ཧུའེ་ཁ་ཆེ་དང་བོད་རིགས། ཡུ་གུར་མི་རིགས་བཅས་དབར་གྱི་འབྲེལ་ལམ།

ཡུ་གུར་མི་རིགས།

རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ནང་ཁ་ཆེ་གྲངས་ཉུང་མི་རིགས་ཆེ་ཁག་གཉིས་ཡོད་པ་ནི། ཡུ་གུར་དང་ཧུའེ་ཁ་ཆེ་གཉིས་ཡིན། གཉིས་ཀས་སན་ན་ (sunna) ཁ་ཆེའི་ཆོས་ལུགས་ཉམས་ལེན་བྱེད་ཅིང་དབུས་ཨེ་ཤི་ཡའི་སུ་ཧྥི་ཁ་ཆེའི་ཆོས་ལུགས་ཀྱི་གྲུབ་མཐའ་སྣ་ཚོགས་དང་འདྲེས་ནས་ཡོད། ཡུ་གུར་མི་རིགས་རྣམས་ཐོག་མར་ནུབ་སོག་པོའི་བྱང་ཕྱོགས་ས་ཁུལ་གྱི་མངའ་ཁོངས་ཨལ་ཏའི་རི་བོ་ (Altai Mountain) ནས་ཡོང་བའི་ཏུར་ཀིའི་ (Turkic) མི་རིགས་ཡིན། དུས་རབས་བརྒྱད་པའི་འགོ་སྟོད་ནས་དགུ་པའི་དུས་དཀྱིལ་བར་སོག་པོ་དབང་སྒྱུར་བྱས་པའི་རྗེས། ཁོང་ཚོ་ཤར་ཏུར་ཀི་སི་ཐན་དུ་གནས་སྤོས་བྱས། (རྒྱ་སྐད་དུ་ཤིང་ཅང་ (Xinjiang) ཟེར།) དེ་ནས་བཟུང་ས་ཁུལ་དེའི་ནང་ཁོང་ཚོ་དབང་ཤུགས་རྩེར་སོན་པའི་མི་རིགས་སྡེ་པ་ཞིག་ཡིན་པ་དང་ཏུར་ཀིའི་སྐད་ཡིག་བེད་སྤྱོད་བྱེད་ཀྱི་ཡོད། འོན་ཀྱང་ཡུ་གུར་མི་རིགས་རྣམས་ཆིག་སྒྲིལ་མེད་པའི་མི་རིགས་ཤིག་ཡིན། སྔ་དུས་སུ་ཁོང་ཚོ་རྩ་བའི་ཆ་ནས་བྱེ་ཐང་གི་གྲོང་ཁྱེར་ (Oasis cities) ཞེས་པར་ངོས་འཛིན་བྱེད། ཡུ་གུར་ཞེས་པའི་བརྡ་ཆད་འདི་ནི་ཁོང་ཚོ་ཚང་མས་དུས་རབས་བཅུ་དགུ་པའི་དུས་མཇུག་ཙམ་ནས་མན་ཇུ་ཆིང་རྒྱལ་རབས་ཀྱི་དབང་ཤུགས་ལ་འགོག་རྒོལ་བྱ་རྒྱུ་ཆིག་སྒྲིལ་ཡོང་སླད་བེད་སྤྱོད་བཏང་།

