ཤེས་ཡོན་ནི་ནང་པ་དང་ཁ་ཆེ་དབར་མཐུན་སྒྲིལ་གྱི་འགག་རྩ་དེ་རེད།

ནང་པ་དང་ཁ་ཆེ་གཉིས་ཀས་བརྩེ་བ་དང་། སྙིང་རྗེ། བཟོད་པ། བཟོད་གསོལ་སོགས་གོ་ལ་སྤྱིའི་རིན་ཐང་རྣམས་སློབ་སྟོན་བྱེད་ཀྱི་ཡོད། ཤེས་ཡོན་བརྒྱུད་ནས་ནང་པ་དང་ཁ་ཆེ་བས་འདི་ལྟ་བུའི་ཐུན་མོང་གི་ཆ་དེ་དག་ངོས་བཟུང་ནས་ཕན་ཚུན་ཡི་རངས་བྱེད་པའི་ཚེ། ལྟ་གྲུབ་ཀྱི་ཐོག་ནས་ཁྱད་པར་ཡོད་ན་ཡང། ཁོང་ཚོས་ཆོས་ལུགས་མཐུན་སྒྲིལ་གྱི་ཆེད་དུ་རྨང་གཞི་ཞིག་བསྐྲུན་ཡོད།

༸གོང་ས་མཆོག་གིས་རྒྱུན་དུ་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་ཡོང་ཐབས་ཀྱི་འགག་རྩ་ནི་ཤེས་ཡོན་རེད་ཅེས་ཡང་ཡང་བཀའ་སློབ་གནང་ཡོད། དེ་གང་རེད་ཟེར་ན། ཕན་ཚུན་ཡིད་ཆེས་མེད་པ་དང་ཆོས་ལུགས་གཞན་ལ་སྡང་འཛིན་བྱེད་པ་དེ་དག་ཕལ་ཆེ་བ་ཞིག་ནི་རྒྱུན་དུ་ཆོས་ལུགས་གཞན་གྱིས་གང་སློབ་སྟོན་བྱེད་ཕྱོགས་ཐད་ལ་རྨོངས་པའི་དབང་གིས་རེད། ཆོས་ལུགས་ཚང་མས་བརྩེ་བ་དང་། སྙིང་རྗེ། བཟོད་སྲན། སེམས་པ་བཟང་པོ་བྱེད་དགོས་པ་སོགས་གོ་ལ་སྤྱིའི་རིན་ཐང་རྣམས་ཐུན་མོང་གིས་མཉམ་སྤྱོད་བྱེད་ཀྱི་ཡོད། ད་དུང་ཁོང་ཚོ་ཚང་མར་དམིགས་ཡུལ་གཅིག་པ་ཡོད་པ་དེ་ནི། སྒེར་གྱི་མི་ཚེ་དང་སྤྱི་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་རེད། ལྟ་གྲུབ་ཀྱི་ཁྱད་པར་གང་ཡོད་པ་དེ་དག་གིས་ཐུན་མོང་གི་རིན་ཐང་དེ་ཚོ་མེད་པ་བཟོས་ནས་དམིགས་ཡུལ་དེ་དག་སྒྲུབ་རྒྱུར་འགལ་རྐྱེན་བཟོ་ཐུབ་ཀྱི་མ་རེད། དེ་དག་གིས་གང་སྟོན་གྱི་ཡོད་ཟེར་ན། སྒྲོམ་གཞི་འདྲ་མིན་དང་རྒྱུ་མཚན་འདྲ་མིན་ཡོད་པ་དེ་དག་གིས་དད་པ་ཡོད་མཁན་ཚོར་ཁྱད་ཆོས་གཅིག་པ་དེ་དག་རྒྱུད་ལ་སྐྱེ་ཐུབ་པ་ཡོང་རྒྱུར་ནུས་པ་གཅིག་མཚུངས་ཐོན་ཐུབ་ཀྱི་ཡོད། དེར་བརྟེན་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་རྒྱུན་སྐྱོང་བྱེད་པར། ཆོས་ལུགས་འདྲ་མིན་གྱི་རྗེས་འབྲང་བ་ཚོས་ཆོས་ལུགས་གཞན་ཚོས་ཀྱང་བཟང་སྤྱོད་ཀྱི་རིན་ཐང་གཅིག་པ་དེ་དག་ལ་ནན་བཤད་བྱེད་ཀྱི་ཡོད་པ་ཤེས་དགོས་པ་དང་དེ་དག་ལ་སློབ་སྦྱོང་བྱེད་དགོས། ཤེས་རྟོཌ་ཡང་དག་པ་ཁོ་ན་གཞི་རྩར་བཞག་ནས། ཁོང་ཚོས་ཀྱང་ཐུན་མོང་གི་གཞི་རྟེན་འདི་མཉམ་སྤྱོད་བྱེད་པ་དང་། ཕན་ཚུན་ཡིད་ཆེས་དང་གུས་བརྩི་བཅས་ལ་བརྟེན་ནས་མཐུན་སྒྲིལ་གོང་འཕེལ་ཡོང་ཐུབ།

