ངོ་སྤྲོད།
བོད་ཀྱི་ནང་ཆོས་ཀྱི་རྩ་འཛིན་གལ་ཆེ་ཤོས་ཤིག་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་རེད། དངོས་པོ་གང་ཞིག་རང་བཞིན་དུ་གནས་པའམ་ཡང་ན་རང་ངོས་སུ་གཞན་ལ་མ་འབྲེལ་བ་དང་མ་ལྟོས་པར་གྲུབ་པ་མེད། ད་དུང་ཆོས་ཐམས་ཅད་རྒྱུ་རྐྱེན་དང་གནས་སྟངས་འདྲ་མིན་སྣ་ཚོགས་ལ་བརྟེན་ནས་འབྱུང་གི་ཡོད་པ་ལས། ཆོས་རྣམས་རྒྱུ་རྐྱེན་གཅིག་ལ་བརྟེན་ནས་བྱུང་བའམ། ཡང་ན་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་ཞིག་མ་ཡིན། དཔེར་ན། གཟུགས་པོའི་འཕྲོད་བསྟེན་ཡག་པོ་ཡོང་བར། གཟུགས་པོའི་ནང་གི་ཆ་ནས་བཤད་ན། ནང་གི་དབང་པོ་དང་མ་ལག་ཚང་མས་ཕན་ཚུན་འགལ་རྐྱེན་མི་བཟོ་བར་ཞི་མཐུན་ངང་ལས་ཀ་ཡག་པོ་བྱེད་ཐུབ་པ་ལ་བརྟེན་ནས་ཡོང་གི་ཡོད་པ་དང། ཕྱིའི་ཆ་ནས་བཤད་ན། གཟུགས་པོའི་འཕྲོད་བསྟེན་ཡག་པོ་ཡོང་བར་སྨན་དང་། ཟས་བཅུད་ཡག་པོ། གཞན་གྱི་ལྟ་རྟོག །ཁོར་ཡུག་སོགས་ལ་རག་ལུས་ཡོད། དེ་དང་འདྲ་བར་སྤྱི་ཚོགས་བཟང་པོ་ཞིག་སྐུན་པར། དེའི་ནང་གི་གྲུབ་ཆའི་ཁོངས་མི་ཚང་མས་ཕན་ཚུན་མཉམ་ལས་དང་ཞི་མཐུན་ངང་ལས་ཀ་བྱེད་ཐུབ་པ་དགོས། ཕྱིའི་ངོས་ནས་ད་དུང་སྤྱི་ཚོགས་ཀྱི་འཕྲོད་བསྟེན་དེ་ཡང་དཔལ་འབྱོར་དང་། ཆབ་སྲིད། ཁོར་ཡུག་གི་ཆ་དང་འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་ལའང་རག་ལུས་ཡོད།
བཟང་སྤྱོད་ཀྱི་རྣམ་གཞག་གིས་སྒེར་དང་སྤྱི་ཚོགས་གཉིས་ཀའི་འཕྲོད་བསྟེན་ཡག་པོ་ཡོང་རྒྱུར་ལས་འགན་གལ་འགངས་ཆེ་ལ་ནུས་པ་ཐོན་པ་ཞིག་སྒྲུབ་ཀྱི་ཡོད། གལ་སྲིད་མི་ཚོས་ལོག་འཚོ་དང་སྤྱོད་ལམ་ངན་པ་སྤོང་བའི་ཆེད་དང་། དེའི་ཚབ་ཏུ་བཟང་ཕྱོགས་ཀྱི་འདམ་ཀར་འཇུག་པར་བཟང་སྤྱོད་ཀྱི་ཁྲིམས་རང་སྲུང་ལག་བསྟར་མ་བྱས་ན། ཁོང་ཚོ་ཉམས་རྒུད་འགྲོ་ཡི་ཡོད། དེ་དང་འདྲ་བར། གལ་སྲིད་སྤྱི་ཚོགས་ནང་ཡོད་པའི་ཚོགས་སྡེ་འདྲ་མིན་གྱིས་ཐུན་མོང་གིས་མཉམ་སྤྱོད་བྱེད་པའི་བཟང་སྤྱོད་ཀྱི་རྩ་འཛིན་ཁག་ལ་སྲུང་བརྩི་མ་ཞུས་ན། སྤྱི་ཚོགས་དེ་ཡང་ཉམས་ཆག་འགྲོ་རྒྱུ་རེད། བཟང་སྤྱོད་ཀྱི་རྩ་འཛིན་ཁག་དེ་དག་གི་ནང་ནས་གལ་ཆེ་ཤོས་ནི། རང་གཅེས་འཛིན་གྱི་སྤྱོད་ཚུལ་སྤོང་རྒྱུ་དང་། དེའི་ཚབ་ཏུ་གཞན་གྱི་བདེ་སྡུག་ལ་བཅོས་མིན་གྱི་སེམས་འཁུར་ཐོག་གཞན་ཕན་སྒྲུབ་པར་འཇུག་རྒྱུ་དེ་ཡིན།
རིག་གཞུང་སྣ་འཛོམས་ཀྱི་སྤྱི་ཚོགས་ནང་། སྡེ་ཚན་ཚོ་ཁག་སོ་སོར་རང་རང་གི་ཆོས་ལུགས་ཡང་ན་ལྟ་གྲུབ་ངེས་ཅན་རེར་ཡོད། དེས་ཚོ་ཁག་སོ་སོར་བཟང་སྤྱོད་ཀྱི་སྤྱོད་ལམ་སྐོར་སློབ་སྟོན་དང་ལམ་སྟོན་བྱེད་ཀྱི་རེད། ཡང་སྤྱི་ཚོགས་ཀྱི་ཚོགས་མི་འགའ་ཤས་ཀྱིས་ཆོས་ལུགས་སམ་ཡང་ན་ལྟ་གྲུབ་བྲེ་བྲག་གང་ཡང་ཁས་ལེན་བྱེད་ཀྱི་མེད། དེ་འདྲ་སོང་ཙང་། ཚོ་ཁག་རེ་རེར་རང་གཅེས་འཛིན་གྱི་བློ་ཆུང་དུ་གཏོང་བ་དང་མཉམ་དུ་གཞན་ཕན་གྱི་བློ་སྐྱེད་པའི་ཐབས་ལམ་ཁག་མི་འདྲ། འོན་ཀྱང་དམིགས་ཡུལ་ཚང་མ་གཅིག་མཚུངས་ཏེ། དེ་ནི་སྣ་འཛོམས་རིག་གཞུང་དང་ལྡན་པའི་སྤྱི་ཚོགས་དེ་མཐུན་སྒྲིལ་དང་བདེ་སྐྱིད་ཡོང་བ་བྱེད་རྒྱུ་དེ་རེད། དེ་འདྲའི་སྤྱི་ཚོགས་ཤིག་ནི་ཚོགས་མི་ཚང་མས་ཕན་ཚུན་བསམ་ཤེས་ཐུབ་པ་དང་། ཕན་ཚུན་དབར་གུས་ཞབས། དེ་བཞིན་མཉམ་ལས་བྱེད་ཐུབ་པ་ལ་བརྟེན་ནས་འབྱུང་གི་ཡོད།
གནད་དོན་འདི་མཚོན་པར་བྱེད་པའི་ཆེད་དུ་ཁྱེད་ལྷོ་སྣེའི་མཐའ་གླིང་ཉམས་ཞིབ་བྱེད་མཁན་གྱི་གྲུ་གཟིངས་ནང་དུ་ཡོད་པའི་འགྲུལ་པ་ཞིག་ཡིན་པ་ཆ་བཞག་ནས། གནས་ལྷོ་སྣེའི་མཚོ་ཁར་ཕྱི་ལོ་ ༢༠༡༣ ལོའི་ཟླ་བཅུ་གཉིས་པའི་ནང་གནས་དེར་གྲུ་རྒྱ་མཚོའི་འཁྱགས་རོམ་དཀྱིལ་ལུས་ཡོད་པར་ཆ་བཞག་གི་ཡིན། གྲུའི་ནང་ཚན་རིག་མཁས་པ་དང་འགྲུལ་པ་ཁྱོན་མི་གྲངས་ལྔ་བཅུ་ལྔ་གཉིས་མུ་མཐུད་འགྲུལ་སྐྱོད་མི་ཐུབ་པར་དེར་ཉིན་གྲངས་བཅུའི་རིང་ལུས། ཁོང་ཚོ་ཉེན་ཁ་ལས་སྐྱོབ་མཁན་རྒྱ་ནག་གི་གྲུ་ཞིག་གིས་འགྲུལ་པ་རྣམས་གནམ་ཐོག་ནས་ཉེན་ཁ་མེད་པའི་གནས་སུ་བསྐྱལ་ཡང་། ལྷག་མ་གྲུ་གཟིངས་ཀྱི་ལས་མི་རུ་ཤོག་ནི་དུས་ཚོད་དེ་ལས་མང་བའི་རིང་གནས་དེར་ལུས། དཀའ་སྡུག་དེ་མྱོང་བའི་སྐབས་སུས་ཀྱང་ཁོང་ཚོ་གནས་དེར་དུས་ཚོད་ཇི་ཙམ་རིང་སྐྱོབ་མཁན་མི་སླེབས་བར་བསྡད་དགོས་ཀྱི་ཡོད་པ་ཤེས་ཀྱི་མེད། རུ་ཁག་དེ་ཁོར་ཡུག་སྡུག་པོ་དང་ཟས་ཡུན་རིང་འདང་ངེས་མེད་པའི་གནས་སྟངས་དེའི་འོག་འཚོ་ཐུབ་པ་བྱེད་པའི་ཐབས་ལམ་གཅིག་པུ་ནི་ཕན་ཚུན་མཉམ་མཐུན་དང་མཉམ་ལས་བྱེད་རྒྱུ་དེ་རེད། གལ་སྲིད་མི་ངོ་རེས་རང་ཉིད་གཅིག་པུའི་ཁེ་ཕན་ལ་བསམ་བློ་བཏང་ན། དེའི་འཇུག་འབྲས་ནི་བཀྲ་མི་ཤིས་པའི་རྐྱེན་ངན་ཡོང་རྒྱུ་ལས་མེད། དེའི་སྐབས་རང་སོ་སོ་ཆོས་ལུགས་དང་རིག་གཞུང་འདྲ་མིན་གྱི་རྒྱབ་ལྗོངས་གང་ནས་ཡིན་པ་ལ་མ་ལྟོས་པར། མི་ཚང་མ་འཚོ་གནས་ཐུབ་པའི་འགག་རྩ་ནི་གཞི་རྩའི་བཟང་སྤྱོད་ཀྱི་རྩ་འཛིན་ཁག་ལ་ཚང་མས་སྲུང་བརྩི་ཞུ་རྒྱུ་དེ་རེད།
འགྲུལ་པ་དེ་དག་གི་ནང་བོད་བརྒྱུད་ནང་བསྟན་དང་། ཁ་ཆེ། ཡེ་ཤུ། ཀོང་ཙེའི་ཆོས་ལུགས་ནས་ཡིན་པ་རྣམས་དང་། དེ་བཞིན་གྲུའི་ནང་ཡོད་པའི་ཚང་མས་གུས་ཞབས་བྱེད་སའི་རིས་མེད་ཀྱི་དབུ་ཁྲིད་གཅིག །ད་དུང་སྒྲིག་འཛུགས་ལྡན་པའི་ཆོས་ལུགས་སམ་ཡང་ན་ལྟ་གྲུབ་གང་རུང་གི་རྗེས་འབྲངས་པ་མ་ཡིན་པ་རྣམས་ཀྱང་ཚུད་ཡོད་པར་ཆ་བཞག་ན། དབུ་ཁྲིད་དེ་དག་རེ་རེའི་ངོས་ནས་གོང་དུ་བཤད་པའི་དཀའ་ངལ་དེ་ལ་གདོང་ལེན་གང་འདྲ་བྱེད་དམ། ཁོང་ཚོ་མི་ངོ་རེའི་བསམ་བློ་གཏོང་ཕྱོགས་གང་འདྲ་ཡོད་པ་དང་། སོ་སོའི་ཚོ་ཁག་ནང་ཡོད་པའི་མི་གཞན་ལ་ལམ་སྟོན་ཇི་ལྟར་བྱེད་ངེས་ཡིན་ནམ། གང་ལྟར་ཡང་། མི་ཚང་མ་སེམས་ཁྲལ་དང་འཇིགས་སྣང་བྱུང་ཡོད། དེར་མ་ཟད། འགྲུལ་པ་འགའ་ཤས་ཀྱིས་ཁོང་ཚོར་གནས་ཚུལ་གང་འཕྲད་པ་ལ་ཁོང་ཁྲོ་ཟ་བའམ་ཡང་ན་ཁ་རྩོད་རྒྱག་སླ་བ་ཆགས་པ་དང་། མི་ཕལ་ཆེ་བ་སེམས་ངལ་ནང་བསྡད་ཡོད།
བོད་བརྒྱུད་ནང་བསྟན་ལ་གཞི་བཞག་པའི་བཟང་སྤྱོད་ཀྱི་རྣམ་གཞག་གོང་སྤེལ་གཏོང་ཐབས།
བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་ཀྱིས་ཚོ་ཁག་ནང་ཡོད་པའི་ནང་པ་གཞན་ལ་འཕཌ་ཡུལ་གྱི་མཁས་པ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་བཟོད་པའི་སྐོར་གསུངས་པའི་གདམས་ངག་དྲན་སྐུལ་གནང་སྲིད། དེ་ཡང་ཇི་སྐད་དུ། “གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགར་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །མི་དགའ་བྱས་ཀྱང་དེས་ཅི་ཕན།” །ཚིག་གཞན་བེད་སྤྱོད་བྱས་ནས་བཤད་ན། གལ་སྲིད་དཀའ་ངལ་ཞིག་སེལ་ཆེད་ཁྱེད་ལ་ཐབས་ཤེས་ཡོད་ན། རླུང་ལངས་ནས་བསྡད་ན་ཕན་ཐོགས་ཅི་ཡང་མེད། དེ་ལས་དཀའ་ངལ་དེ་སེལ་ཐུབ་པ་བྱེད་དགོས། འོན་ཀྱང་གལ་སྲིད་ཁྱེད་ལ་ཐབས་ཤེས་གང་ཡང་མེད་ན། ཅིའི་ཕྱིར་རླུང་ལངས་ཀྱི་ཡོད། དེ་ལྟར་བྱས་ན་ཕན་ཐོགས་མེད་པ་དང་ཁྱེད་དེ་བས་སེམས་མི་སྐྱིད་པ་ཆགས་རྒྱུ་རེད། བྱས་ཙང་། ཁོང་ཁྲོའམ་ཡང་ན་སེམས་ངལ་བྱས་ན་བསྡད་ན་ཕན་ཐོགས་མེད། དེའི་ཚབ་ཏུ་ཁྱེད་ཀྱིས་བཟོད་པ་དང་སྙིང་སྟོབས་གོང་འཕེལ་བཏང་ནས་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་པ་དགོས།