ཡུ་གུར་མི་རིགས་སྤྱི་ཡོངས་ནས་བོད་རིགས་དང་འདྲ་བར་ཞི་འཇམ་གྱི་མི་རིགས་ཤིག་ཡིན་ཅིང་། ལས་དོན་ནི་ཧ་ཅང་རིན་ཐང་ཆེ་བའི་བྱ་གཞག་ཅིག་ལ་བརྩི་བའི་ཡིད་ཆེས་མེད། ཁོང་ཚོས་ལས་དོན་ནི་ངོ་བོ་ཉིད་ནས་དགེ་བ་ཞིག་ཏུ་མཐོང་གི་མེད་ལ་མི་ཚེའི་ནང་ལོངས་སྤྱོད་བྱེད་པའི་རིན་ཐང་ཞིག་ཏུ་མཐོང་གི་མེད། ཁོང་ཚོའི་ཤེས་ཡོན་གྱི་གནས་ཚད་དང་ཁ་ཆེའི་ཆོས་ཉམས་ལེན་གྱི་རིམ་པ་ཧ་ཅང་དམའ་པོ་ཡིན་ཅིང་། ལྷ་ཁང་དང་གོམས་སྲོལ་རྣམས་དབུས་ཨེ་ཤི་ཡའི་དབྱིངས་སུ་གནས། ཤིན་ཅང་གི་དབུས་དང་བྱང་ཕྱོགས་ལ་གནས་པ་རྣམས་ད་ཆ་རྒྱ་རིགས་སུ་བསྒྱུར་ཟིན། ལྷ་ཁང་ནང་གནས་སྐོར་དུ་སྐྱོད་མཁན་མང་ཆེ་བ་ནི་ལོ་ན་རྒན་པ་ཤ་སྟག་ཡིན་ཅིང་། ལྷ་ཁང་གི་གནས་སྟངས་ཀྱང་ཅུང་ཞན་པོ་ཡོད། ལྷོ་ཤིན་ཅང་ནང་ཡུ་གུར་མི་རིགས་ཁྲོད་ཁ་ཆེའི་ཆོས་ལུགས་ཤུགས་ཆེན་པ་ཡོད་ཅིང་ལྟོས་བཅས་ཀྱིས་ཧན་རྒྱ་རིགས་ཉུང་ཉུང་ལས་མེད། ཧུའེ་ཁ་ཆེའི་ཁྲོད་ཆོས་ལུགས་དེ་སྲོལ་རྒྱུན་གྱི་རྣམ་པ་ཤུགས་ཆེ་བ་ཉམས་ལེན་བྱེད་ཀྱི་ཡོད།

ཧུའེ་ཁ་ཆེ།

ཧུའེ་ཁ་ཆེ་ནི་མི་རིགས་འདྲ་མིན་ཁོངས་ནས་བྱུང་ཡོད། རྩ་བའི་ཆ་ནས་ཨ་རབ་དང་། པར་ཤི་ཡ། དབུས་ཨེ་ཤི་ཡ། སོག་པོ་བཅས་རྒྱ་ནག་གི་ས་ཕྱོགས་གང་སར་གནས་སྡོད་བྱེད། ཁོང་ཚོ་ནི་ཐོག་མར་དུས་རབས་བདུན་པའི་དུས་དཀྱིལ་ཙམ་ནས་ཡོང་བའི་ཚོང་པ་དང་དམག་ཁྲལ་རྒྱུག་བཞིན་པའི་དམག་མི་ཡིན། དུས་རབས་བཅུ་བཞི་པའི་དུས་དཀྱིལ་དུ་ཧན་རྒྱ་རིགས་དང་མཉམ་དུ་བཙན་ཤེད་ཀྱི་ནང་ཁུལ་གཉེན་སྒྲིག་བྱེད་དུ་བཅུག །དེའི་མཇུག་འབྲས་སུ་ཁོང་ཚོས་རྒྱ་སྐད་སྤྱོད་ཅིང་ལུགས་སྲོལ་དང་ལྷ་ཁང་བཅས་ཚང་མ་རྒྱ་ནག་གི་ལུགས་སྲོལ་ལྟར་བྱེད་ཀྱི་ཡོད། དེ་མིན་རྒྱ་ནག་གི་ཁ་ཆེའི་གྲངས་ཉུང་མི་རིགས་ནི་སྲོལ་རྒྱུན་གྱི་ཐོག་ནས་ཧུའེ་རྒྱ་རིགས་ཀྱི་ཁ་ཆེའི་ཆོས་ཉམས་ལེན་བྱེད་སྟངས་དང་མཉམ་གནས་ཐུབ་ཁག་པོ་ཡོད།