ཆོས་ལུགས་དབར་གོ་རྟོགས་སྤེལ་རེས་ཀྱི་ཤེས་ཡོན་དེ་ནི་དེ་བས་ཀྱང་ནང་པ་དང་ཁ་ཆེ་དབར་གྱི་འབྲེལ་ལམ་ཐད་འབྲེལ་བ་ཤུགས་ཆེ་ཡོད། ལྷག་པར་དུ་འབར་མ་དང་། ཐེ་ལན་ཌི། ཤྲཱི་ལངྐའི་ཡུལ་གྲུ་དེ་དག་ལ་འབྲེལ་བ་ཆེན་པོ་ཡོད། གང་ཡིན་ཟེར་ན། རྒྱལ་ཁབ་དེ་ཚོའི་ནང་དུ་ཆོས་ལུགས་དང་འབྲེལ་བའི་རྩོད་རྙོག་མང་དུ་ཕྱིན་ཡོད། ཆོས་ལུགས་དབར་གྱི་འཁྲུག་རྩོད་དེ་མི་སྐྱའི་སྤྱི་ཚོགས་ནང་ལྟ་ན་སྡུག་པའི་གནད་དོན་ཞིག་མེད་ནའང་།  དེ་ལ་དགེ་འདུན་གྱི་སྡེས་རྒྱབ་སྐྱོར་བྱས་ན་དེ་བས་ཀྱང་བཟོད་སྲན་བྱེད་མི་རུང་བ་ཞིག་རེད། གནས་སྟངས་དེ་ཚབས་ཆུང་དུ་གཏོང་ཆེད་ང་ཚོས་ཐབས་ཚུལ་གང་ཞིག་ལག་བསྟར་བྱེད་ཐུབ་མིན་འཚོལ་ཞིབ་བྱ་རྒྱུ་ཡིན།

མི་ལོ་ ༧༠༠ ལྷག་ཙམ་རིང་། ནཱ་ལེནྡྲའི་གཙུག་ལག་སློབ་ཁང་ནི་འཛམ་གླིང་ཐོག་ནང་ཆོས་སློབ་གཉེར་བྱེད་ཡུལ་གྱི་བསྟི་གནས་གཙོ་བོའི་ནང་གི་གཅིག་རེད། དེར་ནང་པའི་མཁས་པ་མང་པོས་བསྟན་བཅོས་མང་པོ་ལྗགས་རྩོམ་དང་སློབ་ཁྲིད་གནང་ནས། འཕགས་ཡུལ་ནང་པའི་གྲུབ་མཐའ་བཞི་ངོ་སྤྲོད་གནང་བ་མ་ཟད། གནས་དེར་ཁོང་ཚོ་ལྷན་འཛོམས་ཐོག་ཁོང་ཚོའི་སྐབས་སུ་ཡོད་པའི་བསམ་བློའི་ལམ་ལུགས་གཞན་གྱི་ལྟ་གྲུབ་མཁས་པ་དང་བགྲོ་གླེང་མང་པོ་གནང་ཡོད། བགྲོ་གླེང་ནང་ཕམ་མཁན་གྱི་ཕྱོགས་སུ་ཡིན་ཀྱང་། རྒྱལ་ཁ་ཐོབ་མཁན་གྱི་ལངས་ཕྱོགས་དེ་དག་མཐར་ཐུག་གི་བདེན་པ་ཡིན་པ་ཁས་བླངས་དགོས་པ་དང་། བགྲོ་གླེང་ནང་རྒྱལ་ཁ་ཐོབ་མཁན་གཅིག་པུར་རྒྱལ་པོས་སྦྱིན་བདག་གནང་གི་ཡོད་པར་བརྟེན། ཁེ་གྱོང་ཆེན་པོ་ཡོད།