གྲུ་གཟིངས་འཁྱགས་རོམ་དཀྱིལ་ལ་འགགས་ནས་འགྲུལ་སྐྱོད་བྱེད་མི་ཐུབ་པའི་དཀའ་ངལ་དེ་འདྲའི་ནང་དུ་རང་ཉིད་ཚུད་སྐབས་གང་གིས་ཕན་ཐོགས་ཤེ་ན། དངོས་པོའི་གནས་ལུགས་དང་མཐུན་པའི་བློའི་འཁྱེར་ཕྱོགས་ཤིག་ཡོད་ན་དེས་ཕན་ངེས་རེད། ཐོག་མར། དཀའ་ངལ་གྱི་གནས་སྟངས་དེ་རྐྱེན་མང་པོ་ཚོགས་པ་ལ་བརྟེན་ནས་བྱུང་ཡོད་པ་ལས། མི་གཅིག་གམ་ཡང་ན་རྐྱེན་གཅིག་ལ་ཁག་དཀྲི་བྱས་ནས་ཁོང་ཁྲོ་ཟ་ཡུལ་མེད། ཁྱེད་ཚོ་མི་ངོ་རེ་ཡང་རྐྱེན་མང་པོ་ཞིག་ལ་བརྟེན་ནས་གྲུ་གཟིངས་ནང་དུ་སླེབས་ཡོད། ཐོག་མར། རྟོགས་ཞིབ་འགྲུལ་བཞུད་དེའི་ནང་དུ་ཁྱེད་ཚོ་མི་ངོ་རེས་མཉམ་ཞུགས་བྱེད་དགོས་པའི་རྒྱུ་མཚན་འདྲ་མིན་ཡོད། རྒྱུ་མཚན་དེ་དག་ནང་མི་ངོ་རེས་ཚན་རིག་གི་ཤེས་བྱའི་གནས་ལ་འབད་བརྩོན་བྱས་ནས་མཁས་པར་གྱུར་ཡོད་པ་དང་། ཡང་ན། སྒེར་གྱི་ངོས་ནས་དོ་སྣང་ཡོད་པ། དཔལ་འབྱོར་གྱི་ཆ་རྐྱེན་དང་དུས་ཚོད་ཁོམ་པ་ཡོད་པ་ལ་བརྟེན་གནས་དེར་འཛོམས་ཡོད། དེ་བཞིན་རང་གི་ཚེ་སྔོན་མའི་ལས་ཀྱི་འབྲས་བུ་སྨིན་པ་ལ་བརྟེན་ནས་ཚེ་འདིར་གནས་སྟངས་འདིའི་ནང་ཚུད་ཡོད། དེ་ནས་ཡང་གཞན་གྱི་ཤུགས་རྐྱེན་ལ་བརྟེན་ནས་རྟོགས་ཞིབ་འགྲུལ་བཞུད་ནང་མཉམ་ཞུགས་བྱེད་དགོས་པའི་རྒྱུ་རྐྱེན་ཡོད་པ་ཙམ་དུ་མ་ཟད། ཁྱེད་དེའི་ནང་མཉམ་ཞུགས་བྱེད་ཐུབ་པའི་རྐྱེན་གཞན་དཔེར་ན། ནང་མི་ཡང་ན་ལས་ཀ་སྤྲོད་མཁན་གྱི་ངོས་ནས་དགག་པ་མེད་པ་སོགས་ལ་བརྟེན་ནས་དེར་འཛོམས་ཡོད། ཡང་ཚན་རིག་གི་རྟོགས་ཞིབ་ཆེད་འགྲུལ་བཞུད་དེ་བྱེད་དགོས་པའི་རྒྱུ་མཚན་དང་། ཕྱོགས་ཐོན་གྱི་ཚེས་གྲངས་ངེས་ཅན་ཞིག་བདམ་དགོས་པའི་རྒྱུ་མཚན། གྲུ་གཟིངས་ཀྱི་གནས་སྟངས་དང་གྲུ་དེ་བདམ་དགོས་པའི་རྒྱུ་མཚན། ལྷོ་སྣེའི་མཐའ་གླིང་གི་ས་བབས་ཀྱི་གནས་ཡུལ། གནམ་གཤིས་ལ་སོགས་པའི་རྒྱུ་རྐྱེན་མང་པོ་འཛོམས་ཡོད། རྒྱུ་རྐྱེན་དེ་དག་ཚང་མ་འཛོམས་པ་ལ་བརྟེན་ནས་འཁྱགས་རོམ་དཀྱིལ་དུ་ལུས་དགོས་པ་ཆགས་ཡོད། དེ་ནི་དངོས་ཡོད་ཀྱི་གནས་སྟངས་ཞིག་རེད། རྒྱུ་རྐྱེན་དེ་དག་ནང་ནས་གལ་སྲིད་གང་རུང་ཞིག་ཚང་མེད་ན་ཁྱེད་དཀའ་ངལ་དེའི་ནང་ཚུད་མེད། དེ་ལྟར་རྒྱུ་དེ་དག་རྐྱེན་སྣ་ཚོགས་བསྡུས་པའི་དྲྭ་བ་སྟུག་པོ་ཞིག་དང་འདྲ་བའི་གནས་སྟངས་འོག་དམིགས་སུ་དཀར་ནས་ཁག་དཀྲི་བྱེད་ས་དང་ཁོང་ཁྲོ་ཟ་ཡུལ་ཞིག་འདུག་གམ། བྱས་ཙང་། རང་ཉིད་ཁོང་ཁྲོ་ཟ་བ་དང་སྤྲོ་ལངས་པ་དོ་སྣང་བྱུང་བའམ། ཡང་ན། ཁྱེད་ལ་སེམས་ངལ་བཟོ་མཁན་གྱི་བསམ་བློའི་རིགས་མང་པོ་འཁོར་ན། ཁྱེད་ཀྱི་སྣ་བུག་ནས་དབུགས་དལ་གྱིས་ལེན་ནས་དབུགས་འབྱིན་རྔུབ་ལ་དོ་སྣང་བྱས་སྟེ་སེམས་ཞི་བར་བྱེད་དགོས། གལ་སྲིད་ཁྱེད་ཀྱིས་ཐབས་དེས་ཕན་གྱི་འདུག་བསམས་ན། དབུགས་འབྱིན་རྔུབ་ཐེངས་བཅུ་གཅིག་བར་དུ་གྲངས་ཀ་བརྩིས་ནའང་འགྲིག་པ་ཡིན།
གནམ་གཤིས་དྭངས་ནས་སྐྱོབ་མཁན་གྱི་གྲུ་གཟིངས་ཞིག་མ་སླེབས་བར་དུ་སུས་ཀྱང་སྲོག་སྐྱོབ་ཀྱི་ལས་དེ་ཇེ་མགྱོགས་སུ་གཏོང་མི་ཐུབ་པ་དེ་སེམས་ནང་དྲན་དགོས། གལ་སྲིད་གནས་སྟངས་གང་ཡོད་པ་དེ་ལ་ང་ཚོའི་ནང་གི་མི་གང་རུང་ཞིག་གིས་སྟངས་འཛིན་བྱེད་ཐུབ་པའི་ནུས་པ་ཡོད་པ་ངོས་འཛིན་བྱས་ན། དེ་ནི་དངོས་སུ་ཡོང་མི་སྲིད་པའི་ལྷ་སྒྲུང་ལྟ་བུ་ཞིག་རེད། གང་ཡིན་ཟེར་ན། གནས་ཚུལ་གང་འཕྲད་པ་དང་ང་ཚོས་དེ་གང་འདྲ་བྱས་ནས་སེལ་ཐབས་ཀྱི་འབད་བརྩོན་བྱེད་ཕྱོགས་དེ་ཡང་རྐྱེན་མང་པོ་ཞིག་ལ་རག་ལུས་ཡོད། མ་ཟད་དངོས་ཡོད་ཀྱི་གནས་སྟངས་ནི་ང་ཚོ་ཚང་མ་དཀའ་ངལ་དེའི་ནང་མཉམ་དུ་ཚུད་ཡོད་པ་ལས། དེ་ང་མི་སྒེར་གྱི་དཀའ་ངལ། ཡང་ན་ཁྱེད་མི་གཅིག་གི་དཀའ་ངལ་ཞིག་མ་རེད། འཚོ་གནས་ཐུབ་པ་བྱེད་རྒྱུ་དེ་མི་ཚང་མའི་དཀའ་ངལ་རེད། དེ་འདྲ་སོང་ཙང་། ང་ཚོས་རང་གཅེས་འཛིན་གྱི་བློ་དེ་ལས་བརྒལ་ཐུབ་པ་བྱས་ནས་མཉམ་དུ་དཀའ་ངལ་དེ་གང་འདྲ་བྱས་ནས་སེལ་རྒྱུར་བསམ་བློ་གཏོང་དགོས། ང་ཚོས་གནམ་གཤིས་ལ་སྟངས་འཛིན་བྱེད་མི་ཐུབ་ལ། ཡང་ན་སྐྱོབ་མཁན་གྱི་གྲུ་གཟིངས་ག་དུས་འབྱོར་དགོས་པ་ཚོད་འཛིན་བྱེད་མི་ཐུབ། འོན་ཀྱང་ང་ཚོས་རང་གི་སེམས་ཀྱི་གནས་བབས་དང་ལྷག་པར་དུ་ཕན་ཚུན་དབར་བརྩི་མཐོང་ལ་འགྱུར་བ་གཏོང་ཐུབ།
རང་གཅིག་པུའི་ཁེ་ཕན་ལ་བསམ་བློ་གཏོང་བའི་བློའི་འཁྱེར་སོར་འགྱུར་བ་གཏོང་བའི་ཐབས་ལམ་གཅིག་ནི། དེར་ཡོད་པའི་མི་ཚང་མ་སྐྱེ་བ་སྔོན་མའི་ནང་རང་ལ་ཕན་སེམས་དང་བརྩེ་བ་སྤྲོད་མྱོང་མཁན་གྱི་ཕའམ་མ་ཡིན་པས་ན། མི་ངོ་རེ་རང་གི་ཡུན་རིང་བོར་བརླག་ཏུ་སོང་ནས་སྐྱེ་བ་མང་པོའི་རིང་ཐུག་འཕྲད་བྱུང་མེད་པའི་ཕ་མ་ཡིན་པར་བལྟ་དགོས། གྲུའི་སྟེང་དུ་ཡོད་པའི་མི་ངོ་རེས་སྐྱེ་བ་སྔོན་མར་རང་ལ་བྱམས་སྐྱོང་བྱས་ཡོད་པ་དེ་བཀའ་དྲིན་ཆེན་པོ་ཡིན་པ་བསམ་ཤེས་བྱེད་ཐུབ་ན། ཁོང་ཚོའི་ནང་ནས་སུ་ཐུག་ཀྱང་རང་བཞིན་གྱིས་ཚོར་སྣང་ཡག་པོ་ཡོང་ཐུབ། དེ་འདྲའི་ཚོར་སྣང་བཟང་པོ་དེའི་སྟེང་དུ་གཞན་ལ་བདེ་བ་ཐོབ་པ་དང་སྡུག་བསྔལ་མི་འབྱུང་བའི་ཡིད་སྨོན་བྱེད་ཐུབ་པ་དགོས། གང་ཡིན་ཟེར་ན། མི་ཚང་མར་དེ་འདྲའི་རེ་འདོད་གཅིག་པ་ཡོད། ཁྱེད་དང་འདྲ་བར་མི་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་མཁན་ཤ་སྟག་རེད། དེའི་ཐད་ལ་ང་ཚོ་ཚང་མ་གཅིག་པ་རེད། དེའི་ཐོག་མི་ཚང་མར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་ཐོབ་ཐང་གཅིག་པ་ཡོད། ང་ཚོའི་ཡུན་རིང་འདང་ངེས་མེད་པའི་བཟའ་བཅའི་རིགས་ལ་ཆ་མཚོན་ན། མི་ངོ་རེ་ཟས་བཟའ་འདོད་ཡོད་ལ་ཟས་བཟའ་དགོས་ཀྱི་ཡོད། ཁྱེད་གྲོད་པ་ལྟོགས་པར་མི་འདོད་པ་བཞིན་གཞན་ཡང་དེ་ལྟར་མི་འདོད། རང་དང་གཞན་ལ་བལྟ་སྟངས་གཅིག་པ་འཛིན་པ་དེར་གཞི་བཞག་ནས། བརྩེ་བ་དང་སྙིང་རྗེའི་ངང་འགན་འཁུར་བླངས་ཏེ་གཞན་ལ་བདེ་སྐྱིད་སྤྲོད་པ་དང་སྡུག་བསྔལ་ལས་ཐར་བར་བྱེད་དགོས། དེ་ནི་དཀའ་ངལ་འོག་ཚུད་ཡོད་པའི་ཚོ་ཁག་གི་སྤྱི་ཡོངས་ཀྱི་བདེ་སྡུག་ལ་བསམ་ཞིབ་བྱས་ནས། རང་གི་ཚེ་འདི་རང་གི་ཕ་མ་གཉིས་ལ་ཕན་བཏགས་པ་བཞིན་གང་ཐུབ་ཅི་ཐུབ་ཀྱིས་ཕན་ཐོགས་བྱེད་དགོས།
ནང་པའི་དབུ་ཁྲིད་ཀྱིས་ཚོ་ཁག་ནང་ཡོད་པའི་ནང་པ་གཞན་ཚོར་ནུས་ཤུགས་དང་སྙིང་སྟོབས་འཕེལ་བ་དང་“གཏོང་ལེན་”ཉམས་ལེན་བྱས་ཏེ་གཞན་ལ་ཕན་འདོགས་དགོས་པའི་སློབ་སྟོན་གནང་སྲིད། དེ་ཡང་ཚང་མར་ཁ་ཁུ་སིམ་པོའི་ངང་ཉིན་རེར་སྒོམ་ཉམས་ལེན་ཐེངས་འགའ་ཤས་བྱས་ཏེ་གཙོ་བོ་རང་གི་དབུགས་འབྱིན་རྔུབ་ལ་དོ་སྣང་བྱས་པ་བརྒྱུད་སེམས་ཞི་བར་བྱེད་པའི་ཐབས་བསྟན་པ་དང་། ཁྱེད་ཀྱི་བརྩེ་བ་དང་སྙིང་རྗེའི་ཀུན་སློང་དེ་ཡང་བསྐྱར་ངེས་བརྟན་བཟོ་དགོས་པ་གསུངས་ཡོད་སྲིད། གཞན་སྡུག་བསྔལ་ལས་མཐར་ཐུབ་པའི་སྙིང་རྗེའི་འདུན་པ་ཤུགས་ཆེའི་ཀུན་སློང་འཁྱེར་ནས། མི་ངོ་རེའི་འཇིགས་སྣང་དང་སེམས་ཁྲལ་རྣམས་འོད་ནག་པོའི་རྣམ་པའི་ངང་ཁོང་ཚོའི་ལུས་དང་བྲལ་ཏེ་སྣ་བུག་ནང་ཁྱེད་ཀྱིས་དབུགས་དལ་གྱིས་ཐེངས་འགའ་ཤས་ལེན་དུས་ནང་དུ་འཛུལ་བ་ཡིད་ལ་འཆར་བ་བྱས་ཏེ། ཁྱེད་ཀྱི་སྙིང་དབུས་སུ་ཁྱེད་ཀྱི་ཞི་འཇམ་པོ་དང་དྭངས་གསལ་གྱི་སེམས་ནང་དུ་ཐིམ་པར་བྱེད་དགོས། དེ་འདྲའི་ཞི་འཇམ་དྭངས་གསལ་གྱི་གནས་བབས་ནང་ཡུད་ཙམ་རིང་ངལ་གསོ་དགོས།