སྤྱིར་བཏང་ཧུའེ་ཁ་ཆེ་ཚོའི་མི་ཚེ་སྐྱེལ་སྟངས་ཐད་དབུས་ཤར་དང་དབུས་ཨེ་ཤིའི་ཡའི་ཞི་ལྷོད་ཀྱི་སྤྱོད་ཚུལ་ནང་བཞིན་མེད་པ་དང་ཁོང་ཚོས་ཚོང་དོན་དང་དངུལ་གྱི་ཐད་རྒྱ་རིགས་ཀྱི་དྲག་ཤུལ་ཅན་གྱི་དམིགས་ཡུལ་མཉམ་སྤྱོད་བྱེད་ཀྱི་ཡོད། བོད་རིགས་ལྟར་མང་པོ་ཞིག་གི་རང་གི་ལུས་ཐོག་ཏུ་རལ་གྲི་བཅངས་ནས་བེད་སྤྱོད་བྱེད་མྱུར་པོ་ཡོད། ཁོང་ཚོ་ནི་སྡེ་ཁག་གཉིས་སུ་ཕྱེས་ཡོད། ནུབ་ཧུའེ་ཁ་ཆེ་རྣམས་མདོ་སྨད་དང་ས་མཚམས་ཁེལ་བའི་ནན་ཤི་ (Nangxia) དང་། ལྷོ་ཀན་སུའུ། (Gansu) ཤར་ཆིང་ཧེའེ་ (Qinghai) བཅས་ནང་བཅའ་སྡོད་བྱེད་ཅིང་། ཤར་ཧུའེ་རྒྱ་རིགས་ནི་བྱང་རྒྱ་ནག་དང་ཤར་ནང་སོག་ཀྱི་ས་ཁུལ་གང་སར་ཁྱབ་ནས་གནས་སྡོད་བྱེད་ཀྱི་ཡོད།

ནུབ་ཧུའེ་ཁ་ཆེ།

ནུབ་ཧུའེ་ཁ་ཆེའི་ཁྲོད་དུ་ཨིསེ་ལཱམ་ནི་ལྟོས་བཅས་ཀྱི་ཆིག་སྒྲིལ་ཡོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན་ཅིང་མུ་མཐུད་གོང་མཐོར་འགྲོ་བཞིན་ཡོད། གཞོན་སྐྱེས་དང་རྒན་རབས་པ་གཉིས་ཀས་ཁ་ཆེ་ལྷ་ཁང་ནང་འགྲོ་ཞིང་། ཕན་ཚུན་གནས་ཚུལ་སྤེལ་རེས་ཆེད་སྤྱི་ཚོགས་ཀྱི་འདུ་འཛོམས་ཁང་ཞིག་ཏུ་སྤྱོད་ཀྱི་ཡོད། ཁ་ཆེ་ལྷ་ཁང་དེ་དག་ནི་ཁ་གཏད་ཡུ་གུར་གྱི་ལྷ་ཁང་ལས་རྦད་དེ་འབྱོར་ཕྱུག་ལྡན་པ་དང་གཙང་བ་ཡོད། ཧུའེ་ཁ་ཆེའི་རིག་གཞུང་གི་བསྟི་གནས་ལིང་ཤི་ཡཱ་ (Lingxia) སུ་ཁ་ཆེའི་ཆོས་ལུགས་ཀྱི་སློབ་གྲྭ་ཡོད་ནའང་། ཆོས་ནི་ཕལ་ཆེ་བ་སྲོལ་རྒྱུན་གྱི་སུ་ཧྥི་ (Sufi) ཆོས་ལུགས་བྱེད་ཀྱི་ཡོད། མཉམ་དུ་སྒོམ་གྱི་སློབ་དཔོན་ཡང་ཡོད། ནུབ་ཧུའེ་ཁ་ཆེ་མང་ཆེ་བའི་ཁྲོད་ཁ་ཆེའི་ཆོས་ལུགས་གཏིང་ཟབ་པོ་ཤེས་མཁན་ཧ་ཅང་ཉུང་ཉུང་ཡིན།

རྒྱ་རིགས་སུ་སྒྱུར་བའི་ད་ཡོད་ཀྱི་གནོན་ཤུགས་འོག་ནུབ་ཧུའེ་ཁ་ཆེ་རྣམས་ཡུ་གུར་ལས་གཞན་དབང་གི་ཤུགས་རྐྱེན་ཅུང་ཆུང་བ་ཡོད། གཅིག་བྱས་ན་ཁོང་ཚོ་སྔ་ས་ནས་རྒྱ་རིགས་སུ་བསྒྱུར་ཟིན་པ་དང་རྒྱ་སྐད་ཁོ་ན་སྤྱོད་བཞིན་ཡོད་ཤས་ཆེ། དཔེར་ན། ལྷོ་ཤིན་ཅིང་ (Xinjing) ཁུལ་གྱི་གྲོང་གསེབ་ནང་གནས་སྡོད་བྱེད་མཁན་ཡུ་གུར་བུད་མེད་རྣམས་ཁོ་ནས་མགོ་ལ་རས་གྱོན་གྱི་ཡོད། དེ་དང་ཆབས་ཅིག་ནུབ་ཧུའེ་ཁ་ཆེ་བུད་མེད་ཚོས་ཧན་རྒྱ་རིགས་ཀྱི་དབང་སྒྱུར་བྱས་པའི་གྲོང་ཁྱེར་ནང་དེ་ལྟར་གྱོན་གྱི་ཡོད།