ནཱ་ལནྜར་དགེ་འདུན་པའི་སློབ་མ་རྣམས་ཀྱིས་བགྲོ་གླེང་ལ་སྦྱོང་བརྡར་གནང་ཡོད་པ་དང་ཆབས་ཅིག་ཏུ་རྒྱ་གར་ཕྱི་རོལ་པའི་ཆོས་ལུཌ་ཁག་གི་ལངས་ཕྱོགས་ལ་སློབ་གཉེར་གནང་ཡོད། ཁོང་ཚོའི་སློབ་སྦྱོང་གི་དམིགས་ཡུལ་ནི་ལྟ་ཚུལ་དེ་རིགས་འགོག་པའི་ཆེད་དུ་རེད། བོད་ཀྱི་དགོན་སྡེ་ཁག་གིས་བགྲོ་གླེང་གི་ལམ་ནས་སློབ་སྦྱོང་དང་། ནང་ཆོས་ཀྱི་ལངས་ཕྱོགས་དང་སྔ་མོའི་རྒྱ་གར་གྱི་ནང་པ་མ་ཡིན་པའི་ཆོས་ལུགས་གཞན་དང་བསྡུར་ནས་ནཱ་ལནྜའི་སྲོལ་རྒྱུན་མུ་མཐུད་རྒྱུན་འཛིན་གནང་ཡོད།

ད་ཆ་ནཱ་ལནྜས་ནང་པ་མ་ཡིན་པའི་ལྟ་གྲུབ་ཁག་ལ་སློབ་གཉེར་བྱེད་པའི་སྲོལ་རྒྱུན་དེ་དགོན་སྡེ་ཁག་ནང་དང་། ཆོས་ལུགས་རིས་མེད་ཀྱི་ཤེས་ཡོན་སློབ་སྦྱོང་ནང་རྒྱ་བསྐྱེད་གཏོང་བའི་དུས་ལ་སླེབས་ཡོད། གཏན་འབེབས་སློབ་ཚན་ནང་ཁ་ཆེའི་ཆོས་ཀྱི་སྐོར་སློབ་ཚན་འཇུག་དགོས། འོན་ཀྱང་འགྱུར་བ་གལ་ཆེན་པོ་དགའ་ཤས་གཏོང་དགོས་པ་ནི། སློབ་གཉེར་བྱེད་ཕྱོགས་དེའི་དམིགས་ཡུལ་ནི་ཆོས་ལུགས་གཉིས་ཀས་མཉམ་སྤྱོད་བྱེད་པའི་གོ་ལ་སྤྱིའི་རིན་ཐང་ཁག་གཞི་བཞག་ཐོག་ཐུན་མོང་གི་གཞི་རྟེན་འཚོལ་རྒྱུ་དེ་རེད། ལྟ་གྲུབ་ཀྱི་ཁྱད་པར་སློབ་སྦྱོང་བྱེད་པ་དེ་ཡང་གཞན་གྱི་ལངས་ཕྱོགས་བགྲོ་གླེང་ནང་ཁ་གཏད་གཅོག་པའི་ཆེད་དུ་མ་ཡིན་པར། དེའི་ཚབ་ཏུ་བགྲོ་གླེང་དེའི་བརྒྱུད་གོ་ལ་སྤྱིའི་རིན་ཐང་། དཔེར་ན། བརྩེ་བ་དང་སྙིང་རྗེ་ལ་སོགས་པ་ལ་བསམ་བློའི་ལམ་ལུགས་མི་འདྲ་བ་ཚང་མས་གཅིག་མཚུངས་ཀྱི་རྒྱབ་སྐྱོར་ཐོབ་ཐུབ་ཐབས་ལ་གཙོ་བོ་དམིགས་དགོས།

ཁོང་ཚོས་དེ་ལྟར་སློབ་སྦྱོང་བྱས་པའི་འབྲས་བུར། ནང་པ་ཚོས་ཁ་ཆེའི་ཆོས་ལ་གོ་བ་རྙེད་ནས་དེ་ལ་ཡི་རངས་དང་གུས་ཞབས་བྱེད་ཅིང་། ཁ་ཆེའི་ཆོས་ལུགས་ཀྱིས་ཁོང་ཚོའི་དད་པ་ལ་ཉེན་ཁ་བཟོ་གི་མེད་པ་ཤེས་ཐུབ། དེས་ལྷག་པར་དུ་དེ་སྔ་རྩོད་རྙོག་བྱུང་སའི་ལྷོ་ཨེ་ཤ་ཡ་དང་ལྷོ་ཤར་ཨེ་ཤ་ཡའི་ཡུལ་གྲུའི་ནང་སྤྱི་ཚོགས་ཀྱི་ནང་ཆོས་ལུགས་ཀྱི་འབྲེལ་ལམ་མཐུན་སྒྲིལ་ཆེ་བ་ཡོང་བའི་ལེགས་སྐྱེས་འབུལ་གྱི་རེད། དེ་ལྟར་བྱས་ནས་དགོན་སྡེར་གནས་པའི་རབ་བྱུང་བ་ཚོས་མིག་དཔེ་ཡག་པོ་ཞིག་བསྐྲུན་ཏེ་ཞི་བདེ་རྒྱུན་སྐྱོང་ཆེད་སྣེ་ཁྲིད་བྱེད་ཐུབ།