དེ་ལྟར་ཁྱེད་ཀྱི་ཚེ་སྔོན་མའི་ཕ་མ་ཚོ་སེམས་ཀྱི་སྡུག་བསྔལ་ལས་བསྐྱབས་པར་བརྟེན་ཁྱེད་ལ་ཞི་འཇམ་བདེ་སྐྱིད་ཀྱི་ཚོར་སྣང་ཞིག་རང་བཞིན་ངང་ཐོབ་ཐུབ། དེ་ནས་བདེ་སྐྱིད་དང་། དྲོད་ལྡན། བརྩེ་བའི་ཞི་འཇམ་གྱི་ཚོར་བ་དེ་འོད་དཀར་པོའི་རྣམ་པའི་ཐོག་ཁྱེད་ཀྱི་སྙིང་དབུས་ནས་ཤར་ནས་ཁྱེད་ཀྱི་སྣ་བུག་བརྒྱུད་དབུགས་ཕྱིར་དལ་པོས་གཏོང་དུས་ཕྱིར་ཐོན་པ་སེམས་ནང་ཤར་བ་གྱིས། བརྩེ་བ་དང་བདེ་སྐྱིད་ཀྱི་འོད་དཀར་པོ་དེ་མི་ཚང་མའི་ལུས་ནང་དུ་འཛུལ་ནས་ཁོང་ཚོའི་ལུས་ནང་ཐིམས་ནས་ཚང་མའི་སེམས་ནང་ཞི་བདེ་དང་། སྤྲོ་ཉམས། བཟང་ཕྱོགས་ཀྱི་བློའི་འཁྱེར་ཕྱོགས་དང་ལྡན་པར་གྱུར། དེ་ལྟར་བྱེད་པའི་སྐབས་ལ་གལ་སྲིད་ཁྱེད་ཀྱིས་སྙིང་རྗེའི་གཟུངས་སྔགས་ “ཨོཾ་མ་ཎི་པདྨེ་ཧཱུྃ་” བཟླས་ན། དེས་ཁྱེད་ཀྱི་སེམས་ཞི་བར་གནས་པ་དང་། བློ་རྩེ་གཅིག་ཏུ་གནས་པ། སྙིང་རྗེ་ལ་དྲན་པ་བསྟེན་རྒྱུར་ཕན་ཐོགས་ཡོད།
སྒོམ་ཉམས་ལེན་བྱས་ན་གྲུའི་ནང་དུ་ཡོད་པའི་མི་གཞན་རྣམས་ལ་ཐད་ཀར་ཕན་ཐོགས་གང་ཡང་མེད་ཀྱང་། དེས་ཁྱེད་ལ་གནས་སྟངས་དེར་གདོང་ལེན་ཐུབ་པའི་ཆེད་སྟོབས་ཤུགས་དང་སྙིང་སྟོབས། རང་གིས་རང་ལ་གདེང་ཚོད་སྤྲོད་ཐུབ་པ་དང་། རང་ཉིད་ཀྱང་རང་བཞིན་གྱིས་སེམས་ལ་ཞི་བདེ་དང་། སྤྲོ་ཉམས། བློའི་འཁྱེར་སོ་བཟང་པོ་ཞིག་ཡོང་བར་ཕན་ཐོགས་ཡོད། གང་ལྟར་ཡང་། ཉམས་ལེན་འདིས་མི་གཞན་ལ་ཐད་ཀར་མིན་ཡང་ཤུགས་ཀྱིས་ཤུགས་རྐྱེན་སྤྲོད་ཀྱི་ཡོད། གང་ཡིན་ཟེར་ན། སྒོམ་ཉམས་ལེན་བྱས་པ་ལ་བརྟེན་ནས་ཁྱེད་ཀྱིས་ཇི་ལྟར་གཞན་དང་མཉམ་དུ་འབྲེལ་འདྲིས་དང་གླེང་མོལ་བྱེད་ཚུལ་གྱིས་གཞན་ལ་དཔེ་མཚོན་བཟང་པོ་བཞག་ནས་ཁོང་ཚོར་སེམས་སྐུལ་ཐེབས་ཐུབ།
ཁ་ཆེའི་ཆོས་ལུགས་ལ་གཞི་བཞག་པའི་ཐབས་ལམ་ཁག།
དེ་ནས་ཁ་ཆེའི་ཆོས་ཀྱི་དབུ་ཁྲིད་ཀྱིས་གྲུ་གཟིངས་ནང་ཡོད་པའི་ཁ་ཆེ་གཞན་རྣམས་ལ་བཀའ་མོལ་གནང་ཡོད་སྲིད་པ་རེད། ཁོང་གིས་ང་ཚོ་འཁྱགས་རོམ་དཀྱིལ་ལ་ལུས་དགོས་པ་དེ་དཀོན་མཆོག་གི་འདོད་པའམ་འདུན་པ་ཡིན་པ་དང་། གནས་ཚུལ་གང་འབྱུང་བ་ལ་ང་ཚོས་སྟངས་འཛིན་བྱེད་མི་ཐུབ་པས། ད་ནི་ང་ཚོའི་སྲོག་སྐྱོབས་པའམ་ཡང་ན་རྐྱེན་ངན་འདིའི་ནང་སྲོག་ཤོར་རྒྱུ་ཡིན་པ་ནི་དཀོན་མཆོག་གི་ཕྱག་ཏུ་ཡོད་རེད། འོན་ཀྱང་དྲན་དགོས་པ་ཞིག་ནི། དཀོན་མཆོག་ཁོང་ནི་སྙིང་རྗེའི་བདག་ཉིད་ཡིན་པ་དང་། ལྷག་པར་དུ་རང་གི་ནོར་འཁྲུལ་ཡོ་བསྲང་དང་འགྱོད་བཤགས་བྱེད་མཁན་ལ་དེ་བས་སྙིང་རྗེས་བཟུང་གི་ཡོད། བྱས་ཙང་། གལ་སྲིད་ཁྱེད་ཀྱིས་དཀོན་མཆོག་ལ་དད་པ་བརླགས་ནས་ཐེ་ཚོམ་སྐྱེ་འགོ་ཚུགས་ན། འགྱོད་བཤགས་བྱས་ནས་དཀོན་མཆོག་གིས་བཟོད་གསོལ་གནང་བའི་རེ་སྐུལ་ཞུ་དགོས། དཀོན་མཆོག་གི་དྲང་བདེན་ཐག་གཅོད་ལ་ཐེ་ཚོམ་སྤུ་ཙམ་མེད་པར་ཡིད་ཆེས་གཙང་མ་བྱས་ན་སེམས་ཁྲལ་ཡང་བྱེད་དགོས་དོན་མེད་ཅེས་འགྲེལ་བརྗོད་གནང་སྲིད།
ཁ་ཆེའི་དབུ་ཁྲིད་དེས་ཁོང་ཚོར་ཁ་ཆེའི་ཆོས་ལུགས་ཀྱི་ཆ་ཚད་གསུམ་སྟེ། དཀོན་མཆོག་དང་དཀོན་མཆོག་གི་འདོད་པར་དང་ལེན་ཡང་ན་མགོ་འབུལ་ཞུ་བ་དང་། དཀོན་མཆོག་གིས་གང་བཀོད་པ་ཐམས་ཅད་ཀྱི་མདུན་ལ་སྙེམ་ཆུང་ཐོག་དཀོན་མཆོག་ལ་དད་པ་བྱེད་པ། དཀོན་མཆོག་གིས་བཀོད་པ་ཐམས་ཅད་ལ་གཤིས་སྤྱོད་དང་སྲི་ཞུ་གཉིས་ཀའི་ཐོག་ནས་ཁྱད་དུ་འཕགས་པ་བཅས་གསུམ་པོ་དྲན་སྐུལ་གནང་སྲིད། ཁོང་གིས་མི་ཚོར་དཀོན་མཆོག་གི་འདོད་པ་ལ་དད་པ་གཡོ་བ་མེད་ན། ཁྱེད་ཀྱི་སེམས་ཡོངས་སུ་ཞི་བ་དང་ལྡན་པ་དང་། དྭོགས་པ་དང་སེམས་ཁྲལ་བྱེད་དགོས་དོན་གང་ཡང་མེད་པའི་བཀའ་སློབ་གནང་སྲིད།
ཁོང་གིས་ད་དུང་ཡང་བྱེད་པོ་དཀོན་མཆོག་གིས་མི་ཚང་མའི་སྙིང་དབུས་སུ་ཁོང་གི་གདོད་མ་ནས་དག་པའི་གནས་བབས་བླ་སྲོག་གི་རྣམ་པ་དང་ལྡན་པའི་ཐོག་མི་ཚང་མ་བཀོད་ཡོད་པ་དང་། ཁྱེད་ཚོའི་ནང་གི་མི་ཕོ་མོ་ངོ་རེར་རང་གི་ཁྱད་ཆོས་བཟང་པོའི་རིགས། དཔེར་ན་བརྩེ་བ་ལྟ་བུ་ལ་སོགས་ལྡན་པའི་ཐོག་བཀོད་ཡོད་པ་དྲན་སྐུལ་གནང་སྲིད། དཀོན་མཆོག་གིས་ང་ཚོར་བཅངས་པའི་བརྩེ་བ་དེ་ནི་ཁོང་གིས་བཀོད་པའི་ཁྱད་འཕགས་ཐམས་ཅད་ལ་ཁོང་གི་སེམས་ཐག་ཉེ་བའི་ཚོར་སྣང་དེ་རེད། ཁྱེད་ཀྱི་ངོས་ནས་དཀོན་མཆོག་ལ་རང་གི་བརྩེ་བ་མཚོན་ཐབས་བྱེད་པའི་ཐབས་ལམ་ཡག་ཤོས་ནི། དཀོན་མཆོག་གིས་གང་བཀོད་པ་ཐམས་ཅད་ལ་ཞབས་ཞུ་རྣམ་དག་འབུལ་བའི་སྒོ་ནས་གསོལ་མཆོད་བྱ་རྒྱུ་དེ་རེད། ལྷག་པར་དུ་སེམས་པ་བཟང་པོའི་བྱ་སྤྱོད་ཐོག་ནས་འགྲུལ་པ་རོགས་པ་གཞན་ཚང་མར་ཁྱེད་ཀྱིས་ཕན་པ་སྒྲུབ་དགོས་པ་དེ་རེད། གང་ལྟར་ཁ་ཆེའི་གསུང་རབ་ཁུ་རཱན་ནང་གང་སློབ་སྟོན་གནང་ཡོད་ཟེར་ན། དགེ་བའི་ལས་བཟང་པོ་སྒྲུབ་མཁན་དང་། རང་ཉིད་སྐྱོན་བྲལ་དུ་གནས་མཁན། ཁྲིམས་དང་རང་གི་ཁས་ལེན་དམ་བཅའ་དང་མཐུན་པའི་ཐོག་བྱ་སྤྱོད་མ་ནོར་བ་སྤེལ་མཁན། དཔེར་ན། ཉིན་རེར་སྨོན་ལམ་ཐེངས་ལྔ་འདེམས་པ་དང་། དེ་བཞིན་དྲང་བདེན་བྱེད་མཁན་བཅས་ལ་དཀོན་མཆོག་གིས་དགའ་པོ་གནང་གི་ཡོད་སྐོར་སློབ་ཀྱི་ཡོད།
ཁྱེད་ཀྱིས་གཞན་ལ་ལྷད་མེད་ཀྱི་སྒོ་ནས་བརྩེ་བ་སྤྲད་པའི་སྐབས། ཁྱེད་ཀྱི་བརྩེ་བ་དེ་སྐྱེ་བོ་ཁོང་རང་ཚོའི་ཆེད་དུ་མ་ཡིན་པར། དེ་ནི་ཁོང་ཚོའི་རྒྱུད་ལ་ཁྱད་འཕགས་ཀྱི་ཡོན་ཏན་དང་གཤིས་སྤྱོད་བཟང་པོ་བསྐྲུན་མཁན་གྱི་བྱེད་པོ་དཀོན་མཆོག་ལ་བརྩེ་བ་བཅང་གི་ཡོད་པ་དྲན་དགོས། བྱས་ཙང་། ཁྱེད་ཀྱིས་འཇིགས་སྣང་དང་། དྭོགས་པ། རང་གཅེས་འཛིན་གྱི་བསམ་བློའི་རིགས་ལ་འཐབ་རྩོད་བྱེད་དགོས་ཤིང། འཐབ་རྩོད་ནང་ནས་ཚད་མཐོ་ཤོས་ནི་ཁྱེད་ཀྱི་བློ་རྨོངས་པ་ལ་བརྟེན་ནས་བྱུང་བའི་བཀའ་བཀོད་ངན་པའི་རིགས་ཀྱིས་རང་ཉིད་བྱེད་པོ་དཀོན་མཆོག་དྲན་པ་བརྗེད་པ་བཟོ་མཁན་དང་། གནོད་བྱེད་ཀྱི་བསམ་བློ་དང་སྤྱོད་ལམ་རྒྱུད་སྐུལ་བྱེད་མཁན་གྱི་ཆ་དེ་ཚོར་འཐབ་རྩོད་བྱེད་རྒྱུ་དེ་རེད།
ཡེ་ཤུ་ཆོས་ལུགས་ལ་གཞི་བཞག་པའི་ཐབས་ལམ་ཁག།
དེའི་རྗེས་ལ་ཡེ་ཤུ་ཆོས་ལུགས་ཀྱི་དབུ་ཁྲིད་ཀྱིས་གྲུའི་ནང་ཡོད་པའི་ཡེ་ཤུ་ཆོས་ལ་དད་པ་ཡོད་མཁན་ཚོར། བྱེད་པོ་དཀོན་མཆོག་གམ་ང་ཚོའི་ཕ་ཡིས་ང་ཚོ་ཚང་མ་ཁོང་གི་བརྩེ་བས་ཀུན་ནས་བསླངས་ཏེ་བཟོ་བཀོད་གནང་ཡོད་པའི་ཐད་སློབ་ཁྲིད་དང་དྲན་སྐུལ་གནང་སྲིད། བརྩེ་བ་དེ་ལ་ཁྱེད་ཀྱིས་ག་ཚོད་དྲན་ཤེས་བྱེད་ཐུབ་ན་དེ་རྩིས་ཀྱིས་ཁྱེད་དཀོན་མཆོག་དང་བར་ཐག་ཉེ་བ་ཡོད། དེ་ལྟ་བུའི་དཀོན་མཆོག་དང་བར་ཐག་ཉེ་བའི་ཚོར་བ་ཞིག་མྱོང་བའི་ཐབས་ལམ་ཡག་ཤོས་ནི། བརྩེ་བའི་སྒོ་ནས་ཁྱེད་རང་བྱེད་པོ་དཀོན་མཆོག་གིས་བསྐྲུན་པ་ལ་གཞི་རྩ་བཞག་པའི་བཟང་སྤྱོད་དང་རིན་ཐང་ཁག་སྲུང་བརྩི་བྱེད་དགོས་པ་དེ་རེད། དཀོན་མཆོག་གིས་ཚང་མ་ཁོང་གི་གཟུགས་བརྙན་གྱི་རྣམ་པའི་ནང་ཁོང་གི་བརྩེ་བའི་མདངས་ཀྱིས་ཁེངས་པ་བྱས་ནས་བཀོད་ཡོད། དེར་བརྟེན་ཚང་མས་དེ་འདྲའི་བརྩེ་བ་འདོན་ཐུབ་པའི་ནུས་པ་ཡོད།