ཤར་ཧུའེ་ཁ་ཆེ།

ཤར་ཧུའེ་ཁ་ཆེ་རྣམས་ནུབ་ཧུའེ་ཁ་ཆེ་ལས་སྲོལ་རྒྱུན་གྱི་ལམ་ལུགས་ཅུང་ཆུང་བ་ཡོད། ཚོད་དཔག་བྱས་ན་བརྒྱ་ཆ་བརྒྱད་བཅུ་ཙམ་གྱི་རྒན་གཞོན་གཉིས་ཀ་ཁ་ཆེའི་ཆོས་ལ་ཡིད་ཆེས་བྱེད་མཁན་ཡིན། ཉུང་ཤས་ཀྱིས་སྨོན་ལམ་འདེབས་པར་ཡོང་གི་ཡོད། ཤར་ཧུའེ་ཁ་ཆེས་ད་དུང་ཧ་ལཱལ་ (Halal) གཞིར་བཟུང་སེམས་ཅན་གསོད་པ་དང་ཕག་ཤ་བཟའ་གི་མེད། འོན་ཀྱང་མང་པོ་ཞིག་གིས་ཐ་མག་འཐེན་པ་དང་ཆང་རག་འཐུང་གི་ཡོད། དེ་ནི་ཀོ་རན་ (Quran) དང་རྒྱབ་འགལ་དུ་འགྲོ་གི་ཡོད། འགའ་ཞིག་གིས་ར་མ་དན་ཟས་བཅད་ Ramadan fast ཅེས་པ་ཉམས་སུ་བླངས་ནས་སྡོད་ཀྱི་ཡོད་ནའང་། སྐྱེས་པ་ཉུང་ཤས་ཀྱི་རང་གི་མཚན་མའི་སྤུ་བྲེག་པ་དང་བུད་མེད་ཚོས་མགོ་ལ་རས་གྱོན་གྱི་མེད།

ཧུའེ་ཁ་ཆེའི་དམིགས་བསལ་ཐོབ་ཐང་གི་གནས་བབས།

ཧན་རྒྱ་རིགས་མ་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ནང་ལས་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ནང་ཧུའེ་ཁ་ཆེ་ཚོས་ཁེ་དབང་ལོངས་སྤྱོད་མང་བ་བྱས་ཡོད། གང་ཡིན་ཞེ་ན། གཞི་རྩའི་ཆ་ནས་ཁོང་ཚོ་སྡོད་སྟངས་མཁས་པོ་དང་མཉམ་རུབ་ཡག་པོ་ཡོད། མའོ་ཡི་སམ་ (Maoism) དང་ཁ་ཆེའི་ཆོས་ལུགས་གཉིས་ཀའི་མཉམ་རུབ་དང་སྡོད་སྟངས་མཁས་པོའི་རྒྱབ་སྐྱོར་ངོས་ལེན་ཡོད་པ་དང་། དེར་མ་ཟད། ཚོང་དོན་གྱི་ཁེ་ཕན་ཆེད་བརྗེ་ལེན་བྱེད་པར་ཁ་ཆེའི་ཆོས་ལུགས་ལ་གུས་བརྩི་དགོས་པར་དབུས་ཤར་ལུང་པ་རྣམས་ཀྱིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་པ་བཅས་ཀྱི་རྐྱེན་པས། ཁ་ཆེའི་ལྷ་ཁང་གསར་པ་མང་པོ་ཁྱབ་གདལ་མྱུར་དུ་ཕྱིན་ཡོད། དེ་དག་ནི་རྩ་བའི་ཆ་ནས་ཧུའེ་ཁ་ཆེ་ཚོས་བཞེངས་པ་ལས་ཡུ་གུར་གྱིས་བཞེངས་མེད།