གཤམ་ལ་ང་ཚོས་དཔེ་མཚོན་འགའ་ཤས་ཐོག་ནས་ཁ་ཆེ་དང་ནང་ཆོས་གཉིས་ཀྱི་ངོས་ནས་གོ་ལ་སྤྱི་ཡོངས་ཀྱི་རིན་ཐང་དེ་དག་སྲུང་སྐྱོབ་རྒྱུན་འཛིན་ཇི་ལྟར་བྱེད་ཀྱི་ཡོད་པ་ལ་རོབ་ཙམ་བལྟ་གི་ཡིན།

ཁ་ཆེའི་ཆོས་ལུགས་ལྟར་བྱས་ན། འཇིག་རྟེན་བྱེད་པོ་ཨལ་ལཱ་ཡིས་ལྷད་མེད་ཀྱི་བསམ་པ་དང་འདུན་པ་ཡོད་མཁན། དེ་བཞིན་དཀོན་མཆོག་ལ་ཡིད་ཆེས་དང་མགོ་འབུལ་ཞུས་ནས་དཀོན་མཆོག་གི་འདོད་པ་ལྟར་སྒྲུབ་མཁན་གྱི་སྐྱེས་པ་དང་བུད་མེད་ཡོངས་སུ་རྫོགས་བཟོ་བཀོད་བྱས་ཡོད། བྱེད་པོ་དཀོན་མཆོག་གི་འདོད་པ་ནི། མི་ཚོས་ཁོང་གིས་བཟོས་པའི་བཟང་སྤྱོད་ཀྱི་སྒྲིག་ཁྲིམས་རྣམས་སྲུང་བརྩི་ཞུ་བ་དང་། རང་སོ་སོའི་ཁྱད་པར་དུ་འཕགས་པའི་གཤིས་སྤྱོད་རྒྱུན་སྐྱོང་དང་སྲི་ཞུ་བསྒྲུབ་པའི་སྒོ་ནས་གསོལ་མཆོད་བྱ་རྒྱུ་དེ་ཡིན། དཀོན་མཆོག་ལ་ཁྱད་པར་དུ་འཕགས་པའི་སྲི་ཞུ་ཟེར་བའི་དོན་ནི། དཀོན་མཆོག་གིས་བཀོད་པ་ཐམས་ཅད་ལ་བརྩེ་བའི་སྒོ་ནས་བྱ་སྤྱོད་སྤེལ་བ་ལ་གོ་དགོས། དེ་ལྟར་བྱས་ན་དཀོན་མཆོག་ལ་གསོལ་མཆོད་བྱེད་པའི་རྣམ་པ་ཞིག་ཡིན་པ་དང་། དེ་ལྟར་གསོལ་མཆོད་བྱེད་མཁན་གྱི་གང་ཟག་དེ་དཀོན་མཆོག་གི་འདོད་པ་བཞིན་ཁོང་དང་ཐག་ཉེ་རུ་འགྲོ་ཐུབ་ཀྱི་ཡོད།

ཡང་ཨལ་ལཱའམ་བྱེད་པོ་དཀོན་མཆོག་གིས་འགྲོ་བ་མི་ལ་རྣམ་དཔྱོད་དང་རང་ཐག་རང་གཅོད་ཡོད་མཁན་ཞིག་བཟོ་བཀོད་གནང་ཡོད། དེ་འདྲའི་རང་ཐག་རང་གཅོད་ཀྱི་ནུས་པ་ལག་ལེན་དུ་བསྟར་བ་དང་སོ་སོའི་རྣམ་དཔྱོད་བེད་སྤྱོད་བྱས་ནས་མི་རྣམས་ཀྱིས་དཀོན་མཆོག་གི་འདོད་པ་ལ་བརྩི་བཀུར་དང་ལེན་བྱེད་དགོས་མིན་ཐག་གཅོད་བྱེད་ཐུབ། གལ་སྲིད་ཁོང་ཚོས་དཀོན་མཆོག་ལ་བརྩི་བཀུར་ཞུ་མི་དགོས་པའི་འདམ་ག་བྱས་ན། ཁོང་ཚོ་སེམས་ཚོར་ངན་པའི་ཤུགས་རྐྱེན་འོག་སླེབས་ནས་རང་གཅེས་འཛིན་ཅན་ཆགས་ཀྱི་ཡོད། དེ་ལ་བརྟེན་ནས་དཀོན་མཆོག་གིས་བཀག་འགོག་གནང་བའི་སྤྱོད་ལམ་ངན་པའི་རིགས་བྱེད་མཁན་ཆགས་ཀྱི་ཡོད།