སྟོན་པ་ཡེ་ཤུ་ལ་ཆ་མཚོན་ན། ཁོང་གིས་རང་ཉིད་ཀྱི་བདེ་ཐང་ངམ་ཉེན་སྲུང་ལ་མ་དགོངས་པར་ང་ཚོ་ཚང་མའི་ཆེད་དུ་སྡུག་སྦྱོང་མྱངས་ནས་མཐར་རྒྱངས་ཤིང་ཀུར་རྟགས་ཅན་གྱི་ཐོག་ཏུ་སྐུ་གཤེགས་ཤིང་། ཡང་ང་ཚོ་ཚང་མ་རང་གི་སྡིག་པ་ལས་སྐྱོབ་པའི་ཆེད་འདས་ལོག་གི་མཛད་པ་བསྟན་ཡོད། གལ་སྲིད་ཁྱེད་ཀྱིས་སྟོན་པ་ཡེ་ཤུ་ལ་དད་པ་ངོ་མ་ཡོད་ན། ཁོང་གིས་རང་དོན་མེད་པའི་ཐོག་ནད་པ་དང་། དབུལ་པོ། ཉམས་ཐག་ཚོར་ལྟ་སྐྱོང་བྱས་ནས་བརྩེ་བས་གཞན་གཅེས་འཛིན་བྱས་པའི་མིག་དཔེའི་རྗེས་སུ་འབྲངས་དགོས། དཀོན་མཆོག་གིས་ཁོང་ཚོ་ཚང་མ་བཀོད་ཡོད་པ་དང་། དེ་ལྟར་བཀོད་དགོས་པའི་རྒྱུ་མཚན་ཞིག་ཀྱང་ཡོད། དེར་བརྟེན་ཁྱེད་ཀྱི་ངོས་ནས་ཁོང་ཚོ་ཚང་མར་གུས་ཞབས་དང་། ལྷག་པར་དུ་ཉམས་ཐག་ཚོར་དཀོན་མཆོག་གི་ཕྲུ་གུ་བཞིན་གུས་ཞབས་བྱེད་དགོས། དེར་མ་ཟད། དཀོན་མཆོག་གིས་ང་ཚོ་འཁྱགས་རོམ་དཀྱིལ་ལ་ལྷག་པའི་གནས་སྟངས་ནང་ཚུད་པ་བྱས་དགོས་དོན་ནི། ང་ཚོའི་དད་པར་ལྟ་ཚོད་བྱ་བའི་ཆེད་དུ་རེད། གྲུའི་ནང་དུ་ཡོད་པའི་མི་མང་པོ་ཞིག་སེམས་ནང་འཇིགས་སྣང་གིས་ཁེངས་པ་དང་ཡིད་ཞུམ་གྱི་རེད། དཀོན་མཆོག་གི་ཕྲུ་གུ་དེ་ཚོར་སྟོན་པ་ཡེ་ཤུ་ཡིས་བརྩེ་བ་དང་བྱམས་སྐྱོང་གནང་བ་བཞིན་ལྟ་སྐྱོང་བྱས་ནས་རང་གི་དད་པ་ཡང་བསྐྱར་ངེས་བརྟན་བཟོ་བ་དང་ཤུགས་ཆེ་རུ་གཏོང་དགོས།
ཁུང་ཙིའི་ཆོས་ལུགས་ཀྱི་རྩ་དོན་གཞིར་བཞག་པའི་ཐབས་ལམ་ཁག།
དེ་ནས་ཁུང་ཙིའི་ཆོས་ལུགས་ཀྱི་དབུ་ཁྲིད་ཀྱིས་ཁོང་གི་ལྟ་གྲུབ་ལ་ཡིད་ཆེས་བྱེད་མཁན་གྱི་འགྲུལ་པ་ཚོར། སེམས་ཁྲལ་བྱེད་མི་དགོས་པ་དང་། སོ་སོས་མི་གཞན་ལ་ཡིའམ་ (义) ཡང་ན་ཚང་མར་དྲང་པོ་དྲང་གཞག་བྱེད་དགོས་པ། དེ་ཡང་ལིའམ་ (礼) ཡང་ན་དཀའ་ངལ་ལ་གདོང་ལེན་བྱེད་དུས་གང་ཞིག་ཚུལ་དང་མཐུན་པ་དང་རན་ཞིང་འཚམ་པ་ཡིན་པའི་སྐོར་ལམ་སྟོན་གནང་སྲིད། ཁྱེད་གསོན་པོར་གནས་པའམ་ཡང་ན་འཆི་བ་གང་འབྱུང་རུང་དེ་ནི་མིང་ (命) ངམ་ལས་སྐལ་ལ་རག་ལུས་ཡོད། འོན་ཀྱང་ཇི་སྲིད་བར་ཁྱེད་ཀྱིས་གང་ཞིག་དྲང་པོ་ཡིན་པ་དེ་བྱས་ན། ཕྱིས་སུ་འགྱོད་པ་མི་སྐྱེ་བ་ཡིན། དེར་སྐབས་དོན་གཞུང་གིས་ཛ་དྲག་གི་གནས་སྟངས་ལ་གཏན་འབེབས་བྱས་པའི་འགྲོ་ལུགས་ལག་བསྟར་བྱེད་དགོས་པ་དེ་རན་ཞིང་འཚམ་པ་ཞིག་ཡིན། ཞེང་མིང་ (正名) ངམ་མིང་དག་ཐེར་གྱི་རྩ་འཛིན་གཞིར་བཞག་ནས་གྲུ་དཔོན་གྱིས་སོོ་སོའི་ལས་འགན་སྒྲུབ་པ་དང་། གྲུའི་ནང་གི་འགྲུལ་པ་ཚོས་འགྲུལ་པའི་ལས་འགན་སྒྲུབ་པ། དེ་བཞིན་མཉམ་དུ་འགྲུལ་བཞུད་བྱེད་མཁན་གྱིས་འགྲུལ་པ་ཚོས་ཕན་ཚུན་ལུགས་མཐུན་ངང་བསྟུན་ན། གནས་སྟངས་དེ་གང་འདྲ་ཡོད་ཀྱང་ཚང་མ་མཐུན་སྒྲིལ་ངང་གདོང་ལེན་བྱེད་ཐུབ།
ཚང་མར་མི་གཞན་དང་བསྟུན་སྐབས་ “རན་ ” (仁) ནམ་བྱ་བ་གང་ཞིག་བཟང་པོ་དང་མ་ནོར་བ་བྱེད་ཐུབ་པའི་ནང་འཇོན་ནུས་དེ་ཡོད། རན་ནི་གཞན་ཀུན་དང་འབྲེལ་འདྲིས་བྱེད་སྐབས་བྱམས་སེམས་ལྡན་པའི་ཁྱད་ཆོས་ཏེ། དཔེར་ན། བརྩེ་བ་དང་། ཤེས་རབ། ལྷག་བསམ། དྲང་བདེན་ལ་སོགས་པའི་འབྱུང་ཁུངས་རེད། ཁྱེད་ཀྱི་ངོས་ནས་བཟང་པོའི་ཆེད་དུ་ནང་གི་ནུས་པ་དེ་རྒྱུད་ལ་སྦྱོང་ཐུབ་པ་བྱེད་དགོས། དེ་མེད་ན། ཁྱེད་ཀྱིས་དཀའ་ངལ་ལ་གདོང་ལེན་བྱེད་མི་ཐུབ་པ་དང་གང་ཞིག་རན་པ་དང་མ་ནོར་བ་ཡིན་པ་དེ་ལག་བསྟར་བྱེད་མི་ཐུབ།
ནང་གི་ནུས་པ་དེ་གང་རེད་དམ། ཞེས་དྲིས་པའི་སྐབས། ཁུང་ཙིས་དེའི་ལན་དུ། “ཐོག་མར་དཀའ་ངལ་རིགས་ཡོད་དུས། དུས་དེ་རང་ལ་དེ་ཚོར་གདོང་ལེན་བྱེད་པ་ལ་‘རན་’ ཟེར།” ཞེས་གསུངས།
ཕྱོགས་གཞན་ཞིག་ནས་ གནས་སྟངས་ཁག་པོ་ཞིག་འཕྲད་སྐབས། དཔེར་ན། ང་ཚོར་ད་ལྟ་འཕྲད་བཞིན་པའི་གནས་སྟངས་ལྟ་བུར་ཁྱེད་ཀྱིས་ཡང་དག་པ་དང་ལུགས་མཐུན་གང་ཡིན་པ་དེ་བྱ་ཕྱིར་ནང་གི་ནུས་པ་གོང་སྤེལ་བཏང་ན། ཁྱེད་གནས་སྟངས་གང་འདྲའི་ནང་ཡོད་ཀྱང་དེ་ལ་གདོང་ལེན་བྱས་ནས་བྱམས་སེམས་ལྡན་པའི་ཐབས་རན་པོའི་ཐོག་དེ་སེལ་ཐུབ་པ་དང་ཚང་མར་དྲང་པོ་བྱེད་ཐུབ། ཁ་དཔེ་དེའི་གོ་དོན་རྟོགས་པའི་འགྲེལ་བརྗོད་གཞན་ཞིག་ནི།
“དཀའ་ངལ་རིགས་ཡོད་དུས་མདུན་ལ་དང་པོ་ཐོན་ཐུབ་པ་དང་། ཁེ་ཕན་རིགས་ཡོད་ན་འཇུག་ལ་སྡོད་ཐུབ་པ་དགོས། དེ་ལ་རན་ ཟེར།”ཞེས་པའི་དོན་ཡིན།
དེས་ཤུགས་ཀྱིས་གང་བསྟན་ཡོད་དམ་ཟེར་ན། གནས་སྟངས་སྡུག་པོ་ཞིག་ནང་ཡོད་ན། ཁྱེད་ཀྱིས་གང་འགྲིགས་པ་དེ་བྱེད་དགོས། གང་ཡིན་ཟེར་ན། དེ་ནི་འགྲིགས་པ་རེད། དེ་ཡང་དེ་ལྟར་བྱས་པ་ལ་ཡུས་བཤད་པའམ་ཡང་ན་ཁེ་ཕན་ལེན་འདོད་དང་ཚུར་གཅིག་རག་འདོད་མེད་པའི་སྒོ་ནས་བྱེད་ཀྱི་ཡོད།
ཁྱེད་ཀྱིས་ལོ་རྒྱུས་ནང་བྱུང་བའི་སྐྱེས་བུ་དམ་པ་ཚོས་སྤྱི་ཚོགས་ཀྱི་དཀའ་རྙོག་ཤིག་བྱུང་སྐབས་བཟང་སྤྱོད་དང་མཐུན་པའི་ངང་དཀའ་ངལ་ལ་གདོང་ལེན་བྱེད་པའི་དཔེ་ཁག་ལ་བལྟས་ན། ཁྱེད་ཀྱིས་རང་གི་ནང་གི་ནུས་པ་འདི་ཇི་ལྟར་གོང་འཕེལ་གཏོང་དགོས་པ་ཤེས་ཐུབ། ཁུང་ཙིས།
“མི་ཞིག་གིས་རང་ཉིད་ལུགས་མཐུན་ཡོང་བའི་རེ་སྨོན་བྱས་ནས་བྱ་བ་བཟང་པོ་སྒྲུབ་པར་རང་གི་ནང་གི་ནུས་པ་གོང་སྤེལ་བཏང་ན། མི་དེས་མི་གཞན་དེ་ལྟར་ཡོང་བར་བྱེད། ཡང་མི་དེས་རང་ཉིད་གྲུབ་འབྲས་སོན་པའི་རེ་སྨོན་བྱས་ན། མི་གཞན་གྲུབ་འབྲས་སོན་པར་བྱེད།” ཅེས་གསུངས།
ཡང་ཁུང་ཙིས།
“རང་འདོད་དོན་གཉེར་གྱི་བློ་ལས་རྒྱལ་ཏེ། གང་ལུགས་དང་མཐུན་པའི་ལམ་ལ་བཞུགས་ན། དེ་ནི་བྱ་བ་བཟང་པོ་སྒྲུབ་པའི་ནང་གི་ནུས་པ་རེད། གལ་སྲིད་ཉིན་གཅིག་རིང་ཁྱེད་ཀྱིས་རང་འདོད་དོན་གཉེར་གྱི་བློ་ལས་རྣམ་པར་རྒྱལ་ནས་ལུགས་དང་མཐུན་པ་བྱས་ན། དེ་ནས་གནམ་འོག་ཏུ་གནས་པའི་མི་ཚང་མས་རན་ལ་ སྔར་སོར་ཆུད་པར་བྱེད།”ཅེས་གསུངས་ཡོད།
ད་དུང་མུ་མཐུད་དེ་རན་ ཟེར་ན་གང་རེད་དམ། ཞེས་བཀའ་འདྲི་ཞུས་སྐབས། ཁུང་ཙིས། རན་ནི་མི་གཞན་ལ་རྩེ་བ་སྤྲོད་རྒྱུ་དེ་རེད་ཅེས་དང་། རན་ ཡོད་མཁན་གྱི་མི་ཚོ་སྙིང་སྟོབས་དང་དཔའ་བློ་ཁོག་དང་ལྡན་པ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད། རང་གི་ནང་གི་ནུས་པ་གོང་སྤེལ་བཏང་ནས་ལུགས་དང་མཐུནཔར་་འགྲུལ་པ་ཞིག་གིས་སྒྲུབ་དགོས་པ་གང་ཡིན་པ་དེ་སྒྲུབ་དགོས་ཤིང་། གྲུ་དཔོན་གྱིས་ལམ་སྟོན་ལྟར་བྱེད་དགོས། དེ་ལྟར་བྱུང་ན། གནས་སྟངས་གང་ཞིག་འབྱུང་ནའང་ཁྱེད་རང་ངོ་ཚ་དགོས་དོན་མེད།
འགྲོ་བ་མིའི་གཞི་རྩའི་བཟང་སྤྱོད་ཀྱི་རིན་ཐང་ལ་གཞི་བཞག་པའི་ཐབས་ལམ་ཁག།