ཧུའེ་ཁ་ཆེའི་གནས་ཡུལ་སྤོ་བཤུད།

དུས་རབས་མང་པོའི་རིང་། ཧུའེ་ཁ་ཆེ་རྣམས་གཙོ་བོར་ཚོང་པའི་ངོ་བོར་གང་སར་ཁྱབ་པ་དང་རྒྱ་ནག་གི་ས་ཕྱོགས་གང་སར་གཞིས་ཆགས་ནས་བསྡད་ཡོད། ཐ་ན་སོག་པོ་ཡོན་རྒྱལ་རབས་སྐབས་སུའང་། ཁ་ཆེ་ཚོས་སོག་པོའི་རྟེན་འབུལ་ཚོགས་པ་ (tribute mission) ལ་རྒྱ་ནག་པེ་ཅིང་དུ་ཚོང་འབྲེལ་གོ་སྒྲིག་བྱེད་པར་རོགས་རམ་བྱེད་ཀྱི་ཡོད། དེ་ལས་ལྡོག་སྟེ། ཡུ་གུར་དང་བོད་རིགས་ཁ་ཆེ་རྣམས་སོ་སོའི་ཕ་ཡུལ་དུ་ལོགས་སུ་གནས་ཡོད། ཁྱད་པར་དེ་ནི་གཅིག་བྱས་ན་ཧུའེ་ཁ་ཆེ་རྣམས་ཚོང་པ་དང་གླས་དམག་གི་རྒྱུད་པ་ཡིན་པའི་རྐྱེན་གྱིས་ཡིན་ཤས་ཆེ། ཆབས་ཅིག་ཡུ་གུར་དང་བོད་རིགས་ཁ་ཆེ་རྣམས་སོ་སོའི་ཕ་ཡུལ་གྱི་རང་དབང་ཤོར་ནས་ད་ལྟའི་འདུག་གནས་སོག་པོ་དང་ཀཤྨཱིར་ནང་དུ་བཙན་བྱོལ་དུ་མི་ཡོང་ཀ་མེད་དུ་གྱུར། དེས་ན། ཧུའེ་ཁ་ཆེའི་ལོ་རྒྱུས་ནང་ཁ་ཆེའི་ཚོང་པ་རྣམས་བོད་དབུས་སུ་གནས་སྤོ་བྱེད་བཞིན་པ་ནི་གསར་པ་གང་ཡང་མ་ཡིན། ཁོང་ཚོ་ནི་ཧན་རྒྱ་རིགས་དབང་འཛིན་པ་ཚོས་བཙན་ཤེད་ཀྱི་བོད་ནང་སྤོ་བཅུག་པ་མ་ཡིན་པར། སོ་སོའི་ཚོང་དོན་གྱི་དམིགས་ཡུལ་དང་བཅས་རང་འདོད་ཀྱིས་གནས་སྤོ་བཤུད་བྱེད་པ་ཡིན།

ནུབ་ཧུའེ་ཁ་ཆེ་རྣམས་བོད་ཙམ་དུ་མ་ཟད། ད་དུང་ཧན་རྒྱ་རིགས་གཞིས་ཆགས་ཚོའི་མདུན་སྐྱོད་དཔུང་སྡེ་ལྟ་བུར་ཀན་སུའུ་དང་ཤིན་ཅིང་ (Xinjiang) གི་ས་ཁུལ་གང་སར་གནས་སྤོས་ཡོད། ཁོང་ཚོས་དེ་གར་ལམ་ཟུར་དུ་ཟ་ཁང་དང་ཚོང་ཁང་གཉེར་ནས་མྱུར་དུ་ས་གནས་གང་སར་ཧུའེ་ཁ་ཆེའི་སྡེ་པ་གནས། ཁོང་ཚོས་ད་དུང་ལྷ་ཁང་བཞེངས་ནས་རང་མི་རིགས་ཚོའི་ཆིག་སྒྲིལ་མཉམ་གནས་ཀྱི་གོང་བུ་གོང་འཕེལ་སླད་སྐབས་སྐབས་སུ་འདུ་འཛོམས་བྱེད་ཀྱི་ཡོད། དེའང་ཆོས་ཕྱོགས་ཀྱི་དད་པའི་དབང་གིས་མ་ཡིན། ཧུའེ་ཁ་ཆེ་གནས་སྤོས་པ་ཚོར་བོད་རིགས་གཅིག་པུས་འཁོན་འཛིན་མི་བྱེད་པར་ད་དུང་ཡུ་གུར་གྱིས་ཀྱང་བྱེད་ཀྱི་ཡོད། ཧན་རྒྱ་རིགས་ཀྱི་དམག་མི་དང་དཔོན་དབང་སྲིད་གཞུང་གཉིས་དང་པོ་སྤོས་ཡོད་ནའང་། ཧན་རྒྱ་རིགས་ཚོང་པ་རྣམས་ལ་སྲོལ་གཏོད་ཀྱི་སྙིང་སྟོབས་མེད་སྟབས། ཧུའེ་ཁ་ཆེའི་རྗེས་སུ་འབྲངས་ཡོད།