གཞན་ལ་བརྩེ་བའི་སྒོ་ནས་བྱ་སྤྱོད་སྤེལ་བ་དེ་ཡང་རང་ཐག་རང་གཅོད་ཀྱི་འདུན་པ་ཞིག་རེད། མི་རྣམས་ཀྱིས་རང་གི་རྣམ་དཔྱོད་བེད་སྤྱོད་བྱས་ནས་འདམ་ག་དེ་ལྟར་བྱས་ན་འགྲིག་གི་ཡོད། གལ་སྲིད་ཁོང་ཚོས་གཞན་ལ་བརྩེ་བ་དང་སེམས་པ་བཟང་པོ་བྱས་ན། ཁོང་ཚོས་རང་གི་ནང་གི་འདོད་ཕྱོགས་ཀྱི་རྗེས་སུ་འབྲངས་ནས་དཀོན་མཆོག་དང་ལམ་ཐག་ཉེ་རུ་འགྲོ་གི་ཡོད། ཁ་ཆེའི་ཆོས་ནང་། མི་ཚོས་ལྷག་བསམ་རྣམ་པར་དག་པའི་ངང་འཇིག་རྟེན་གྱི་ཁམས་དང་འགྲོ་བ་མི་ལ་བརྩེ་བ་བཅངས་པའི་སྐབས། ཁོང་ཚོའི་བརྩེ་བ་ནི་འཇིག་རྟེན་ཁམས་དང་། འགྲོ་བ་མི། དེ་བཞིན་སོ་སོ་རང་ཉིད་ལའང་མ་ཡིན་པར། དེ་ནི་ཁོང་ཚོར་ནང་གི་ཡོན་ཏན་ཁྱད་འཕགས་བསྐྲུན་མཁན་གྱི་དཀོན་མཆོག་ལ་བརྩེ་བ་བཅངས་པ་རེད།  

ནང་ཆོས་ཀྱི་ནང་འགྲོ་བ་སེམས་ཅན་ཚང་མར་ཐོག་པ་མེད་པ་ནས་སངས་རྒྱས་ཀྱི་རིགས་སམ་རྒྱུ་བདེ་གཤེཌ་སྙིང་པོ་ཡོད་པ་གསུངས་ཡོད། དེས་ཁོང་ཚོ་རང་ཉིད་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་ཐུབ་ཀྱི་ཡོད། ཁ་ཆེའི་ཆོས་ལུགས་ནང་ཁོང་ཚོའི་ནང་གི་ལྷན་སྐྱེས་ལྷད་མེད་པའི་རང་གཤིས་ཀྱིས་ཁོང་ཚོ་དཀོན་མཆོག་དང་ཐག་ཉེ་རུ་གཏོང་ཐུབ་པ་བྱེད་ཀྱི་ཡོད། སུ་ཧྥིའི་ཆོས་སྲོལ་འགའི་ནང་། ཐ་ན་རང་ཉིད་དཀོན་མཆོག་དང་མཉམ་དུ་ཟླ་སྒྲིལ་དུ་འགྲོ་གི་ཡོད། འོན་ཀྱང་དཀོན་མཆོག་ནམ་ཡང་ཆགས་ཀྱི་མེད། ནང་ཆོས་ནང་སུས་ཀྱང་རྒྱུ་བདེ་གཤེགས་སྙིང་པོ་དེ་བཟོ་བཀོད་བྱས་མེད། དེ་ནི་སོ་སོའི་རྒྱུད་ལ་བདེན་དོན་དངོས་པོའི་གནས་ལུགས་ཀྱི་ངོ་བོར་གནས་ཡོད།  