དེ་ནས་ཆོས་ལུགས་རིས་མེད་ཀྱི་དབུ་ཁྲིད་དེས་གྲུའི་ནང་ཡོད་པའི་འགྲུལ་པ་ཡོངས་སུ་རྫོགས་པ་ལ། ཁྱེད་རང་ཚོའི་ནང་ཆོས་དད་ཡོད་པའི་ནང་པ་དང་ཁ་ཆེ། ཡེ་ཤུ་དང་ཁུང་ཙི་སོ་སོར་ཡོད་ལ། དེ་བཞིན་ཆོས་ལུགས་ཀྱི་སྡེ་ཁག་གམ་ལྟ་གྲུབ་རིང་ལུགས་གང་གི་རྗེས་སུ་མི་འབྲང་མཁན་དེ་འདྲའང་མང་པོ་ཡོད། ཅེས་དང་། འཕྲད་བཞིན་པའི་དཀའ་སྡུག་འདི་ལ་གདོང་ལེན་དང་དེ་ལས་ཐར་ཐབས་སུ་ང་ཚོས་ཕན་ཚུན་དབར་བཟང་སྤྱོད་དང་ལྡན་པའི་ངང་བསྟུན་དགོས་པའི་སློབ་སྟོན་གནང་སྲིད། དེའི་ནང་ཆོས་ཁས་ལེན་མི་བྱེད་མཁན་ཚོ་ཡང་ཚུད་ཡོད། གལ་སྲིད་ང་ཚོས་ཕན་ཚུན་གཅིག་གིས་གཅིག་ལ་འཁྲུག་རྩོད་བརྒྱབ་ནས་བསྡད་ན། ང་ཚོ་ནམ་ཡང་འཚོ་མི་ཐུབ། ཆོས་ལུགས་གང་རུང་ཞིག་ལ་དད་པ་བྱེད་མཁན་དང་། ཡང་ན་ལྟ་གྲུབ་ཀྱི་ལམ་ལུགས་ཞིག་ལ་ཡིད་ཆེས་བྱས་ནས། རང་གི་ལམ་ལུགས་ནང་ཡོད་པའི་བསླབ་བྱ་ཁག་གིས་རང་གི་བཟང་སྤྱོད་ཀྱི་བྱ་སྤྱོད་ལ་ལམ་སྟོན་བྱེད་པའི་ཡིད་ཆེས་ཡོད་ན། དེ་ནི་ཧ་ཅང་གི་ཡག་པོ་རེད། བཟང་སྤྱོད་ངང་ལག་བསྟར་བྱེད་པའི་བྱ་སྤྱོད་ལ་རྒྱུ་མཚན་ཁག་མི་འདྲ་བ་ཡོད་སྲིད་ཀྱང་། གང་ལྟར་ཁྱེད་རང་ཚོར་ཡིད་ཆེས་བརྟན་པོ་ཡོད་པ་དེས་ནང་གི་དགོས་ངེས་ཀྱི་སྟོབས་ཤུགས་སྤྲད་ནས་གཞན་ལ་བརྩེ་བས་སྐྱོང་ཐུབ་པ་བྱེད། ཆོས་ལུགས་དང་ལྟ་གྲུབ་ཀྱི་ལམ་ལུགས་མི་འདྲ་བ་དེ་དག་ཚང་མས་བརྩེ་བ་དང་། སྙིང་རྗེ། བཟོད་གསོལ། ཆོག་ཤེས་དགོས་པ་དང་། རང་ཉིད་ཕུང་བར་བྱེད་མཁན་གྱི་ང་ཚོའི་རང་གཅེས་འཛིན་གྱི་བསམ་བློ་ཆུང་དུ་གཏོང་དགོས་པ་སློབ་སྟོན་བྱེད་ཀྱི་ཡོད། འོན་ཀྱང་རིན་ཐང་དེ་དག་ནི་སྒྲིག་འཛུགས་ཡོད་པའི་ལམ་ལུགས་ལ་དད་པ་དང་ཡིད་ཆེས་མེད་མཁན་ཚོས་ཀྱང་རིན་ཐང་ཡོད་པར་ངོས་འཛིན་བྱས་ནས་རང་རྒྱུད་ལ་སྐྱེ་དགོས་པ་ཁས་ལེན་བྱེད་ཀྱི་ཡོད། བྱས་ཙང་། དེ་དག་ལ་ “འགྲོ་བ་མིའི་གཞི་རྩའི་བཟང་སྤྱོད་ཀྱི་རིན་ཐང་” ཞེས་ཟེར་བ་ཡིན།
གལ་སྲིད་ང་ཚོས་འགྲོ་བ་མིའི་གཞི་རྩའི་རིན་ཐང་དེ་དག་གི་རིམ་པའི་ཐོག་ནས་བསམ་བློ་བཏང་ན། དེ་ནས་རང་གི་བཟང་སྤྱོད་ཐད་ང་ཚོ་ཚང་མར་ཐུན་མོང་གིས་མཉམ་སྤྱོད་བྱས་པའི་གཞི་རྟེན་ཞིག་ཡོད། དེ་ནི་ཚོ་ཁག་གཅིག་ཏུ་འཚོ་གནས་ཐུབ་ཆེད་ཀྱི་འགག་རྩ་རེད། ང་ཚོས་ནང་ཁུལ་དབར་ལ་ཞི་བདེ་དང་། འཆམ་མཐུན། མཉམ་རུབ་བཅས་རྒྱུན་ཉར་ཐུབ་པར་བྱེད་དགོས། འོན་ཀྱང་ཕྱི་ཡི་ཞི་བདེ་ནང་གི་ཞི་བདེར་རག་ལུས་ཡོད། ཕྱོགས་གཞན་ནས་ཕྱི་ཡི་ཞི་བདེ་དེ་ང་ཚོ་མི་ངོ་རེས་རང་གི་སེམས་ཞི་འཇམ་ཉར་ཐུབ་མིན་ལ་རག་ལུས་ཡོད། སེམས་ཀྱི་ཞི་བདེ་ནི་ཁྱེད་ཀྱིས་གཞན་ལ་བཟུང་བའི་བསམ་ཕྱོགས་དང་འབྲེལ་བ་ཤུགས་ཆེ་ཡོད། གལ་སྲིད་ཁྱེད་ཀྱིས་གཞན་ལ་སྡང་བ་དང་མི་དགའ་བའི་བསམ་བློ་བཟུང་ནས་རྟག་ཏུ་རང་ཉིད་གཅིག་པུའི་ཁེ་ཕན་དང་། རང་ཉིད་ལམ་ལྷོང་ཇི་ལྟར་ཡོང་ཐུབ་མིན་ཐད་བསམས་བསྡད་ན། ཁྱེད་ཀྱིས་གཞན་དང་འབྲེལ་བ་བྱེད་དུས་ཁྱེད་ལ་ཁོང་ཚོས་རང་ལ་གནོད་པ་བྱེད་པའི་འཇིགས་སྣང་། ཡང་ན་ཁྱེད་ལམ་ལྷོང་ཡོང་རྒྱུར་གཞན་གྱིས་འགོག་རྐྱེན་བཟོ་སྲིད་པའི་ཞེད་སྣང་བྱས་ནས། ཁྱེད་ཀྱིས་ཁོང་ཚོར་ཡིད་ཆེས་མ་བྱས་པ་དང་སེམས་ནང་འཇིགས་སྣང་དང་དྭོགས་པས་ཁེངས་པར་གྱུར། ཁོང་ཚོས་ཀྱང་ཁྱེད་ཀྱི་ཚོར་སྣང་ཤེས་ནས་དེའི་རྗེས་འབྲས་སུ་ཁྱེད་ལའང་ཡིད་ཆེས་མི་བྱེད། འདི་ཡིས་ཁྱེད་དང་གཞན་གྱི་དབར་ལ་བར་ཐག་བཟོས་ནས་ཁོང་ཚོ་དང་མཉམ་དུ་དོན་སྙིང་ལྡན་པའི་སྐད་ཆ་ཤོད་རྒྱུར་འགོག་རྐྱེན་བཟོ་གི་རེད། བར་ཐག་དང་འགོག་རྐྱེན་གྱིས་ཁྱེད་ལ་ཉེན་སྲུང་མེད་པ་དང་ཁེར་རྐྱང་དུ་ལུས་པའི་ཚོར་སྣང་སྟེར། ཉེན་སྲུང་མེད་པའི་ཚོར་སྣང་ཡོད་ན། ཁྱེད་ལ་ང་ཚོར་འཕྲད་པའི་དཀའ་ངལ་ཅན་གྱི་གནས་སྟངས་དེར་གདོང་ལེན་བྱེད་པའི་རང་གིས་རང་ལ་གདེང་ཚོད་མེད་པ་ཆགས་པ་དང་ཡིད་ཞུམ་འགྲོ་གི་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན། གལ་སྲིད་ཁྱེད་ཚོ་ཁག་ནང་ཡོད་པའི་མི་གཞན་དང་ག་ཚོད་ཀྱིས་སེམས་ཐག་ཉེ་པོ་ཡོད་པ་ཚོར་ན། དེ་རྩིས་ཀྱིས་རང་ཉིད་ཚོ་ཁག་གམ་སྤྱི་ཚོགས་དེའི་ཆ་ཤས་ཤིག་ཡིན་པ་ཚོར་གྱི་རེད། ཁྱེད་ཀྱིས་རང་ཉིད་ཚོ་ཁག་གི་ཚོགས་མི་ཡིན་པ་ཚོར་ན་དེས་ཁྱེད་ལ་བདེ་འཇགས་དང་ཉེན་སྲུང་ཡོད་པའི་ཚོར་སྣང་མང་བ་སྤྲོད་ཐུབ། རང་ཉིད་ལ་བདེ་འཇགས་དང་ཉེན་སྲུང་ཡོད་པའི་ཚོར་སྣང་བྱུང་ན། ཁྱེད་ལ་རང་བཞིན་གྱིས་རང་གིས་རང་ལ་གདེང་ཚོད་ཆེ་བ་ཡོད།
ང་ཚོ་འགྲོ་བ་མི་ནི་སྤྱི་ཚོགས་སེམས་ཅན་རེད། དཔེར་ན། ལུག་ལྟ་བུ་སྤྱི་ཚོགས་སེམས་ཅན་ཞིག་དེའི་ཁྱུ་ཚོགས་ནས་ཁ་གྱེས་ན། ཧ་ཅང་མི་བདེ་བ་ཚོར་བ་དང་དངངས་སྐྲག་སྐྱེ་གི་རེད། འོན་ཀྱང་ལུག་དེ་ཁྱུ་ཚོགས་ནང་ཡང་བསྐྱར་མཉམ་དུ་འཛུལ་ན་སླར་བདེ་སྐྱིད་ཚོར་གྱི་རེད། གནས་ལུགས་དེ་དང་འདྲ་བར་ང་ཚོ་ཡང་གཞན་དང་ལོགས་སུ་དབྱེ་ནས་ཁྱེར་རྐྱང་དུ་བཞག་ན་སྡུག་བསྔལ་མྱོང་གི་རེད། རྒྱུན་དུ་ཁྱེད་མི་གཞན་དང་མཉམ་དུ་ཡོད་པའི་སྐབས། གལ་སྲིད་ཁྱེད་ཀྱི་སེམས་ནང་གཞན་ལ་ཡིད་ཆེས་མེད་པ་དང་དྭོགས་པས་ཁེངས་ནས་ཡོད་ན། ཁྱེད་ཀྱི་བློའི་འཁྱེར་སོ་དེས་ཁྱེད་ཚོ་ཁག་ནས་སེམས་གསོ་ཡང་ན་རོགས་རམ་འཐོབ་རྒྱུར་འགོག་རྐྱེན་བཟོ་གི་རེད། དེ་འདྲ་སོང་ཙང་། སེམས་ལ་ངེས་དགོས་པ་ཞིག་ནི། ཁྱེད་ཀྱི་གཞི་རྩའི་བདེ་ཚོར་དང་རེ་བ་ཡོད་པའི་ཐོག་འཁྱག་རོམ་དཀྱིལ་ནས་ཐར་ཐུབ་པའི་དགའ་ཚོར་ལྡན་པའི་འཇུག་འབྲས་ཐོབ་དགོས་ན། དེ་ཁྱེད་ཀྱིས་ཚོ་ཁག་ནང་ཡོད་པའི་མི་གཞན་ལ་བཟུང་བའི་བློའི་འཁྱེར་སོ་ལ་རག་ལུས་ཡོད། ཁྱེད་མི་གཞན་རེ་རེར་སེམས་ཐག་ཉེ་པོའི་ཚོར་བ་སྐྱེ་ཐུབ་ན། དེ་འདྲའི་ཚོར་བ་ཡིས་ཁྱེད་ལ་ནང་གི་ནུས་ཤུགས་དང་རང་གིས་རང་ལ་གདེང་ཚོད་སྤྲད་ཐུབ་པ་དང་། རང་ཉིད་འཇོན་ནུས་མེད་པ་དང་དྭོགས་པ་ཚ་པོ་ཆགས་ཀྱི་མ་རེད། ཁྱེད་ཀྱི་རང་གི་རང་ལ་གདེང་ཚོད་དང་ཉེན་སྲུང་ཡོད་པའི་ཚོར་བ་ཡིས་ཁྱེད་དང་གཞན་དབར་ཕན་ཚུན་ཡིད་ཆེས་སྐྱེ་ཐུབ་པར་བྱེད་པ་དང་། ཡིད་ཆེས་དེ་ལ་བརྟེན་ནས་བཅོས་མིན་གྱི་གྲོགས་འདྲིས་སྐྲུན་ཐུབ།
མི་འགའ་རེས་དཔལ་འབྱོར་ཡང་ན་དབང་ཐང་ཡོད་ན་ཁོང་ཚོར་གྲོགས་པོ་ཡང་མང་པོ་རག་གི་ཡོད་པའི་བསམ་ཚུལ་འཛིན་མཁན་ཡོད། འོན་ཀྱང་གྲོགས་པོ་དེ་རིགས་ནི་ཁྱེད་ཀྱི་དཔལ་འབྱོར་དང་དབང་ཐང་གཅིག་པུའི་གྲོགས་པོ་རེད། ནམ་ཞིག་ཁྱེད་ཀྱི་དཔལ་འབྱོར་དང་དབང་ཐང་མེད་པ་ཆགས་ན། གྲོགས་པོ་དེ་རིགས་ཀྱང་མེད་པ་ཆགས་ཀྱི་རེད། གྲོགས་ངོ་མ་དེ་འདྲ་མེད། ཁྱེད་ལ་སྤྲོ་བ་དང་བདེ་སྐྱིད་སྤྲོད་མཁན་གྱི་གྲོགས་འདྲིས་ངོ་མ་ནི་ཕན་ཚུན་གཉིས་སྨན་གྱི་ཡིད་ཆེས་ཡོད་པའི་རྨང་གཞིའི་ཐོག་སྐྲུན་ཡོད། བློ་ཁ་ཡངས་པོ་དང་ཕན་ཚུན་ལྷག་བསམ་རྣམ་དག་བྱས་ན། ཁྱེད་ལ་ཉེན་སྲུང་ཡོད་པ་དང་རང་གིས་རང་ལ་གདེང་ཚོད་ཀྱི་ཚོར་བ་ཤུགས་ཆེ་བ་སྐྱེ་ཐུབ་པ་མ་ཟད། རང་གི་སེམས་པ་ཡང་དེ་བས་ལྷོད་བདེ་ཡོང་ཐུབ། དེ་འདྲའི་གནས་སྟངས་ཤིག་གི་ནང་ཁྱེད་ཀྱིས་གཞན་དང་ཕྱར་གྲུ་མཉམ་འདེགས་ཐོག་ད་ལྟ་ང་ཚོ་ཚང་མ་ཚོ་ཁག་གཅིག་ལ་འཕྲད་བཞིན་པའི་དཀའ་ངལ་མཐའ་དག་ལ་གདོང་ལེན་བྱེད་ཐུབ། གང་ལྟར་ཡང་། ང་རང་གཅིག་པུ་ཡང་ན་ཁྱེད་གཅིག་པུ་འཁྱགས་རོམ་དཀྱིལ་ལ་ལུས་པ་མ་ཡིན་པར། ང་ཚོ་ཚང་མ་དེའི་དཀྱིལ་ལ་ལུས་ནས་ཡོད།
ང་ཚོར་འཕྲད་པའི་དཀའ་ངལ་དེ་ལས་ཐར་བའི་རྗེས་སུའང་གལ་སྲིད་ཁྱེད་ཀྱིས་བཟང་ཕྱོགས་ཀྱི་བློའི་ཁྱེར་སོ་དང་གཞན་ལ་བློ་ཁ་འབྱེད་ན། ཁྱེད་ལ་མུ་མཐུད་ནས་བརྩེ་བ་དང་ཡིད་ཆེས་བྱེད་ཆོག་པའི་གྲོགས་འདྲིས་བཟང་པོ་ཐོབ་ཐུབ། མི་ཚེའི་ནང་ག་དུས་ཡིན་ནའང་དཀའ་ངལ་སྣ་ཚོགས་ཡོད། ཁྱེད་ལ་མ་འོངས་པར་དཀའ་ངལ་གང་ཡང་མི་འཕྲད་པའི་བསམ་ཚུལ་བཟུང་ན། དེ་ནི་ཡོང་མི་སྲིད་པ་ཞིག་རེད་ལ་བྱིས་བློའི་རང་བཞིན་ཞིག་རེད། འོན་ཀྱང་བློ་ཁ་ཡངས་པོ་དང་ལྷག་བསམ་ཟོལ་མེད། དེ་བཞིན་དེ་གཉིས་ལས་བྱུང་བའི་གདེང་ཚོད་དང་ཡིད་ཆེས་ཡོད་ན། ཁྱེད་ཀྱིས་གཞན་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཆེད་དུ་གྲ་སྒྲིག་ཨང་སར་ཡོད་པ་དང་། མི་གཞན་ཚོས་ཀྱང་གནས་ཚུལ་ཡག་སྡུག་གང་བྱུང་ཡང་དེ་ལ་གདོང་ལེན་ཆེད་ཁྱེད་དང་མཉམ་རུབ་བྱེད་པའི་འདུན་པ་ཡང་ཤུགས་ཆེ་བ་ཡོད།