བོད་རིགས་དང་ཧུའེ་ཁ་ཆེའི་བསམ་བློ་གཏོང་ཕྱོགས་དབར་གྱི་ཁྱད་པར།

བོད་རིགས་མང་པོ་ཞིག་ལ་ད་དུང་འབྲོག་པའི་བསམ་བློ་ལྡན་པ་དང་། རང་དབང་གི་འདོད་པ་དྲག་པོ་དང་ལྷག་པར་དུ་འགྲོ་སྐྱོད་ཀྱི་རང་དབང་ལ་འདོད་པ་ཆེན་པོ་ཡོད། སྤྱིར་བཏང་ནས་ཁོང་ཚོས་འཆར་ཅན་ལས་ཀར་དགའ་པོ་མེད། ཐ་ན་ཚོང་ཁང་གཉེར་ནའང་། མང་པོས་ནམ་དུས་དང་བསྟུན་ནས་ཚོང་ཁང་སྒོ་འབྱེད་ཀྱི་ཡོད། ཡང་ནས་ཡང་དུ་གུང་གསེང་དང་། གནས་སྐོར། སྤྲོ་སྐྱིད་གཏོང་བ་སོགས་ཀྱི་ཆེད་དུས་ཡུན་རིང་པོ་ཚོང་ཁང་སྒོ་རྒྱག་གི་ཡོད། རྒྱ་གར་ནང་དུའང་བོད་པ་མང་པོས་ནམ་དུས་དང་བསྟུན་ནས་རྒྱ་གར་གྱི་གྲོང་ཁྱེར་མང་པོའི་ནང་སུད་ཚོང་རྒྱག་པ་དང་། གནས་སྐོར་དུ་སྐྱོད་པ། གསུང་ཆོས་ཞུ་བར་འགྲོ་བ་སོགས་བྱས་ནས་ལོ་རེའི་དུས་ཀྱི་ཆ་ཤས་གཅིག་རིང་ལས་ཀ་བྱེད་ཀྱི་ཡོད། དེ་ལས་ལྡོག་སྟེ། ཧུའེ་ཁ་ཆེ་དང་ཧན་རྒྱ་རིགས་ཚོས་དངུལ་དང་ཚོང་ཁོ་ནར་དབྱིངས་ཞུགས་པ་དང་། ཚོང་ཁང་ནང་ཞོགས་པ་ཆུ་ཚོད་ ༦ ནས་དགོང་དྲོའི་ཆུ་ཚོད་ ༡༠ ཙམ་བར་དུ་ལོ་ཧྲིལ་པོ་དཀའ་ལས་རྒྱག་གི་ཡོད།

ཧུའེ་ཁ་ཆེ་རྣམས་ཐབས་བྱུས་བཟང་བ་དང་ཧུར་བརྩོན་ཆེ་བ་ཡོད། ཁོང་ཚོས་བོད་པའི་སྲོལ་རྒྱུན་གྱི་དངོས་པོ་བཟོ་བ་དང་ཚོང་འགྲེམས་བྱེད་ཀྱི་ཡོད། བོད་པས་བྱེད་ཐུབ་ཀྱི་མེད་ལ་འགྲན་རྩོད་བྱེད་འདོད་ཀྱང་མེད། ཧུའེ་ཁ་ཆེ་ཚོས་བོད་ལུགས་ཀྱི་རྒྱན་ཆ་དང་ཕྲེང་བ་སོགས་ཆོས་ལུགས་ཀྱི་མཁོ་ཆས། རྟ་ཆས། གྲི། བལ། རུམ་གདན། རོལ་ཆ། ལྷམ། ཐུག་པ་སོགས་བཟོ་བ་དང་། དེ་བཞིན་གང་སར་ཁྱབ་པའི་ཟ་ཁང་ཡང་གཉེར་གྱི་ཡོད། ཧན་རྒྱ་རིགས་ཚོང་པ་རྣམས་ཕྱིས་སུ་འབྱོར་བ་དང་མང་ཆེ་བས་རྒྱ་ནག་གིས་བཟོས་པའི་དེང་དུས་ཀྱི་དངོས་ཟོག །དཔེར་ན། སོ་ཁྲུས་དང་རྒྱ་ནག་གི་རས་ཆ་ཁེ་པོ་ལྟ་བུ་འཚོང་གི་ཡོད།