ཁ་ཆེའི་ཆོས་ལུགས་དང་འདྲ་བར་ནང་ཆོས་ཀྱི་ནང་དུའང་མི་རྣམས་ལ་ཁྱད་ཆོས་བཟང་པོ་ཡོད་པ་འགྲེལ་བརྗོད་བྱེད་ཀྱི་ཡོད། དཔེར་ན། ལྷན་སྐྱེས་ཀྱི་སྙིང་རྗེ་དང་བཟང་ངན་དང་ཕན་གནོད་འབྱེད་ཐུབ་པའི་རྣམ་དཔྱོད་ལྟ་བུ། འོན་ཀྱང་ནང་ཆོས་ནང་བཟང་སྤྱོད་ཀྱི་ཚུལ་ཁྲིམས་ནི་ལས་གང་ཞིག་གིས་སྡུག་བསྔལ་གྱི་རྒྱུ་བྱེད་པ་དང་། གང་ཞིག་གིས་བདེ་སྐྱིད་ཀྱི་རྒྱུ་བྱེད་ཀྱི་ཡོད་པའི་གོ་རྟོཌ་ལ་གཞི་བཞག་ཡོད། ཁོང་ཚོའི་རྣམ་དཔྱོད་བེད་སྤྱོད་བྱས་ནས། མི་ཚོས་དཔྱད་པ་བྱས་ནས་གང་ཞིག་ཕན་ཐོགས་ཡོད་པ་དང་གང་ཞིག་གནོད་སྐྱོན་ཡོད་པ་རང་གི་ངོས་རྣམ་པར་འབྱེད་ཐུབ་ཀྱི་ཡོད། ཁ་ཆེའི་ཆོས་ལུགས་ནང་། རྣམ་དཔྱོད་ནི་དཀོན་མཆོག་གི་འདོད་པ་ལྟར་སྒྲུབ་དགོས་མིན་ཐག་གཅོད་པའི་ཆེད་དུ་བེད་སྤྱོད་བྱེད་ཀྱི་ཡོད། དེ་གཉིས་ཀའི་ནང་། མི་ཚོར་ཕན་གནོད་གང་རུང་གི་སྒོ་ནས་བྱ་སྤྱོད་སྤེལ་བའི་འདམ་ག་ཡོད་པ་དང་། རང་གི་རྣམ་དཔྱོད་ཀྱི་ཤན་འབྱེད་པའི་ནུས་པ་རྣམས་བེད་སྤྱོད་བྱས་ནས་གང་ཞིག་བྱེད་དགོས་མིན་ཐག་གཅོད་བྱེད་ཐུབ་ཀྱི་ཡོད། བྱེད་པོ་དཀོན་མཆོག་དང་སངས་རྒྱས་གཉིས་ཀ་ཀུན་མཁྱེན་ཡིན་མོད། ཁོང་གཉིས་སུ་ཞིག་གིས་ཀྱང་མི་ཚོས་གང་འདམ་ག་བྱེད་མིན་སྔོན་ཚུད་ནས་ཐག་གཅོད་བྱེད་ཀྱི་མེད། 

ཁ་ཆེའི་ཆོས་ལུགས་ནང་། དཀོན་མཆོག་གིས་ཡ་རབས་བཟང་སྤྱོད་ཀྱི་ཁྲིམས་བཟོས་ནང་ཡོད་པ་དང་། དཀོན་མཆོག་གིས་བྱ་དགའ་ཡང་ན་ཉེས་པ་གང་སྤྲོད་དགོས་པ་ཁྲིམས་ཐག་གཅོད་ཀྱི་རེད། འོན་ཀྱང་དཀོན་མཆོག་ནི་སྙིང་རྗེའི་བདག་ཉིད་ཡིན་པས། མི་ཚོས་རང་གི་ལས་ངན་ལ་འགྱོད་བཤགས་བྱས་ནས་ཁོང་གི་འདོད་པར་གུས་བཏུད་མགོ་འབུལ་ཞུས་ན་དཀོན་མཆོག་གིས་ཉེས་པ་ཆག་ཡང་གཏོང་གནང་གི་ཡོད། ནང་ཆོས་གཞིར་བཟུང་ན། ལས་ཀྱི་རྣམ་གཞག་དང་སྤྱོད་ལམ་གྱི་རྒྱུ་དང་འབྲས་བུ་ནི་སུས་ཀྱང་གཏན་འབེབས་ཀྱིས་བཟོས་མེད། དེ་དག་ནི་གཞི་དངོས་པོའི་གནས་ལུགས་ཙམ་རེད། སྡུག་བསྔལ་ནི་མ་རིག་པའི་དབང་གིས་གནོད་བྱེད་མི་དགེ་བའི་ལས་བརྩམས་པའི་འབྲས་བུ་ལ་བརྟེན་ནས་རང་བཞིན་གྱིས་འབྱུང་གི་ཡོད་པ་དང་། བདེ་སྐྱིད་ནི་ཤེས་རབ་དང་སྙིང་རྗེ་ཟུང་འབྲེལ་གྱི་ཕན་བྱེད་དགེ་བའི་ལས་བཟང་པོ་ལ་བརྟེན་ནས་འབྱུང་གི་ཡོད། གང་ལྟར་ཡང་། ཁ་ཆེ་ཆོས་ལུགས་ནང་དང་འདྲ་བར། གལ་སྲིད་མི་ཚོས་རང་གི་ནོར་འཁྲུལ་ཅན་གྱི་ལས་བརྩམས་པ་རྣམས་ལྷག་བསམ་རྣམ་དག་ཐོག་ངོས་ལེན་དང་འགྱོད་བཤགས་བྱས་ན། ནང་ཆོས་ནས་ཁོང་ཚོས་མི་དགེ་བའི་ལས་བྱས་པའི་འབྲས་བུ་སྡུག་བསྔལ་མྱོང་བ་ལས་ཐར་ཐུབ་པའི་སློབ་སྟོན་བྱེད་ཀྱི་ཡོད། འོན་ཀྱང་དེ་འདྲའི་སྡིག་པ་དག་སྦྱོང་གི་ནང་དུ་སངས་རྒྱས་ལ་རེ་སྐུལ་ཞུས་ནས་ཆག་ཡང་དང་བཟོད་ཡངས་གནང་ཚུལ་དེ་ཚུད་མེད། 