བཟང་སྤྱོད་དགོས་པའི་རྒྱུ་མཚན་གང་རེད་དམ་ཞེས་ཁྱེད་ཀྱིས་སྐད་ཆ་དྲིས་ན། སྟབས་བདེར་བརྗོད་ན་དེ་ནི་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་རེད། ང་ཚོས་ངེས་པར་དུ་བཟང་སྤྱོད་དང་ལྡན་པ་བྱེད་དགོས། གང་ཡིན་ཟེར་ན། ང་ཚོ་ཚང་མ་མཉམ་དུ་འཚོ་གནས་བྱེད་པ་དང་འཚོ་གནས་ཆེད་ཕན་ཚུན་གཅིག་གིས་གཅིག་ལ་ལྟོས་ནས་ཡོད། གལ་སྲིད་ཁྱེད་ཀྱིས་གཞན་གྱི་བདེ་སྐྱིད་དང་བདེ་སྡུག་ལ་འགན་འཁུར་མེད་པ་དང་། དེ་ལས་ལྡོག་སྟེ། དཀའ་ངལ་བཟོས་པ་དང་། རང་ཉིད་གཞན་དང་ལོགས་སུ་བསྡད་ནས་ཁོང་ཚོའི་གཅེས་སྐྱོང་དང་སེམས་འཁུར་མི་ཐོབ་པ་བྱས་ན་ཕུགས་ལ་རང་ཉིད་སྡུག་བསྔལ་མྱོང་རྒྱུ་ལས་མེད།
གཞན་ལ་གཅེས་སྐྱོང་དང་སེམས་འཁུར་བྱེད་ཚུལ་ལ་དབྱེ་བ་གཉིས་ཡོད། གཅིག་ནི་སེམས་ཚོར་ལ་གཞི་བཅོལ་ནས་རང་ཉིད་གཙོ་བོར་བཞག་སྟེ་རང་ལ་གཞན་གྱི་ཐོག་ནས་ཁེ་ཕན་གང་ཐོབ་མིན་དེ་རེད། མི་གཞན་གྱིས་ཇི་སྲིད་བར་དུ་ཁྱེད་ལ་ཡག་པོ་ཡང་ན་སྤྱིར་བཏང་ནས་ཁོང་ཚོས་ཁྱེད་ལ་སྤྱོད་ཚུལ་ཡག་པོ་བསྟན་ན། དེ་སྲིད་བར་དུ་ཁྱེད་ཀྱིས་ཁོང་ཚོར་དགའ་པོ་བྱས་ནས་ཁོང་ཚོའི་བདེ་སྡུག་ལ་བསམ་བློ་གཏོང་བ་དང་། ཁོང་ཚོས་སྡུག་བསྔལ་མྱོང་བའམ་སེམས་མི་སྐྱིད་པ་མཐོང་འདོད་མེད། འོན་ཀྱང་ཁོང་ཚོས་སྤྱོད་ངན་བྱེད་འགོ་བཙུགས་པ་དང་། ཡང་ན། ཁྱེད་ལ་གནོད་པ་སྐྱེལ་བ། ཐ་ན་གནད་དོན་ཞིག་གི་ཐད་ཁྱེད་ལ་མོས་མཐུན་མི་བྱེད་པ་ཙམ་གྱིས་ཁྱེད་ཀྱིས་ཁོང་ཚོར་བཟུང་བློའི་འཁྱེར་སོར་ལམ་སེང་གྱུར་བ་བཏང་སྟེ། ཁོང་ཚོར་མི་དགའ་བ་དང་ཁོང་ཚོའི་བདེ་སྡུག་ལ་སེམས་ཁུར་མི་བྱེད། ཁོང་ཚོའི་བྱ་སྤྱོད་ཀྱིས་རྐྱེན་བྱས་པ་ལ་བརྟེན་ནས་ཁྱེད་ཀྱིས་ཁོང་ཚོ་ཟུར་དུ་སྐྱུར་གྱི་ཡོད། འདི་ནི་སེམས་ཚོར་ལ་གཞི་བཅོལ་བའི་བརྩེ་བ་དང་སྙིང་རྗེ་ཡིན་པས། འདིས་གྲོགས་འདྲིས་ངོ་མའི་གཞི་རྩ་བརྟན་པོ་ཞིག་ནམ་ཡང་བྱེད་མི་ཐུབ།
གཞན་ལ་གཅེས་སྐྱོང་དང་སེམས་འཁུར་བྱེད་ཚུལ་གཞན་དེ་ནི་ཁོང་ཚོའི་བྱ་སྤྱོད་ཡང་ན་བསམ་ཕྱོགས་ལ་ལྟོས་མི་དགོས་པ་དེ་རེད། དེ་ནི་ཁོང་ཚོ་ཚང་མ་ཁྱེད་དང་འདྲ་བར་འགྲོ་བ་མི་ཡིན་པའི་ངོ་ཐོག་གི་བདེན་པ་ལ་གཞི་བཅོལ་ཡོད། རང་གིས་བྱ་སྤྱོད་གང་སྤེལ་བའམ། ཡང་ན་ཁྱེད་ཀྱི་སེམས་ཀྱི་གནས་བབས་གང་འདྲ་ཞིག་ནང་ཡོད་ཀྱང་། རང་ཉིད་ལ་བདེ་སྐྱིད་འདོད་ཀྱི་ཡོད། ཁྱེད་ལ་བདེ་སྐྱིད་འདོད་པར་བརྟེན་ཁྱེད་ཀྱིས་རང་ཉིད་ལ་གཅེས་སྤྲས་བྱེད་པ་དང་རང་ཉིད་བདེ་དོན་ལ་སེམས་འཁུར་བྱེད་ཀྱི་ཡོད། མི་གཞན་ཚོས་ཀྱང་དེ་ལྟར་བསམ་བློ་གཏོང་གི་ཡོད། དེའི་ནང་ཁོང་ཚོའི་སྤྱོད་ཚུལ་ཡང་ན་བསམ་བློའི་འཁྱེར་ཕྱོགས་གིས་རྐྱེན་བྱས་ནས་ཁྱེད་ཀྱིས་མི་དགའ་བའི་མི་དེ་ཚོ་ཡང་ཚུད་ཡོད། གང་ལྟར་ཁོང་ཚོ་ཡང་བདེ་བ་འདོད་མཁན་དང་། གཅེས་སྐྱོང་དང་བརྩེ་བའི་ཆེད་འབད་བརྩོན་བྱེད་དགོས་མཁན་གཅིག་པ་རེད། བདེ་སྐྱིད་འདོད་པའི་འདུན་པའི་ཐོག་ནས་བཤད་ན། ང་ཚོ་ཚང་མ་འདྲ་མཉམ་རེད། མི་ཚང་མས་བདེ་སྐྱིད་འདོད། བདེ་སྐྱིད་འདོད་པའི་བློའི་ཐད་ང་ཚོ་ཚང་མ་གཅིག་པ་ཡིན་པ་མ་ཟད། ང་ཚོ་བདེ་སྐྱིད་དང་ལྡན་པའི་མི་ཚེ་ཞིག་ཡོང་རྒྱུར་ཐོབ་ཐང་ཡང་གཅིག་པ་ཡོད། བདེ་སྐྱིད་ལྡན་པའི་མི་ཚེ་ནི་གཞན་ལ་བཅོས་མིན་གྱི་སེམས་འཁུར་དང་ཁོང་ཚོ་བདེ་སྐྱིད་ལྡན་པ་ཡོང་བ་བྱས་ན་ཐོབ་ཐུབ། དེ་ནི་ཁྱེད་མི་སུ་དང་མཉམ་དུ་ཡོད་པ་ལ་མ་ལྟོས་པར། གཞན་ཚང་མ་དང་མཉམ་དུ་བཅོས་མིན་གྱི་གྲོགས་འདྲིས་བཟང་པོ་ཡོད་པ་ལ་གཞི་བཞག་ཡོད།
འགྲོ་བ་མི་གཅིག་པུར་བྱ་སྤྱོད་ངན་པ་སྤེལ་མཁན་གྱི་མི་ལ་སེམས་འཁུར་བྱེད་པའི་ནུས་པ་ཡོད། འགྲོ་བ་མི་གཅིག་པུར་མི་གཞན་གྱི་བདེ་སྡུག་ལ་གཅེས་སྐྱོང་བྱེད་པའི་ནུས་པ་ཡོད། ནུས་པ་དེ་ཁྱེད་ཀྱི་འགྲོ་བ་མིའི་རྣམ་དཔྱོད་དམ། ཡང་ན་ཁྱེད་ཀྱིས་ཆོས་ལུགས་ཡང་ན་ལྟ་གྲུབ་གང་རུང་གི་ལམ་ལུགས་ཞིག་ལ་དད་པ་བྱས་པ་ལ་བརྟེན་ནས་ཡོང་ཆོག།།དུད་འགྲོ་སེམས་ཅན་གཞན་ལ་འགྲོ་བ་མིའི་རྣམ་དཔྱོད་དང་དད་པ་གཉིས་ཀ་མེད། གལ་སྲིད་ཁོང་ཚོར་དུད་འགྲོ་སེམས་ཅན་གཞན་གྱིས་སྡིགས་ར་སྐུལ་བའམ་ཡང་ན་འཚེ་བ་བྱས་ན། ཁོང་ཚོས་ལམ་སེང་ཕར་རོལ་དེར་འཐབ་རྒོལ་བྱེད་ཀྱི་ཡོད། ཡིན་ནའང་འགྲོ་བ་མི་ཚང་མས་ཆོས་ཡང་ན་ལྟ་གྲུབ་ཀྱི་ལམ་ལུགས་ཤིག་ལ་དད་པ་དང་ཡིད་ཆེས་བྱེད་ཀྱི་མེད། འོན་ཀྱང་ང་ཚོ་ཚང་མར་འགྲོ་བ་མིའི་གཞི་རྩའི་རྣམ་དཔྱོད་ཡོད། ང་ཚོས་རྣམ་དཔྱོད་དེ་བེད་སྤྱོད་བྱས་ནས་གཞན་གྱི་བདེ་སྐྱིད་དང་བདེ་སྡུག་ལ་སེམས་འཁུར་བྱས་ནས་དེ་ང་ཚོ་རང་ཉིད་ལ་བདེ་སྐྱིད་ཐོབ་པའི་འགག་རྩ་ཡིན་པའི་རྒྱུ་མཚན་རྣམས་ཤེས་པར་བྱེད་དགོས།
ཁྱེད་ཀྱིས་འཇིག་རྟེན་བཀོད་པ་པོ་དང་། སྐྱེ་བ་སྔ་མ། ཡང་ན་ཁྱེད་ཀྱི་མེས་པོ་ཚོས་ཁྱེད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ་ཀྱི་ཡོད་པ་ལ་ཡིད་ཆེས་བྱེད་ཀྱང་རུང་མ་མ་བྱེད་ཀྱང་རུང། སུས་ཀྱང་ཁྱེད་རང་ཨ་མ་ལས་བྱུང་བ་དེར་ངོས་ལེན་མི་བྱེད་པ་བྱེད་མི་ཐུབ། ཁྱེད་ཀྱི་ཨ་མའི་གཅེས་སྐྱོང་དང་བརྩེ་བ། ཡང་ན་ཁྱེད་ལ་མི་གཞན་ཞིག་གིས་མ་དང་འདྲ་བར་ནུས་མེད་བྱིས་པ་ཡིན་པའི་སྐབས་གཅེས་སྐྱོང་བྱས་མེད་ན། ཁྱེད་འཚོ་གནས་བྱེད་ཐུབ་མེད། ཚན་རིག་པས་མིག་སྟོན་བྱས་པ་ཞིག་ནི། ཕྲུ་གུ་མ་འབྱར་ཡིན་པའི་སྐབས་བརྩེ་བ་དང་བྱམས་སྐྱོང་མང་ཤོས་ཐོབ་མཁན་གྱི་མི་དེ་ཚོར་ཉེན་སྲུང་ཆེ་བ་དང་། རང་གིས་རང་ལ་གདེང་ཚོད་ཆེ་བ། དེ་བཞིན་མི་ཚེ་ཧྲིལ་པོར་བདེ་སྐྱིད་ཆེ་བ་ཡོད་པ་དང། ཡང་ཕྲུ་གུ་མ་འབྱར་ཡིན་པའི་སྐབས་སྣང་མེད་བཏང་ཡོད་པའམ་ཡང་ན་ལོག་སྤྱོད་དང་དམའ་འབེབས་བཏང་ཡོད་ན། མི་དེ་ཚོར་གནས་ཚུལ་གང་འཕྲད་ཀྱང་ཉེན་སྲུང་མེད་པའི་ཚོར་སྣང་དང་ག་དུས་ཡིན་ཀྱང་བདེ་པོ་མེད་པའི་ཚོར་སྣང་སྐྱེ་གི་ཡོད། ཁོང་ཚོའི་སེམས་གཏིང་ནང་ག་དུས་ཡིན་ཀྱང་རང་ཉིད་ཀྱི་མི་ཚེའི་ནང་གཅིག་ཚང་མེད་པའི་ཚོར་བ་ཡོང་གི་ཡོད་པས། ཁོང་ཚོ་གཞི་རྐང་སེམས་མི་སྐྱིད་པ་ཡོད། སྨན་པ་ཚོས་ཀྱང་མ་ཡི་བརྩེ་བའི་རེག་ཐུག་ནི་ཕྲུ་གུ་མ་འབྱར་གྱི་ཀླད་པའི་འཚར་ལོངས་ཡག་པོ་ཡོང་རྒྱུར་མེད་དུ་མི་རུང་བ་ཡིན་པ་བསྟན་ཡོད། དེར་མ་ཟད། རྒྱུན་གཏན་ཁོང་ཁྲོ་དང་། འཇིགས་སྣང་། སྡང་འཛིན་བྱེད་ན་གཟུགས་པོའི་ནད་འགོག་མ་ལག་ཇི་ལྟར་འཇོམས་ཚུལ་སྐོར་ཡིག་ཆའི་སྟེང་ནས་ར་སྤྲོད་བྱས་ཡོད།
མི་ཚང་མས་རང་གི་ལུས་པོའི་འཕྲོད་བསྟེན་ལ་གཅེས་སྤྲས་བྱེད་ཀྱི་ཡོད། ལུས་ཀྱི་འཕྲོད་བསྟེན་ཡག་པོ་ཡོང་བར་ཁྱེད་ཀྱིས་སེམས་ཀྱི་འཕྲོད་བསྟེན་དང་སེམས་ཞི་འཇམ་ཡོང་བར་དོ་སྣང་ཤུགས་ཆེ་བ་སྤྲོད་དགོས། དེ་འདྲ་སོང་ཙང་། གལ་གནད་ཆེ་བའི་དྲི་བ་དེ་གང་རེད་ཟེར་ན། སེམས་ཀྱི་འཕྲོད་བསྟེན་དང་སེམས་ཞི་འཇམ་གང་འདྲ་བྱས་ནས་བཟོ་ཐུབ་པ་བྱེད་དགོས་སམ། ཞེས་པ་དེ་རེད། ཁྱེད་རང་ཕ་མ་གཉིས་ཀྱི་ཕྲུ་གུ་གཅིག་པུ་དེ་ཡིན་པའི་ཆ་ནས་ཧ་ཅང་བརྩེ་སེམས་དང་གཅེས་སྐྱོང་འོག་འཚར་ལོངས་བྱུང་ཡོད་སྲིད་ཀྱང་། འགྲན་རྩོད་ཆེ་བའི་སྤྱི་ཚོགས་ཤིག་གི་ནང་ཁྱེད་སློབ་གྲྭ་ཡང་ན་ལས་གནས་ལ་གྲུབ་འབྲས་ལྡན་པ་ཡོང་ཆེད་གནོན་ཤུགས་ཆེན་པོ་ཕྲད་ཡོད་ན། ཁྱེད་ལ་ད་དུང་ཡང་ཉེན་སྲུང་མེད་པའི་ཚོར་སྣང་དང་སེམས་ངལ་ཡོང་སྲིད། འོན་ཀྱང་གལ་སྲིད་རང་ཉིད་གྲུབ་འབྲས་ལྡན་པ་ཡོང་བའི་ཆེད་དུ་ཁྱེད་ཀྱིས་གཞན་ཕམ་ཉེས་གཏོང་དགོས་པ་ཚོར་ན། དེ་ནས་ཁྱེད་ཀྱི་སེམས་ནང་བློ་དྭོགས་དང་། འཇིགས་སྣང་། ཕྲག་དོག་གིས་ཁེངས་ནས་དེའི་རྗེས་འབྲས་ལ་བརྟེན་ནས་ཁྱེད་ཀྱི་སེམས་འཁྲུགས་པ་དང་དཀྲོག་རྐྱེན་ཐེབས་ནས་བརྟན་པོ་མེད་པ་ཆགས་ཀྱི་རེད། ཚོར་བ་མི་བདེ་བའི་སེམས་ཀྱི་གནས་བབས་འདིས་ཁྱེད་གྲུབ་འབྲས་ལྡན་པ་ཡོང་རྒྱུར་འགོག་རྐྱེན་བཟོ་བ་མ་ཟད། ཁྱེད་ཀྱི་འཕྲོད་བསྟེན་ལ་ཡང་གནོད་སྐྱོན་གཏོང་གི་རེད།
