མིན་པ་ལས་ལྷག་པ་ཞིག་བྱ་རྒྱུ་ཧ་ཅང་ཁག་པོ་རེད་བསམ་གྱི་འདུག །དེ་ནས་ཁྱེད་ཀྱང་དེར་ཉན་མཁན་ཙམ་ཞིག་མིན་པར། འབྲེལ་བ་ཞིག་གི་ནང་མཉམ་བཞུགས་བྱེད་མཁན་ཞིག་གི་ངོར་ཡོད་པ་ཁོང་ཚོས་ག་ལེར་ག་ལེར་རྟོགས་ཀྱི་རེད།།