ནང་ཆོས་ནང་བྱམས་པའམ་བརྩེ་བ་ནི་གཞན་ལ་བདེ་སྐྱིད་དང་བདེ་སྐྱིད་ཀྱི་རྒྱུ་དང་ལྡན་པའི་ཡིད་སྨོན་ཞིག་ཡིན། དེ་ནི་ཐམས་ཅད་འདྲ་མཉམ་ཡིན་པའི་གོ་རྟོགས་ལ་གཞི་བཞག་ཡོད། དེ་ཡང་ཚང་མ་བདེ་བ་འདོད་མཁན་ཤ་སྟག་དང་སུ་ཞིག་ཀྱང་སྡུག་བསྔལ་མི་འདོད་མཁན་ཤ་སྟག་རེད། ཁ་ཆེ་ཆོས་ནང་ཚང་མ་དཀོན་མཆོག་གིས་བཀོད་པ་ཡིན་པའི་ཆ་ནས་གཅིག་མཚུངས་རེད། འོན་ཀྱང་ཆོས་ལུཌ་གཉིས་ཀའི་ནང་། སེམས་ཅན་ཚང་མ་གཅིག་མཚུངས་རེད། 

ནང་ཆོས་ནས་འགྲོ་བ་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཐོབ་ཐུབ་པའི་ནུས་པ་དང་ཐོབ་ཐང་ཡོད་པ་སློབ་སྟོན་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། འགྲོ་བ་སེམས་ཅན་ཚང་མར་སངས་ཀྱི་རིགས་སམ་རྒྱུ་བདེ་གཤེགས་སྙིང་པོ་ཡོད། དེར་བརྟེན་གཞན་ལ་བརྩེ་བ་གོང་འཕེལ་གཏོང་བ་ནི་ཁོང་ཚོའི་བདེ་སྐྱིད་ལ་བསམ་བློ་བཏང་བ་ལས་འབྱུང་གི་ཡོད། གཞན་ལ་བརྩེ་བ་དང་ཞབས་འདེགས་ཞུས་ན་སངས་རྒྱས་ལ་གསོལ་མཆོད་བྱེད་པའི་བྱ་བ་ཞིག་མིན། གཞན་བ་བརྩེ་བ་བྱས་ན། སོ་སོ་རང་ཉིད་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་པར་བྱེད་པའི་དགེ་བའི་ནུས་པའམ་ཚོགས་གསོག་གི་ཡོད། དེ་ནི་ཁོང་ཚོ་རང་ཉིད་སངས་རྒྱས་ཀྱི་གོ་འཕང་དང་ཐག་ཉེ་རུ་འགྲོ་བ་ལས། ཁ་ཆེའི་ཆོས་ནང་བཞིན་སངས་རྒྱས་ཁོང་དང་ཐག་ཉེ་རུ་འགྲོ་གི་མེད།  