གལ་སྲིད་ཕྱོགས་གཞན་ཞིག་ནས་ཁྱེད་ཀྱིས་རང་གི་ནུས་ཤུགས་གང་ཡོད་འདོན་ཐབས་བྱེད་པའི་སྐབས་ལ་གཞན་གྱི་བདེ་སྡུག་ལ་ཡང་བསམ་བློ་བཏང་ན། རང་ཉིད་ལ་ཁོང་ཚོའི་ཕྱོགས་ནས་སྐུལ་མ་དང་། རོགས་རམ། གྲོགས་འདྲིས་ལྡན་པའི་བརྩེ་བ་དགོས་པ་བཞིན་ཁོང་ཚོས་ཀྱང་ཁྱེད་ཀྱི་ཕྱོགས་ནས་ཁོང་ཚོར་དེ་ལྟར་བྱེད་རྒྱུར་རེ་བ་བྱེད་པ་ཁྱེད་ཀྱིས་ཤེས་ཐུབ། གལ་སྲིད་ཁྱེད་ཀྱིས་ཁོང་ཚོར་བཅོས་མིན་གྱི་སྙིང་རྗེ་སྟེ། ཁོ་ཚོའི་དོན་དག་བསྒྲུབ་པའི་རེ་སྨོན་ཙམ་མ་ཟད། ཁོང་ཚོར་ལམ་ལྷོང་ཡོང་རྒྱུར་རེ་སྨོན་བྱེད་ན། འདིས་ཁྱེད་ལ་ནང་གི་སྙིང་སྟོབས་དང་རང་གིས་རང་ལ་གདེང་ཚོད་སྤྲད་ནས། རང་གི་ནུས་ཤུགས་ཡོངས་རྫོགས་ལམ་ལྷོང་ཡོང་བའི་ཆེད་དུ་སྤུང་གི་རེད། གཞན་ལ་སྙིང་རྗེ་དང་སེམས་འཁུར་བྱེད་ན་ནུས་སྟོབས་ཀྱི་མཚོན་རྟགས་ཡིན་པ་ལས་འཇོན་ནུས་མེད་པའི་རྟགས་ཤིག་མ་རེད། དོན་ངོ་མར་དེ་ནི་སྙིང་སྟོབས་དང་སེམས་ཀྱི་ཞི་བདེའི་འབྱུང་ཁུངས་ཀྱང་རེད།
དཔྱད་ཞིབ་དེ་གཅིག་པ་གཅིག་རྐྱང་ང་ཚོས་འཁྱགས་རོམ་དཀྱིལ་ལ་ལུས་པའི་གནས་སྟངས་སྟེང་ལག་བསྟར་བྱེད་ཆོག།།གལ་སྲིད་ང་ཚོ་ཕན་ཚུན་དབར་ཡིད་ཆེས་མ་བྱས་པར་ཚད་ངེས་ཅན་ལས་མེད་པའི་བཟའ་བཅའ་དང་དངོས་པོ་ལ་འགྲན་རྩོད་བྱས་ན། ང་ཚོ་ཚང་མར་དཀའ་ངལ་ནང་ལྷུང་རྒྱུ་ངེས་པ་དང་། ང་ཚོ་ཚང་མའི་ནུས་སྟོབས་ཆུང་དུ་འགྲོ་གི་རེད། གལ་སྲིད་ང་ཚོས་ཕན་ཚུན་དབར་བཅོས་མིན་གྱི་སེམས་འཁུར་བྱས་ནས་སུ་ཞིག་སེམས་དྲག་ཏུ་འཁྲུག་ནས་བསྡད་སྐབས་ཕན་ཚུན་སེམས་གསོ་བཏང་ན། དེ་ནི་མ་ཡིས་ངུ་འབོད་བྱེད་པའི་ཕྲུ་གུ་མ་འབྱར་ཞིག་ལ་སེམས་གསོ་བྱེད་པའི་དཔེ་དང་འདྲ་བར་མ་དང་ཕྲུ་གུ་གཉིས་ཀ་ཚོར་སྣང་དེ་བས་བཟང་དུ་འགྲོ་གི་རེད། ཞི་བདེ་ལྷིང་འཇགས་ཀྱི་སེམས་དང་བཅོས་མིན་གྱི་གྲོགས་པོའི་ཚོ་ཁག་ཞིག་གི་ཁོངས་མི་ཡིན་པ་ཚོར་བ་ལ་བརྟེན་ནས་ང་ཚོ་ཚང་མར་འཚོ་གནས་ཐུབ་པའི་ནུས་སྟོབས་ལྡན་ཡོད།
དེ་འདྲ་སོང་ཙང་། ཁྱེད་ཀྱི་རྣམ་དཔྱོད་བེད་སྤྱོད་བྱེད་དགོས། མི་ཞིག་གིས་ཁྱེད་ལ་བསུན་གཙེར་བཟོ་སྐབས་ཁྱེད་རླུང་ལངས་ནས་ཁོའམ་མོ་ལ་སྐད་ལོག་རྒྱག་འདོད་པའི་སྐབས། དེ་ལྟར་བྱས་ན་གནས་སྟངས་སྡུག་ཏུ་གཏོང་གི་ཡོད་པ་སེམས་ནང་དྲན་གསོ་བྱེད་དགོས། དེས་ཁྱེད་ཀྱི་སེམས་ཀྱི་གནས་བབས་མི་སྐྱིད་པ་བཟོ་བ་མ་ཟད་ཚོ་ཁག་ཡོངས་ཀྱི་ཐུན་མོང་སེམས་ཁམས་ཀྱི་ཉམས་འགྱུར་ལ་ཡང་དཀྲོག་རྐྱེན་བཟོ་གི་རེད། གྲུའི་ནང་ཡོད་པའི་མི་ཚང་མ་ཞེད་སྣང་སྐྱེས་པ་དང་སེམས་ཁྲལ་བྱུང་ཡོད། ཁོང་ཚོའི་ནང་ནས་མི་སུ་ཡིས་སྤྱོད་ངན་སློག་པ་ཡིན་ན། དེས་གང་ཟག་དེ་ཉེན་སྲུང་མེད་པ་དང་འཇིགས་སྣང་སྐྱེས་ཡོད་པ་སྟོན་གྱི་ཡོད། མི་དེ་འདྲའི་རིགས་ལ་གཅེས་སྐྱོང་དང་བསམ་ཤེས་བྱས་ཏེ། ཁོང་ཚོར་ཉེན་སྲུང་ཡོད་པ་དང་། རེ་བ་མི་བརླགས་པའི་ཆེད་འབད་བརྩོན་གནང་རོགས།
བདེ་སྐྱིད་ནི་སྔར་ལས་ལེགས་པའི་མ་འོངས་པ་ཞིག་ཡོད་པའི་རེ་བ་ནས་ཡོང་གི་ཡོད། རེ་བ་ནི་བློ་མཐུན་པའི་མཛའ་གྲོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཡོང་གི་ཡོད། དེ་ལྟར་མདོར་བསྡུས་ན། ཐུན་མོང་གི་འགྲོ་བ་མིའི་རིན་ཐང་དེ་དག་ལ་གཞི་བཞག་ནས་ང་ཚོ་ཚང་མས་བཟང་སྤྱོད་ལྡན་པའི་ངང་ལས་ཀ་བྱེད་ཐུབ་པ་བྱེད་དགོས། གལ་སྲིད་ཁྱེད་ཀྱི་ཆོས་དད་ཡང་ན་ཡིད་ཆེས་བྱེད་པའི་ལྟ་གྲུབ་ཞིག་གིས་བཟང་སྤྱོད་ཀྱི་རིན་ཐང་དེ་དག་ལ་ཤུགས་སྣོན་བརྒྱབ་ན། དེ་ནི་ཧ་ཅང་གི་ཡག་པོ་རེད། གལ་སྲིད་ཁྱེད་ལ་དད་པ་དང་ཡིད་ཆེས་དེ་འདྲའི་རིགས་མེད་ན། ཁྱེད་ཀྱི་འགྲོ་བ་མིའི་རྣམ་དཔྱོད་དང་འགྲོ་བ་མིའི་གཞི་རྩའི་རིན་ཐང་དེ་དག་གཅིག་པུ་ལ་ཡིད་རྟོན་བྱེད་དགོས། ང་ཚོ་ནང་ཁུལ་ཆོས་ལུགས་དབར་མཐུན་སྒྲིལ་་དང་མི་ཚང་མས་གཞི་རྩའི་འགྲོ་བ་མིའི་རིན་ཐང་དེ་དག་གོང་སྤེལ་བཏང་ན། ང་ཚོ་ཚང་མར་འཕྲད་པའི་དཀའ་སྡུག་ནང་མུ་མཐུད་འཚོ་གནས་ཐུབ་པ་དང་། ཐུན་མོང་གི་མཉམ་སྤྱོད་བྱས་པའི་ཉམས་མྱོང་དེ་བརྒྱུད་ནས་སྔར་ལས་ལྷག་པའི་མི་བཟང་པོ་ཞིག་ཆགས་ངེས་ཡིན།
ཕྱོགས་བསྡོམས།
གོང་གི་དཔྱད་ཞིབ་འདི་ནས་ང་ཚོས་གང་ཤེས་ཐུབ་བམ་ཟེར་ན། ཆོས་ལུགས་དང་། ལྟ་གྲུབ། ཆོས་དང་མ་འབྲེལ་བའི་ལྟ་ཚུལ་དེ་དག་རེ་རེས་མཐའ་སྡོམ་ལ་སྤྱི་ཚོགས་ནང་དཀའ་ངལ་ཞིག་འཕྲད་པའི་སྐབས། འཚོ་གནས་ཐུབ་པའི་འགག་རྩ་ནི་རང་གི་བཟང་སྤྱོད་ཀྱི་ཁྲིམས་རང་སྲུང་ཐུབ་པ་བྱེད་རྒྱུ་ཡིན་པ་བསྟན་ཡོད། དེའི་དོན་ནི་རང་གཅེས་འཛིན་གྱི་བློ་དང་། འཇིགས་སྣང་། སེམས་ངལ་ལས་རྣམ་པར་རྒྱལ་ཏེ། བརྩེ་བ་དང་། སྙིང་རྗེ། ཕན་སེམས། གུས་ཞབས་སོགས་ལ་གཞི་བཞག་ནས་ཕན་ཚུན་མཉམ་ལས་བྱེད་པ་ལ་གོ་དགོས། བོད་ཀྱི་ནང་ཆོས་དང་། ཁ་ཆེའི་ཆོས་ལུགས། ཡེ་ཤུ་ཆོས་ལུགས། ཁུང་ཙིའི་ཆོས་ལུགས། དེ་བཞིན་ཆོས་དང་མ་འབྲེལ་བའི་ལྟ་བ་ལྔ་པོ་རེ་རེར་ཁྱད་ཆོས་བཟང་པོ་དེ་དག་གོང་སྤེལ་གཏོང་ཆེད་རང་རང་གི་ཐབས་ལམ་ཡོད།
- བོད་ཀྱི་ནང་ཆོས་ཀྱིས་དཀའ་ངལ་གང་འཕྲད་པ་དེ་རྒྱུ་དང་རྐྱེན་མང་པོ་ཚོགས་པ་ལ་བརྟེན་ནས་བྱུང་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད། བྱ་བའི་འཕེལ་རིམ་ལ་མི་ངོ་རེས་བཟང་ཕྱོགས་ཀྱི་ནུས་པ་ཕྲན་བུ་སྤུངས་ཐུབ་ཀྱང་། རྐྱེན་གཅིག་ཡང་ན་གང་ཟག་གཅིག་གིས་རྗེས་འབྲས་གང་ཡོང་ལ་སྟངས་འཛིན་བྱེད་མི་ཐུབ། དེ་ཡང་གཞན་རྣམས་སྐྱེ་བ་སྔ་མར་ང་ཚོའི་ཕ་མ་ཡིན་པ་དང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་མཁན་ཡིན་པ་དེ་གཉིས་ཀྱི་ཐོག་ནས་ཁོང་ཚོས་ཚང་མ་འདྲ་མཉམ་ཡིན་པ་ངོས་འཛིན་བྱེད།
- ཁ་ཆེ་བ་ཚོས་དཀའ་ངལ་གང་འཕྲད་པ་རྣམས་དཀོན་མཆོག་གི་འདོད་པ་ཡིན་པ་དང་། དེ་དག་ལ་ཐག་གཅོད་གང་ཡོང་དཀོན་མཆོག་ཉིད་ཀྱི་ཕྱག་ལ་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད། ཁོང་ཚོས་དཀོན་མཆོག་གི་འདོད་པར་ཡོངས་སུ་མགོ་འབུལ་ཞུས་ཏེ་དཀོན་མཆོག་གིས་བཀོད་པ་ཐམས་ཅད་ལ་ཞབས་ཞུ་རྣམ་དག་ཞུས་པ་བརྒྱུད་དཀོན་མཆོག་ལ་གསོལ་མཆོད་བྱེད།
- ཡེ་ཤུ་བ་ཚོས་དཀའ་ངལ་ཆེ་བའི་གནས་སྟངས་རྣམས་དཀོན་མཆོག་གིས་ང་ཚོར་གདོང་ལེན་ཐུབ་མིན་ཚོད་ལྟ་གནང་ཆེད་བཟོས་གནང་ཡོད་པ་ངོས་འཛིན་བྱེད་པ་དང་། སྟོན་པ་ཡེ་ཤུ་མ་ཤི་ཀ་ཡི་མིག་དཔེའི་རྗེས་སུ་འབྲངས་ནས་དབུལ་ཕོངས་དང་དགོས་མཁོ་ཅན་རྣམས་ལ་ཞབས་ཞུ་སྒྲུབ་དགོས་པ་གསུངས།