བོད་རིགས་དང་ཡུ་གུར་གྱི་རང་སྐྱོང་ལས་འགུལ།

བོད་རིགས་དང་ཡུ་གུར་ཚོས་ཧན་རྒྱ་རིགས་ལས་ཧུའེ་ཁ་ཆེའི་གནས་སྤོས་བ་མང་བ་མཐོང་བཞིན་རང་གི་རིག་གཞུང་ལ་ཉེན་ཁ་ཆེ་བར་བསམ་གྱི་ཡོད། ཧུའེ་ཁ་ཆེ་དང་ཡུ་གུར་བ་ཚོས་ཁ་ཆེའི་ཆོས་ལུགས་མཉམ་སྤྱོད་བྱེད་པ་འདིས། ཆོས་ལུགས་ཀྱི་ཐོག་ནས་འགལ་ཟླ་མི་ཡོང་བའི་དཔང་རྟགས་བྱེད་ཐུབ། འོན་ཀྱང་དཔལ་འབྱོར་འགྲན་བསྡུར་གྱི་ཐད་ནས་ཡོང་གི་ཡོད། ཧན་རྒྱ་རིགས་ཚོས་དངངས་འཚབ་དེར་བློ་སྟོབས་སྤེལ་བཞིན་ཡོད་པར་སྣང་། དེར་བརྟེན་ཞི་བདེ་སྲུང་སྐྱོབ་དང་བྷོ་སི་ནི་ཡ་ (Bosnia) གཞན་ཞིག་མི་ཡོང་བའི་སླད་ཁོང་ཚོའི་དམག་དཔུང་གི་དབང་སྒྱུར་དག་སྐྱེལ་བྱེད་ཀྱི་ཡོད།

དེས་ན་མིང་དོན་མཚུངས་པའི་རང་སྐྱོང་རང་སྲིད་དམ་ཐ་ན་རང་བཙན་ཆེད་བོད་རིགས་དང་ཡུ་གུར་བའི་ལས་འགུལ་ནི་ནང་པའམ་ཁ་ཆེའི་ལམ་ལུགས་མཁྲེགས་འཛིན་གྱི་ཐོག་ནས་བྱ་ཐབས་ཅི་ཡང་མེད། ཁོང་ཚོའི་ཐུན་མོང་གི་དམིགས་ཡུལ་ནི་རང་གི་རིག་གཞུང་དང་། ཆོས་ལུགས། སྐད་ཡིག་བཅས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱིས་བཙན་གནོན་དང་སྣང་ཆུང་གཏོང་བ་དང་། ཧན་རྒྱ་རིགས་དང་ཧུའི་ཁ་ཆེའི་གཞིས་ཆགས་ཀྱི་གྲངས་འབོར་ཧ་ཅང་མང་བའི་གནོན་ཤུགས་ལས་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན། ཕྱོགས་གཞན་ཞིག་ནས་ཧུའེ་ཁ་ཆེ་ཚོས་འདྲ་མཚུངས་ཀྱི་མངོན་འདོད་འཛིན་གྱི་མེད། གང་ཡིན་ཞེ་ན། ཁོང་ཚོས་ཧན་རྒྱ་རིགས་དང་མང་པོ་ཞིག་ཐུན་མོང་དུ་སྤྱོད་ཀྱི་ཡོད་པ་དང་རང་བཙན་ཡོད་པའི་མངའ་ཁུལ་ཞིག་ནམ་ཡང་ཆགས་མེད།།

Top