དཔེ་མཚོན་དེ་དག་ལས་ང་ཚོས་གསལ་པོར་ཤེས་ཐུབ་པ་ཞིག་ནི། ཁོང་ཚོའི་ལྟ་གྲུབ་ཐོག་ནས་ཁྱད་པར་ཡོད་ནའང་། ནང་ཆོས་དང་ཁ་ཆེའི་ཆོས་གཉིས་ཀས་གཅིག་མཚུངས་སུ་གོ་ལ་སྤྱི་ཡོངས་ཀྱི་རིན་ཐང་བརྩེ་བ་དང་། སྙིང་རྗེ། བཟོད་གསོལ་སོགས་གོང་སྤེལ་གཏོང་གི་ཡོད། ཆོས་ལུགས་ཕན་ཚུན་དབར་གྱི་གོ་རྟོགས་ཀྱི་ཤེས་ཡོན་གཅིག་པུས་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་ཡོང་རྒྱུར་ནུས་པ་འདང་ངེས་ཤིག་མིན། ནང་པ་དང་ཁ་ཆེ་བ་ཚོའི་དབར་གྱི་རྩོད་རྙོག་གི་རྒྱུ་རྐྱེན་སྣ་ཚོགས་པ་དང་མགོ་རྙོག་ཚ་པོ་ཡོད། དེར་མ་ཟད། བསམ་ཚུལ་ཕྱོགས་འགལ་བྱུང་སའི་ས་གནས་སོ་སོ་མི་འདྲ་བ་ཡིན། ད་ལྟའི་ཆར་ཆོས་དད་མི་འདྲ་བ་ནི་རྩོད་རྙོག་གི་རྒྱུ་རྐྱེན་ཧ་ལམ་ཆགས་ཀྱི་མེད། རྒྱུན་དུ་ཡང་ནས་ཡང་དུ་འབྱུང་བཞིན་པའི་དཔལ་འབྱོར་དང་། ཆབ་སྲིད། སྐད་རིགས། མི་རིགས། དེ་བཞིན་ལོ་རྒྱུས་ཀྱི་གནད་དོན་གྱིས་ཕན་ཚུན་སྡང་དགྲར་འཛིན་པའི་བྱ་སྤྱོད་ཀྱི་རྐྱེན་གཙོ་བོ་བྱེད་ཀྱི་ཡོད། ཡིན་ནའང་ཆོས་ལུགས་ཕན་ཚུན་དབར་ཤེས་ཡོན་གྱི་གོ་རྟོགས་སྤེལ་རེས་བྱ་རྒྱུ་ནི་ཕྱོགས་གཉིས་ཀར་ཕན་ཚུན་གུས་བརྩི་ཐོབ་པའི་ཆེད་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཡོད། ཕན་ཚུན་གོ་རྟོགས་ཀྱི་སློབ་སྦྱོང་རྒྱ་གང་ཆེར་ཁྱབ་སྤེལ་ཁོ་ན་ལ་བརྟེན་ནས་འཁྲུག་རྩོད་དེ་རིགས་ཆོས་ལུགས་མི་འདྲ་བ་གཅིག་པུར་ཁག་དཀྲི་མི་བྱེད་པར། དེའི་ཚབ་ལ་སྤྱི་ཚོགས་དང་། ལོ་རྒྱུས། དཔལ་འབྱོར་གྱི་རྒྱུ་རྐྱེན་རྨང་གཞིར་བྱས་པ་ཁག་སེལ་ཐབས་ཀྱི་ཕྱོགས་སུ་ཁ་ལོ་སྒྱུར་ཐུབ་པར་བྱེད་དགོས། ཆབ་སྲིད་དམ་ཡང་ན་དཔལ་འབྱོར་གྱི་སྲིད་ཇུས་གང་རུང་ལམ་ལྷོང་ཡོང་བར། ནང་པ་དང་ཁ་ཆེ་བ་གཉིས་ཀར་ཐུན་མོང་དུ་མཉམ་སྤྱོད་བྱེད་པའི་གཞི་རྩའི་གོ་ལ་སྤྱི་ཡོངས་ཀྱི་རིན་ཐང་གཏན་འབེབས་དེ་ལ་གཞི་བཞག་དགོས། བྱས་ཙང་། ཤེས་ཡོན་ནི་འགག་རྩ་རེད། ངའི་རེ་བ་ལ་ནཱ་ལནྜས་སླར་ཡང་བྱ་བཞག་དེའི་ཐོག་སྣེ་ཁྲིད་བྱེད་ཐུབ་པའི་རེ་བ་ཡོད། ཐུགས་རྗེ་ཆེ།།

Top