- ཁུང་ཙིའི་ལྟ་གྲུབ་ཀྱི་རྗེས་འཇུག་པ་ཚོས་དཀའ་ངལ་རིགས་ནི་དུས་དང་རྣམ་པ་ཀུན་དུ་འཕྲད་ངེས་ཡིན་པའི་ངོས་འཛིན་དང་། རྗེས་འབྲས་གང་ཡོང་ང་ཚོའི་ལས་དབང་ལ་རག་ལུས་ཡོད་པ་ངོས་འཛིན་བྱེད། དཀའ་ངལ་ཁག་སེལ་ཆེད་གྲུ་དཔོན་གྱིས་ཁོང་ཚོར་བཀོད་བྱུས་ལམ་སྟོན་བྱས་པ་བཞིན་ཁོང་ཚོས་འགྲོ་ལུགས་ཚུལ་མཐུན་ལག་བསྟར་བྱེད་པ་དང་། ནང་གི་ཕན་སེམས་དང་ཁྱད་ཆོས་བཟང་པོའི་འདུ་ཤེས་རྣམས་ཡར་སྐྱེད་བཏང་ནས་ཀུན་ལ་ཡ་རབས་ཚུལ་ལྡན་དང་བརྩེ་བ་ལྡན་པའི་ཐོག་དྲང་པོ་དྲང་གཞག་བྱེད་དགོས་པ་གསུངས།
- འགྲོ་བ་མིའི་གཞི་རྩའི་བཟང་སྤྱོད་ཀྱི་རིན་ཐང་རྣམས་གཅིག་པུ་སྲུང་བརྩི་ཞུ་མཁན་ཚོས་གནས་སྟངས་སྡུག་པོ་གང་འདྲ་ཡོད་ཀྱང་རུང་། བརྩེ་བ་དང་བྱམས་བརྩེའི་གཅེས་སྐྱོང་ལ་ཚང་མས་རྗེས་སུ་ཡི་རངས་བྱེད་ཀྱི་ཡོད། ང་ཚོ་སྤྱི་ཚོགས་སེམས་ཅན་ཡིན་པའི་ཆ་ནས་འཚོ་གནས་ཐུབ་པའི་ཆེད་དུ་ཕན་ཚུན་མཉམ་ལས་བྱེད་དགོས། ང་ཚོས་ཕན་ཚུན་ལྟ་རྟོག་བྱས་ན་ཕན་ཚུན་གཉིས་ཀའི་ནུས་ཤུགས་འཕེལ་བ་དང་རང་གིས་རང་ལ་གདེང་ཚོད་ཆེ་རུ་སོང་ནས་དཀའ་ངལ་གང་རུང་ལས་ཐར་ཐུབ།
དེར་བརྟེན་ཚོ་ཁག་གམ་སྡེ་ཚན་ལྔ་པོ་དེ་དག་རེ་རེར་རང་སོ་སོའི་བཟང་སྤྱོད་ཀྱི་ལམ་ལུགས་ཡོད། ལམ་ལུགས་དེ་དག་རེ་རེའི་ཆོས་ཀྱི་སློབ་སྟོན་དང་བསླབ་བྱ་ཁག་ལ་ལྷག་བསམ་རྣམ་དག་གིས་སྲུང་བརྩི་བྱེད་མཁན་ཚང་མར་འབྲས་བུ་གཅིག་པ་འཐོབ་རྒྱུ་དང་། ཁོང་ཚོའི་ངོས་ནས་གནས་སྟངས་གང་ཡིན་པ་དེ་ལ་རླུང་མི་ལངས་པའི་ཐོག་ངོས་ལེན་བྱེད་ཐུབ། གལ་སྲིད་ཁོང་ཚོས་འགྲུལ་པའི་ནང་ནས་ཐ་ན་མི་གཅིག་གི་བྱ་སྤྱོད་ལ་བརྟེན་ནས་ཚོ་ཁག་ཧྲིལ་པོའི་བདེ་འཇགས་ལ་ཉེན་ཁ་བཟོ་གི་ཡོད་པ་ཤེས་ན། དཔེར་ན། བཟའ་བཅའི་རིགས་ཚུལ་མིན་གྱིས་རང་གཅིག་པུའི་ཆེད་སྡེབ་གསོག་བྱེད་པ་ལྟ་བུ། ནོར་འཁྲུལ་དེ་ཡོ་བསྲང་བྱེད་པའི་ཆེད་སྒྲིག་ཁྲིམས་ལག་བསྟར་མི་བྱེད་པ་ཀ་མེད་བཟོ་བ་དང་། བཟང་སྤྱོད་ཀྱི་ལམ་ལུགས་དེ་དག་རེ་རེས་ཁོང་ཁྲོའི་རྣམ་པའི་ཐོག་ནས་མ་ཡིན་པར་འགྲོ་བསྐྱོད་བྱེད་མི་ཐུབ་པར་འཁྱགས་རོམ་དཀྱིལ་དུ་ལུས་པའི་འགྲུལ་པ་ཡོངས་ཀྱི་བདེ་དོན་ཆེད་སེམས་འཁུར་ལྡན་པའི་ཐོག་ནས་རོགས་རམ་བྱེད་དགོས། ཁོང་ཚོས་སེམས་ཀྱི་ཞི་བདེ་རྒྱུན་མཐུད་པའི་ངང་གྲུའི་ནང་དུ་ཡོད་པའི་མི་ངོ་རེའི་བདེ་སྡུག་ཆེད་བཟང་ཕྱོགས་ཀྱི་མཐུན་སྦྱོར་བྱེད། ཕན་ཚུན་དབར་གྱི་བདེ་སྡུག་ལ་འགན་འཁུར་བླངས་པའི་ཐུན་མོང་གི་ཉམས་མྱོང་གི་རྒྱུ་མཚན་ལ་བརྟེན་ནས་དེའི་འབྲས་བུར་སྤྱི་ཚོགས་དེས་དཀའ་སྡུག་ནང་གདོང་ལེན་དང་བཅས་འཚོ་གནས་ཐུབ་པ་ཙམ་དུ་མ་ཟད། དེའི་ཚོགས་མི་རྣམས་ཀྱང་སྔར་ལས་ལྷག་པའི་ཕན་ཚུན་བློ་ཐག་ཉེ་པོ་དང་འབྲེལ་བ་ཟབ་ཏུ་འགྲོ་ངེས་རེད།
འཇུག་སྡོམ།
ལྷོ་སྣེའི་མཐའ་གླིང་ Antarctica གི་འཁྱགས་རོམ་དཀྱིལ་དུ་ལུས་པའི་གྲུའི་དཔེ་འདི་ནི། རིག་གཞུང་སྣ་མང་འཛོམས་པའི་སྤྱི་ཚོགས་ཞིག་གིས་འཚོ་བའི་ནང་འགོག་ཐབས་མེད་པའི་དཀའ་ངལ་རིགས་འདྲ་མིན་ལ་གདོང་ལེན་བྱེད་དགོས་པའི་གནས་དོན་དང་། དཀའ་ངལ་ཁག་ནུས་པ་ལྡན་པའི་ཐོག་ཇི་ལྟར་གང་ལེགས་སེལ་དགོས་མིན་རྟོགས་པའི་དཔེ་མཚོན་བཟང་པོ་ཞིག་རེད། འདི་སྒྲུབ་པའི་ཆེད། མི་ཚོས་ཁོང་ཚོའི་སྤྱི་ཚོགས་ནང་ཡོད་པའི་ཚོགས་པ་ཁག་གི་རིག་གཞུང་དང་དད་པ་གཙོ་ཁག་སྐོར་ལ་ཤེས་རྟོགས་དགོས། རྒྱུན་དུ་མི་གཞན་ལ་འཇིགས་སྣང་དང་ཡིད་ཆེས་མེད་པའི་རྒྱུ་རྐྱེན་ནི་རང་གི་དད་པའི་སྐོར་ཤེས་རྟོགས་ཟབ་པོ་མེད་པའི་རྐྱེན་གྱིས་ཡོང་གི་ཡོད། སློབ་གསོ་ཚད་ལྡན་བརྒྱུད་ང་ཚོས་ཆོས་ལུགས་དང་ལྟ་གྲུབ་ཚང་མར་བཟང་སྤྱོད་ཀྱི་ལམ་ལུགས་ཤིག་ཡོད་པ་ཤེས་ཐུབ། བཟང་སྤྱོད་ཀྱི་ལམ་ལུགས་དེ་དག་གི་ཐུན་མོང་གི་ཆ་གང་ཡོད་པ་ཁག་ཆོས་ཁས་ལེན་མི་བྱེད་མཁན་ཚུན་ཆད་ཚང་མས་ངོས་ལེན་བྱེད་པའི་འགྲོ་བ་མིའི་གཞི་རྩའི་བཟང་སྤྱོད་ཀྱི་རིན་ཐང་ཁག་དང་མཐུན་གྱི་ཡོད། རིན་ཐང་དེ་དག་ནི་བརྩེ་བ་དང་། སྙིང་རྗེ། གཞན་ལ་བྱམས་སྐྱོང་དང་ཁོང་ཚོའི་བདེ་སྡུག་ལ་སེམས་འཁུར་གཏིང་ཟབ་བྱེད་པ་བཅས་ཡིན།
ཚོ་ཁག་འདྲ་མིན་སྣ་ཚོགས་པ་ནས་ཡིན་པའི་མི་ཚོས་དད་པའི་ལམ་ལུགས་གང་ཡིན་མིན་ལ་མ་ལྟོས་པར། འགྲོ་བ་མིའི་གཞི་རྩའི་རིན་ཐང་དེ་དག་ལྷད་མེད་རྣམ་པར་དག་པ་དང་ལྡན་ན། དུས་ཚོད་བཟང་ངན་གང་ཡིན་ཀྱང་སྤྱི་ཚོགས་དེ་ཞི་མཐུན་ངང་ལས་ཀ་བྱེད་ཐུབ། འདིའི་རྒྱུ་མཚན་ནི་ཚོ་ཁག་རེ་རེས་ཕན་ཚུན་བསམ་ཤེས་ཐུབ་པའི་ཐོག་གུས་བརྩི་ཞུ་བ་དང་། ཕན་ཚུན་གཉིས་སྨན་གྱི་བསམ་ཤེས་ལ་གཞི་བཞག་པའི་ཕན་ཚུན་དབར་གྱི་གུས་ཞབས་ནི་ཕན་ཚུན་གྱི་ཡིད་ཆེས་ནས་ཡོང་གི་ཡོད། རིག་གཞུང་འདྲ་མིན་ནས་ཡིན་པའི་མི་ཚོས་ཕན་ཚུན་གུས་ཞབས་དང་ཡིད་ཆེས་བྱེད་པའི་སྐབས། ཕན་ཚུན་གཅིག་གིས་གཅིག་ལ་འཇིགས་སྣང་མེད་པའི་ངང་འཚོ་གནས་བྱེད་ཀྱི་ཡོད། འདིས་ཚང་མས་མོས་མཐུན་ཐོག་མཉམ་སྤྱོད་བྱེད་པའི་གཞི་རྩའི་བཟང་སྤྱོད་ཀྱི་རྩ་འཛིན་ཁག་ལ་གཞི་བཞག་པའི་མཐུན་སྒྲིལ་གྱི་སྤྱི་ཚོགས་བཟང་པོ་ཞིག་བསྐྲུན་གྱི་ཡོད།
དེ་ལྟར་འཕྲོད་བསྟེན་ལྡན་པའི་སྤྱི་ཚོགས་བཟང་པོ་དེ་ཆ་རྐྱེན་འདྲ་མིན་ལ་བརྟེན་ནས་ཡོང་གི་ཡོད། དེའི་ནང་དཔལ་འབྱོར་དང་། ཁོར་ཡུག སྤྱི་ཚོགས། ཁྲིམས། ཤེས་ཡོན་གྱི་ལམ་ལུགས་རྣམས་ཚུད་ཡོད་པ་དང་། དེ་བཞིན་ང་ཚོས་མཐོང་བ་བཞིན་བཟང་སྤྱོད་ཀྱི་རྣམ་གཞག་དང་ཆོས་ལུགས་དབར་གྱི་མཐུན་སྒྲིལ་ཚུད་ཡོད། གལ་སྲིད་ཆ་རྐྱེན་དེ་དག་གི་ནང་ནས་གང་རུང་ཞིག་ཞན་པོ་ཡོད་ན་སྤྱི་ཚོགས་འཕེལ་རྒྱས་འགྲོ་མི་ཐུབ། ང་ཚོས་རང་ཉིད་མི་སྒེར་ངོས་ནས་འགོ་བཙུགས་ཏེ། ལྷག་པར་དུ་རང་ཉིད་ཀྱི་བཟང་སྤྱོད་ལ་ཤུགས་སྣོན་དང་མི་གཞན་དང་ཁོང་ཚོའི་དད་པ་ལ་གུས་ཞབས་བྱེད་དགོས། གལ་སྲིད་ང་ཚོས་རང་གི་སེམས་ཞི་ཞིང་དུལ་བ་དང་གཞན་ལ་སྙིང་རྗེའི་འདུ་ཤེས་བཟུང་ཐུབ་ན། དེ་ནས་ང་ཚོས་རང་གི་ནང་མི་དང་། གྲོགས་པོ། ཉེ་བའི་སྤྱི་ཚོགས་ལ་རྒྱ་སྐྱེད་གཏོང་སྟེ་རིམ་པས་ང་ཚོས་འཕྲོད་བསྟེན་དང་ལྡན་པའི་ཞི་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཐུབ། སྤྱི་ཚོགས་ཡོངས་ཀྱི་འཕྲོད་བསྟེན་ཡག་པོ་ཡོང་བར། དེའི་གྲུབ་ཆ་མི་ངོ་རེས་སེམས་ཀྱི་འཕྲོད་བསྟེན་ཡག་པོ་དང་བཟང་སྤྱོད་ཀྱི་འདུ་ཤེས་ལྡན་པ་བྱེད་དགོས། དེ་ནི་རིག་གཞུང་སྣ་མང་འཛོམས་པའི་སྤྱི་ཚོགས་དང་། རྒྱ་ཆེ་ས་ནས་བཤད་ན། རིག་གཞུང་སྣ་མང་འཛོམས་པའི་འཛམ་གླིང་ནང་ལྷག་པར་དུ་དགོས་མཁོ་ཆེ་ལ་བདེན་པའི་དོན་ཞིག་ཡིན།
བོད་ཀྱི་ནང་ཆོས་དང་། ཁ་ཆེའི་ཆོས་ལུགས། ཡེ་ཤུ་ཆོས་ལུགས། ཁུང་ཙིའི་ཆོས་ལུགས་སོགས་འཛམ་གླིང་ནང་ཡོད་པའི་ཆོས་ལུགས་དང་ལྟ་གྲུབ་ཆེ་ཁག་ང་ཚོས་དཔེ་མཚོན་ནང་མཐོང་བ་ཚང་མས་འགྲོ་བ་མིའི་གཞི་རྩའི་བཟང་སྤྱོད་ཀྱི་རིན་ཐང་ཁག་ཐུན་མོང་ངང་ཁས་ལེན་བྱེད་ཀྱི་ཡོད། དེ་དག་ལ་ཆོས་ཡང་ན་ལྟ་གྲུབ་གང་ཡང་མེད་མཁན་ཚོས་ཀྱང་ངོས་ལེན་བྱེད་ཀྱི་ཡོད། ང་ཚོས་རང་གི་ཕྲུ་གུ་ཚོར་འགྲོ་བ་མིའི་གཞི་རྩའི་བཟང་སྤྱོད་ཀྱི་རིན་ཐང་དེ་དག་སྐོར་ཤེས་ཡོན་གྱི་སློབ་གསོ་ངེས་པར་དུ་སྤྲོད་དགོས། དེ་ལྟར་བྱས་ན། རིམ་གྱིས་འཛམ་གླིང་འདི་ཚང་མར་ཕན་ཐོགས་པའི་གནས་བཟང་པོ་ཞིག་ཏུ་འགྱུར་གྱི་རེད། ཐུགས་རྗེ་ཆེ།།